Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་བཙན་ཆེན་པོ་ལ་གཏོར་མ་འབུལ་བའི་ལྷན་ཐབས།
   
   


 
previousལྷ་བཙན་ཆེན་པོ་ལ་གཏོར་མ་འབུལ་བའི་ལྷན་ཐབས།next

ལྷ་བཙན་ཆེན་པོ་ལ་གཏོར་མ་འབུལ་བའི་ལྷན་ཐབས།

ལྷ་བཙན་ཆེན་པོ་ལ་གཏོར་མ་འབུལ་བའི་ལྷན་ཐབས་བཞུགས། །བདག་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་མདུན་དུ་ཇོ་བོ་ལྷ་ཡི་བཙན་རྒོད་ཆེན་པོ་སྐུ་འཁོར་དང་བཅས་པ་ལྷ་མིའི་ཁྲོམ་ཚོགས་པ་ལྟར་གསལ་བའི་ཐུགས་ཀར་ས་བོན་ཙས་མཚན་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་མང་པོ་ནམ་མཁའི་སྐར་མདའ་ལྟར་ཆད་ཅིང་འཕྲོས་པས་གནས་མཆོག་ཆེན་པོ་ཏེ་སེ་དབང་གི་ཕོ་བྲང་སོགས་གང་དུ་བཞུགས་ཀྱང་བྱིའུ་ཙ་ན་ལྷ་བཙན་འབར་བ་འཁོར་དང་བཅས་པ་བསྐྱེད་པའི་གནས་འདིར་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྠ་ལྷན། ཨཱོཾ་བྱིའུ་ཙ་ན་ལྷ་བཙན་འབར་བ་ཆེན་པོ་སྐུ་འཁོར་དང་བཅས་པའི་ཞལ་དུ་མ་ཧཱ་མཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་བརྗོད། ཧཱུྃ། ལྷ་བཙན་ཆེན་པོ་ཇོ་བོ་རྡོ་རྗེ་འབར། །གངས་དཀར་ཏེ་སེའི་ཞིང་སྐྱོང་དཔལ་གྱི་མགོན། །ལྷ་ཆེན་ཡབ་ཡུམ་སྤྲུལ་པའི་གར་དབང་པོ། །ཡུལ་གླིང་རེ་ན་ཡ་མཚན་ཕོ་བྲང་རེ། །གཏེར་སྲུང་དགེ་བསྙེན་ཆེན་པོ་བཞུགས་པའི་གནས། །སྐུ་མདོག་དཀར་ལ་དམར་མདངས་འོད་དུ་འབར། །ཞལ་གཅིག་སྤྱན་གསུམ་ཨམ་གཙིགས་བསྡམས་པའི་སྐུ། །ལ་ཐོད་རྒོད་འཕྲུ་མདུང་དར་པར་བུ་འཆང་། །དར་དཀར་འཇོལ་བེར་འཁོར་གསུམ་གསེར་སྐེད་སྤྲས། །ཆིབས་སུ་བཙན་རྟ་གློག་དམར་འཁྱུག་འདྲ་བཅིབས། །མི་དམར་བྱ་དམར་ཁྱི་དམར་ཕོ་ཉར་འགྱེད། །བཙན་རྒོད་ཆེན་པོ་མཆེད་བདུན་འཁོར་བཅས་ཀྱིས། །རིག་འཛིན་ཆེན་པོའི་དམ་ཚིག་རྗེས་དགོངས་ནས། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །སྡང་བའི་དགྲ་བཟློག་གནོད་བྱེད་བགེགས་དཔུང་བཤིག། དུས་རྣམས་ཀུན་ཏུ་བསྲུང་དང་སྐྱབས་མཛད་དེ། །འདོད་པའི་དོན་སྒྲུབས་བཅོལ་བའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཟླ་རྒྱལ་འཕེན་པོའི་ཞོལ་དུ་རིག་འཛིན་ཉི་མ་གྲགས་པས་སྦྱར་བ་མངྒ་ལཾ།། །།


previousལྷ་བཙན་ཆེན་པོ་ལ་གཏོར་མ་འབུལ་བའི་ལྷན་ཐབས།next