cover

རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།

པོད་ཉ༽

རིག་འཛིན་ཉི་མ་གྲགས་པ།

མཁན་ཆེན་ཨོ་རྒྱན་རིག་འཛིན་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

གྲུབ་བརྙེས་རིག༵་འཛིན༵་ཌཱཀྐིའི་ཐུགས་ཀྱི་བཅུད། །
ཡང་ཟབ་ཆོས་གཏེར་ཉི༵་མ༵་གསར་བའི་གཟིས། །
བསྟན་འགྲོའི་རྒུད་མུན་མིང་གི་མཐར་བྱེད་པའི། །
གྲགས༵་པ༵་ས་གསུམ་རྒྱན་དུ་བརྟན་གྱུར་ཅིག །
རྒྱལ་བ་ཀུན་གྱི་མཁྱེན་ནུས་བརྩེ་བའི་ཡོན་ཏན་གཅིག་ཏུ་སྤུངས་པ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཆོག་གིས། སྙིགས་དུས་ཀྱི་རྒུད་མུན་རྩད་ནས་གཞོམས་ཤིང་། འགྲོ་རྣམས་ཕན་བདེའི་དཔལ་ལ་ཡུན་ནས་ཡུན་དུ་སྤྱོད་པའི་སླད། གྲུབ་བརྙེས་རིག་འཛིན་ཌཱཀྐིའི་ཐུགས་བཅུད། འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་རྣམས། དཀར་པོར་མོས་པའི་མི་མིན་རྫུ་འཕྲུལ་གྱི་ཤུགས་ཅན་དག་ལ་གཉེར་དུ་གཏད་དེ། བསིལ་ལྡན་ཁ་བ་རི་བའི་ཕྱོགས་བཞི་དབུས་ལྔའི་གངས་རི་འགྱུར་མེད་དང་། གཡུ་མཚོ་གཏན་འཁྱིལ་སོགས་སུ་ནམ་ཡང་མི་འཇིག་པའི་ཕྱག་རྒྱས་བཏབ་ནས་སྦས་པའི། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྐོར། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་གྱེས་པ་ཡལ་ག་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུར་བཞུགས་པ་དག ཕྱིས་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་བ་ན། གུ་རུ་ཉིད་དང་རྗེ་འབངས་རིག་འཛིན་མཁའ་འགྲོ་མ་རྣམས་སླར་ཡང་རིག་སྔགས་འཆང་བའི་རྣམ་པར་བྱོན་ནས་འདོན་པར་མཛད་པ་ལས། འདིར་ནི་གངས་ཅན་མིག་གཅིག་ལོ་ཙཱ་བ་ཆེན་པོ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་བའི་རོལ་བ། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྒོ་འབྱེད་པོར་ཚད་ཐུབ་གཏེར་ལུང་དུ་མ་ནས་བསྔགས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན། སྤྲུལ་སྒྱུར་གྱི་རོལ་རྩེད། ནུས་མཐུ་ཡི་དྲག་རྩལ། གཏེར་ཆོག་གི་ཁྱད་ཆོས། མཐོང་ཆོས་ཀྱི་རྫས་གཏེར། ཁྲོམ་གཏེར་གྱི་ངོ་མཚར་སོགས་གང་ནས་བསམ་ཀྱང་གཞན་ལས་ཁྱད་དུ་འཕགས་ཤིང་། གཞན་ལས་ཁྱད་ཆོས་མང་བ། གཏེར་ཆེན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩའི་ཟབ་ཆོས་མཐའ་དག་ལ་དབང་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ། དུས་ལ་བབས་མིན་དང་གཏེར་ཁ་ཡིན་མིན་ལ་མི་ལྟོས་པར་ཟབ་གཏེར་མཐའ་དག་ལ་འདོད་རྒུར་སྤྱོད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གཏེར་སྟོན་ཆེན་མོ། ཆོས་དང་རྫས་ཀྱི་གཏེར་དངོས་ཉུང་བསྡུས་ཙམ་མ་ཡིན་པར་རྒྱ་ཆེན་གྲངས་མང་འཛད་མི་ཤེས་པ་རྒྱལ་བོའི་བང་མཛོད་ལྟ་བུ་དག་འབྱིན་པ་ལ་སྔོན་སྨོན་གྱི་མཐུ་གྲུབ་པ། སྤྲུལ་བའི་གཏེར་སྟོན་ཆེན་མོ་༧རིག་འཛིན་ཉི་མ་གྲགས་པའམ་གར་དབང་འགྲོ་འདུལ་གླིང་བ་དེ་ཉིད་ཀྱི་གཏེར་བྱོན་ཟབ་ཆོས་རྣམས། བོད་ཁམས་ཕྱོགས་རྫ་རྒྱུད་ཨ་སེ་དགོན་ཐུབ་བསྟན་མདོ་སྔགས་བསྟན་གཉིས་དར་རྒྱས་གླིང་དུ། ཨ་སེ་མཆོག་སྤྲུལ་འགྱུར་མེད་རྡོ་རྗེས་ཕྱི་ལོ་(༡༩༢༢)སྐོར་ཡིག་མཁན་ཁྱད་འཕགས་དུ་མ་ཆེད་དུ་གདན་དྲངས་ཏེ་འབྲིར་བཅུག་པའི་གླེགས་བམ་པོད་བཅུ་གསུམ་ཡོད་པ་དག །ཕྱིས་ང་དགུའི་དུས་འགྱུར་སྐབས་མ་རུང་ངན་སྤྱོད་པ་དག་གིས། ཕྱག་དར་ཁྲོད་དུ་དོར་ཏེ་རླག་ལ་ཉེ་བའི་སྐབས། ཨ་སེའི་བླ་མ་ནམ་མཁའ་དང་མཁན་པོ་ཆོས་གྲགས་རྣམ་གཉིས་ཀྱིས་སྲོག་དང་བསྡོས་ཏེ་ཉར་ཚགས་བྱས། དུས་ཕྱིས་ཁོ་བོའི་ཞང་པོ་མཁན་པོ་ཆོས་གྲགས་ནས་དེ་དག་གྲོན་པར་དོག་སྟེ་ཁོ་བོ་ལ་བཀས་སྐུལ་བ་བཞིན། ཕྲན་པས་ཀྱང་རྒྱུ་ཚེགས་གཉིས་ཀྱིས་འབད་འབུངས་མི་དམན་པ་བསྐྱེད་དེ། རྩིས་འཕྲུལ་དུ་ཕབས་ཐོག་སྔ་ཕྱིར་ཞུ་དག་ལན་བདུན་བྱས་ཏེ་དཔར་དུ་བསྐྲུན་པ་ཡིན། དེ་ཡང་སྔོན་མའི་མ་དཔེ་ལྟར་གཏེར་གཞུང་རྩ་བའི་ཆོས་སྐོར་པོད་བཅུ་གསུམ་གཞིར་བཞག་བྱས་ཐོག གཏེར་ཆེན་རིན་པོ་ཆེའི་རང་རྣམ་དང་མགུར་འབུམ་དུམ་པ་གཅིག་མགོར་བཞག །སློབ་རྒྱུད་མཁས་གྲུབ་དག་གིས་མཛད་པའི་རྒྱབ་ཆོས་གལ་ཆེན་གྲས་ཕྱོགས་བསྡུས་དུམ་གཅིག་མཇུག་ཏུ་བསྣན་ཏེ་པོད་བཅོ་ལྔ་བྱས་ཏེ་བསྒྲིགས་བྱས་ཡོད། འོན་ཀྱང་མ་དཔེ་ཟག་རུལ་དུ་སོང་བ་སོགས་ཀྱི་དབང་གིས་ད་དུང་ནོར་འཁྲུལ་ཅི་རིགས་ཡོད་ངེས་པས། དབྱིངས་བཞུགས་རྩ་གསུམ་ཆོས་སྐྱོང་ལ་བཟོད་པ་གསོལ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དགོངས་ཡངས་དང་ནོར་བཅོས་གནང་བར་ཞུ་ཞེས་གསོལ་བ་འདེབས་པ་དང་འབྲེལ། འདིས་མཚོན་ལེགས་བྱས་མཐའ་དག་འབྲེལ་ཐོགས་ཡིད་ཅན་རྣམས་ཀྱི་གཙོས། མཐའ་ཡས་པའི་སེམས་ཅན་མཐའ་དག་བདེ་ནས་བདེ་བར་འགྲོ་བ་དང་། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོར་འཁྲུངས་རྒྱལ་བའི་རིང་ལུགས་གསང་ཆེན་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་འགྱུར་བར་སྨོན་ན། དེ་དེ་བཞིན་འགྲུབ་པའི་མཐུན་འགྱུར་དབྱིངས་བཞུགས་སྲས་བཅས་རྒྱལ་བས་གནང་བར་མཛོད་ཅིག ༈ ཆོས་ཚུལ་འདི་ཡང་མཐའ་ཡས་འགྲོ་བ་རྣམས། །གདོད་མའི་གཞི་དབྱིངས་མངོན་པར་བྱང་ཆུབ་བར། །མི་ནུབ་བརྟན་གནས་བྱིན་བརླབས་གཟི་འོད་ཀྱིས། །སྲིད་པའི་གདུང་བ་ཡོངས་སུ་གཞིལ་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ། །བསླབ་གསུམ་ཡོན་ཏན་དཔལ་གྱིས་བརྒྱན་པའི་འདུས་པའི་སྡེ་ཡིས་ས་སྟེང་གང་། །འབྲེལ་ཐོག་གཙོས་པའི་མཐའ་ཡས་ཡིད་ཅན་གནས་སྐབས་མཐོ་རིས་དཔལ་གྱིས་འབྱོར། །རིང་མིན་ཞི་བ་ཆོས་སྐུའི་དཔལ་ཐོབ་སྤྲུལ་བས་གཞན་དོན་མཐར་ཕྱིན་ཤོག །ཅེས་པར་སྐྲུན་ཡོན་སྦྱར་བ་ཨོ་རྒྱན་རིག་འཛིན་ནས་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༢ ཚེས་ ༢༥ ཕྱི་ལོ་ ༢༠༡༥ ཟླ་ ༤ བའི་ཚེས་ ༡༤ ཉིན་ཆོས་སྐོར་འདི་ཉིད་པར་སྐྲུན་སྐབས་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་རྫོགས་ཆེན་མཁན་ཆེན་ཁྲི་ཟུར་ཨྱོན་རིག་འཛིན་རིན་པོ་ཆེ་མཆོག་ནས་བསྐྱར་དུ་བསྐྲུན་གནང་བའི་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་གླེགས་བག་བཅོ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་མཁན་རིན་པོ་ཆེ་ཉིད་ནས་གནང་འབྱོར་བྱུང་བ་ལགས་ན། སྐུ་ཉིད་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།
ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

བླ་མ་བདེ་མཆོག་འཁོར་ལོའི་ཡན་ལག་ཆོས་ཚན་སྟོད་ཆའི་སྐོར།

ཟབ་ལམ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས་བཞུགས༔ ཧེ་རུ་ཀཿདཔལ་ལྷ་ལ་འདུད༔ མཆིམས་ཕུ་དཔལ་གྱི་དབེན་རྩ་རུ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ བཙུན་མོ་འབྲོམ་བཟའ་བྱང་ཆུབ་མས༔ གུས་པའི་ཕྱག་དང་བསྐོར་བ་བྱས༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ སྐྱེ་བ་དམན་པའི་བུད་མེད་བདག༔ ཤ་ཁྲག་དྲ་བའི་ལུས་ལེན་ཞིང་༔ བུད་མེད་བུ་རུ་སྐྱེས་ནས་ཀྱང་༔ ཁམས་ཞིག་ཉི་མ་གྲགས་པ་ཡི༔ གཏེར་གྱི་གྲོགས་སུ་འགྱུར་གསུང་དུས༔ ཉམས་ལེན་གང་ལ་བྱས་ན་ཟབ༔ ཡི་དམ་གང་གིས་བྱིན་རླབས་འཐོབ༔ ད་ནས་བཟུང་སྟེ་དེ་བར་དུ༔ ལས་ཀྱིས་ལུས་ངན་གང་ལྟར་ལེན༔ འགྲོ་དྲུག་མངལ་སྒོ་ཇི་ལྟར་འགྲིམ༔ བུད་མེད་སྐྱེ་བ་སྤངས་ནས་ཀྱང་༔ མཐོ་རིས་སངས་རྒྱས་འཐོབ་པའི་དུས༔ སྐྱེ་བ་དུ་ཙམ་བརྒྱུད་དུས་འོང་༔ གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང་༔ ཤེལ་དཀར་རྡོ་རྗེ་མཚོ་མོ་དང་༔ ལྷ་ལྕམ་ནུས་འབྱིན་ས་ལེ་དང་༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་སོགས༔ བདག་ཅག་རིག་འཛིན་མཆེད་ལྕམ་ལྔས༔ དཀྱིལ་འཁོར་གཉན་པོའི་མདུན་འདི་རུ༔ སྨོན་ལམ་བཏབ་པའི་རྟེན་འབྲེལ་གྱིས༔ གཏེར་གྱི་གྲོགས་སུ་སྐྱེ་གསུང་དུས༔ ཡུལ་ཕྱོགས་རིགས་རུས་ཅི་འདྲར་སྐྱེ༔ དུས་གསུམ་མཁྱེན་པས་གསུང་དུ་གསོལ༔ དེ་སྐད་ཞུས་པས་སློབ་དཔོན་གྱིས༔ ཁྱེད་རྣམས་མ་ཡེངས་ལེགས་པར་ཉོན༔ ད་ལྟ་དཀྱིལ་འཁོར་གཉན་པོའི་མདུན༔ སྨོན་ལམ་བཏབ་པའི་མཆེད་ལྕམ་ལྔ༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ ང་སྤྲུལ་ཉི་མ་གྲགས་པ་ཡིས༔ ཟབ་དོན་གཏེར་ལ་སྤྱོད་པའི་དུས༔ ཡེ་ཤེས་མཚོ་རྒྱལ་སྤྲུལ་པ་ཞིག༔ དྷེ་ཝི་ཀཽ་ཊིའི་བྱང་ཕྱོགས་ནས༔ སྔགས་སྐྱེས་བུ་མོ་རཏྣའི་མིང་༔ ང་སྤྲུལ་བུ་དང་འཕྲད་པའི་ཚེ༔ རྩ་མདུད་འགྲོལ་ཞིང་ལུང་བསྟན་གསལ༔ ཁ་བྱང་རྙེད་ཅིང་མངོན་ཤེས་འཆར༔ ཤེལ་དཀར་རྡོ་རྗེ་མཚོ་མོ་འདི༔ མང་ཡུལ་གངས་རིའི་འགྲམ་བཟང་དུ༔ སྔགས་སྒོམ་བུ་མོ་ཆོས་ཀྱི་མིང་༔ གཏེར་ཁ་གསུམ་གྱི་གྲོགས་བྱེད་ཅིང་༔ ཐུགས་ཀྱི་གཟུངས་མས་ཚེ་འཕྲང་སེལ༔ ད་ལྟའི་བཙུན་མོ་འབྲོམ་བཟའ་ཁྱོད༔ སྲིན་མོ་རྫོང་གི་ཤར་འདབས་སུ༔ སྔགས་སྐྱེས་བུ་མོ་ཨ་ཡི་མིང་༔ གཏེར་ཁ་ལྔ་ཡི་གྲོགས་བྱེད་ཅིང་༔ ཆགས་མེད་འཕྲིན་ལས་སྐྱོང་བར་འགྱུར༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་འདི༔ བྲག་དམར་ཟངས་སྦུབ་ཅན་གྱི་བྱང་༔ སྔགས་སྐྱེས་བུ་མོ་ཀརྨའི་མིང་༔ ཟབ་གཏེར་གྲོགས་བྱེད་རིགས་རྒྱུད་སྤེལ༔ རྒྱལ་པོའི་སྲས་མོ་ནུས་འབྱིན་འདི༔ དཔལ་གྱི་ཙ་རིའི་གནས་ནང་དུ༔ གནས་སྐྱེས་བུ་མོ་སྒྲོལ་མའི་མིང་༔ ཟབ་གཏེར་གྲོགས་དང་འདུ་བ་བཞིའི༔ དངོས་གྲུབ་ཆར་ལྟར་འབེབས་པ་འོང་༔ ད་ནས་བཟུང་སྟེ་དེ་བར་དུ༔ ལུས་ནི་སྣ་ཚོགས་གཟུགས་མང་ལེན༔ མཐོ་དམན་སྐྱེ་བ་མང་དུ་བརྒྱུད༔ མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ གཏེར་གྲོགས་བུད་མེད་ལུས་ལེན་དུས༔ པདྨ་ང་ནི་རིགས་ཀྱི་ལྷ༔ ཟབ་གནད་འདུས་པའི་སྒྲུབ་སྐོར་རྣམས༔ ཉམས་སུ་ལེན་པའི་དུས་འོང་བས༔ བརྩོན་འགྲུས་ཞེ་བཅད་ཉམས་ལེན་འབུངས༔ སྡུག་བསྲན་དཀའ་ཐུབ་སྲང་ལ་གཅུན༔ བུད་མེད་ལུས་ཀྱི་རྒྱུན་ཆོད་དེ༔ དག་པའི་ཞིང་མང་ཉུལ་བར་བྱེད༔ དེ་སྐད་སློབ་དཔོན་ཆེན་པོས་གསུངས་པ་དང་༔ བདག་འདྲ་བུད་མེད་འབྲོམ་བཟའ་ལ༔ མ་འོངས་ལྔ་བརྒྱའི་ཡང་མཐའི་ཚེ༔ ཟབ་ཆོས་གཏེར་གྱི་གྲོགས་བྱེད་དུས༔ ཉམས་སུ་ལེན་པའི་སྒྲུབ་ཐབས་ཤིག༔ ཡི་དམ་ལྷ་སྐལ་གང་ཡིན་པ༔ སློབ་དཔོན་ཆེན་པོས་གནང་དུ་གསོལ༔ ཅེས་ཞུས་དངུལ་གྱི་མེ་ལོང་དང་༔ རིན་ཆེན་གསེར་གྱི་དོང་ཙེ་བདུན༔ གཙུག་གཡུ་རིན་ཆེན་སྟག་མགོ་ཕུལ༔ ཕྱག་དང་སྐོར་བ་གྲངས་མེད་བྱས༔ དུས་གསུམ་མཁྱེན་པའི་པད་འབྱུང་གིས༔ ཁྱོད་ཀྱི་ལྷ་སྐལ་འདི་ཡིན་གསུང་༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གནང་༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ མ་འོངས་དོན་དུ་ཡི་གེར་བཏབ༔ ཆོས་བཀའ་ཚང་ཕྱིར་གཏེར་དུ་སྦས༔ ལས་འཕྲོའི་དབང་གིས་འདི་འཕྲད་ནས༔ སྨོན་ལམ་དག་པས་མཚམས་སྦྱོར་ཏེ༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཏེ་སེའི་གངས་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་དབང་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་དབང་ཆོག་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་དབང་ཆོག་ཞིག༔ རིག་འཛིན་པདྨ་བདག་གིས་བྲི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ཁྱད་པར་གསུམ༔ དངོས་གཞི་དབང་དོན་རྣམ་པ་བཞི༔ རྗེས་ཆོག་ལས་རིམ་བདུན་དང་བཅས༔ སྐལ་ལྡན་གྲོལ་བའི་ཆོ་ག་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་མོང་དག་གི་སྔོན་འགྲོ་ནི༔ ས་ཆོག་དཀྱིལ་འཁོར་རང་གཞུང་བཞིན༔ དཀྱིལ་འཁོར་དབུས་སུ་ཁྲིའུ་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཁ་རྒྱན་གཟུངས་ཐག་དྲི་བཟང་ཆུས༔ སུམ་ཆ་བཀང་བ་དགོད་པར་བྱ༔ ལྷ་གྲངས་མཉམ་པའི་ཙཀ་ལི་དང་༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་དང་༔ ཀ་ར་བུ་རམ་ཛ་གད་སྦྱར༔ ཐོད་པ་མཚན་ལྡན་ནང་དུ་བླུགས༔ དར་དམར་ཁ་བཀབ་ནུབ་ཏུ་བཞག༔ དབང་གི་རིག་མ་སྟ་གོན་བྱ༔ རྡོ་རྗེ་སེམས་དཔའི་མེ་ལོང་ཞིག༔ དཀྱིལ་འཁོར་དེ་ཡི་ཤར་དུ་འགོད༔ ཚེ་བུམ་ཚེ་ཆང་ཚེ་རིལ་དང་༔ རྒྱན་ལྡན་དབང་གི་གཏོར་མ་རྣམས༔ ཕྱོགས་མཚམས་ཀུན་ཏུ་མཛེས་པར་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བའི་རིམ་པ་ནི༔ སློབ་དཔོན་དབང་གི་སྟ་གོན་ཏེ༔ ལས་བྱང་གཞུང་བསྲང་བདག་མདུན་བུམ༔ སྟོང་ཉིད་ངང་ནས་ལྷར་གསལ་ཞིང་༔ ཁྲི་སྟོང་བསྙེན་པས་ཁ་གསོ་སྟེ༔ ཏིང་འཛིན་ངང་ནས་དབང་བཞི་བླང་༔ སློབ་མ་འཇུག་པའི་གསོལ་བ་གདབ༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ སྐལ་ལྡན་སློབ་མ་གྲོལ་བའི་ལམ༔ སྨིན་བྱེད་དབང་གི་སྒོ་དབྱེ་འཚལ༔ གཙོ་བོའི་གནང་བ་ཐོབ་པར་བསམས༔ མཎྜལ་ཕུལ་ནས་དགེ་བ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྱད་པར་སྔོན་འགྲོ་ནི༔ སྣོད་ལྡན་སློབ་མས་ལག་གཡོན་ཐོགས༔ ཕོ་བྲང་ཤར་གྱི་སྒོ་དྲུང་ནས༔ སྒོ་བར་གསོལ་འདེབས་འདི་སྐད་བརྗོད༔ ཧཱུྃ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕོ་བྲང་གཉན་པོའི་སྒོ་བཞིའི་བདག༔ རྒྱལ་བའི་འཕྲིན་ལས་ཐུགས་རྗེའི་འཕྲུལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ དབང་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཞུ་སྒོ་བས་ནང་དུ་བཏང་༔ ཁྲུས་ནས་ཕྱུངས་ཤིང་གདོན་བགེགས་བསྐྲད༔ གུ་གུལ་བདུག་ཅིང་དྲག་སྔགས་བཟླ༔ དཀར་ནག་ཡུངས་སོགས་ཐུན་གྱིས་བྲབ༔ མཚམས་གཅོད་བསྲུང་འཁོར་དྲག་ཏུ་སྒོམ༔ མཎྜལ་དབུལ་ཞིང་ལག་གཡོན་ཐོགས༔ གསོལ་བ་འདེབས་པ་འདི་སྐད་དོ༔ འཕགས་པ་ཐུགས་རྗེའི་དབང་ཕྱུག་ཆེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཟབ་ལམ་གསང་བའི་དབང་སྐུར་རྣམས༔ བདག་ལ་ཐུགས་རྗེས་འཛིན་པར་ཞུ༔ ལན་དུ་བླ་མས་འདི་སྐད་བརྗོད༔ ཀྱེ་ཧོ་སྐལ་ལྡན་བུ་རྣམས་ཉོན༔ ཁྱེད་རྣམས་འཇུག་པར་སྤྲོ་ལགས་ན༔ དམ་ཚིག་རིམ་པར་བསྲུང་ནུས་སམ༔ བཀའ་བཞིན་རྗེས་སུ་བསྒྲུབ་ནུས་སམ༔ ཞེས་དྲི་ལན་དུ་འདི་སྐད་ཞུ༔ ཨེ་མ་བླ་མ་ཆོས་ཀྱི་རྗེ༔ གསང་བའི་དམ་ཚིག་བཀའ་བཞིན་བསྲུང་༔ སྲོག་ལ་བབས་ཀྱང་མི་གཏོང་ཞིང་༔ བསྙེན་ཅིང་སྒྲུབ་པར་དམ་བཅའོ༔ ཞེས་ཞུ་རྡོ་རྗེ་སློབ་དཔོན་གྱིས༔ དམ་ཚིག་ཆུ་སྦྱིན་འདི་སྐད་དོ༔ ཧཱུྃ༔ འདི་ནི་དམ་ཚིག་ཡེ་ཤེས་ཆུ༔ བསྲུང་ན་ལྷ་དང་གཉིས་སུ་མེད༔ ཉམས་ན་དམྱལ་བར་ལྟུང་བའི་རྒྱུ༔ སྐལ་ལྡན་བུ་རྣམས་དམ་ཆུ་ལོངས༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ་༔ ཅེས་བརྗོད་རྡོ་རྗེ་སྤྱི་བོར་བཞག༔ ཕོ་གཡས་མོ་གཡོན་དཔུང་པ་ལ༔ རྩ་སྔགས་བཏབ་པའི་དཔུང་སྐུད་དཀྲི༔ ཧཱུྃ༔ འདི་ནི་བླ་མེད་གསང་བའི་མཆོག༔ རྡོ་རྗེའི་མདུད་པས་རྒྱས་བཏབ་པས༔ བུ་ཁྱོད་བྱང་ཆུབ་མ་ཐོབ་བར༔ བར་གཅོད་གཡུལ་ལས་རྒྱལ་བར་ཤོག༔ ཨཱོཾ་བཛྲ་རཀྵ་ཧཱུྃ༔ མིག་དར་དམར་པོ་སློབ་མར་བཅིངས༔ པྲ་རྟགས་ཚོམ་བུར་སོ་ཤིང་འདོར༔ ཧཱུྃ༔ བྱང་ཆུབ་ཤིང་མཆོག་སོ་ཤིང་འདི༔ ལས་བཞིའི་ཕྲིན་ལས་རབ་འབྱམས་ལ༔ སྔོན་ནས་འབྲེལ་བ་གང་ཆེ་བའི༔ དཀྱིལ་འཁོར་ལྷ་ལ་འབབ་པར་ཤོག༔ པྲ་ཏི་གྷྲི་ཧ་ན་ཧོ༔ རྩ་བ་རང་བསྟན་སྐྱོར་བར་བྱ༔ ངན་ན་སྦྱིན་སྲེག་བསྐང་བཤགས་འབུངས༔ ཕྱོགས་བཞིར་ལས་བཞི་འཕྲིན་ལས་བཞི༔ གང་ལ་ཕོག་པའི་ཡི་དམ་ལྷ༔ བསྐྱེད་རྫོགས་བཟླས་ལུང་འབོགས་པར་བྱ༔ ཀུ་ཤ་སྦྱིན་ཞིང་འདི་སྐད་དོ༔ ཧཱུྃ༔ འདི་ནི་བྱང་ཆུབ་མཆོག་གི་རྩྭ༔ ཁྱོད་ཀྱི་སྔས་དང་གདན་དུ་སྦྱིན༔ རྨི་ལམ་པྲ་རྟགས་གང་བྱུང་བ༔ ནང་པར་བདག་ལ་ཚུལ་བཞིན་སྨྲོས༔ ཨཱོཾ་ཨཱཿཧཱུྃ༔ ཞེས་བརྗོད་སྦྱིན་པར་བྱ༔ རྨི་ལམ་བཟང་ངན་རིམ་པར་དབྱེ༔ གཞུང་མཐུན་བཞིན་དུ་ཞལ་བཀོད་གདབ༔ ངན་ན་རིམ་གྲོ་སྤོང་དག་སོགས༔ སོ་སོར་ཞལ་བཀོད་གསལ་བར་སྦྱིན༔ མེ་ཏོག་ཐོགས་ཏེ་འདི་སྐད་དོ༔ ཧཱུྃ༔ འདབ་ལྡན་ཡིད་འོང་རིན་ཆེན་རིགས༔ མེ་ཏོག་ཕྲེང་བའི་མཆོད་པ་འདི༔ ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཨཱོཾ་བཛྲ་པུཥྤེ་སིདྡྷི་ཧཱུྃ༔ ཕྱོགས་བཞིར་ལས་བཞི་དབུས་སུ་མཆོག༔ མཚམས་བཞིར་ཕྲན་ཚེགས་འགྲུབ་བོ་བརྗོད༔ གསང་མཚན་བཛྲ་རཏྣ་དང་༔ པདྨ་ཀརྨ་བུདྡྷ་སོགས༔ མེ་ཏོག་གང་ལ་ཕོག་པ་ཡི༔ མྱུ་གུ་རྩལ་ཞེས་སྦྱར་ཏེ་འདོགས༔ མོ་ལ་རྡོ་རྗེ་རིན་ཆེན་དང་༔ མེ་ཏོག་འཕྲིན་ལས་རང་གྲོལ་མ༔ དེ་ནས་ཅོད་པན་སྤྱི་བོར་གདགས༔ ཧཱུྃ༔ ཅོད་པན་ལོངས་སྤྱོད་རྟགས་ཀྱི་རྒྱ༔ གསང་མཚན་རིགས་མཆོག་མྱུ་གུ་རྩལ༔ ཞིང་ཁམས་བདེ་ཆེན་ཆོས་དབྱིངས་ན༔ མངོན་རྫོགས་སངས་རྒྱས་དབང་ཐོབ་ཤོག༔ ཅེས་བརྗོད་ཐུར་མས་མིག་དབྱེ་ཞིང་༔ ཧཱུྃ༔ བྱང་ཆུབ་རིག་པའི་ཐུར་མ་འདིས༔ ཁྱོད་ཀྱི་མ་རིག་གཏི་མུག་མིག༔ བདག་གིས་མིག་དབྱེ་ཡེ་ཤེས་སྦྱིན༔ ཡེ་ཤེས་ལྔ་ཡི་སྤྱན་ལྡན་ཤོག༔ ཙཀྵུ་ཛྙཱ་ན་བཛྲ་ཧཱུྃ༔ དེ་ནས་བུ་ལ་བསྐྱེད་རིམ་འབོགས༔ ཡེ་ཤེས་སེམས་དཔའ་དབབ་ཅིང་བསྟིམ༔ རོལ་མོ་འཁྲོལ་ཞིང་དྲི་བཟང་བདུག༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་རྣམ་བཞི་ལས༔ དང་པོ་སྤྲོས་བཅས་བུམ་དབང་དོན༔ རིན་པོ་ཆེ་ཡི་མཎྜལ་དབུལ༔ གསོལ་བ་འདེབས་པ་འདི་སྐད་བརྗོད༔ ཧོ༔ བདེ་གཤེགས་རྒྱལ་བ་བཅོམ་ལྡན་འདས༔ བསྐྱེད་རིམ་སྣང་སྟོང་ཕྱག་རྒྱའི་སྐུ༔ སྤྲོས་བཅས་སྐུ་ཡི་བུམ་དབང་མཆོག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ བུམ་པ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བུམ་པའི་གཞལ་ཡས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ འཁོར་བ་དོང་ནས་སྤྲུགས་པའི་ལྷ༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་ངོས་སུ་གཙོ་བོའི་སྐུ༔ བསྟན་ཅིང་སློབ་མའི་སྤྱི་བོར་བཞག༔ ཧཱུྃ༔ བུ་ཁྱོད་མ་ཡེངས་ལྷ་རུ་གསལ༔ སྣང་ལ་སྟོང་པ་མ་འགགས་པ༔ གསལ་ལ་འཛིན་པ་མེད་པ་སྟེ༔ མེ་ལོང་གཟུགས་བརྙན་སྟོང་གསལ་ཚུལ༔ ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ འབྲལ་མེད་རྒྱུན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་བོ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས༔ སྣང་སྟོང་འགྱུར་བ་མེད་པ་སྐུའི་དབང་མཆོག་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ རིགས་བདག་གི་སྐུ་ཐོགས་ལ༔ ཧཱུྃ༔ སྣང་བ་མཐའ་ཡས་འོད་དཔག་མེད་པའི་སྐུ༔ རིགས་ཀྱི་བདག་པོ་བཅོམ་ལྡན་ལྷ་ཡི་ལྷ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་སྐུ་རིགས་ཀྱི་བདག་པོའི་དབང་ཐོབ་ཤོག༔ ཨཱོཾ་ཨ་མི་དྷེ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ཞེ་སྡང་རང་གྲོལ་མེ་ལོང་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ང་རྒྱལ་རང་གྲོལ་མཉམ་ཉིད་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ པདྨ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ འདོད་ཆགས་རང་གྲོལ་སོར་རྟོགས་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོ་སོར་རྟོགས་པའི་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ ཤར་གྱི་སྒོ་མ་སེང་གདོང་ལྕགས་ཀྱུ་དཀར༔ ལྷོ་ཡི་སྒོ་མ་ཕག་གདོང་ཞགས་པ་སེར༔ ནུབ་ཀྱི་སྒོ་མ་སྟག་གདོང་ལྕགས་སྒྲོག་དམར༔ བྱང་གི་སྒོ་མ་སྦྲུལ་གདོང་དྲིལ་བུ་ལྗང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕྲིན་ལས་སྒོ་མ་བཞི་ཡི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡིས་དབང་བསྐུར་བས༔ རྒྱལ་བ་ཐམས་ཅད་ཀྱི་སྐུའི་དབང་ཡོངས་རྫོགས་སུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་བུམ་ཆུ་བླུད་ཅིང་རྒྱས་ཀྱང་གདབ༔ ལྷ་བསྒོམ་སྔགས་བཟླས་དམ་ཚིག་བཟུང་སྟེ་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་གཉིས་པ་ལས༔ སྤྲོས་མེད་ནང་གི་གསང་དབང་དོན༔ རང་གི་ལུས་ངག་མཎྜལ་དབུལ༔ གསོལ་བ་གདབ་པ་འདི་སྐད་དོ༔ ཧོ༔ བདེ་བ་ཆེན་པོ་བླ་མའི་སྐུ༔ བདག་ཅག་བདེ་ཆེན་མཆོག་ཐོབ་ཕྱིར༔ སྤྲོས་མེད་ནང་གི་གསང་དབང་ཞིག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ མཚན་ལྡན་མུ་དྲ་བླ་མས་ཐོགས༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཡུམ་མཆོག་ཆེ༔ བདེ་བ་ཆེན་པོ་མི་འགྱུར་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་གསང་བ་སྐུ་ཡི་དབང་ཐོབ་ཤོག༔ མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་ལྡན་ཀྱི་ཞབས་སློབ་མའི་སྤྱི་བོར་བླང་༔ བྱང་སེམས་ཐོད་པའི་ཆང་སྦྱིན་ལ༔ ཧཱུྃ༔ རང་བྱུང་སྣོད་དུ་བྱང་སེམས་བཅུད་ཀྱིས་གཏམས༔ བདེ་བ་ཆེན་པོ་མི་འགྱུར་གསུང་གི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་རང་བྱུང་གསུང་གི་དབང་ཐོབ་ཤོག༔ མུ་དྲ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བཞག་ཅིང་ངག་ཏུ་བླུད༔ མཚན་ལྡན་བྷ་ག་སློབ་མར་བསྟན༔ ཧཱུྃ༔ མཚན་ལྡན་གསང་བའི་བྷ་ག་འདི༔ ཆོས་དབྱིངས་ཕོ་བྲང་ཨེ་ཡི་ཆ༔ སངས་རྒྱས་ཀུན་འདུས་ཟ་མ་ཏོག༔ འདི་ཁྱེར་མཆོག་གི་དངོས་གྲུབ་སྤྱོད༔ བདེ་བ་ཆེན་པོའི་རང་ཞལ་ལྟོས༔ སྤྲོས་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་གསུང་བདེ་བ་ཆེན་པོའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ རིག་མར་སྤྱོད་ཅིང་བྱང་སེམས་དབབ༔ བདེ་བ་ངོས་བཟུང་དགའ་བཞི་སྤེལ༔ བུད་མེད་སྤང་བར་མི་བྱ་བསྟེན༔ བྱང་སེམས་ཉམས་ན་སྲེག་ཏ་རེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་གསུམ་པ་ལས༔ ཤིན་ཏུ་སྤྲོས་མེད་དབང་གི་དོན༔ ཀ་དག་སེམས་ཀྱི་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧོ༔ བླ་མ་ཆོས་སྐུ་སྤྲོས་བྲལ་སྐུ༔ སྤྲོས་མེད་ཤེས་རབ་ཡེ་ཤེས་མཆོག༔ བརྗོད་མེད་ཡང་དག་དོན་གྱི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་མེ་ལོང་ཐོགས་ཏེ༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རྣམ་དག་ཞིང་༔ ཤིན་ཏུ་སྤྲོས་མེད་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་སྤྲོས་བྲལ་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ མདངས་གསལ་མ་འགགས་ཅིར་ཡང་སྣང་༔ དབྱིངས་རིག་ཡེ་ཤེས་ལུ་གུ་རྒྱུད༔ ཉམས་རྟོགས་རིག་པ་ཚད་ཕེབས་ནས༔ ཆོས་ཉིད་ཟད་པའི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མས་ཆོས་བདུན་བཅའ༔ བླ་མས་ཐོད་རྔ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ མ་ཡེངས་བུ་ཁྱོད་ལེགས་པར་ཉོན༔ མ་སྐྱེས་མི་འགག་རང་རིག་སེམས༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ འདི་ནི་རང་རིག་ཡེ་ཤེས་ཆེ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་ཞལ་ལྟོས་ལ་རང་ངོར་སྐྱོང་༔ དགེ་སྡིག་འཛིན་པའི་གཟེབ་ལས་གྲོལ༔ རེ་དོགས་བག་ཆགས་དབྱིངས་སུ་ཟད༔ མཚོན་མེད་དཔེ་བརྗོད་བྲལ་བ་འདི༔ ཡི་དམ་ཐུགས་རྗེ་ཆེན་པོ་སྟེ༔ ལོགས་ནས་བསྒོམ་ཞིང་སྒྲུབ་ཏུ་མེད༔ དེ་ཕྱིར་སྐལ་ལྡན་བུ་ཁྱོད་ཀྱིས༔ སྐྱེ་བ་མེད་པའི་དོན་འདི་ཆོངས༔ གནས་པ་མེད་པའི་ངང་དུ་སྐྱོངས༔ འགག་མེད་རང་གྲོལ་སྤྱོད་པ་སྤྱོད༔ སྤྲོས་བྲལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག །༔ ཅེས་བརྗོད་རང་རིག་ངོ་སྤྲོད་གདབ༔ ཁྲེགས་ཆོད་བསྒོམ་ཞིང་ཐོད་རྒལ་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་བཞི་པ་ལས༔ ཡོན་ཏན་ཚེ་ཡི་དབང་བསྐུར་དོན༔ མཎྜལ་གྷ་ནའི་འཁོར་ལོ་བསྐོར༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧོ༔ བླ་མ་སྐུ་བཞི་ཡེ་ཤེས་བདག༔ མི་འགྱུར་སྲ་བརྟན་ཡེ་ཤེས་ཆེ༔ ཡོན་ཏན་ཀུན་རྫོགས་ཚེ་ཡི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་ཚེ་བུམ་ཐོགས་ཏེ༔ ཧཱུྃ༔ བུམ་པའི་རང་བཞིན་ཚེ་དཔག་མེད༔ འཁོར་འདས་ཀུན་གྱི་བཅུད་གྱིས་གཏམས༔ ཁྱོད་ཀྱི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཆང་མགྲིན་པར་བཞག་སྟེ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཟ་མ་ཏོག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་གཏམས༔ ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ གསུང་གི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྙིང་གར་བཞག་ལ༔ ཧཱུྃ༔ བྷྲཱུྃ་ལས་རང་ལུས་གཞལ་ཡས་ཁང་༔ ནྲི་ལས་ཚེ་རིལ་ཚེ་དཔག་མེད༔ ཁྱོད་ཀྱི་སེམས་ལ་དབང་བསྐུར་བས༔ ཐུགས་ཀྱིི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་རྒྱས་གདབ་རྫས་རྣམས་རོལ༔ རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དགོས་འདོད་ཀུན་འབྱུང་གི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ མཚན་ལྡན་བསྟེན་ཞིང་རླུང་གནད་བཅུན༔ ཉིན་དང་མཚན་མོ་ཐུན་དྲུག་ཏུ༔ འཛབ་ལ་འབད་ཅིང་བཅུད་ལེན་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱན་ལྡན་དབང་གཏོར་སྤྱི་བོར་བཞག༔ བརྒྱུད་པ་བགྲང་ཞིང་བཀའ་གཏད་བྱ༔ དེ་ཡི་དངོས་གཞི་དབང་རིམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཆོག་ལས་རིམ་བདུན་དགའ་སྟོན་ཚོགས་འཁོར་དང་དབང་ཡོན་འབུལ༔ གླུ་བྲོ་བཀྲ་ཤིས་བསྔོ་སྨོན་དང་༔ ཆད་ཐོ་བསྟན་བསྐྱང་རྫོགས་རིམ་བསྡུ༔ སྒྲུབ་ཐབས་ཆོ་ག་གཞུང་བཞིན་དུ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་གསང་བའི་ལམ༔ རིགས་བདག་ཐུགས་རྗེ་ཆེན་པོ་ཡི༔ དབང་ཆོག་སྐལ་ལྡན་མྱུར་གྲོལ་འདི༔ མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ༔ བདག་འདྲ་ཐུགས་རྗེ་པདྨ་ཡིས༔ འབྲོམ་བཟའ་བྱང་ཆུབ་སྒྲོན་ལ་བཤད༔ སྤེལ་བར་ཕངས་ནས་ཡི་གེར་བཏབ༔ ཏེ་སེ་གངས་ཀྱི་རི་ལ་སྦས༔ སྲུང་མ་རྡོ་རྗེའབར་བར་བཅོལ༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་འདི་ང་སྤྲུལ་བུ་དང་འཕྲད༔ དེ་ཚེ་བཙུན་མོ་འབྲོམ་བཟའ་ཁྱོད༔ ལས་ཅན་སྐྱེས་བུའི་རིག་མ་བྱེད༔ ཀླུ་གོང་ཀླུ་དཔལ་དམར་རྒྱན་བཟའ༔ དམ་ཉམས་འཁོར་གཡོག་ཕོ་མོར་འཚོག༔ བདུད་ཀྱིས་འཕུང་དཀྲུག་བར་ཆད་རྩོམ༔ ད་ལྟའི་སྔོན་གྱི་ལས་སད་པས༔ སྐྱེས་བུ་དེ་དང་ང་གཉིས་ལ༔ དབྱེར་མི་ཕྱེད་པའི་དད་པ་འོང་༔ དེ་དུས་བདུད་ཀྱི་ཆོ་འཕྲུལ་གྱི༔ བུད་མེད་མཚན་ལྡན་ལྔ་ལ་སྡང་༔ ལོག་ལྟ་བཀུར་འདེབས་དུག་སྦྱོར་གྱི༔ བཀྲ་མི་ཤིས་པ་སྣ་ཚོགས་རྩོམ༔ འགྲོ་བ་བསོད་ནམས་མ་བསགས་པས༔ ང་སྤྲུལ་མ་དང་མཁའ་འགྲོ་ཡིས༔ ཐེབས་ཅིག་གདན་འདྲེན་བྱེད་ཀྱང་སྲིད༔ ཡང་ན་མི་ཁ་ཅལ་སྒྲོག་དང་༔ འཆི་ལ་ཐུག་པའི་ནད་ཀྱིས་སེལ༔ ཁྱད་པར་འབྲོམ་བཟའི་སྐྱེ་བ་ཡི༔ སྣང་སེམས་ལན་གསུམ་གདུད་ཀྱིས་སྒྱུར༔ དེ་ཡི་སྟོབས་ཀྱིས་འཕྲིན་ལས་ཉམས༔ སྐུ་ཚེ་ཐུང་ཞིང་རིགས་བརྒྱུད་འཆད༔ འོན་ཀྱང་སྔོན་གྱི་མཐུས་བསྐུལ་བའི༔ ཆོས་འདིར་དབང་བའི་སྐལ་ལྡན་ནི༔ དྷརྨ་རཏྣ་ཀརྨ་དང་༔ སྒྲོལ་མ་ཨ་ཡི་མིང་ཅན་ལྔ༔ རྩ་བའི་ཆོས་བདག་གཞན་ཡང་ནི༔ རྒྱལ་དང་དཀོན་མཆོག་ཤེས་རབ་དབང་༔ བཀྲ་ཤིས་དཔལ་དང་ནོར་བུ་སོགས༔ མ་ངེས་ཕྱོགས་མཚམས་ཀུན་ནས་འདུ༔ དཀར་སེར་དམར་ལྗང་མཐིང་ག་ཡི༔ ཕྱག་རྟེན་འཛིན་ཅིང་ཡོས་འབྲུག་སྦྲུལ༔ བྱ་ཁྱི་ཕག་དང་བྱི་བ་ཡི༔ ལོ་ཟླ་ཉི་ཁྱིམ་དག་ཏུ་འོང་༔ དེ་ཚེ་ཟབ་ཆོས་འདི་ཉིད་སྤྲོད༔ སྨོན་ལམ་དབང་གིས་འགྲོ་དོན་དར༔ རྩ་བ་ཡན་ལག་ཆོས་བདག་ལ༔ མ་ནོར་འཕྲོད་ནས་ཉམས་བླངས་ན༔ རྣམ་སྨིན་བག་ཆགས་དྲུང་ཕྱུངས་ནས༔ ཕྱིར་མི་ལྡོག་པ་འཐོབ་པར་འགྱུར༔ ཆོས་འདི་ཉམས་བླངས་དབང་ཐོབ་འབྲེལ༔ སྒོམ་སྒྲུབ་བཟླས་པ་སུས་བྱེད་པ༔ པདྨ་ང་དང་སྐལ་པ་མཉམ༔ ཐུགས་རྗེ་ཆེན་པོ་མངོན་དུ་འགྱུར༔ དེ་ནས་ཕྱི་རབས་ཉམས་སུ་ལོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེའི་གངས་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ལས་བྱང་གི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ལས་བྱང་གི་རིམ་པ་བཞུགས༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ ཟབ་ལམ་གསང་པའི་སྒྲུབ་ཐབས་ཤིག༔ བདག་འདྲ་པདྨས་ཡི་གེར་འདེབས༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ལམ་གསང་བའི་སྒྲུབས་ཐབས་འདི་ཉམས་སུ་ལེན་པའི་རིམ་པ་ལ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་མོང་སྔོན་དུ་འགྲོ་བ་ནི༔ ཁ་ལྷོའམ་ནུབ་ཕྱོགས་སུ་བལྟ་བའི་ཡུལ་ཁྱད་པར་ཅན་མེ་ཏོག་དམར་པོ་སྐྱེ་བའི་གླིང་དུ་ཕྱིན་ཏེ༔ གཉུག་མར་གནས་པ་རྣམས་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ༔ ཟླ་གམ་འདྲ་བའི་རི་ནས་ས་བརྟགས་བསླངས་སྦྱངས་པ་སོགས་བྱས་ཏེ༔ སྟེགས་བུ་གནས་ཁང་གི་རྒྱ་ཁྱོན་དང་མཐུན་པར་བཟོ་ཞིང་བྱང་སེམས་དཀར་དམར་དང་དྲི་བཟང་གིས་ཆག་ཆག་གདབ༔ མཚན་ལྡན་ཁྲུས་ནས་ཕྱུངས་ཤིང་ཐིག་སྣ་གཏད་དེ༔ ཨཱོཾ་ཨཱཿཧཱུྃ་བྷྲཱུྃ་མཎྜལ་བྷྲཱུྃ༔ ཞེས་བརྗོད་ཚངས་པའི་ཐིག་གདབ་ཅིང་༔ ཆ་ཚད་འདབ་བཞི་པདྨ་མུ་ཁྱུད་ལྔ༔ རིམ་པར་བསྐོར་ཏེ་སྒོ་གྲུ་རྟ་བབས་བརྒྱན༔ ཆོས་འཁོར་གདུགས་ཏོག་པད་རྡོར་མེ་རིས་བསྐོར༔ རྡུལ་ཚོན་ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབས༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཛྙཱ་ན་དྷརྟུ་ཨ་ཝེ་ཤ་ཡ་ཨཱ༔ ཞེས་བརྗོད་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཡང་གསང་རྒྱལ་བའི་དཀྱིལ་འཁོར་འདིར༔ དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ ཐུགས་རྗེའི་དབང་གིས་བཞུགས་ནས་ཀྱང་༔ བདག་ཅག་རིག་འཛིན་སྒྲུབ་པ་པོར༔ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཕེཾ་ཕེཾ་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཧཱུྃ༔ དྲི་བཟང་དུད་པ་བཏང་ཞིང་རོལ་མོ་འཁྲོལ༔ རྡོ་རྗེའི་འགྲོས་ཀྱིས་ད་ལ་བསྐོར༔ ཡེ་ནས་རྣམ་དག་རྒྱལ་བའི་ཞིང་དུ་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་མོང་མ་ཡིན་པའི་རིམ་པ་ནི༔ དཀྱིལ་འཁོར་དེའི་དབུས་སུ་ཁྲིའུའི་ཁར་མཚན་དང་ལྡན་པའི་བུམ་པ་དྲི་བཟང་ཆུ་དང་མགུལ་ཆིངས་དམར་པོས་བརྒྱན་པ་བཤམས༔ དེའི་སྟེང་དུ་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་སྒྲུབ་ཀྱི་སྐུ་རབ་གསེར་དངུལ༔ འབྲིང་སྨན་འདག༔ ཐ་མ་རས་བྲིས་ཀྱི་སྐུ་ལ་ཐུགས་རྗེ་ཆེན་པོས་དམ་བཅས་པའི་གཟུངས་ནང་རྟེན་དུ་བཞུགས་པ་བཤམས་༔ རང་གི་བླ་མའི་དབུ་ལོ་ན་བཟའ་བྱང་སེམས་རྣམས་ཀྱང་གཟུངས་སུ་གཞུག༔ ཆང་གི་ཉིང་ཁུ་ལ་ཨཱ་མྲྀ་ཏ་བཏབ་པ་དུམ་བུ་གཉིས་པར་བཤམས༔ རིན་པོ་ཆེའི་སྣོད་དུ་སྤོད་ལྡན་གྱི་གཏོར་མ་ཟླ་གམ་གྱི་དབྱིབས་ཅན་དང་༔ ཟངས་ཀྱི་ལྕགས་ཀྱུ་ལ་བླ་རྡོའི་འཁོར་ལོ་བཏགས་པ་སྟེ༔ མདོར་ན་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་འཁོར་ལོ༔ སྨན་གཏོར་རཀྟ༔ བཀའ་སྲུང་གི་བཤོས་བུ་ལ་སོགས་བཟང་དུ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ནས་ཁྱད་པར་གྱི་སྔོན་དུ་འགྲོ་བ་ནི༔ སྒྲུབ་པ་པོ་བདེ་བའི་གདན་ལ་འདུག་ཅིང་༔ གསང་བའི་དཀྱིལ་འཁོར་གཉན་པོའི་སྒོམ་སྒྲུབ་ལ་མི་དབང་བ་རྣམས་ལ་བཀའ་བསྒོ་བ་ནི༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་ངང་ལས་རང་བྱུང་ཐུགས་རྗེའི་ལྷ༔ འགྲོ་བའི་དོན་དུ་སྤྲུལ་དང་ཡང་སྤྲུལ་འབུམ༔ བཀའ་སྡོད་རབ་གཏུམ་ཕོ་ཉ་གློག་ལྟར་འཁྱུག༔ མ་རིག་ཉོན་མོངས་གདོན་བགེགས་འབྱུང་པོའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཏིང་འཛིན་གོ་བསྒོ་བསྲུང་འཁོར་བསྒོམས་པ་ནི༔ ཧཱུྃ༔ གདོད་ནས་དག་པ་གསང་བའི་དཀྱིལ་འཁོར་འདིར༔ འཁོར་འདས་མཉམ་ཉིད་རང་གྲོལ་རྒྱལ་བའི་ཞིང་༔ ཕྱོགས་མཚམས་སྟེང་འོག་ཡེ་ཤེས་འོད་ལྔའི་ཀློང་༔ འཁོར་ལོ་རྡོ་རྗེ་མེ་དཔུང་ཁྲོ་ཚོགས་མཚམས༔ གནོད་བྱེད་འབྱུང་པོ་ནམ་ཡང་མ་འདའ་ཞིག༔ ཨཱོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་རཀྵ་ཧཱུྃ་ཕཊ༔ དུས་གསུམ་རྒྱལ་བར་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་དམ་ཆོས་རིག་འཛིན་འཕགས་པའི་སྡེ༔ རྩ་གསུམ་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ལ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ གཞན་དོན་དུ་སེམས་བསྐྱེད་པ་ནི༔ ཧཱུྃ༔ བདག་དང་འགྲོ་དྲུག་སྐྱེ་འགྲོ་མ་ལུས་པ༔ གཟུང་འཛིན་བག་ཆགས་དབང་གིས་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་བའི་སྒྲིབ་པ་སྦྱང་བའི་ཕྱིར༔ ཟབ་ལམ་གསང་བའི་བསྐྱེད་རྫོགས་བསྒྲུབ་པར་བགྱིད༔ མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟའི་ཚོགས༔ ཡེ་ཤེས་རྣམ་དག་མཆོག་གི་ཏིང་འཛིན་གྱིས༔ བླ་མེད་རྫས་མཆོག་བདུད་རྩིར་བྱིན་གྱིས་བརླབ༔ ཨཱོཾ་ཨཱཿཧཱུྃ་པཉྩ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་སརྦ་པཱུ་ཙ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷེནྡྷ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ཡན་ལག་བདུན་པ་ཚོགས་བསགས་རིམ་པ་ནི༔ ཧཱུྃ༔ འཁོར་འདས་ཆོས་རྣམས་སྐུ་གསུམ་ཡེ་ཤེས་ཀློང་༔ ཀ་དག་བློ་འདས་ངང་དུ་ཕྱག་འཚལ་ཞིང་༔ རང་བྱུང་ཏིང་འཛིན་དགོངས་བརྒྱུད་དག་པས་མཆོད༔ ཆོས་ཉིད་སྤྲོས་བྲལ་འཛིན་པས་གཟུང་བ་བཤགས༔ ཡེ་དག་ཀློང་ཡངས་ཆེན་པོར་ཡི་རང་ངོ་༔ གཟུང་འཛིན་རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར༔ ཕྱམ་ཅིག་ཀུན་བཟང་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ་བར་བྱ༔ འགྲོ་ཀུན་མ་བཅོས་དྲི་མེད་མངོན་གྱུར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ རང་སྣང་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས༔ རང་རིག་ཐུགས་རྗེ་ཆེན་པོར་འདི་སྐད་སྨྲ༔ དང་པོའི་ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ༔ མ་བཅོས་ལྷུན་གྲུབ་རང་བཞིན་རྫོགས་པ་ཆེ༔ སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྲིད་ཞི་རང་གྲོལ་བློ་འདས་དེ་ཡི་ངང་༔ འཁྲུལ་པའི་ལས་སྤྱོད་མར་གྱུར་འགྲོ་བ་རྣམས༔ གཉིས་འཛིན་འཁྲུལ་བའི་སྒྲིབ་པ་སྦྱང་སླད་དུ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་འགྲོ་ལ་བསྒོམ༔ རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་དབྱིངས་ངོ་བོ་རྣམ་པར་དག་པའི་མཐུས༔ འགྲོ་དྲུག་འཁོར་བའི་འགྲོ་རྣམས་བསྒྲལ་སླད་དུ༔ སྐྱེ་མེད་རང་རིག་རྡོ་རྗེ་རྩེ་ལྔའི་དབུས༔ ཡེ་ཤེས་ས་བོན་ཧྲཱིཿཡིས་མཚན་པར་བསམས༔ ཧྲཱིཿཙིཏྟ་བཛྲ་ས་མ་ཡ་ཧྲཱི༔ གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་མ་བཅོས་སྟོང་པའི་ངང་༔ འབྱུང་བཞི་དག་པའི་ཀློང་ཡངས་ཆེན་པོ་ན༔ རང་རིག་རྡོ་རྗེ་ཡི་གེ་བྷྲཱུྃ་དུ་གྱུར༔ རྣམ་དག་རྒྱལ་བའི་ཞིང་མཆོག་བདེ་བ་ཅན༔ ལྷུན་གྲུབ་ལྟ་ན་སྡུག་པའི་གཞལ་ཡས་ཁང་༔ འདབ་བཞི་པདྨ་མུ་ཁྱུད་གྲུ་ཆད་དང་༔ བར་ཁྱམས་སྒོ་རྫོགས་རྟ་བབས་ཆོས་འཁོར་གདུགས༔ རིན་ཆེན་རྩིག་པ་འདོད་སྣམ་ཕ་གུ་དང་༔ དྲ་བ་དྲ་ཕྱེད་མདའ་ཡབ་རིན་ཆེན་ལྔ༔ འཕྲིན་ལས་བཞི་རྫོགས་ཉི་ཟླ་འཇའ་ཚོན་ཀློང་༔ པདྨ་རྡོ་རྗེ་མེ་རི་ཆུ་ཀླུང་དང་༔ དུར་ཁྲོད་བརྒྱད་ལྡན་བྲག་ཆེན་ཁོར་ཡུག་སྟེ༔ ཕྱི་གསལ་ནང་གསལ་དྲི་མེད་ཕོ་བྲང་དབུས༔ སྣ་ཚོགས་པདྨ་ཉི་ཟླ་མཛེས་པའི་སྟེང་༔ ཐུགས་སྲོག་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཟབ་ལམ་གསང་བའི་ལྷ་མཆོག་འགྲོ་བའི་མགོན༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྤྱན་གསུམ་པ༔ ཞབས་གཉིས་ཕྱེད་སྐྱིལ་ཐོར་ཅོག་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་བགྲང་ཕྲེང་ཐུགས་ཀར་བསྣམས༔ གཡོན་པས་ཚེ་བུམ་གསང་བའི་ཡུམ་ལ་འཁྱུད༔ སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ གསང་བའི་ཡུམ་མཆོག་དྷཀྐི་དམར་མོ་འཁྲུལ༔ ཞལ་གཅིག་ཕྱག་གཉིས་ཚེ་བུམ་མདའ་དར་བསྣམས༔ ཞབས་གཉིས་དགྱེས་སྦྱོར་ཡབ་ཀྱི་རྐེད་ལ་འཁྲིལ༔ སྐུ་མདོག་དམར་སྐྱ་ལྕང་ལོ་ཅོད་པན་འཕུར༔ བདེ་བའི་ཉམས་ལྡན་ནུ་མ་བྷ་ག་རྒྱས༔ སྟོད་གཡོག་སྨད་དཀྲིས་དར་དང་རིན་ཆེན་བརྒྱན༔ སྤྱི་གཙུག་རིགས་བདག་སྣང་བ་མཐའ་ཡས་ནི༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཚེ་བུམ་བསྣམས༔ རྒྱན་མེད་གཅེར་བུ་དབུ་སྐྲ་སིལ་བུར་འཕྱང་༔ ཉི་ཟླ་པད་སྟེང་ཞབས་གཉིས་བཞེངས་ཏེ་བཞུགས༔ བདེ་བ་རབ་རྒྱས་གཟི་བརྗིད་ལྡན་པར་བསྐྱེད༔ འཁོར་བསྐྱེད་པ་ནི༔ ཧཱུྃ༔ ཤར་ན་རྡོ་རྗེ་དཔའ་བོ་མྱུ་གུ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་མཐིང་ག་འཁྲིལ༔ ལྷོ་ན་རཏྣ་དཔའ་བོ་བཞད་པ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་སེར་མོ་འཁྲིལ༔ ནུབ་ན་པདྨ་དཔའ་བོ་དབང་ཆེན་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་དམར་མོ་འཁྲུལ༔ བྱང་ན་ཀརྨ་དཔའ་བོ་ལས་རབ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་ལྗང་མོ་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་བཞུགས༔ རལ་པའི་ཐོར་ཅོག་ཐོད་སྐམ་པྲོག་ཞུས་མཛེས༔ རུས་པའི་རྒྱན་དྲུག་སྟག་ཤམ་དར་དཔྱངས་འཕྱོ༔ རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་རྒྱ་སྒྱུར༔ ཡུམ་རྣམས་ལྕགས་ཀྱུ་གཡས་ལ་ཞགས་པ་གཡོན༔ གཅེར་བུ་ནུ་འབུར་བྷ་གའི་དཀྱིལ་འཁོར་རྒྱས༔ དབུ་སྐྲ་སིལ་མ་སྐུ་ཡི་རྒྱབ་དུ་འཕྱང་༔ རུས་རྒྱན་གཟིག་ཤམ་རིན་ཆེན་རཏྣས་བརྒྱན༔ ཡབ་ཡུམ་ཐམས་ཅད་ཁྲོ་འཛུམ་སྤྱན་གསུམ་པ༔ གཟི་བརྗིད་མདངས་ལྡན་རང་འོད་ཀློང་དུ་བཞུགས༔ ཕྱི་རིམ་ཕྱོགས་བཞིའི་གྲུ་ཆད་བར་ཁྱམས་ལ༔ བསྐལ་བཟང་སངས་རྒྱས་འགྲོ་འདུལ་ཐུབ་པ་དྲུག༔ དུས་གསུམ་བདེ་གཤེགས་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་༔ རང་རྟགས་སྐུ་མདོག་ཕྱག་མཚན་སྤྲིན་ལྟར་འཁྲིགས༔ སྒོ་བ་བསྐྱེད་པ་ནི༔ ཧཱུྃ༔ ཤར་སྒོར་སེང་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སྟག་གདོང་དམར་པོ་ལྕགས་སྒྲོག་འཛིན༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ གཅེར་བུ་བམ་གྱི་གདན་ལ་དོར་སྟབས་འགྱིང་༔ སྣང་སྟོང་འགག་མེད་ལྷམ་མེ་ལྷང་ངེར་གསལ༔ སྤྱན་འདྲེན་པ་ནི༔ རོལ་མོ་འཁྲོལ་ཞིང་དྲི་བཟང་བསྲེག༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དང་༔ འགྲོ་འདུལ་པོ་ཊ་ལ་ཡི་གནས་མཆོག་ནས༔ ཟབ་ལམ་འགྲོ་བའི་དོན་མཛད་ཐུགས་རྗེའི་ལྷ༔ འཕགས་པ་སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ རིགས་བཞིའི་རྒྱལ་བ་ཡབ་ཡུམ་མ་ལུས་འཁོར༔ སངས་རྒྱས་བྱང་སེམས་འགྲོ་མགོན་རྩ་བ་གསུམ༔ ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་བཅས༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ གར་གྱི་འགྲོས་ཀྱིས་ཆོས་དབྱིངས་ནམ་མཁའ་ནས༔ འཕྲིན་ལས་བཞི་ཡི་ཕྱག་རྒྱ་སྒྱུར་བཞིན་དུ༔ འགྲོ་བའི་དོན་དུ་གནས་འདིར་སྐུ་སྐྱོད་འཚལ༔ མོས་པའི་བུ་ལ་ཞལ་སྟོན་དངོས་གྲུབ་སྩོལ༔ གསུང་གི་རོལ་པས་རྐྱེན་ངན་བར་ཆད་ཟློག༔ ཐུགས་ཀྱི་དགོངས་པས་སྨིན་གྲོལ་དོན་ལ་སྦྱོར༔ བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི་བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིན་ཆེན་པདྨ་ཉི་ཟླ་གེ་སར་དབུས༔ རྩ་གསུམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ བསྒྲུབ་པའི་འབྲས་བུ་དངོས་གྲུབ་སྩོལ་བའི་ཕྱིར༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི༔ ཛྙཱ་ན་ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བཅོམ་ལྡན་འཕགས་པ་ཐུགས་རྗེ་ཆེན་པོ་དང་༔ སངས་རྒྱས་བྱང་སེམས་ལྕམ་དྲལ་འཕགས་པའི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ འདུ་འབྲལ་མེད་པའི་ངང་དུ་ཕྱག་འཚལ་ལོ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི༔ ན་མོ་པཱུ་ཙ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་གསང་བའི་མཆོད་པ་བླ་མེད་རྫས༔ སྨན་གཏོར་རཀྟ་བདུད་རྩི་ཨ་མྲྀ་ཏ༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་ཡོངས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི༔ པཉྩ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་ངོ་བོ་འགྲོ་བའི་མགོན༔ ཐུགས་རྗེའི་རང་བཞིན་འཕགས་པ་སྤྱན་རས་གཟིགས༔ གང་འདུལ་སྤྲུལ་པའི་གར་མཁན་རྗེས་ཆགས་ཞལ༔ ཆགས་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་དབང་སྡུད་ཁམས་གསུམ་ཟིལ་གྱིས་གནོན༔ འགྲོ་དྲུག་བག་ཆགས་དུག་ལྔའི་རྟོག་པ་སྦྱོང་༔ སྐུ་ལྔའི་ཡེ་ཤེས་མངོན་གྱུར་རིགས་ཀྱི་གཙོ༔ རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཤེས་རབ་རྣམ་དག་ཆོས་དབྱིངས་སྟོང་པའི་ཡུམ༔ དུས་གསུམ་རྒྱལ་བ་བསྐྱེད་པའི་འཕྲུལ་མོ་ཆེ༔ མཁའ་དབྱིངས་རྣམ་དག་བདེ་སྟོང་འབར་བའི་གར༔ ཡེ་ཤེས་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ལས་བཞི་རབ་འབྱམས་འཕྲིན་ལས་ཀུན་གྱི་བདག༔ ཞི་རྒྱས་དབང་དྲག་མཆོག་ཐུན་ཆར་འབེབས་པའི༔ ཐུགས་རྗེ་ཆེན་པོ་རིགས་བཞི་ཡབ་ཡུམ་བརྒྱད༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་བཅོམ་ལྡན་འདས༔ འགྲོ་བའི་དོན་མཛད་འགྲོ་འདུལ་ཐུབ་པ་དྲུག༔ རྩ་གསུམ་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ལ༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ བཀའ་ཉན་ལས་བྱེད་སྒོ་མ་སྲུང་མའི་ཚོགས༔ སངས་རྒྱས་བསྟན་སྲུང་འཕྲིན་ལས་ཀུན་གྱི་བདག༔ བཀའ་སྲུང་གཏེར་བདག་ཆོས་སྐྱོང་ཚོགས་ལ་བསྟོད༔ བཤགས་པ་ནི༔ ཧཱུྃ༔ བདེ་བར་གཤེགས་པ་འཕགས་མཆོག་དབང་གི་ལྷ༔ ཡབ་ཡུམ་སྲས་བཅས་སྤྲུལ་འཁོར་དགོངས་སུ་གསོལ༔ བསྐྱེད་རྫོགས་མ་གསལ་བཟླས་བརྗོད་སྒྲ་ཆག་ཉམས༔ འགལ་གྱུར་ཉམས་ཆག་ཅི་མཆིས་མཐོལ་ལོ་བཤགས༔ ཨཱོཾ་བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི༔ བཛྲ་ས་ཏྭ་ས་མ་ཡ་སོགས༔ བཟླས་པ་བསྐུལ་བ་ནི༔ ཧཱུྃ༔ སྣང་སྲིད་དག་པ་ཆོས་དབྱིངས་ཞིང་ཁམས་སུ༔ ཟབ་ལམ་གསང་བའི་ཕོ་བྲང་ལྟ་ན་སྡུག༔ ཧྲཱི༔ གེ་སར་པདྨ་ཉི་ཟླ་འཁྱིལ་བའི་ཀློང་༔ ཐུགས་རྗེའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས༔ གསང་བ་ཡེ་ཤེས་མཁའ་འགྲོ་བདེ་བའི་ཡུམ༔ རིགས་བཞི་ཡབ་ཡུམ་དུས་གསུམ་སངས་རྒྱས་སྟོང་༔ འགྲོ་འདུལ་ཐུབ་དྲུག་རྩ་གསུམ་ཆོས་སྐྱོང་གིང་༔ སྒོ་བ་བཀའ་སྡོད་བྲན་དང་ཕོ་ཉར་གསལ༔ སྣང་བ་མ་འགགས་སྟོང་གསལ་ལྷ་ཡི་སྐུ༔ སྟོང་པའི་རྩལ་ཁ་ཐུགས་ཀར་ས་བོན་སྔགས༔ འགག་མེད་རོལ་པ་མཁྱེན་བརྩེ་ཡེ་ཤེས་ལྔ༔ འོད་དང་ཟེར་དུ་ཕྱོགས་བཅུ་ཀུན་ཏུ་འཁྲིགས༔ འཕགས་པ་མཆོད་ཅིང་འགྲོ་དྲུག་སྒྲིབ་པ་སྦྱང་༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ རྩ་གསུམ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་རྣམས༔ དུ་མ་རོ་གཅིག་ཆོས་དབྱིངས་ཕོ་བྲང་འདིར༔ ཡེ་ཤེས་བདེ་སྟོང་སྐུ་ཡི་དབྱིངས་སུ་རྒྱས༔ གྲག་སྟོང་བརྗོད་མེད་སྔགས་ཀྱི་རང་སྒྲ་སྒྲོགས༔ དྲན་བསམ་རང་གྲོལ་ཐུགས་རྗེ་ཆེན་པོའི་ཐུགས༔ འཁོར་འདས་ཡོངས་གྲོལ་ངང་ནས་འཛབ་འདི་བགྲང་༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་མ་ཕྱིན་བར༔ སྐྱེ་ཤི་སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ སྒྲུབ་པའི་དུས་སུ་དམ་ཚིག་བདག་མདུན་བུམ༔ ཆོས་དབྱིངས་ཕོ་བྲང་དཀྱིལ་འཁོར་ཆེན་པོའི་དབུས༔ ཐུགས་རྗེ་ཆེན་པོ་རྩ་གསུམ་ཆོས་སྐྱོང་བཅས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུ༔ མ་ལུས་ཏིལ་གང་ཁ་ཕྱེ་ལྟ་བུར་གསལ༔ དམ་ཚིག་གཟུངས་ཀྱིས་བསྡུས་པའི་ཕྲེང་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྔགས་ཀྱི་ཕྲེང་བས་འོད་ཟེར་སྤྲོ་བསྡུ་སྒྱུར༔ ལྷ་ཚོགས་ཐམས་ཅད་སྙོམས་འཇུག་བདུད་རྩི་ཆེ༔ ཡེ་ཤེས་ལྔ་ཡི་རང་བཞིན་བཅུད་དུ་འཁྱིལ༔ གསང་བའི་མཁའ་ལས་བསྒྲུབ་པའི་སྣོད་དུ་བསྐྱིལ༔ མཆོག་ཐུན་དངོས་གྲུབ་བླ་མེད་བྱང་ཆུབ་ཀྱི༔ འབྲས་བུ་སྐད་ཅིག་ཉིད་ལ་ཐོབ་པར་བསམས༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བགྲང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གྷུ་རུ་དྷེ་ཝ་དྷཀྐི་ནི༔ ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿསརྦ་སིདྡྷི་ཧཱུྃ༔ ལས་སྦྱོར་བཞི་ལ་རྩ་སྔགས་ཤམ་བུ་སྒྱུར༔ ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ སྐབས་སྐབས་ཆོས་དབྱིངས་འགག་མེད་ཐུགས་རྗེའི་ཀློང་༔ ཧཱུྃ་ཡིག་ཁྲོ་ཆུང་ཕྱོགས་མཚམས་སྟེང་འོག་གང་༔ གསང་བ་བསྒྲུབ་ལ་མི་དབང་གདོན་བགེགས་བསྐྲད༔ དམ་མེད་འབྱུང་པོ་རྡུལ་དུ་བརླག་པར་བསམས༔ བསྲུང་བའི་གོ་བསྒོ་ད་ལ་འཆམས་སྟབས་བསྐོར༔ ཧཱུྃ་སྒྲ་སྒྲོག་ཅིང་ཐུན་བྲབ་གུ་གུལ་བསྲེག༔ གིང་པ་རྒྱུག་ཅིང་ཉིན་མཚན་ཐུན་དྲུག་ཏུ༔ འདི་ལ་བརྩོན་ན་དངོས་གྲུབ་བར་ཆད་བྲལ༔ རོལ་མོ་ལྡིར་ཞིང་ཡེ་ཤེས་བྱིན་ཀྱང་དབབ༔ དེ་དག་རྣམས་ནི་སྒྲུབ་པའི་དངོས་གཞིའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ དངོས་གྲུབ་བླངས་ཤིང་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་ཤིང་ཚོགས་འཁོར་བསྐོར༔ ཆད་ཐོ་བསྟན་སྐྱོང་བཀྲ་ཤིས་དང་༔ བསྔོ་སྨོན་བརྗོད་ཅིང་རྫོགས་རིམ་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དངོས་གྲུབ་བླང་བའི་རིམ་པ་ལ༔ རྫས་མཆོག་ཆེན་པོ་བུམ་སྒྲུབ་ཀྱི་རིལ་བུའམ༔ བྷན་དྷ་བྱང་སེམས་དཀར་དམར་དང་ཨ་མྲྀ་ཏ་བཏབ་པ་རིག་མས་ཐོགས་ཤིང་༔ ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་དག་པའི་དབྱིངས་ནས་སྐུ་སྐྱོད་ལ༔ རྗེས་འཇུག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ བྱམས་དང་བརྩེ་བའི་ཐུགས་རྗེའི་རྗེས་ཆགས་མཛོད༔ སྐྱ་རེངས་དང་པོ་ཤར་བའི་དུས་ཆེན་ལ༔ མ་སྲིང་རྒྱལ་བ་རྒྱ་མཚོའི་ནམ་ལངས་ཉེ༔ མཆོག་ཐུན་དངོས་གྲུབ་འབེབས་པའི་དུས་ལ་བབས༔ ཡེ་ཤེས་ལྷ་ཚོགས་སྲུང་མ་གཉན་པོ་རྣམས༔ དམ་ཚིག་གཞུང་བཞིན་བསྒྲུབ་པའི་རིག་འཛིན་ལ༔ དངོས་གྲུབ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རབ་འབྱམས་དང་༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་བརྗིད༔ སྙན་གྲགས་ཚེ་བསོད་དཔལ་འབྱོར་བསྡུ་བ་བཞི༔ མ་ལུས་ཐམས་ཅད་དེང་འདིར་བདག་ལ་སྩོལ༔ རྩ་སྔགས་ཤམ་བུར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་བརྗོད༔ གཉིས་པ་ཐུགས་དམ་བསྐང་བ་ནི༔ སྤོས་དང་མར་མེ་རོལ་མོ་སྣ་ཚོགས་ཐོགས་ཏེ༔ ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་ཐུགས་དམ་བསྐང་བ་འདི་སྐད་དོ༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་གཉན་པོ་འདིར༔ ཕྱི་ནང་གསང་བའི་དམ་རྫས་རི་ལྟར་སྤུངས༔ སྨན་རཀ་འདོད་ཡོན་ལོངས་སྤྱོད་མཚོ་ལྟར་བསྐྱིལ༔ གྷ་ནའི་ཞལ་ཟས་སྤྱན་གཟིགས་སྐར་ལྟར་བཀྲ༔ སེམས་ཉིད་ཆོས་དབྱིངས་ནམ་མཁའ་མཐའ་དབུས་བྲལ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ རིགས་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ ཤར་ཕྱོགས་རི་བོ་ཏ་ལའི་གནས་མཆོག་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་དམ་བསྐང་༔ བསམ་ཡས་མཆིམས་ཕུའི་རྫ་ཡི་དུར་ཁྲོད་ནས༔ སྐལ་ལྡན་བུད་མེད་གྲོགས་ལྔའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ སྐུ་གསུམ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་གཉན་པོ་ནས༔ ཡི་དམ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ བདེ་སྟོང་རང་བཞིན་དག་པ་ཆེན་པོ་ནས༔ གསང་ཡེ་དྷཀྐི་དམར་མོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ ཟབ་ལམ་གསང་འདུས་ཡབ་ཡུམ་ཐུགས་དམ་བསྐང་༔ ཧཱུྃ༔ ཤར་ཕྱོགས་ཞེ་སྡང་རྣམ་དག་གཞལ་ཡས་ནས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ཕྱོགས་ང་རྒྱལ་རྣམ་དག་གཞལ་ཡས་ནས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་ཕྱོགས་འདོད་ཆགས་རྣམ་དག་གཞལ་ཡས་ནས༔ སྣང་བ་མཐའ་ཡས་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཕྱོགས་ཕྲག་དོག་རྣམ་དག་གཞལ་ཡས་ནས༔ དོན་ཡོད་གྲུབ་པ་ཡབ་ཡུམ་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ དཔའ་བོ་ཡབ་ཡུམ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཕོ་བྲང་ཆེན་པོའི་བར་ཁྱམས་ཡངས་པ་ནས༔ དུས་གསུམ་སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ འགྲོ་མགོན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་གཞལ་ཡས་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་ཉན་སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ ཕྱི་རིམ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཞིང་སྐྱོང་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་༔ རང་བཞིན་གདོད་ནས་དག་པའི་གཞལ་ཡས་ནས༔ འཁོར་འདས་གཉིས་མེད་ཡོངས་གྲོལ་ཐུགས་དམ་བསྐང་༔ ཕྱི་སྣོད་ནང་བཅུད་ཀ་དག་ཆོས་དབྱིངས་ནས༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ མ་རིག་གཉིས་འཛིན་རང་གྲོལ་གཞལ་ཡས་ནས༔ ལན་ཆགས་གདོན་བགེགས་འབྱུང་པོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཉམས་ཆག་བཤགས་པ་ནི༔ ཀྱེ་མ་ཀྱེ་མ་ཡི་དམ་དཀྱིལ་འཁོར་ལྷ༔ ཟབ་ལམ་གསང་བའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་ནས་ད་བར་དུ༔ ལམ་ལོག་ལམ་ནོར་སྲིད་པ་འདིར་འཁྱམས་ཏེ༔ མ་རིག་རང་བྱས་ལས་ཀྱིས་རང་ཉིད་མནར༔ ཡི་ཆད་བདག་ལ་ཐུགས་རྗེས་ད་གཟིགས་ཤིག༔ ལས་ཀྱི་འཕྲོ་ཆད་སྐྱབས་དང་མགོན་མེད་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ གྲངས་མེད་བསྐལ་པའི་དུས་ནས་ད་བར་དུ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་དང་༔ ཉེས་བྱས་འགལ་འཁྲུལ་མི་དགེ་ཅི་བགྱིས་པ༔ ཚོར་དང་མ་ཚོར་མ་རིག་རྐྱེན་དབང་གིས༔ ལས་ཉོན་རྣམ་སྨིན་བག་ཆགས་རྒྱུ་བསགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་བརྗོད་ཡི་གེ་བརྒྱ་པས་ཁ་བསྐང་ཞིང་མི་རྟོག་ཏིང་འཛིན་ངང་ལ་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཚོགས་འཁོར་བསྐོར་བ་ནི༔ ཚོགས་ཀྱི་ཡོ་བྱད་ཚོགས་པར་བཤམས༔ བསང་ཆུ་གཏོར་ཞིང་བདུད་རྩིས་བྲན༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ བླ་མེད་མཆོད་པ་ཚོགས་ཀྱི་ལོངས་སྤྱོད་འདི༔ གཉིས་འཛིན་བྲལ་ཡང་རཾ་ཡཾ་ཁཾ་གིས་སྦྱངས༔ གདོད་ནས་དག་ཀྱང་བདུད་རྩིར་བྱིན་གྱིས་བརླབ༔ གཟུང་འཛིན་བྲལ་ཡང་ཨཱོཾ་ཨཱཿཧཱུྃ་གིས་སྤེལ༔ རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕེཾ་ཕེཾ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐུ་གསུམ་བཀའ་བརྒྱུད་ཟབ་ལམ་གསང་བའི་ལྷ༔ རྩ་གསུམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྣམས༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ཡ་ལ་ལ༔ རིན་ཆེན་རྒྱན་ཆ་རུས་རྒྱན་ཁྲོ་ལོ་ལོ༔ དར་ཟབ་ལྷབ་ལྷབ་ཅོད་པན་པུ་རུ་རུ༔ རཏྣ་གསེར་གྱི་གདུ་བུ་སི་ལི་ལི༔ དཔའ་བོ་དཔའ་མོས་གླུ་ལེན་གར་བྱེད་འཁྲབ༔ གིང་དང་ལང་ཀས་བཤུད་གླུ་ཀྱུ་རུ་རུ༔ རྔ་གླིང་རོལ་མོའི་སྒྲ་སྐད་དི་རི་རི༔ མ་ལུས་འཁོར་བཅས་ཚོགས་ཁང་གནས་འདིར་སྐྱོད༔ འདོད་ཡོན་ལོངས་སྤྱོད་ཚོགས་འཁོར་རྒྱན་ལྡན་སྤྲོ༔ གསང་བའི་དཀྱིལ་འཁོར་སྒྲུབ་རྫས་མདངས་རེ་གསལ༔ མཆེད་ལྕམ་རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ ཚོགས་ཕུད་ནི༔ ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཐུགས་རྗེ་ཆེན་པོ་དབང་གི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན༔ འདུ་འབྲལ་མེད་པའི་ངང་དུ་བཞེས་སུ་གསོལ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ མ་རིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་རྣམས༔ ཡེ་ཤེས་ལྷ་ཚོགས་སྲུང་མའི་སྤྱན་སྔ་རུ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ ཉམས་ཆག་སྐོངས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཚོགས་ཐ་མ་ནི༔ ཧཱུྃ༔ ཟ་གསོད་བརྔམ་པའི་ཕོ་ཉ་ལས་བྱེད་ཚོགས༔ ཆོས་དབྱིངས་ངང་ནས་སྤྲུལ་པའི་འཁོར་ལོས་སྒྱུར༔ གཏུམ་དྲག་རྔམ་བརྗིད་འབར་ཁྲོས་དགྲ་བགེགས་འཇོམས༔ དགྲ་བགེགས་འབྱུང་པོ་ཐལ་བའི་རྡུལ་དུ་རློག༔ ནྲི་ཏྲི་དགྲ་བགེགས་འབྱུང་པོ་ཧ་ན་ཧ་ན་གྷརྫ་གྷརྫ་བྷནྡྷ་བྷནྡྷ་མཱ་ར་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ མ་རིག་གཉིས་འཛིན་བསྒྲལ་བའི་ཤ་ཁྲག་རུས༔ འཁོར་འདས་མཉམ་ཉིད་ཡོངས་གྲོལ་མཆོད་པ་འདི༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ཕོ་ཉ་བ༔ ལས་བྱེད་དམ་ཅན་རྒྱ་མཚོའི་ཞལ་དུ་སྟོབ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་ཁོར་ཡུག་ནས༔ ལས་བྱེད་ཤ་ཟ་མ་སྲིང་བྲན་གཡོག་འབུམ༔ ཞིང་སྐྱོང་དཔའ་བོ་དཔའ་མོ་དུར་ཁྲོད་བདག༔ མཁའ་ལ་རྒྱུ་ཞིང་རྣལ་འབྱོར་ཚོགས་ཁང་འགྲིམ༔ འདིར་གཤེགས་ཚོགས་ལྷག་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ལས་སྒྲུབས་བཀའ་དང་བསྟན་པ་སྲུངས༔ སརྦ་དྷ་ཀ་དྷཀྐི་ནི་གྷྲི་ཧ་ན་ཨི་དམ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ ལྔ་པ་ཆད་ཐོ་བྱ་བ་ནི༔ གཏོར་མར་སྨན་རཀ་སྦྲེངས་ལ་འདི་སྐད་དོ༔ ཧཱུྃ༔ དམ་ལ་བཏགས་པའི་ལྷ་སྲིན་སྡེ་བརྒྱད་འབུམ༔ བཀའ་ཉན་ལས་བྱེད་བྲན་གཡོག་འཁོར་དང་བཅས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བཅས་ལྟར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བགེགས་གནོད་བྱེད་གདོན་གྱི་ཚོགས༔ ཟ་འདྲེ་ཕུང་སྲི་རྨི་ལྟས་མཚན་མ་ངན༔ ཆགས་ཆེན་ཉམ་ང་མཐའ་ཡི་དམག་དཔུང་ཟློག༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ དྲུག་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ དགུང་སྔོན་མཐོན་པོ་གངས་རི་གཡའ་སྤང་ནགས༔ གངས་ཅན་མཐའ་དབུས་ཀུན་ལ་གནས་པ་ཡི༔ བསྟན་མ་ཆེན་མོ་བྲན་གཡོག་སྨན་མོ་འབུམ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ སློབ་མ་རྗེ་འབངས་བུད་མེད་གྲོགས་ལྔ་ཡིས༔ མཆིམས་ཕུའི་དུར་ཁྲོད་དཔལ་གྱི་དཀྱིལ་འཁོར་སྟེང་༔ བཀའ་བསྒོས་བྲོ་བོར་གཉེར་གཏད་ལུང་ཡང་བསྟན༔ འཇིག་རྟེན་མ་འདས་བར་དུ་དམ་བཅས་བཞིན༔ གཏོར་མ་བཞེས་ལ་དམ་བཞིན་བསྟན་པ་སྐྱོངས༔ མ་མ་ཏང་ཏང་ཏིང་ཏིང་ཨི་དམ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ བདུན་པ་བཀྲ་ཤིས་ནི༔ ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་རྒྱལ་བ་འོད་དཔག་མེད༔ སྣང་སྲིད་འཁོར་འདས་ཡོངས་གྲོལ་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་སྤྱན་རས་གཟིགས༔ ས་ལམ་ཡོན་ཏན་མཐར་ཕྱིན་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ འགྲོ་དྲུག་འཁོར་བ་དོང་སྤྲུག་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་སྐལ་ལྡན་བུད་མེད་ལྔ༔ བདེ་སྟོང་དགའ་བཞི་མཐར་ཕྱིན་བཀྲ་ཤིས་ཤོག༔ རྩ་གསུམ་བཀྲ་ཤིས་ཟབ་ལམ་དཀྱིལ་འཁོར་ལྷ༔ མཆོག་ཐུན་དངོས་གྲུབ་མཐར་ཕྱིན་བཀྲ་ཤིག་ཤོག༔ བརྒྱད་པ་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བསྐྱེད་རྫོགས་ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ སྒོམ་བསྒྲུབ་མན་ངག་ཟབ་མོ་སྤྱད་པའི་མཐུས༔ བདག་སོགས་ཕ་མ་རིགས་དྲུག་འགྲོ་བ་རྣམས༔ ཆོས་དབྱིངས་ཀློང་དུ་མངོན་བར་འཚང་རྒྱ་ཞིང་༔ གང་འདུལ་སྤྲུལ་པས་འགྲོ་རྣམས་སྒྲོལ་བར་ཤོག༔ དགུ་པ་གཤེགས་གསོལ་རྫོགས་རིམ་ནི༔ ཧཱུྃ༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པའི༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གཤེགས་བཞུད་མེད་ཀྱང་ཆོས་ཀྱི་དབྱིངས་སུ་མུ༔ བསྐྱེད་རྫོགས་མེད་ཀྱང་ཐིག་ལེ་ནཱ་དར་ཡལ༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ ཨཱ་ཨཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ངས༔ ཟབ་ལམ་གསང་སྒྲུབ་ལས་སྦྱོར་ཁྲིགས་སུ་བསྡེབས༔ སྐལ་ལྡན་བུད་མེད་ལྔ་ལ་གཏད་རྒྱས་གདམས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦས༔ ཆོས་ཀྱི་བདག་པོ་སྐལ་ལྡན་བཅུ་གསུམ་ལ༔ སྨོན་ལམ་བཏབ་ནས་ཡོད་དོ་སྐལ་ལྡན་རྣམས༔ ཡང་གསང་སྒྲུབ་པ་འདི་ཉིད་ཉམས་ལེན་དུས༔ ཆོས་སྐུ་སྣང་མཐའ་པད་འབྱུང་ཐུགས་རྗེ་ཆེ༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་མཇལ༔ ཞལ་མཇལ་ལུང་སྟོན་ཆོས་འཆད་དབང་བསྐུར་འཐོབ༔ དེ་དུས་རྟོག་པ་ཕྲོལ་ལ་རང་ཞལ་ལྟོས༔ མ་བཅོས་ཆོས་དབྱིངས་ངང་ལ་མཉམ་པར་ཞོག༔ མཐོང་མེད་མཐོང་བ་ཡང་དག་དོན་གྱི་ལྷ༔ ཆོས་རྣམས་སྐྱེ་འགག་གནས་གསུམ་ངོ་བོས་སྟོང་༔ དེ་ཚེ་གདོད་མའི་ཡེ་ཤེས་མངོན་དུ་གྱུར༔ པདྨ་འབྱུང་གནས་བདག་དང་སྐལ་བ་མཉམ༔ ཁྲེགས་ཆོད་བསྒོམ་ཞིང་འོད་གསལ་ཉམས་རྟོགས་སྤེལ༔ ཕུང་པོ་ལྷག་མེད་ཚེ་དེས་མ་གྲུབ་ན༔ པདྨ་བདག་གིས་མ་ཤེས་ཕྱི་རབས་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་བཅུ༔ དུས་ཀྱི་བསྙེན་པ་ཟླ་བ་གསུམ༔ རྟགས་བསྙེན་རབ་འབྲིང་ཐ་མའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ། ཧ་ཧ་སྤྲང་བན་འགྲོ་འདུལ་གླིང་། །ཟབ་ཆོས་གཏེར་འདི་བསམས་པའི་ཚེ། །སེམས་ལ་བཟོད་གླག་མ་རྙེད་ནས། །ཚ་གྲང་བཀྲེས་སྐོམ་དཀའ་བ་སྤྱད། །གསང་རྒྱས་བསྡམས་ནས་གཏེར་གྲོགས་ཁྲིད། །གྲ་སློབ་ལྟོ་གོས་ཆོས་ཀྱིས་བསྐྱངས། །དེ་དུས་རིགས་དྲུག་སྡུག་བསྔལ་དེ། །སྤྲང་པོ་ང་ཡི་ལུས་ལ་ཚང་། །ད་ལྟ་མཁའ་འགྲོའི་ཟབ་ཤོག་ལས། །ཟབ་ཆོས་ཕབ་ཅིང་མཇལ་བའི་ཚེ། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། མངོན་གྱུར་ལྟ་བུའི་སྤོ་ལ་འགྱིང་། །ཆོས་འདི་ནོས་པའི་སྐལ་བཟང་ཚོ། །ཡིད་བཞིན་ནོར་ལས་ཆེས་ཆེར་འཕགས། །འདི་ཕྱིའི་འདེམས་སོ་མ་འཕྱུག་པར། །ཉམས་སུ་ལོངས་དང་ལུང་ཟིན་རྣམས། །སྤྲང་བན་ཉི་མ་གྲགས་པའི་སྨྱོས་གཏམ་མོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཟབ་ལམ་གསང་སྒྲུབ་རིམ་པ་ལས༔ སྐྱེ་བདུན་ཤ་རིལ་སྒྲུབ་ཐབས་ཤིག༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་ཡི་གེར་འདེབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞན་དོན་འགྲོ་ལ་སེམས་བསྐྱེད་ནས༔ སྐྱེ་བདུན་ཤ་རིལ་བསྒྲུབ་འདོད་པས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རིམ་པར་ཕྱེའོ་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ཁྱད་པར་གཉིས༔ ཐུན་མོང་དག་གི་སྔོན་འགྲོ་ནི༔ སྒྲུབ་པའི་ཁོག་དབུབ་གཞན་བཞིན་ལས༔ གསང་སྒྲུབ་དཀྱིལ་འཁོར་ལག་ལེན་སྤྲད༔ ཁྱད་པར་དག་གི་སྔོན་འགྲོ་ནི༔ མཚན་ཉིད་ལྡན་པའི་བུམ་པ་ལ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབ༔ རིགས་ལྔའི་ཕྱག་མཚན་བྲིས་པའི་དཀྱིལ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ས་བོན་ཡིག་འབྲུ་ཟུང་འཇུག་འགོད༔ མགུལ་ཆིངས་རྒྱན་ཞིང་པྲོག་ཞུ་བསྐྱོན༔ མཚན་ལྡན་བུམ་པ་དེ་ཡི་ནང་༔ སྐྱེ་བདུན་ཤ་རིལ་ཨཱཿཐམ་མ༔ གཙོ་བོར་བསགས་ཤིང་དེ་ཡི་སྐྱོབས༔ ཨ་བར་སྐྱུར་གསུམ་སླེ་ཏྲེས་དང་༔ མ་ནུ་དང་བཅས་སྨན་མཆོག་ལྔ༔ ནས་འབྲས་གྲོ་དང་སོ་བ་དང་༔ སྲན་མ་དང་བཅས་འབྲུ་སྣ་ལྔ༔ ཙན་དན་ག་པུར་གླ་རྩི་དང་༔ ཛ་ཏི་གུར་གུམ་དྲི་བཟང་ལྔ༔ བུ་རམ་སྦྲང་རྩི་འོ་མ་མར༔ ལན་ཚྭ་དང་བཅས་སྙིང་པོ་ལྔ༔ གསེར་དངུལ་གཡུ་དང་མུ་ཏིག་དང་༔ བྱི་རུ་དང་བཅས་རིན་ཆེན་ལྔ༔ ལྔ་ལྔ་ཉེར་ལྔའི་བུམ་རྫས་དང་༔ སྲིད་པའི་བྱང་སེམས་དཀར་དམར་རིགས༔ སྣ་མང་བསགས་ཤིང་སྐྱོབས་སུ་སྦྱར༔ འབྲས་ཀྱི་ཕྱེ་དང་སུམ་བསྲེས་སྦྱོར༔ ཁྱེའུ་ཕོ་མོ་རིགས་བཟང་གིས༔ རིན་ཆེན་སྣོད་དུ་གཙང་ཆབ་བླངས༔ རིལ་བུ་སྲན་མ་ཙམ་དུ་བསྒྲིལ༔ མཚལ་ལམ་དམར་པོའི་ན་བཟའ་གསོལ༔ བུམ་པར་བླུགས་ཤིང་གཟུངས་ཐག་གདགས༔ དཀྱིལ་འཁོར་དབུས་སུ་ལེགས་པར་དགོད༔ སྨན་རཀ་གཏོར་གསུམ་བཀའ་སྲུང་གི༔ བཤོས་བུ་རྣམས་ཀྱང་བཟང་དུ་བཤམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་པའི་དངོས་གཞི་ནི༔ དམ་ལྡན་རྣལ་འབྱོར་ཕོ་མོ་རྣམས༔ ཞལ་བཀོད་གདབ་ཅིང་གྲལ་དུ་འཁོད༔ ལས་བྱང་གཞུང་བསྲང་འཛབ་བསྙེན་བསྐུལ༔ བདག་མདུན་རྫས་མཆོག་རིལ་བུ་རྣམས༔ ཟབ་ལམ་གསང་འདུས་སྐུ་རུ་བསྒོམ༔ བདག་བསྐྱེད་ལྷ་ཡི་ཐུགས་ཀ་ནས༔ སྔགས་ཕྲེང་གཟུངས་ཀྱི་ཐག་པར་ཞོན༔ མར་མེ་གཅིག་ལས་གཉིས་ཆད་ལྟར༔ འདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག༔ ཐུགས་དམ་རྒྱུད་བསྐུལ་འོད་དང་ཟེར༔ འཁོར་འདས་ཕྱོགས་བཅུ་སྟེང་འོག་ཁྱབ༔ རིགས་དྲུག་སེམས་ཅན་ལས་སྒྲིབ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ བྱིན་རླབས་ནུས་མཐུ་འོད་ཀྱིས་བསྡུས༔ བདག་མདུན་སྒྲུབ་རྫས་རྣམས་ལ་ཐིམ༔ ཐུགས་རྗེའི་སྟོབས་ཀྱིས་ཕྱི་སྣོད་ཞིང་༔ ནང་བཅུད་སྤྱན་རས་གཟིགས་ཀྱི་སྐུ༔ སྒྲ་གྲག་འཕགས་མཆོག་ཐུགས་རྗེའི་གསུང་༔ དྲན་རྟོག་སྐྱེ་འགག་གཉིས་མེད་ཐུགས༔ ཡེ་ནས་འཕགས་མཆོག་སྤྱན་རས་གཟིགས༔ འདུ་འབྲལ་མེད་པའི་ཕོ་བྲང་དུ༔ གཉིས་སུ་མེད་པར་བྱིན་རླབས་ཤིང་༔ སྐད་ཅིག་ཉིད་ལ་མཆོག་ཐུན་ཀུན༔ མ་ལུས་ཐོབ་པའི་འདུན་པ་ཡི༔ རྩེ་གཅིག་ངང་ནས་འཛབ་འདི་བགྲང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གྷུ་རུ་དྷེ་ཝ་དྷཀྐི་ནི་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨ་ར་པ་ཙ་མི་ཏ་ཧྲཱིཿད་ཡ་སྭཱ་ཧཱ༔ དེ་ལྟར་མ་ཡེངས་ཏིང་འཛིན་ངང་༔ འཛབ་བསྙེན་བགྲང་ཞིང་ཐུན་མཚམས་སུ༔ མཆོད་བསྟོད་བྱ་ཞིང་བཟླས་པ་བསྐུལ༔ ཐུན་དུ་གཅོད་ཅིང་ཞག་བདུན་བསྙེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ དངོས་ཉམས་རྨི་ལམ་ལ་སོགས་ལ༔ ཞལ་མཇལ་གསུང་ཐོས་དྲི་བཟང་འཐུལ༔ རིལ་བུ་འཕེལ་ཞིང་འཕུར་བ་དང་༔ དབྱིངས་ནས་འཛབ་ཀྱི་སྒྲ་གྲག་ཅིང་༔ འོད་འཁྱུག་འཇའ་འཛུག་བཀྲག་མདངས་ལྡན༔ སྨན་རཀ་གཏོར་མར་རླངས་པ་འཕྲོ༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ མཁའ་ལ་འཕུར་དང་རོལ་མོ་འཁྲོལ༔ ཁྲུས་བྱས་མེ་ཏོག་གླིང་ཕྱིན་དང་༔ ཤེལ་གྱི་མཆོད་རྟེན་དུང་དཀར་རྙེད༔ དེ་ཚེ་བསྙེན་སྒྲུབ་ཐེམས་པའི་རྟགས༔ ཁོག་འབུབ་བཞིན་དུ་རྗེས་བསྐྱང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྒྲུབ་པའི་ཤ་རི་དེ༔ སུ་ཡི་ལྟོར་སོང་འགྲོ་བ་ཡང་༔ ངན་སོང་གསུམ་གྱི་སྒོ་ཁེགས་ཤིང་༔ བླ་མེད་བྱང་ཆུབ་ས་ལ་རེག༔ རི་བོའི་རྩེ་དང་ཚོང་འདུས་དཀྱིལ༔ ཆུ་བོའི་གཞུང་དང་གནས་གཞིའི་ནང་༔ གཅན་གཟན་འགྲིམ་པའི་སྒང་དག་དང་༔ ཉ་སྲམ་འཚོག་པའི་མཚོ་རྣམས་དང་༔ དུད་པ་ཅན་གྱི་མེ་ལ་སོགས༔ ལས་ལ་སྦྱོར་ཞིང་སེམས་བསྐྱེད་ན༔ འགྲོ་བ་གང་དག་སེམས་ཅན་རྣམས༔ དྲི་ཚོར་གྲིབ་མས་འགོམ་པའམ༔ མྱངས་དང་བཀྲུས་དང་བཏུངས་ཀྱང་རུང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་འབྱུང་༔ རི་བོ་ཏ་ལའི་དབང་ཕུག་ཏུ༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ སྒྲུབ་ཐབས་རྒྱུད་སྡེ་ཁྲི་ཕྲག་གི༔ བཀའ་བབས་ལུང་བསྟན་རྗེས་གནང་ཐོབ༔ དེ་ཕྱིར་ཟབ་མོའི་སྒྲུབ་ཐབས་འདི༔ སྐལ་ལྡན་བུད་མེད་ལྔ་ལ་གདམས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པའི་གཏེར་མའོ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་གསང་བའི་ཚེ་སྒྲུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོས་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་གསང་བའི་ཚེ་སྒྲུབ་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འཆི་མེད་ཚེ་དབང་པདྨ་ངས༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡི༔ ཚེ་ཡི་སྒྲུབ་པ་ཟབ་མོ་སྟོན༔ ཉམས་སུ་ལོངས་ཤིག་མ་འོངས་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་རང་ཉིད་གང་དུ་འདུག་པའི་གནས་དེ་ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ངམ་གྲུ་འཛིན་པོ་ཊ་ལ་རུ་གསལ༔ སྐྱབས་སེམས་གཞུང་ལྟར་བརྗོད་ཅིང་རང་ཉིད་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་ལྷ་མཆོག་ཏུ་བསྒོམ་ཞིང་༔ སྙིང་རིན་པོ་ཆེ་མཆོང་གུར་སྨུག་པོའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་རིགས་བདག་སྣང་བ་མཐའ་ཡས༔ ཕྱོགས་བཞིའི་པད་འདབ་ལ་རིགས་བཞི་ཡབ་ཡུམ་བརྒྱད༔ བ་སྤུའི་འོད་ཀློང་དང་ལུས་ཀྱི་གནས་རྣམས་སུ་བསྐལ་པ་བཟང་པོའི་སངས་རྒྱས་དང་བྱང་སེམས༔ རྩ་གསུམ་ཆོས་སྐྱོང་སྲུང་མ༔ ཡན་ལག་བཞི་ལ་སྒོ་མ་བཞི་སྟེ༔ མདོར་ན་རང་ལུས་གྲུ་བཞི་འབྱུང་བ་བཞིའི་སྣང་ཚུལ་ལས་གྲུབ་པ་འདི༔ རང་བྱུང་ཕོ་བྲང་ལྷ་ཚོགས་རྩ་དང་རླུང་གི་རང་བཞིན་དུ་བསྐྱེད་ཅིང་༔ རིགས་བདག་སྣང་བ་མཐས་ཡས་ཀྱི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་མདངས་དང་ལྡན་པ་གཅིག་གི་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧྲཱིཿདམར་པོས་མཚན་པའི་ཧ་ཁོག་གི་ཁོང་གསེང་དུ༔ རང་གི་ཚེ་མི་འགྱུར་བའི་ངོ་བོ་ཡི་གེ་ནྲི་ལྗང་གུ་བཀྲག་མདངས་ལྡན་པ་གཅིག་བསམ༔ རྡོ་རྗེ་རྩེ་ལྔ་པའི་མཐར་གཡས་འཁོར་དུ༔ ཨཱོཾ་ཨ་མི་དྷེ་ཝ་བཛྲ་རཏྣ་པདྨ་ཀརྨ་ཚེ་བྷྲཱུྃ་ཡུ་ཚེ་བྷྲཱུྃ་ཨཱ་ཡུ་ཛྙཱ་ན་ཡུ་ཚེ་བྷྲཱུྃ་སྭཱ་ཧཱ༔ ཅེས་སྔགས་འབྲུ་རྣམས་རང་སྒྲ་དང་བཅས་ནས་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་འཕྲོས༔ འཁོར་འདས་ཐམས་ཅད་ཀྱི་ཚེ་དཔལ་འབྱོར་བ་ཐམས་ཅད་འོད་ཀྱིས་བསྡུས༔ རང་ལ་ཐིམ་པས་ཚེ་ཡི་དངོས་གྲུབ་འཐོབ་ཅིང་༔ འཆི་བ་མེད་པར་བསམ་ལ་གོང་གི་སྙིང་པོ་བཟླ༔ བརྒྱ་སྟོང་ཁྲི་འབུམ་རང་གི་སྐབས་དང་སྦྱར༔ ཚེ་ཡི་དངོས་གྲུབ་ཐོབ་རྟགས་སྣ་ཚོགས་ཡོང་༔ འདི་ནི་བྱ་རོག་མ་གྲགས་ཐོ་རེངས་གོང་༔ སྔགས་དམིགས་གནད་དུ་བསྣུན་ནས་སྟོང་ཕྲག་རེ༔ ཆགས་མེད་བརྩོན་ན་ཚེ་ཡི་རིག་པ་འཛིན༔ ངེས་པར་འཐོབ་ཅིང་སྐྱེ་འཆི་བགྲེས་རྒུད་མེད༔ བསྐྱེད་རིམ་ལས་བྱང་ལྟར་བསྐྱེད་མཆོག་ཡིན་ཞིང་༔ སྐད་ཅིག་ཝལ་བསྐྱེད་ཏིང་འཛིན་གསལ་ཡང་རུང་༔ ལས་བྱང་སྦྲེལ་ན་སྨན་རག་མཆོད་པ་བཤམས༔ བསྟོད་བསྐུལ་ཚོགས་འཁོར་ལ་སོགས་གཞུང་བཞིན་བྱ༔ ས་མ་ཡཱ༔ རྒྱ༔ ཁྱད་པར་འཕགས་པའི་གསང་བའི་སྙིང་ཞུན་ནི༔ རིགས་ཀྱི་གཙོ་བོ་སྣང་བ་མཐའ་ཡས་ཀྱི༔ ཕྱག་གཡས་ལྕགས་ཀྱུ་དམར་པོའི་འོད་ཟེར་གྱིས༔ བླ་ཚེ་ཆད་ཉམས་གས་དང་ཡར་བ་དང་༔ འཁོར་འདས་བྱིན་རླབས་ཕྱི་སྣོད་ནང་བཅུད་ཀྱི༔ ཚེ་དཔལ་འབྱོར་བ་བསོད་ནམས་དབང་ཐང་སོགས༔ རང་དབང་མེད་པར་འུབ་འུབ་དབང་དུ་སྡུས༔ གཉིས་སུ་མེད་པར་ཧྲཱིཿཡིག་ནྲི་ལ་བསྟིམ༔ མཆོག་ཐུན་དངོས་གྲུབ་ཚེ་དབང་གྲུབ་པར་བསམས༔ འདི་ནི་སྙིང་ཐིག་གསང་བའི་ཡང་ཞུན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་རླུང་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་རླུང་སྦྱོར་བཞུགས༔ དབང་ཆེན་ཧེ་རུ་ཀཿལ་འདུད༔ ཟབ་ལམ་བསྒོམ་པའི་རྣལ་འབྱོར་པས༔ བདེ་ཆེན་ལམ་གྱི་སྲོག་སྩོལ་གྱི༔ དངོས་གྲུབ་ཚེ་འདིར་འཐོབ་པའི་ཐབས༔ བདག་འདྲ་པདྨས་ཡི་གེར་འདེབས༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་མཐུན་དྭངས་ཤིང་དབེན་པའི་སར༔ བདེ་བའི་གདན་ལ་ཆོས་བདུན་བཅའ༔ སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་དང་༔ བླ་མའི་རྣལ་འབྱོར་སྔོན་དུ་བཏང་༔ རྩ་རླུང་ལས་རུང་གསོལ་བ་གདབ༔ དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྐལ་ལྡན་ཕོ་མོ་ནི༔ བདེ་ཆེན་མྱུར་ལམ་རྟོགས་འདོད་རྣམས༔ ཡུམ་རྣམས་ཟབ་ལམ་ཡུམ་དུ་བསྒོམ༔ ཡབ་རྣམས་དཔའ་བོ་ཡབ་ཏུ་བསྒོམ༔ སྟོང་གསལ་འགག་མེད་ལྷ་རུ་བསྐྱེད༔ སྣང་སྟོང་ལྷ་སྐུ་ཕྱག་རྒྱ་ཆེ༔ རྩ་གསུམ་འཁོར་ལོ་ལྔ་རྣམས་ཀྱང་༔ རྡོས་བཅས་ཤ་ཁྲག་དྲ་བ་ཡི༔ ཨ་འཐས་རང་བཞིན་མ་ཡིན་པར༔ གསལ་སྟོང་གཉིས་མེད་ཚུལ་དུ་བསྒོམ༔ གསང་གནས་བདེ་ཆེན་འཁོར་ལོའི་དབུས༔ ཤེས་རབ་རང་བཞིན་ཡི་གེ་ཨཱ༔ དམར་ཆ་ཉི་མའི་གདན་ལ་བསྒོམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་དབུས༔ ཐབས་ཀྱི་རང་བཞིན་ཡི་གེ་ཧཾ༔ དཀར་ཆ་ཟླ་བའི་གདན་ལ་བསམ༔ ཐབས་ཤེས་གཉིས་མེད་རྩེ་སྤྲོད་དུ༔ ཡར་མར་ཆ་ལ་ལམ་མེར་གསལ༔ འདོད་ཆགས་རང་བཞིན་མོ་རླུང་དང་༔ ཞེ་སྡང་རང་བཞིན་ཕོ་རླུང་དང་༔ གཏི་མུག་རང་བཞིན་མ་ནིང་རླུང་༔ དུག་གསུམ་རྒྱུ་དང་བག་ཆགས་བཅས༔ རོ་རྐྱང་ལམ་ནས་སྣ་བུག་བརྒྱུད༔ སྔོ་དམར་དུད་པའི་ཚུལ་དག་ཏུ༔ ལན་དགུ་དག་ཏུ་འབུད་པར་བྱ༔ སྲིད་གསུམ་དག་པ་ཆོས་ཀྱི་དབྱིངས༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ ཡེ་ཤེས་སྐུ་གསུམ་ཐབས་ཤེས་རླུང་༔ འགྲོ་འོང་མེད་པར་བུམ་ནང་བསྐྱིལ༔ མེ་རླུང་སྦྱོར་བས་རྩ་འཁོར་དང་༔ བདེ་ཆེན་ཧཾ་ཡིག་བསིལ་རྒྱུན་ཕབ༔ དགའ་བཞིའི་ཡེ་ཤེས་མར་འབེབས་དང་༔ ཡར་འཛེག་དག་ཏུ་ཡང་ཡང་བསྒོམ༔ རྩ་ཐིག་རླུང་གསུམ་དབྱེར་མེད་བསྲེ༔ ཚ་ཤས་ཆེ་དང་གྲང་ཤས་ཆེ༔ ཚ་གྲང་སྙོམས་པའི་སྐྱེས་བུ་སོགས༔ རང་རྒྱུད་བརྟག་ཅིང་རླུང་སྦྱོར་ལ༔ ཚ་ཤས་ཆེ་ན་བསིལ་རྒྱུན་གཙོ༔ གྲང་ཤས་ཆེ་ན་གཏུམ་མོ་གཙོ༔ ཚ་གྲང་སྙོམས་པའི་སྐལ་ལྡན་གྱིས༔ སྙིང་ག་ཆོས་ཀྱི་འཁོར་ལོ་ན༔ བདེ་བ་ངོས་བཟུང་དབབ་བསྐྱིལ་ལྡོག༔ ཐུན་འཇུག་རྣམས་སུ་ཧ་སྤྲུག་དང་༔ འབེབས་ཆུང་རྒྱག་ཅིང་མགོ་བོ་སྒྲིལ༔ ཡན་ལག་བཞི་འདུལ་ཕོ་རྐེད་བསྐོར༔ ཐལ་སྦྱོར་དྲོད་ཀྱིས་སྒྲོན་མ་བསྲོ༔ ལག་པ་པུས་བཀབ་དལ་བུས་ལང་༔ སྦྲུལ་ཚང་གྱེན་སྦྱར་ཧིང་གིས་འདྲེན༔ སྨྲ་ལྕེ་ཡ་རྐན་དག་ལ་སྦྱར༔ སྒྲོན་མ་སྨིན་ཕྲག་མཁའ་ལ་གཟིར༔ ཡང་ཡང་སྦྱང་བས་ཟབ་གནད་རྟགས༔ སྦ་བ་སྦུབས་སུ་ནུབ་པ་དང་༔ ན་ཆུང་བརྒྱ་ཡི་རཀྟ་ཡང་༔ སྐད་ཅིག་རེ་རེས་འདྲེན་པར་ནུས༔ བདེ་གསལ་མི་རྟོག་ཉམས་མྱོང་འཆར༔ ཟག་བཅས་སྤངས་ནས་འོད་སྐུར་གྲོལ༔ རྒས་པ་མེད་ཅིང་ལོ་སྟོང་ཐུབ༔ རྩ་རླུང་ཐིག་ལེ་ལས་རུང་ན༔ ཚེ་ཡི་རིག་འཛིན་ང་དང་མཉམ༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་ལས་ཚོགས་འགྲོ་དོན་བཏགས་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ལས་ཚོགས་འགྲོ་དོན་བཏགས་གྲོལ་བཞུགས༔ དབང་ཆེན་ཧེ་རུ་ཀཿལ་འདུད༔ རྒྱ་གར་མཁས་པ་པདྨ་ངས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡི༔ ལས་ཚོགས་བཀོད་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ གཞན་དོན་འགྲོ་ལ་སེམས་བསྐྱེད་ནས༔ བཏགས་གྲོལ་བྲི་ན་འདི་ལྟར་བྱ༔ དུས་བཟང་གཟའ་སྐར་ཁྱད་འཕགས་ལ༔ རིན་ཆེན་གསེར་གྱིས་མཐིང་ཤོག་སྟེང་༔ ཡི་གེ་དབུ་ཅན་ཚག་མེད་དུ༔ སྙིང་པོ་རང་བྱུང་རྒྱུད་འདི་འགོད༔ ཨེ་མ་ཀཱི་རི་ཀཱི་རི༔ མསྟེ་པཱ་ལི་པཱ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུ་ཏ་ལི། མ་སུ་མ་སུ༔ ཨི་ཀ་རཱ༔ སུ་ལི་བྷ་ཏ་ཡེ༔ ཙི་ཀི་ར་རུ་འབུ་བྷུ་ཡི་ཏ་ལི་ཀ་ཏོ༔ ལྕེ་ཡེ་ས་མུན་ཏ༔ ཙརྱ་སུ་གྷ་བྷིི་ཏི་ཡེ༔ བྷི་ཏ་ས་ན་བྱ་གྷུ་ལི༔ ཀེ་ར་ཀ་ེར་འདུག་ཀ་ན༔ མ་ཧཱ་ཏ་རི་བྷཻ་ཏ་ནེ༔ ཡ་པྲ་པ་ར་ལི་ཧི་ལཾ༔ ཧ་སི་ན༔ སཾ་བྷུདྡྷ་ར་ཏ་མེ་ཙ་ར་ཏ་བ༔ སཱུརྱ་བྷ་དྲ་ས༔ ཨྱེས་ཤན་ཡ་པ༔ རན་བྷ་ཏི་ས༔ གུ་ལིང་ཏ་ཡཐ༔ གྷུ་ར་གུ་ར་པག༔ ཁ་རག་ན་ལཾ༔ ན་ར་ན་ར་ཨི་ཐ་ར༔ བྷུདྡྷ་བུད་འཆི༔ ཤ་ས་རྒྱ་ལཾ༔ ས་ར་རཱི་རཱི་ལ་ཁྱེ༔ ས་ཏྲ་ལ་སིར་སྣ༔ བྷེ་ས་བྷེ་ས་རས་པ་ལཾ༔ ཨི་ཨི་མ་མ་རཱ་རཱ་ཨཾ༔ ཨཱོཾ་ཨཱཿཧཱུྃ༔ ཨེ་མ་ཀི་རི་ཀི་རི༔ མས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ་ཀུནྡྷ་ལི༔ མ་སུ་མ་སུ༔ ཨི་ཀ་རི་ལི་བྷ་ཡེ༔ ཙ་ཀི་ར་བྷུ་ལི་ཏ༔ ལྕེ་ཡི་ས་མུན་ཏ༔ ཙ་རྱ་སུ་གྷ་བྷི་ཏི༔ ས་ན་བྷྱ་གྷུ་ཡེ༔ ཀེ་རི་དྷ་ཀེ་རི༔ དྷ་ཧ་ཀ་མ་ཧཱ་རི་བྷེ༔ ཧ་ན་པ་རི་ལི་ཧི༔ ས་ནཾ་ཁ་ར་ཏེ་ཀྵེ་ལ་ན༔ སཾ་བྷུ་ཏ་ར་མེ་ཀ་ཙ་ར་ག་ཏཾ༔ དྷ་བྷུ་སུ་རྒྱ་ག་ཏར་ཨཱ༔ མ་ཤ་ན་པ་ར༔ བྷི་ཧི༔ ཏི་ས་གྷུ་ར་ར་ལ༔ མ་སྨིན་ས་ཡ་གྷུ་ཏི་ཡ་ཏ༔ ཡ་གྷུ་ར་གྷུ་ར༔ བླང་ག་ཁ་ཀ་ལ་ར་ན་ལཾ་པ༔ ན་ར་ན་ལཾ༔ ཨི་ཐ་ར་པ་ཏ་ལཾ༔ སིར་ན་བྷེ་ས་ར་ལཾ༔ ས་གྷེ་ལཾ༔ མ་མ་སྭ་སྭ་རི་རཱི་ལི་ལཱི་ཨི་མ་མ་ར་རཱ༔ ཀརྨ་རཀྵ་གྷི་ཧཾ་ཧི༔ བྷེ་ག་ར་ན་སོ་གད་གླིང་༔ པུཥྟ་རི་ལ་བྷུ་དྷུ་ཏྲི༔ རམ་པ་ཀ་ལ་ས་མི་ཁྱེ༔ ཕར་ཕར་ས་ས་མི་ཏ༔ ཐ་ཁ་ཌ་ཏེ་ཀྵ་ས་མིག་ཀླུ༔ ཨེ་ཁེ་ར་ན་བྷེ་ཙག་ཤ༔ སང་རི་མུ་ཏ་ས་གུ་ལི༔ ཡ་སིང་ཧུ་པ་ས་མ་ཡཱ༔ མ་མ་ཀོ་ལི་ས་མནྟ༔ གྷ་རི་ཡཾ་བ་རེ་མ་ཏི༔ བྷུ་གྷ་སེང་ཧ་ཕཾ་གྷ་ལ༔ ར་མི་སིང་སིང་ཁེ་ཏ་པ༔ རྩིག་ཁུག་མ་ལ་པ་ཏཾ་ནི༔ ས་མ་ཏི་ཀ་དྷེ་རེ་པ༔ བཛྲ་ས་ཏྭ་ཏྲི་ཏྭ་མེ༔ གྷེ་ས་ཡུ་གྷར་སྣ་མ་ར་ཡེ༔ དྷརྨཱ་ས་ཏཾ་སཾ་གྷུ་ལི༔ ར་མ་ས་མ་ཁ་གད་པོ་ཚེ༔ རུ་པ་ས་མི་མི་ཏ་ལཾ༔ ང་ཏིན་ས་ལ་ཡང་ཀི་ལས༔ གྷ་ཙག་པ་ལ་ཨ་ཏམ་ས༔ ཀརྨཱ་ཨེ་ཀ་མ་ནུ་པ༔ སང་ཏྲི་མ་མ་ཀརྨ་ཏ༔ ང་ལ་ངེ་པ་ཀི་ལི་ས༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ རང་བྱུང་སྙིང་པོ་བཏགས་གྲོལ་འདི༔ ལེགས་པར་བྲིས་ནས་རབ་གནས་བྱ༔ རིན་ཆེན་ཟ་མ་ཏོག་དུ་སྦ༔ འབྲུ་སྨན་དརསྣ་དྲི་བཟང་བཅས༔ སུས་འཆང་འགྲོ་བ་ཀུན་ཏུ་བཟང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ མ་གསང་སྤྱད་ན་དངོས་གྲུབ་ཡལ༔ འདས་ཚེ་ལྟས་དང་ཆོ་འཕྲུལ་དང་༔ གདུང་དང་རིང་བསྲེལ་ཡིག་འབྲུ་འབྱུང་༔ ཆོ་འཕྲུལ་ཆེན་པོའི་ཉ་སྟོང་དུས༔ མཆོད་སྟོད་ཚོགས་འཁོར་རབ་གནས་སྐྱོར༔ ཕྱོགས་བཅུའི་སངས་རྒྱས་དངོས་སུ་བསམས༔ ཏིང་ངེ་འཛིན་གྱི་དབང་བཞི་བླངས༔ སངས་རྒྱས་འཐོབ་པའི་སྨོན་ལམ་འདེབས༔ ཤིས་བརྗོད་གླུ་བྲོ་གར་གྱིས་མཆོད༔ དྲོད་དང་མ་འབྲལ་མཆན་གཡོན་བཅང་༔ འདི་ལྟར་འཆང་བའི་སྐྱེས་བུ་དེ༔ ཕྱོགས་བཅུའི་སངས་རྒྱས་སྲས་གཅིག་པུ༔ བཀུར་འོས་མཆོད་འོས་ཕྱག་གི་འོས༔ རྟག་ཏུ་རིམ་གྲོ་བྱ་བའི་གནས༔ འཆང་དང་ཀློག་དང་འཛིན་པ་དང་༔ སྒྲ་ཐོས་རླུང་ཕོག་དྲི་ཚོར་འགྲོ༔ བྱང་ཆུབ་གོ་འཕང་ཐེ་ཚོམ་མེད༔ དེ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་མས༔ སློབ་དཔོན་ཆེན་པོའི་གསུང་བཞིན་དུ༔ ཡི་གེར་བྲིས་ནས་བཙས་སུ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་མོ་ཁྲིད་ཀྱི་ཞལ་གདམས་སྙིང་གི་དུམ་བུ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་མོ་ཁྲིད་ཀྱི་ཞལ་གདམས་སྙིང་གི་དུམ་བུ་མཚོ་རྒྱལ་གྱིས་མཛད་པ་བཞུགས༔ དབང་ཆེན་ཧེ་རུ་ཀ་ལ་འདུད༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡི༔ མོ་ཁྲིད་རང་ལུས་ཞལ་གདམས་ཤིག༔ བུད་མེད་མཚོ་རྒྱལ་བདག་གིས་བཀོད༔ ཕྱི་མའི་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་དུ་མཐུན་པའི་གནས་ཉིད་དུ༔ ཟབ་ལམ་རླུང་གནད་ཉམས་ལེན་ཚེ༔ ཞལ་གདམས་སྙིང་གི་དུམ་བུ་འདི༔ གཅེས་པར་ཟུངས་ལ་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ སྔོན་འགྲོ་རྫོགས་ནས་དངོས་གཞིའི་དུས༔ བདེ་བའི་གདན་ལ་སྐྱིལ་ཀྲུང་བཅའ༔ གསང་བ་ཡེ་ཤེས་དྷཀྐི་མའི༔ བསྐྱེད་རིམ་གཞུང་ལྟར་གསལ་བའི་དབུས༔ དབུ་མ་སྦོམ་ཕྲ་སྦ་ལྕགས་ཙམ༔ ཡར་སྣེ་སྤྱི་གཙུག་ཟླ་དཀྱིལ་མཚན༔ མར་སྣེ་བདེ་སྤྱོད་འཁོར་ལོར་གསལ༔ གཡས་སུ་རོ་མ་གཡོན་དུ་རྐྱང་མ་གཉིས༔ ཕྲ་སྦོམ་ཚད་ནི་གྲོ་སོག་ཙམ༔ ཡར་སྣ་དུང་ཁང་གཞལ་ཡས་ནས༔ སྣ་བུག་གཉིས་ལ་ཟུག་པར་བསམས༔ མར་སྣ་བདེ་སྤྱོད་འཁོར་ལོ་ནས༔ དབུ་མའི་ནང་དུ་འདུས་པའི་མདོར༔ ཉི་གདན་སྟེང་དུ་ཨ་ཤད་གསལ༔ དབུ་མའི་ཡར་སྣ་ཟླ་དཀྱིལ་དབུས༔ ཧཾ་ཡིག་དཀར་པོ་མཚན་པར་བསྒོམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་ནི༔ རྩ་འདབ་སུམ་ཅུ་རྩ་གཉིས་པ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ༔ རྩ་འདབ་བཅུ་དྲུག་གསལ་བར་བསྐྱེད༔ སྙིང་ག་ཆོས་ཀྱི་འཁོར་ལོ་ན༔ རྩ་ནི་འདབ་མ་བརྒྱད་དུ་གསལ༔ ལྟེ་བ་སྤྲུལ་བའི་འཁོར་ལོ་ལ༔ རྩ་འདབ་དྲུག་ཅུ་རྩ་བཞི་པ༔ གསང་གནས་བདེ་སྤྱོད་འཁོར་ལོ་ལ༔ རྩ་འདབ་སུམ་ཅུ་རྩ་གཉིས་རྣམས༔ ཡར་མར་ཐབས་ཤེས་ཚུལ་དུ་བསྒོམ༔ དངོས་གཞི་ཟབ་ལམ་རླུང་གནད་གཅུན༔ བདེ་སྟོང་འབར་འཛག་དགའ་བཞིར་བལྟ༔ རྩ་ཐིག་རླུང་གསུམ་དབྱེར་མེད་བསྲེ༔ འདྲེན་ཁྲེམ་འཁྲུལ་འཁོར་འདི་ལྟར་འབད༔ རླུང་བཟུང་ལངས་ཏེ་ལག་གཉིས་མྱང་༔ མཉམ་འཕར་ལག་སྤྲུག་ཁུ་ཚུར་མཐེ་བོང་གཉིས༔ རྐང་པ་གཉིས་རྣམས་མདུན་གྱི་ས་ལ་འཛུགས༔ གྲུ་ཁུག་པུས་བཙུགས་རྐང་སོར་ལག་མཁྲིག་ཁར༔ བཞག་ཅིང་ཁུ་ཚུར་སར་འཛུགས་རླུང་གནད་ཕྱིར༔ ཅི་ཐུབ་འཛིན་ཅིང་རླུང་རྔུབ་རྐང་པ་གཉིས༔ སྐྱིལ་ཀྲུང་ལག་པ་བྲང་གི་སྟེང་དུ་བསྣོལ༔ རྐང་པ་སྐྱིལ་ཀྲུང་ལག་གཉིས་པུས་སྟེང་བཀབ༔ རླུང་བཟུང་རྒྱབ་རླུང་གྱེན་འདྲེན་མདུན་རླུང་ཕྱི་རུ་ཕུལ༔ གཡས་གཡོན་དབུས་གསུམ་དག་ཏུ་འཐེན་ཅིང་གསིག༔ སེམས་དཔའི་སྐྱིལ་ཀྲུང་ཁུ་ཚུར་བརླ་སྟེང་བཞག༔ རླུང་བཟུང་བཙན་ཐབས་ལངས་ནས་འཕར་བ་དང་༔ ལག་པ་ཐུར་སྤྲུག་སུག་བཞི་ས་ལ་བཙུགས༔ མདུན་རྒྱབ་རླུང་འཐེན་ལྟོ་བ་རྒལ་པར་བཅར༔ རླུང་འབུད་རླུང་འཐེན་འཕོངས་རྡེབ་སྐྱིལ་ཀྲུང་བྱ༔ ལག་པ་པུས་བཀབ་རྩ་སྤྲུག་མང་དུ་བྱ༔ རྐང་པ་སྐྱིལ་ཀྲུང་མཉམ་བཞག་རླུང་བཟུང་ནས༔ སྦྲུལ་ཚང་གྱེན་འདྲེན་སྟོད་དུ་ལན་གསུམ་འཐེན༔ རླུང་གནད་ཕྱིར་འཛིན་རྩ་ཐིག་རླུང་སེམས་བསྲེ༔ ཆོས་ཉིད་སྤྲོས་བྲལ་ངང་ལ་དར་ཅིག་བཞག༔ རླུང་བཟུང་རང་ཉིད་གན་རྐྱལ་ཡན་ལག་བཞི༔ སྟེང་དུ་ཕྲ་ཞིང་ལན་གསུམ་ལུས་ཀྱང་འཕར༔ རྐང་པའི་མཐེ་བོང་ལག་པའི་གུང་མོས་བཟུང་༔ སྒྱིད་པ་བསྲང་ཞིང་འཕོངས་རྡེབ་རྐང་ལག་རྣམས༔ མ་བྲལ་བར་བྱེད་གན་རྐྱལ་སྒྱིད་པ་བསྲང་༔ ལན་གསུམ་རེ་མོས་དག་ཏུ་ཤེས་པར་བྱ༔ ཧ་སྤྲུག་རེ་དང་བར་འབེབས་བརྩེགས་མ་བདུན༔ དེ་ལྟར་འདྲེན་ཁྲེམས་མན་ངག་སྙིང་པོའི་བཅུད༔ རང་ལུས་སྦྱང་དང་གཞན་ལུས་བསྟེན་པ་སོགས༔ འཁྲུལ་འཁོར་རྣམས་ཀྱི་མདོ་ཆིངས་གསང་པའི་གནད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ལུས་གཏན་ལ་དབབ་པ་ནི༔ འབེབས་གདན་ཁྲུ་གང་སྟེང་དུ་འཕོངས་བཞག་སྟེ༔ རྐང་པ་གཉིས་གཤིབས་པུས་མགོ་ཕྱིར་བསྐྱེད་བྱ༔ པདྨར་དུང་བཅུག་ཁུ་ཚུར་པུས་སྟེང་བཞག༔ སྒྱིད་པ་བསྲང་ཞིང་ལག་གཉིས་མཆན་ལ་བརྡེག༔ འཕོངས་རྡེབ་ལག་གཉིས་དཔྱི་ཟུར་དྲག་ཏུ་གནོན༔ འོག་རླུང་གློད་ཅིང་སྟེང་རླུང་མདུན་དུ་ཕུལ༔ དེ་ཚེ་རང་ལུས་འབྱོངས་པའི་རྟགས་ཚད་དུ༔ དུང་རྡོག་པདྨའི་ཕྱི་རུ་རྒྱང་གིས་འོང་༔ དེ་ལྟར་མ་འབྱོངས་བར་དུ་གནད་དུ་བསྣུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཞན་ལུས་ལས་སྦྱོར་སྔོན་འགྲོ་ནི༔ རང་མདུན་ཡིད་འོང་དཔའ་བོ་མཚན་ལྡན་ཞིག༔ བདེ་བ་རྒྱས་པའི་རྣམ་འགྱུར་ལིང་ལིང་དུ༔ ཡོད་པར་དམིགས་ཤིང་མཛུབ་མོ་རྡོ་རྗེར་བསམས༔ པདྨའི་མཐའ་བཙག་དལ་ལྷོད་རན་པར་བསྲུབས༔ བྱང་སེམས་དབབ་ནས་བསྐྱིལ་དང་འདྲེན་ཁྲེམས་གནད༔ འཁྲུལ་འཁོར་རྩ་འདུལ་ལུས་སྦྱོང་སྔར་བཞིན་འབད༔ མི་རྟོག་ཡེ་ཤེས་བདེ་བ་ལམ་དུ་ཁྱེར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྨྱུག་ཚིག་སོར་བདུན་ཕྱིང་པས་དྲིལ༔ པདྨའི་ཆེ་ཆུང་དང་མཚུངས་ཚད་ལྡན་བྱ༔ ར་ཚིལ་བཞུས་པའི་ཁུ་བར་ར་ཐུག་གི༔ རྨང་སྦྲེ་སྨན་ནི་ཚ་བ་གསུམ་རྣམས་བཏབ༔ ཕྱིང་པ་བཙོས་ནས་མེའམ་ཉི་མར་སྲོ༔ རང་ཉིད་གསང་ཡེ་མཁའ་འགྲོ་དམར་མོར་བསྒོམ༔ རྫས་དེ་ཟབ་ལམ་དབང་གི་རྒྱལ་པོར་བསམས༔ རྡོ་རྗེ་པདྨའི་མཐའ་ནས་རིམ་བཞིན་མཉེ༔ བདེ་བ་སྐྱེས་པ་ཀ་དག་དབྱིངས་དང་བསྲེ༔ དེ་ནས་ནང་བཅུག་གཡས་གཡོས་སྟེང་འོག་བསྲུབས༔ བདེ་བ་ངོས་འཛིན་དམིགས་པ་སྤྱི་བོར་གཏད༔ རླུང་ཕུ་མགོ་བོ་རྒྱབ་སྒྲིལ་ལྕེ་ནི་ཡ་རྐན་སྦྱར༔ སྨིན་ཕྲག་ནམ་མཁར་མིག་གཉིས་གྱེན་དུ་བལྟ༔ ལན་གསུམ་བསྐྱར་བས་འདྲེན་པར་གདོན་མི་ཟ༔ དེ་ནས་རླུང་བཟུང་ཕོ་རྐེད་གསུམ་གསུམ་བསྐོར༔ འབེབས་ཆུང་བདུན་གྱིས་སྙིགས་མ་ཕྱི་རུ་ཕོ༔ འདྲེན་ཁྲེམས་འཁྲུལ་འཁོར་སྔར་བཞིན་འབད་པར་བྱ༔ འདི་དག་རྣམས་ནི་གཞན་ལུས་སྔོན་འགྲོ་སྟེ༔ རང་ལུས་ཚགས་ཚུད་ལས་སུ་མ་རུང་བར༔ ཉོན་མོངས་དབང་གིས་གཞན་ལུས་བསྟེན་གྱུར་ན༔ དེ་ནི་ངན་སོང་གསུམ་གྱི་མདུན་འགྲོས་མཁན༔ སྡུག་བསྔལ་དར་དྲག་ཡུན་རིང་ཀུན་ཏུ་མནར༔ དེས་ན་ཕྱི་རབས་ཉམས་ལེན་གནད་དུ་བསྣུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞན་ལུས་བསྟེན་ཚེ་འཁྲུལ་འཁོར་ལག་ལེན་གསུམ༔ རང་ཉིད་གན་རྐྱལ་སྟེང་དུ་ཡབ་བཞག་སྟེ༔ རྐང་གཉིས་ཡབ་ཀྱི་བཅུ་དྲུག་མདོ་ན་བསྣོལ༔ ལག་གཉིས་རྐེད་འཁྱུད་ཡབ་ཀྱི་ལག་པ་གཉིས༔ རང་གི་དཔུང་མགོ་གཉིས་སུ་བཞག་ནས་སྤྱོད༔ གཉིས་པ་རང་གི་གཞོགས་གཡས་འོག་ལ་ཕབ༔ རྐང་གཡོན་པུས་མོ་ཡབ་ཀྱི་གྲུ་མོས་བསྡུས༔ ལག་གཉིས་ཡབ་ཀྱི་མགུལ་ནས་འཁྱུད་པར་བྱ༔ ཡབ་ཀྱི་ཞབས་གཡས་བརྐྱང་སྟེ་ཟུར་ནས་སྤྱོད༔ གསུམ་པ་དེ་ནི་གོ་ཟློག་སྤྱོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་དལ་བུས་སྤྱོད་ཅིང་སྦྱོར་བའི་ཚེ༔ བདེ་བའི་འགོ་གཡོས་དང་པོ་དགའ་བ་སྟེ༔ བདེ་བ་ཆེར་རྒྱས་མཆོག་གི་དགའ་བའོ༔ རབ་ཏུ་བདེ་རྒྱས་ཁྱད་པར་དགའ་བ་དང་༔ ཆེས་ཆེར་ཁམས་གཡོས་ལྷན་ཅིག་སྐྱེས་དགའ་སྟེ༔ རེ་རེ་བཞིན་དུ་བདེ་བ་ངོས་བཟུང་ཞིང་༔ དལ་བུས་སྤྱོད་དང་ཀློད་ཅིང་བདེ་སྟོང་སྤེལ༔ ཀ་དག་སྤྲོས་བྲལ་གནས་ལུགས་ངང་དུ་བཞག༔ རབ་ཀྱིས་འཛིན་ཁྲེམས་རྫོགས་པ་ཆེན་པོའི་ཀློང་༔ གང་ཟག་འབྲིང་གི་རླུང་གི་བཟུང་བ་ནི༔ བདེ་བ་ཆེར་རྒྱས་དྭངས་མ་འཆོར་ཉེ་ན༔ འོག་རླུང་རང་སོ་སྟེང་རླུང་ཕྱི་རུ་འབུད༔ རླུང་གི་ད་ལ་ལྗང་གུ་ནམ་མཁར་བསམས༔ རླུང་སེམས་རིག་པ་རྩེ་གཅིག་དེ་ལ་གཏད༔ སྤྱོད་འཕྲོ་བཤོལ་ཞིང་རྒྱུན་རིང་བཞག་པས་ཐུབ༔ འདྲེན་ནི་རླུང་བཟུང་ལྟོ་བ་ནང་འཐེན་ལ༔ ཤེས་པ་མཁར་བསྲིང་རླུང་ནི་བུམ་པར་བསྐྱིལ༔ ཕོ་རྐེད་དལ་བུས་བསྐོར་ཞིང་ལྔ་གསུམ་བདུན༔ ཧ་སྤྲུག་བྱེད་ཅིང་ལྟོ་བ་རྒལ་པར་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲེམས་ནི་རླུང་གི་འགྱུ་བ་བཅད་ནས་ཀྱང་༔ ཕྱི་ནང་ལུས་ཀུན་དཀར་དམར་ཁམས་ཀྱིས་གང་༔ ཁྱད་པར་བ་སྤུའི་བུ་ག་རེ་རེ་བཞིན༔ བདེ་བའི་རང་བཞིན་ལྷན་ལྷན་རྒྱས་པར་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གང་ཟག་ཐ་མས་འཁྲུལ་འཁོར་དག་གིས་འཛིན༔ ཁམས་ནི་ཆེར་རྒྱས་འཆོར་ལ་ཉེ་བ་ན༔ སྤྱོད་འཕྲོ་བཅད་དེ་ལག་པས་པདྨའི་ཁ༔ འུབ་ཀྱིས་བསྡམས་པར་བྱེད་པ་གནད་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདྲེན་པ་རླུང་ནི་ཕྱི་རུ་དྲག་ཏུ་ཕུད༔ ལྟོ་བ་བཅར་ཞིང་མགོ་ནི་རྒྱབ་ཏུ་གསིག༔ དབང་པོ་ལྡོག་ཅིང་ཉ་བཞི་བསྒྲིམ་པར་བྱ༔ ཧ་སྤྲུག་ལུས་པོ་སིལ་སིལ་འཕར་འདར་སྤྲུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲེམས་ནི་དཔའ་པོ་ཡབ་དང་མ་བྲལ་གོང་༔ བུམ་ཅན་བཟུང་ཞིང་མགོ་ཞབས་སྤྲུག་ཅིང་གསིག༔ རྐང་ལག་བརྐྱང་བསྐུམ་རེས་མོས་དྲག་ཏུ་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྙིགས་མ་དབོ་བའི་འཁྲུལ་འཁོར་ནི༔ དཔའ་བོ་ཡབ་དང་རང་ལུས་བྲལ་མ་ཁད༔ པདྨ་དུང་འབུད་འཁྲུལ་འཁོར་ལན་བདུན་བྱ༔ གོང་གི་འཁྲུལ་འཁོར་རླུང་གནད་དག་ལ་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་མན་ངག་སྙིང་པོའི་བཅུད༔ བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ ཨོརྒྱན་རྗེ་ལ་ལུང་ཞུས་ཡི་གེར་བཏབ༔ འདི་ནི་གསང་ལམ་མན་ངག་ཀུན་གྱི་གནད༔ ཐམས་ཅད་ཚང་བ་ཡིད་བཞིན་ནོར་བུ་འདྲ༔ འདྲ་འམ་མི་འདྲ་ལག་ཏུ་ལོངས་དང་གསལ༔ ཕྱི་མའི་དུས་ཀྱི་སྐལ་ལྡན་བུད་མེད་འགའ༔ ཟབ་ཆོས་འདི་ཉིད་ཉམས་ལེན་མཐར་ཕྱིན་ནས༔ བདེ་སྟོང་སྐུ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཁྱད་པར་བདག་ཅག་སྐལ་ལྡན་བུད་མེད་ལྔ༔ ལྔ་བརྒྱའི་ཡང་མཐར་གདམས་པ་འདི་འཕྲད་ནས༔ གུ་རུ་རྩ་གསུམ་ཡི་དམ་ལྷར་བསྟེན་ཅིང་༔ བདེ་སྟོང་དགའ་བཞིའི་རོལ་རྩེད་མཐར་ཕྱིན་ནས༔ སྤྲུལ་པ་མཁའ་སྤྱོད་གནས་སུ་སྡུད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེ་ནས་གདན་དྲངས་པའོ། །༈ཨཱ་ཡཱ་ཉམས་མཚར་ཆོས་འདི་ཟབ་མདོག་ཁ། །མ་གཅིག་ཇོ་མོ་ཡེ་ཤེས་མཚོ་རྒྱལ་དེས། །སྙིང་གི་ཁུ་བ་བཀའ་རྒྱས་བཏབ་མདོག་ཁ། །གུ་རུས་ལུང་ནས་བསྟན་པའི་བུད་མེད་ཚོ། །ཟབ་ཆོས་འདི་འདྲའི་ཉམས་ལེན་མི་བྱེད་མཚར། །དུས་ངན་ཐ་མའི་མོ་བཙུན་ཚུལ་འཆོས་མཁན། །ཉོན་མོངས་རང་རྒྱུད་སྤྱོད་ནས་བྱི་ཕྲུག་འདོན། །འདི་ཕྱི་གཉིས་མེད་བྱེད་རྣམས་འདི་སྤྱོད་ན། །དོན་གཉིས་འབྲས་བུའི་དཔལ་འབྱོར་ཕྱུག་འདུག་སྙམ། །ཁ་ཡང་སྤྲང་པོའི་འོ་དོད་མ་འབོད་ཅིག །དྲང་པོར་སྨྲ་བའི་གཏམ་ལ་ཉན་མཁན་དཀོན། །རང་ཉམས་ལོངས་ལ་ཕག་ཏུ་སྦ་ན་འཐད། ཅེས་སྤྲང་བན་གྱིས་སྨྲས་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་དཔའ་མོ་ཡུམ་གྱི་ཐབས་ལམ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་དཔའ་མོ་ཡུམ་གྱི་ཐབས་ལམ་བཞུགས༔ བདེ་ཆེན་ཧེ་རུ་ཀཿལ་འདུད༔ ཟབ་ལམ་མྱུར་གྲོལ་གདམས་པའི་བཅུད༔ སྐལ་ལྡན་བུད་མེད་ཁྱེད་ལྔ་དང་༔ མ་འོངས་དོན་དུ་བཤད་ཀྱི་ཉོན༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལུང་སྟོང་ནགས་དང་གངས་ཁྲོད་རྫ༔ མི་མེད་གཡེང་བ་བྲལ་བའི་སར༔ དགོས་པའི་ཡོ་བྱད་མཐུན་རྐྱེན་བསགས༔ གཞུང་བཞིན་རྩ་ཐིག་རླུང་སེམས་ཀྱི༔ ཉམས་ལེན་ཚད་དུ་འཁྱོལ་བར་བྱ༔ ཁྱད་པར་ཟབ་ལམ་རང་ལུས་ཀྱི༔ རླུང་སྦྱོར་འཁྲུལ་འཁོར་གནད་དུ་བསྣུན༔ ཚགས་སུ་ཚུད་ནས་ལས་སྦྱོར་འདི༔ ཚུལ་དང་ལྡན་པར་ཉམས་སུ་ལེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐབས་ཀྱི་དཔའ་བོ་མཚན་ལྡན་པ༔ ཚེ་འདི་དོན་དུ་མི་གཉེར་ཞིང་༔ ན་སོ་གཞོན་ལ་སྐྱེ་མཆེད་དྭངས༔ ངང་རྒྱུད་དལ་ཞིང་བདེ་བ་ཆེ༔ དད་བརྩོན་སྙིང་རྗེ་ཤེས་རབ་བཟང་༔ བློ་ཁོག་ཡངས་ཤིང་གསང་ཐུབ་པ༔ གསང་མཚན་སྨེ་བས་བརྒྱན་པའམ༔ གདོང་གཡས་ཆ་སྨད་སྨེ་བ་ཅན༔ དཔྲལ་བར་གྱེན་འགྲེང་གཉེར་མ་གསུམ༔ ཡང་ན་ཁ་ཊྭཱཾ་པདྨའི་རིས༔ དྲི་བཟང་སྐད་སྙན་ལུས་བོང་མཚམས༔ མཚན་དང་ལྡན་པའི་དཔའ་བོ་བཙལ༔ ཁྲུས་བྱས་རྒྱན་སྤྲས་དྲི་བཟང་བྱུག༔ ཁམས་སྤེལ་བཅུད་ལྡན་ལོངས་སྤྱོད་བསྟེན༔ ནང་ཚངས་ཅན་གྱི་གདན་སྟེང་དུ༔ ཡབ་ཡུམ་གཅེར་བུ་ཕྱེད་སྐྱིལ་འདུག༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ དཔའ་བོ་ཟབ་ལམ་ཐུགས་རྗེ་ཆེ༔ དཔའ་མོ་གསང་ཡེ་དྷཀྐི་མ༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ རང་རང་སྤྱི་གཙུག་ཉི་ཟླའི་སྟེང་༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་དམར་མོ་ཡུམ་དང་སྦྱོར༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱིས༔ རྩ་ཐིག་རླུང་གསུམ་ལས་རུང་ནས༔ སྣང་སྟོང་ཕྱག་རྒྱ་ཆེན་པོའི་སྐུ༔ མཁའ་སྤྱོད་འགྲུབ་པའི་གསོལ་བ་གདབ༔ བླ་མ་ཡབ་ཡུམ་སྙོམས་པར་ཞུགས༔ བྱང་སེམས་དཀར་དམར་གསང་ལམ་ནས༔ རང་གི་སྤྱི་བོའི་གཙུག་ཏུ་བབ༔ རྩ་གསུམ་འཁོར་ལོ་ཀུན་གང་རྒྱས༔ དབང་བཞི་ཐོབ་ནས་དགའ་བཞི་འཕེལ༔ སྐུ་བཞིའི་ཡེ་ཤེས་མངོན་གྱུར་བསམས༔ མ་ཡེངས་འདུན་པ་དྲག་ཏུ་གཏད༔ ཀྱེ་མ་མ་གྱུར་འགྲོ་བ་ཀུན༔ བདེ་སྟོང་ཡེ་ཤེས་མ་རྟོགས་པར༔ ཉོན་མོངས་འཁྲུལ་པའི་དབང་དུ་སྤྱོད༔ ལས་དྲུག་རྨི་ལམ་འཁྲུལ་སྣང་འདྲ༔ འགྲོ་དྲུག་བག་ཆགས་རྒྱུད་སྦྱངས་ནས༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱིས༔ འགྲོ་རྣམས་སྒྲོལ་བར་དམ་བཅའོ༔ བདེ་ཆེན་བླ་མེད་སེམས་བསྐྱེད་ནས༔ ལག་འཁྱུད་གཡའ་སྒོག་ནུ་འཕུར་མཉེ༔ གསང་གནས་བལྟ་རེས་སོ་སེན་འདེབས༔ ལྕེ་འཇིབ་ཆགས་གཏམ་སྣ་ཚོགས་སྨྲ༔ རྡོ་རྗེ་ཧཱུྃ་ལས་བུ་ག་ཧཱུྃ་སྔོན་བཀག༔ ཨཱཿལས་པདྨ་བུ་ག་ཕཊ་སེར་བཀག༔ དེ་ནས་རང་ཉིད་གན་རྐྱལ་ཉལ༔ རྡོ་རྗེ་པདྨའི་མཐའ་ནས་བརྩེག༔ དལ་བུས་བསྲུབ་ཅིང་དར་ཅིག་ཀློད༔ རང་ཉིད་ཟབ་ལམ་ཡབ་ཡུམ་སྐུ༔ གནས་ལྔར་རིགས་ལྔ་ཡབ་ཡུམ་དང་༔ ཡན་ལག་སྒོ་བ་ཡབ་ཡུམ་བཞི༔ བ་སྤུའི་འོད་ཀློང་རེ་རེ་ན༔ དཔའ་བོ་རེ་དང་དཔའ་མོ་རེ༔ བདེ་སྟོང་སྦྱོར་བས་སྐུ་ལུས་དགྱེས༔ ཕྱོགས་བཅུའི་རབ་འབྱམས་ཞིང་གི་ཁྱོན༔ བླ་མེད་མཆོད་པས་འགྲོ་ཀུན་གྱི༔ སྒྲིབ་གཉིས་དག་ཅིང་ཚོགས་གཉིས་བསགས༔ ས་ལམ་ཡོན་ཏན་ཡོངས་རྫོགས་ནས༔ མ་རིག་ཉོན་མོངས་དབྱིངས་སུ་བསྒྲལ༔ ཟག་མེད་དགའ་བཞི་མཐར་ཕྱིན་ནས༔ བདེ་སྟོང་ལྷན་ཅིག་སྐྱེས་སྦྱོར་ཏེ༔ ཡེ་སྦྱོར་ཡེ་སྒྲོལ་ཀ་དག་བློ་འདས་ངང་༔ དགའ་བཞི་ངོས་འཛིན་ཚད་དང་ལྡན་པར་སྦྱོར༔ དེ་ཚེ་རྩ་སྣ་རྡོ་རྗེ་འཕྲད་པའི་རྟགས༔ ཐོག་ཐོག་ཧྲེང་ཧྲེང་འབུར་འབུར་གར་གར་ཡོང་༔ མི་སྤྱོད་རྟོག་པ་ཀློད་ཅིང་ཧཱུྃ་རིང་དང་༔ ཧཱུྃ་ཐུང་ཧིང་གིས་འདྲེན་ཅིང་ཧ་ཡིས་སྤྲུག༔ རླུང་ནི་ཁོང་འདྲེན་ཕྱི་འཛིན་ལག་གཉིས་སྦྲེལ༔ རྐང་གཉིས་ཁ་སྦྱར་ལག་པས་མགོ་ནས་འཇུ༔ རྐང་མགོ་ནང་འཐེན་ཚང་ར་ཕྱི་རུ་ཕུལ༔ མདུན་རླུང་ཕྱིར་མནན་རྒྱབ་རླུང་གྱེན་ལ་འཐེན༔ སྟག་མོའི་སྐྱུགས་དང་ཝ་ཡི་སྣོམ་ཚུལ་བྱ༔ ཡན་ལག་འདུལ་སྦྱོང་ཧ་སྤྲུག་བར་འབེབས་འབད༔ དགའ་བཞིའི་ཡེ་ཤེས་མྱུར་དུ་མཐར་ཕྱིན་ནས༔ བླ་མེད་འབྲས་བུ་མངོན་གྱུར་ཨེ་མ་ཧོ༔ ཟབ་ལམ་ཉམས་ལེན་འདྲེན་འཛིན་ཁྲེམས་གསུམ་རྫོགས༔ ཡོན་ཏན་ཀུན་ཚང་ཡིད་བཞིན་ནོར་བུ་འདི༔ སྐལ་ལྡན་བུད་མེད་ལྔ་དང་འབྲོམ་བཟའ་ལ༔ ལེགས་པར་བཤད་ནས་མ་འོངས་ཕྱི་མའི་དོན༔ གཏེར་དུ་སྦས་ཏེ་སྨོན་ལམ་རྒྱ་ཡིས་བཏབ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་བདེ་ཆེན་ཕུག་ནས་རྙེད། མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་བླ་རྡོ་ཟབ་མོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་བླ་རྡོ་ཟབ་མོ་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་བླ་རྡོ་སྲོག་འཁོར་དབང་གི་ཙཀྲ་མུ་ཁྱུད་བརྒྱད་དུ་བསྐོར་བའི་ལྟེ་བ་ལ་ཧྲཱིཿཡིག་གི་ཁོང་གསེང་དུ་ཡི་གེ་ནྲི་ལྗང་གུས་མཚན་པར་བྲིས་པའི་ཐ་མར་སྒྲུབ་པ་པོ་ཆེ་གེ་འདི་ཞེས་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཞེས་བྲི༔ དེའི་ཕྱི་རིམ་རྩིབས་བཞིར་བཅད་ཅིང་༔ བཛྲ་རཏྣ་པདྨ་ཀརྨ་དྷཀྐི་སརྦ་སིདྡྷི་ཧཱུྃ༔ ཞེས་ཤམ་བུ་སྦྱར་བ་བྲི༔ རྩིབས་མཆན་བཞི་ལ༔ བཛྲ་དྷཀྐི་རཏྣ་དྷཀྐི་པདྨ་དྷཀྐི་ཀརྨ་དྷཀྐི་སརྦ་སིདྡྷི་ཧཱུྃ༔ ཞེས་ཤམ་བུ་ཅན་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གུ་རུ་དྷེ་ཝཱ་དྷཀྐི་ནི་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་ཧཱུྃ༔ ནད་གདོན་བར་ཆད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དབང་ལོངས་སྤྱོད་ཐམས་ཅད་པཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཨ་མི་དྷེ་ཝ་ར་ག་ཡ་མི་ས་མ་ཡ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་མ་མ་འདུ་འདུ་སྡུས་སྡུས༔ གུ་རུ་ཛྙཱ་ན་སརྦ་སིདྡྷི་མ་མ་འདུ་འདུ་སྡུས་སྡུས༔ དྷེ་ཝ་ཛྙཱ་ན་སརྦ་སིདྡྷི་མ་མ་འདུ་འདུ་སྡུས་སྡུས༔ དྷཀྐི་ཛྙཱ་ན་སརྦ་སིདྡྷི་མ་མ་འདུ་འདུ་སྡུས་སྡུས༔ ཨ་ཏྲིི་ནྲི་ལོ་ཀ་སརྦ་སིདྡྷི་མ་མ་འདུ་འདུ་སྡུས་སྡུས༔ འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་དབང་ཐང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རིན་ཆེན་གསེར་དངུལ་དུང་དང་མུ་མེན་ཤེལ་སོགས་མདོར་ན་ནོར་སྣ་ཚོགས་ཀྱི་མིང་འབྲི་ཞིང་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་བྲི་དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡུལ་ཕྱོགས་རྒྱལ་ཁམས་ཁང་གཞིས་བང་མཛོད་ཕོ་རྒྱུད་འདི་ཞེས་པའམ་ཡང་ན་ཕོ་རྒྱུད་སྐྱེ་འགྲོ་ཐམས་ཅད་བདག་གི་དབང་དུ་སྡུས་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ་ཅིག་སྭཱ་ཧཱ༔ ཞེས་བྱ་བ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ མོ་རྒྱུད་སྐྱེ་འགྲོ་འདི་ཞེས་པའམ་ཡང་ན་འཛམ་གླིང་སྟོང་ཁམས་ཐམས་ཅད་ཀྱི་མ་མོ་མཁའ་འགྲོ་འཇིག་རྟེན་མི་མོ་རྗེ་མོ་བྲན་མོ་མོ་བཙུན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་བྲན་དུ་ཁོལ་ཅིག་བྱ་བ་བྲི༔ དེའི་ཕྱི་རིམ་དབྱངས་གསལ་བྱེད་དང་ཡེ་དྷརྨཱ་ཅི་མང་བཏབ༔ དེ་རྒྱབ་མེ་རི་འབར་བས་བསྐོར༔ མཛེས་པའི་ཚོན་གྱིས་བསྒྱུར༔ གུ་གུལ་གྱིས་བདུག༔ ཐུན་གྱིས་བྲབ༔ ལས་ཀྱི་གཞུང་བསྲང་རབ་ཏུ་གནས༔ བླ་མ་སློབ་དཔོན་གྱི་དབུ་ལོ་ན་བཟའ༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ ལོ་བརྒྱད་བྱིས་པའི་དྲི་ཆུ༔ བཅུ་དྲུག་གཙང་མའི་རཀྟ༔ གནས་ཆེན་རྩྭ་རིའི་སིནྡྷུ་ར༔ ཏེ་སེའི་གངས་ཐིག༔ མ་ཕམ་གྱི་མཚོ་ཆུ༔ ལྷ་ས་བསམ་ཡས་ཁྲ་འབྲུག་གི་ས་སྣ༔ སྨན་ལྔ༔ འབྲུ་ལྔ༔ སྤོས་ལྔ༔ དྲི་ལྔ༔ རིན་པོ་ཆེ་ལྔ༔ སྙིང་པོ་ལྔ༔ དར་ཚོན་སྣ་ལྔ༔ ཤ་ལྔ༔ བདུད་རྩི་ལྔ་རྣམས་རྫས་སུ་བཏབ་ཅིང་ལྟེ་བ་མ་ཉམས་པར་ལྟེབ་ཅིང་དར་དམར་པོས་དྲིལ་ཏེ༔ ཟངས་ཀྱི་གའུའི་ནང་དུ་གཞུག་ནས༔ སྒྲུབ་པ་ལ་འཇུག་དུས་ཟངས་ཀྱི་ལྕགས་ཀྱུའི་མགུལ་དུ་གདགས༔ སྒྲུབ་པ་གྲོལ་ནས་རང་གི་མཆན་ཞབས་གཡོན་དུ་དྲོད་དང་མ་བྲལ་བར་བཅང་༔ ཉ་ཆེན་རྒྱས་པའི་དུས་སུ་མཆོད་བསྟོད་བྱ༔ ཙཀྲ་ཟབ་ལམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་བསྒོམ་ཞིང་བསྙེན་པ་བརྒྱ་སྟོང་གི་མཐར་དབང་བཞི་ལེན༔ མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས༔ ལོ་བསྟར་བཞིན་རབ་གནས་རེ་སྐྱོར༔ རང་གི་ལུས་གོས་དང་ལྷམ་སྟན་སོགས་གཞན་ལ་མི་སྦྱིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་ལམ་གསང་བའི་བླ་རྡོ་འདི༔ དུས་གསུམ་སངས་རྒྱས་རྩ་གསུམ་ཐམས་ཅད་ཀྱི༔ བླ་རྡོ་ཡིན་ནོ་གསང་བའི་སྙིང་ཁྲག་འདི༔ ཕྱི་སྣོད་ནང་བཅུད་འཁོར་འདས་ཐམས་ཅད་ཀྱི༔ སྲོག་སྙིང་ཡིན་ནོ་དབང་སྡུད་གདམས་པ་ཡིན༔ གཅེས་པར་བཅང་ངོ་པདྨ་བདག་གི་སྙིང་༔ རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས༔ བདག་གིས་བསྒྲུབ་ཚེ་མངོན་སུམ་ཞལ་ནས་བརྒྱུད༔ གསང་བའི་ཐུགས་ཏིག་ཟབ་པའི་གདམས་པ་འདི༔ བཀའ་རྒྱས་ལན་གསུམ་བཏབ་ནས་བདག་ལ་གནང་༔ འཕགས་པའི་ཡུལ་དུའང་རླུང་ཕྱོགས་ཙམ་མ་བསྒྲགས༔ བོད་ཡུལ་ཐུགས་རྗེ་ཆེན་པོའི་འདུལ་སྐལ་ཕྱིར༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཇི་སྙེད་ཅིག༔ བོད་ཡུལ་མཐའ་དབུས་ཀུན་ལ་སྦས་ན་ཡང་༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་༔ གསང་བའི་བླ་རྡོ་འདི་མིན་གཞན་ན་མེད༔ ཅི་ཕྱིར་ཟབ་ལམ་གསང་བའི་ཆོས་སྐོར་འདི༔ བླ་སྒྲུབ་ཡི་དམ་སྒྲུབ་པ་ཚེ་སྒྲུབ་དང་༔ མཁའ་འགྲོའི་སྲོག་རྩོལ་བུམ་སྒྲུབ་རིལ་བུ་སོགས༔ གསང་སྔགས་ཕྱི་ནང་ལྟ་སྒོམ་སྤྱོད་གསུམ་ཚང་༔ མ་ཚང་མེད་དོ་འགྲོ་དོན་ལས་མཐར་བཅས༔ ཡིད་བཞིན་ནོར་ལྟར་གཅེས་པའི་ཆོས་སྐོར་འདི༔ སྐལ་ལྡན་བུད་མེད་ཁྱེད་ལྔ་གྲོལ་ཕྱིར་གདམས༔ ད་ལྟ་ཆོས་འདིའི་དངོས་གྲུབ་ཁྱེད་ལྔས་ཐོབ༔ སྨོན་ལམ་སྟོབས་ཀྱིས་མ་འོངས་ཆོས་འདི་མཇལ༔ དེ་དུས་བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་ཅིང་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །སྣང་བ་མཐའ་ཡས་ཀྱི་སྐུ་གཅིག་འབྲི་ཞིང་དེའི་ལྟོ་བ་ན་བཀོད་པ་ཡང་གསང་གི་ཡིག་ཆུང་མཚལ་གྱིས་འབྲི་གསུངས་སོ༔ མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་ལས་ཚོགས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ལས་ཚོགས་བཞུགས༔ དབང་ཆེན་ཧེ་རུཿཀ་ལ་འདུད༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡི༔ ལས་ཚོགས་འགྲོ་ལ་ཕན་དོན་དུ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ ཡི་གེར་བྲིས་ནས་གཏེར་དུ་སྦ༔ མ་འོངས་འགྲོ་བའི་དོན་འབྱུང་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྟ་ཕྱུགས་དུག་ནད་སེལ་བའི་སྔགས༔ ཨཱོཾ་ལ་རི་ཁཾ་སྭཱ་ཧཱ༔ ཆུ་ལ་སྔགས་ནས་སྣ་བུག་བཏབ༔ རྟ་ཕྱུགས་དུད་འགྲོའི་དུག་ནད་སེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྟ་བོང་སྒྲེ་ནད་སེལ་བའི་སྔགས༔ ཏདྱཐཱ༔ རྟ་བོང་རུ་པན་ཏྲོང་སྭཱ་ཧཱ༔ སྲན་ཕྱེར་བཏབ་ནས་དུད་པས་བདུག༔ རྟ་བོང་སྒྲེ་ནད་སེལ་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བ་སྐམ་གྲུས་པར་བྱེད་པའི་ཐབས་ཨཱོཾ་བུང་བུང་ལིང་ལིང་སེང་སེང་སྭཱ་ཧཱ༔ ཚ་དང་ཁོ་ཤོག་འབྲུ་ལ་སྔགས༔ དུད་འགྲོར་བྱིན་ན་གྲུས་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱུགས་ཀྱི་གོར་ནད་སེལ་བའི་ཐབས༔ ཨཱོཾ་བཛྲ་བཛྲ་ས་མ་ཡ་ཧཱུྃ༔ ཕཊ་ཧ་རུ་ཧ་རུ་ཧཱུྃ་ཕཊ༔ གོར་ལ་གྷ་རུ་རུ་ཧཱུྃ་ཕཊ༔ སྡིག་པའི་ཤ་དང་སྐྱེར་འབྲུ་ལ༔ སྔགས་ནས་དུད་པས་བདུག་པ་དང་༔ རྒལ་པར་བྱུག་ན་སེལ་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མིག་ཏུ་གྲ་མ་སོང་བའི་སྔགས༔ ཕི་སི་ཕི་སི་ཡ་ཌ་ཡ་ཌ་སྭཱ་ཧཱ༔ སྦྲང་རྩིར་སྔགས་ནས་མིག་ཟུར་བྱུག༔ མིག་ནད་གྲ་མའི་འཇིགས་པ་སྐྱོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུད་འགྲོ་རྣངས་ན་སེལ་བའི་ཐབས༔ ཨཱོཾ་ཁྲིམ་ཤིག༔ ཆོམས་ཤིག་ཡར་ཉེ་ཡར་ཕྱོར༔ ལག་པ་སྔགས་ནས་སྐེ་ལ་བྱུག༔ སྔགས་ཆུ་ནང་དུ་བླུད་པས་སེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦྱར་དུག་བསྲུང་བའི་མན་ངག་ནི༔ ཨཱོཾ་ཏིག་ལབ་ཧྲཱིཿསྭཱ་ཧཱ༔ ལག་གཡས་སོར་མོ་ལྔ་ལ་ལན་ལྔ་རེ༔ སྲིན་ལག་གཉིས་ལ་ཚར་ནི་བདུན་རེ་བཏབ༔ ཁ་རུ་འཇིབས་པས་དུག་རིགས་ཐམས་ཅད་ཐུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦྲང་རྒོད་ཀྱིས་མྱོས་སེལ་བའི་ཐབས༔ རིར་རིར་ཨེ་ར་ཨེ་ར་བྷིས་ས་ར་བྷིས་ས་ར་སྭཱ་ཧཱ༔ གཡེར་མའི་ཆུར་སྔགས་འཐུང་བས་སེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤ་ཡི་དུག་རྣམས་སེལ་བའི་སྔགས༔ ཨཱོཾ་ཐོ་རུ་སོད་སོད༔ ནག་པོ་སོད་སོད༔ ནག་པོ་ཐུན་གྱིས་སོད༔ ཤ་ལ་ཁྲམ་རིས་བྲིས་ནས་ཀྱང་༔ བརྒྱ་རྩ་སྔགས་ནས་ཟོས་པས་ཐུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བྲང་ཚ་སེལ་བའི་མན་ངག་ནི༔ ཤིང་སྲང་པ་ར་ལ་ཏི་སྭཱ་ཧཱ༔ ལན་ཚྭཱའི་ཆུ་ལ་བརྒྱ་རྩ་སྔགས༔ འཐུང་བས་གསོས་འགྱུར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐེ་ནད་སེལ་བའི་མན་ངག་ནི༔ ན་མོ་འགྱུག་འཐག་ཏེ་འབུག་སྭཱ་ཧཱ༔ མར་རྙིང་ལ་བཏབ་གར་ནར་བྱུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཡི་སྲིན་ནད་ཞི་བའི་ཐབས༔ ཨཱོཾ་ལབ་ཏྲི་ལབ་ཏྲི་སྲིན་སོད་སྲིན་སོད་སོད༔ ཚྭ་ཆུར་སྔགས་འཐུངས་སྲིན་ནད་ཞི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འཕོངས་ཀྱི་སྲིན་འབུ་སེལ་བའི་ཐབས༔ ཨཱོཾ་སྲིན་འབུ་ཙག་ཤུ་ཙ་ལ་ནན་སྭཱ་ཧཱ༔ བལ་ནི་མར་རྙིང་དག་ཏུ་འཕུར༔ འཕོངས་ལ་བརྫངས་པས་སེལ་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མིག་ཏུ་ཐོར་པ་བྱུང་བའི་སྔགས༔ ཨཱོཾ་སྲིན་ཞི་སྲིན་སོད༔ སྲིན་ཤི་བ་བོ་སོད༔ མང་དུ་བཟླ་ཞིང་མིག་ལ་གདབ༔ སྲིན་ཐོར་སྲིན་གྱི་གནོད་པ་སེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞིང་གི་འབུ་སྲིན་བསྲུང་བའི་ཐབས༔ སྲིན་གྱི་འགལ་སོད༔ སྲིན་ཐོར་པོ་སོད༔ སྲིན་འབུ་ར་ཙ་སོད༔ སྲིན་རྒལ་སོད༔ རྟ་རུ་དྲང་པ་སོད༔ བྱེ་མར་སྔགས་ནས་ཞིང་ལ་གཏོར༔ ཞིང་གི་འབུ་སྲིན་འཆི་བར་འགྱུར༔ སྐྱེར་པའི་ཁུ་བར་བྱེ་མ་བཙོས༔ སྔགས་བཏབ་གཏོར་ན་ངེས་པར་ཐུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞིང་གི་བཙའ་ནད་བསྲུང་བའི་ཐབས༔ མེ་ཞུ་ཆུ་སོ་བུ་ཤེལ་ག་ལི་ནན༔ སུ་མ་ཁ་བྷི་རི་ཤ་སོད༔ གཡའ་རྡོ་བྱེ་མར་སྔགས་ནས་ཀྱང་༔ ཞིང་ལ་གཏོར་བས་སེལ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐབས་ཀྱི་དཔའ་བོ་འགུག་པའི་ཐབས༔ དཀར་གསུམ་མངར་གསུམ་སིནྡྷུ་ར༔ སྨྱུག་དོང་བླུགས་ཏེ་སྔགས་འདི་བཏབ༔ བྷ་ཤུ་རུམ་ཁུག༔ རུམ་ཆུ་ཧྲིང་ཁུག༔ ཆེ་གེ་འདི་ཞེས་བྱ་བ་ཁུག་རི་ལི་ལི་ཛ༔ ལུས་ངག་ཡིད་གསུམ་པ་ཤང་ཀུ་རུ་ཧྲིང་ཛ༔ ཁྲི་བཟླས་རྫས་སྔགས་དགུག་བྱར་སྦྱིན༔ དབང་དུ་འགྱུར་བར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཚན་ལྡན་རིག་མ་འགུགས་འདོད་ན༔ དམིགས་བྱའི་ཆུ་ཤུལ་རྗེས་ས་ལ༔ མོ་ཡི་གཟུགས་བཟོས་མིང་བྲིས་ཏེ༔ སྙིང་གར་གཞུག་ལ་སྔགས་འདི་བཟླ༔ ནྲི་ཛཿཛཿཨཾ་གུ་ཤ་ཡ་ཆེ་གེ་ཁུག་ཏི་ཁུག་ཏི་དབང་པོ་གཡོས༔ པ་ཤཾ་མ་མ་ཁུག་ཁུག༔ ཁྲི་བཟླས་ཁྱི་བཞིན་རྗེས་སུ་འབྲེང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕ་རོལ་ཟས་གཡང་འགུགས་འདོད་ན༔ རིགས་བདག་ཨ་མི་དྷེ་ཝར་བསྒོམ༔ ལོངས་སྤྱོད་ཅན་དང་གཡང་ཅན་གྱི༔ ཟས་སྣ་ཅི་མང་ཟངས་གར་བསྒྲུབ༔ དགོང་མོ་ཉི་མ་མ་ནུབ་གོང་༔ གཡས་ཀྱི་ཕྱག་མཚན་ལྕགས་ཀྱུ་ཡིས༔ རང་དབང་མེད་པར་བཀུག་ནས་ཀྱང་༔ མཁོ་དགུའི་ལོངས་སྤྱོད་ཕུང་པོར་བསམས༔ ཨཱོཾ་ཨ་མི་དྷེ་ཝ་ར་ག་ག་རག་ཏི་ན་ན་ཁ་དྷེ་པུཥྟིང་ཀུ་རུ་ཧཱུྃ་ཧཱུྃ༔ ཁྲི་ཚོ་བཟླས་ཏེ་ཟས་སྣར་བཏབ༔ ཟངས་ག་སྒྲུབ་གཏོར་ནང་དུ་སྦ༔ ཟས་ཀྱི་ལོངས་སྤྱོད་མཁོ་དགུ་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུད་འགྲོའི་ཕྱུགས་གཡང་འགུགས་འདོད་ན༔ གང་འདོད་ཤ་སྤུ་ཚིལ་གསུམ་བསགས༔ ཟ་འོག་ཁུག་མའི་ནང་དུ་བཅང་༔ རིགས་བདག་ལྷ་ཡི་བསྐྱེད་རིམ་གྱིས༔ འོད་ཟེར་སྤྲོ་བསྡུ་ཡང་ཡང་སྒྱུར༔ དམིགས་བྱའི་སྙིང་ནས་ལྕགས་ཀྱུས་དྲངས༔ རང་དབང་མེད་པར་བཀུག་པར་བསམས༔ སྙིང་པོ་ཁྲི་བཟླས་རྫས་ལ་གདབ༔ ཨཱོཾ་ཨ་མི་དྷེ་ཝ་ར་ག་ག་རག་ཏི་ཏྲི་སརྦ་དུང་དུང་འདུ་འདུ་ཁུག་ཅིག་ཛཿཛ༔ རྫས་དེ་ནོར་ལྷའི་གཏོར་མའམ༔ མཛོད་ཀྱི་ཕུགས་སུ་སྦ་ཞིང་བཅང་༔ རྟ་ཕྱུགས་དུད་འགྲོའི་ལོངས་སྤྱོད་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞྭ་གོས་དར་ཟབ་གསེར་དངུལ་སོགས༔ དབང་དུ་འདོད་ན་འདི་ལྟར་བྱ༔ གང་འདོད་རྫས་བསྒྲུབ་བུམ་པར་བྱ༔ དར་དམར་ཁར་བཀབ་མདུན་དུ་བཞག༔ ཨ་མི་དྷེ་ཝའི་ཏིང་འཛིན་གྱིས༔ ཁམས་གསུམ་སྐྱེ་འགྲོའི་ལོངས་སྤྱོད་རྫས༔ རྫས་དང་གཉིས་མེད་འགུགས་བསྟིམ་དམིགས༔ རྩེ་གཅིག་སྔགས་འདི་ཁྲི་འབུམ་བཟླ༔ ཨཱོཾ་ཨ་མི་དྷེ་ཝ་ར་ག་ག་རཀྟི་སརྦ་སིདྡྷི་ཝ་ཤང་ཀུ་རུ་སྡུས་སྡུས་དབང་དུ་གྱུར་ཅིག་སྭཱ་ཧཱ༔ རྫས་ལ་གདབ་ཅིང་ཕུགས་སུ་སྦ༔ མཆོག་གི་དངོས་གྲུབ་བརྒྱ་རྩ་འཐོབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་ལམ་གསང་སྒྲུབ་ཀྱི༔ ཆོས་ཀྱི་ཆ་ལག་ཚང་བའི་ཕྱིར༔ ལས་ཚོགས་བྲིས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་བཞུགས༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡིས༔ གཤིན་པོ་རྗེས་སུ་འཛིན་པའི་ཐབས༔ རིགས་དྲུག་གནས་བསྒྲལ་ཆོ་ག་ཞིག༔ ཤོག་སེར་ལོགས་ལ་ཟིན་བྲིས་འདེབས༔ མ་འོངས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་སྒོ་ནས་གཤིན་པོ་གནས་དྲུག་བསྒྲལ་བའི་ཆོ་ག་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི༔ འཕྲིན་ལས་གཞུང་བསྲང་༔ བསྙེན་པ་བརྒྱ་སྟོང་གིས་ཁ་གསོ༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་ལམ་གྱིས་བསྒོམ་པའི་མདུན་དུ་དམིགས་བྱའི་གཟུགས་བརྙན་ཤོག་བུ་གྲོ་ག་དར་སོགས་ལ་སྐྱེ་མཆེད་དོད་པར་བྲིས་པ་དེ༔ སྐད་ཅིག་གིས་གཤིན་པོ་དངོས་སུ་བསམས་ཤིང་༔ སྙིང་གའི་ཡི་གེ་ནྲི་སེམས་ཀྱི་རྟེན༔ མིང་བྲིས་པ་ངག་གི་རྟེན༔ མེ་ལོང་དང་སྙིང་ནོར་བཞག་པ་སེམས་ཀྱི་རྟེན༔ འདོད་ཡོན་གྱི་དར་ཟབ་གོས་ཕྲུག་བཟའ་བཏུང་རྣམས་བཀྲམ་པ་སྒོ་གསུམ་དབྱེར་མེད་ཀྱི་རྟེན་དུ་བསམས་ལ༔ ལྕགས་ཀྱུའི་ཕྱག་རྒྱ་བྱ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་བདེན་སྟོབས་བརྗོད་པས༔ ཚེ་འདས་སྲིད་པ་གསུམ་ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་བཀུག་སྟེ༔ མདུན་གྱི་གཟུགས་ལ་གཉིས་སུ་མེད་པར་བསམས་ཤིང་༔ ཛཿཧཱུྃ་བཾ་ཧོ༔ སྔགས་ཀྱིས་བསྟིམ༔ ངག་ནས་ཀྱང་འདི་ལྟར་བརྗོད་དོ༔ ཧཱུྃ༔ ང་ནི་བྱམས་མགོན་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་ཐུགས་ཀ་ནས༔ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོས༔ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔ༔ རིགས་དྲུག་འཁོར་བ་གར་གནས་ཀྱང་༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ཞེས་བརྗོད་བསྐྱེད་རིམ་གསལ་ཞིང་༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་རང་ཤར་བའི༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ བྱང་ཆུབ་མཆོག་གི་ལྷ་ཆེན་པོ༔ ཉོན་མོངས་བདུད་སྡེ་འདུལ་བའི་སྐུ༔ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིས༔ ཐར་བའི་ལམ་ལ་འཚེ་བྱེད་བདུད༔ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགས༔ ཞེས་བརྗོད་ཧྱ་གྷྲཱི་ཝའི་སྔགས་དང་སུམ་བྷ་ནིས་བསྐྲད༔ གུ་གུལ་བདུག༔ ཡུངས་ཀར་གྱིས་བྲབ་བོ༔ དེ་ནས་བསྐྱེད་རིམ་གསལ་ལ་སྙིང་རྗེ་དྲག་པོ་བསྐྱེད་ཅིང་༔ ཚེ་འདས་ལ་ངོ་སྤྲོད་གདབ་པ་ནི༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ གདོད་ནས་དག་པའི་རང་སེམས་འདི༔ ཐུགས་རྗེ་ཆེན་པོར་མ་རྟོགས་ཤིང་༔ རིགས་དྲུག་འཁོར་བ་འདིར་འཁྱམས་ཏེ༔ ལས་དྲུག་སྡུག་བསྔལ་དུཿཁ་རྒྱུད༔ དལ་འབྱོར་མི་ཡི་ལུས་རྙེད་ཀྱང་༔ མི་ཚེ་སྟོང་ཟད་དགེ་མ་བསྒྲུབས༔ འཆི་བ་འོང་སྙམ་མེད་ན་ཡང་༔ གཤིན་རྗེའི་ཞགས་པས་དེ་རིང་ཟིན༔ བསགས་པ་ཐམས་ཅད་ཤུལ་དུ་བཞག༔ རྣམ་སྨིན་ཐམས་ཅད་རང་དང་འགྲོག༔ གཉེན་བཤེས་ནོར་རྫས་ཀུན་དང་བྲལ༔ གཅིག་པུར་དངས་སྐྲག་བར་དོར་འཁྱམ༔ རྒྱུ་དྲུག་འཁྲུལ་སྣང་རླུང་གིས་སྤྱོད༔ ཀྱེ་མ་འདུས་བྱས་མི་རྟག་ཆོས༔ འཁོར་བ་གང་དུའང་བདེ་མེད་པས༔ མ་ཆགས་ཐུགས་རྗེ་ཆེན་པོ་སྒོམས༔ མ་འཁྲུལ་བླ་མའི་གདམས་པ་ཉོན༔ མ་ཡེངས་ལུས་ངག་རྣལ་དུ་ཕོབ༔ དྲི་གོས་མཚན་བྱང་གཟུགས་ཀྱི་རྟེན༔ མིང་ཡིག་བྱང་བུ་ངག་གི་རྟེན༔ མེ་ལོང་གསལ་བ་ཡིད་ཀྱི་རྟེན༔ མཁོ་དགུའི་ལོངས་སྤྱོད་བཅལ་དུ་བཀྲམ༔ བཟའ་བཏུང་འདོད་ཡོན་མཚོ་ལྟར་སྐྱིལ༔ ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས༔ བླ་རྟེན་འདི་ལ་གནས་ཆོས་ཤིག༔ ཅེས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བྱང་བུ་དམྱལ་བའི་ས་བོན་ཚོམ་བུའི་དབུས་སུ་བཞག་ཅིང་༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་དམྱལ་བའི་ཡུལ༔ ས་འདི་བཙོ་སྲེག་ན་རཀ་གྲོང་༔ གླིང་འདི་ཚ་གྲང་དམྱལ་བའི་གླིང་༔ ཞེ་སྡང་ལས་ཀྱི་རྒྱུ་ལས་བྱུང་༔ ཞེ་སྡང་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཆོས་ཀྱི་རྒྱལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ དམྱལ་བའི་སྟོན་པ་དམྱལ་བའི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ སྨུག་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ ཚ་གྲང་སྡུག་བསྔལ་ཀུན་ལས་སྒྲོལ༔ དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་ཨ༔ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དུ་སརྦ་ན་ར་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ཞེ་སྡང་ལས་འདི་མ་རིག་དུག༔ ཞེ་སྡང་དུག་གི་ཕ་ཡང་ས༔ ཞེ་སྡང་དུག་གི་མ་ཡང་ས༔ ཞེ་སྡང་དུག་འདི་ས་ལ་ཐིམས༔ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཞེ་སྡང་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བཟོད་པའི་ཆུ༔ ཁོང་ཁྲོའི་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ བཟོད་པའི་ཆུ་ཡིས་ལེགས་བཀྲུས་པས༔ ཁོང་ཁྲོའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཞེ་སྡང་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ མིང་བྱང་ཡི་དྭགས་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་ཡི་དྭགས་ཡུལ༔ ས་འདི་པྲེ་ཏ་ཡི་དྭགས་གྲོང་༔ གླིང་འདི་བཀྲེས་སྐོམ་ཡི་དྭགས་གླིང་༔ འདོད་ཆགས་ལས་ཀྱི་རྒྱུ་ལས་བྱུང་༔ འདོད་ཆགས་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ཡི་དྭགས་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་སྐུར་ཏེ༔ ཧཱུྃ༔ ཡི་དྭགས་སྟོན་པ་ཡི་དྭགས་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ དམར་སྐྱ་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བཀྲེས་སྐོམ་སྡུག་བསྔལ་ཀུན་ལས་སྒྲོལ༔ ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག༔ སརྦ་པྲེ་ཏ་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ འདོད་ཆགས་ལས་འདི་མ་རིག་དུག༔ འདོད་ཆགས་དུག་གི་ཕ་ཡང་ས༔ འདོད་ཆགས་དུག་གི་མ་ཡང་ས༔ འདོད་ཆགས་དུག་འདི་ས་ལ་ཐིམ༔ འདོད་ཆགས་རྡོ་རྗེས་འདོད་ཆགས་འཇོམས༔ འདོད་ཆགས་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་སྦྱིན་པའི་ཆུ༔ སེར་སྣའི་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་པས༔ སེར་སྣའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་ཤུདྡྷེ་ཤུདྡྷེ་ཡ་སྭཱ་ཧཱ༔ ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ འདོད་ཆགས་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་གྷྲི་ཧ་ན་བྷ་ལིངྟ་སྭཱ་ཧཱ༔ མིང་བྱང་དུད་འགྲོའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་དུད་འགྲོའི་ཡུལ༔ ས་འདི་ཏིརྱ་དུད་འགྲོའི་གྲོང་༔ གླིང་འདི་གཏི་མུག་དུད་འགྲོའི་གླིང་༔ གཏི་མུག་ལས་ཀྱི་རྒྱུ་ལས་བྱུང་༔ གཏི་མུག་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་དུད་འགྲོའི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་སྟེ༔ ཧཱུྃ༔ དུད་འགྲོའི་སྟོན་པ་དུད་འགྲོའི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ མཐིང་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ གླེན་ལྐུག་སྡུག་བསྔལ་ཀུན་ལས་སྒྲོལ༔ དུད་འགྲོའི་སྐྱེ་སྒོ་ཆོད་པར་ཤོག༔ སརྦ་ཏིརྱ་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ གཏི་མུག་ལས་འདི་མ་རིག་དུག༔ གཏི་མུག་དུག་གི་ཕ་ཡང་ས༔ གཏི་མུག་དུག་གི་མ་ཡང་ས༔ གཏི་མུག་དུག་འདི་ས་ལ་ཐིམ༔ གཏི་མུག་རྡོ་རྗེས་གཏི་མུག་འཇོམས༔ གཏི་མུག་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏིརྱ་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་ཤེས་རབ་ཆུ༔ གཏི་མུག་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ ཤེས་རབ་ཆུ་ཡིས་ལེགས་བཀྲུས་པས༔ གཏི་མུག་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏིརྱ་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ གཏི་མུག་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་མཇུག་ཏུ༔ སརྦ་ཏིརྱ་ཀ་གྷྲི་ཧ་ན་བྷ་ལིངྟ་སྭཱ་ཧཱ༔ མིང་བྱང་ལྷ་མིན་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་ལྷ་མིན་ཡུལ༔ ས་འདི་གདུག་རྩུབ་ལྷ་མིན་གྲོང་༔ གླིང་འདི་འཐབ་རྩོད་ལྷ་མིན་གླིང་༔ ཕྲག་དོག་ལས་ཀྱི་རྒྱུ་ལས་བྱུང་༔ ཕྲག་དོག་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ལྷ་མིན་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ ལྷ་མིན་སྟོན་པ་ལྷ་མིན་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ ལྗང་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ འཐབ་རྩོད་སྡུག་བསྔལ་ཀུན་ལས་སྒྲོལ༔ ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག༔ སུ་སརྦ་དུ་ལ་སརྦ་ཀརྨ་ཡེ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ཕྲག་དོག་ལས་འདི་མ་རིག་དུག༔ ཕྲག་དོག་དུག་གི་ཕ་ཡང་ས༔ ཕྲག་དོག་དུག་གི་མ་ཡང་ས༔ ཕྲག་དོག་དུག་འདི་ས་ལ་ཐིམ༔ ཕྲག་དོག་རྡོ་རྗེས་ཕྲག་དོག་འཇོམས༔ ཕྲག་དོག་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་ཚུལ་ཁྲིམས་ཆུ༔ ཕྲག་དོག་དྲི་མ་སྦྱོང་བའི་ཕྱིར༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས༔ འཆལ་བའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཕྲག་དོག་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་གྷྲི་ཧ་ན་བྷ་ལིང་ཏེ་སྭཱ་ཧཱ༔ མིང་བྱང་ལྷའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་ལྷ་ཡི་ཡུལ༔ ས་འདི་འདོད་ཁམས་འཁོར་བའི་གྲོང་༔ གླིང་འདི་འཆི་འཕོ་ལྟུང་བའི་གླིང་༔ ང་རྒྱལ་ལས་ཀྱི་རྒྱུ་ལས་བྱུང་༔ ང་རྒྱལ་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ལྷ་ཡི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ ལྷ་ཡི་སྟོན་པ་ལྷ་ཡི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ དཀར་སྐྱ་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ ཕམ་ལྟུང་སྡུག་བསྔལ་ཀུན་ལས་སྒྲོལ༔ ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཡེ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ང་རྒྱལ་ལས་འདི་མ་རིག་དུག༔ ང་རྒྱལ་དུག་གི་ཕ་ཡང་ས༔ ང་རྒྱལ་དུག་གི་མ་ཡང་ས༔ ང་རྒྱལ་དུག་འདི་ས་ལ་ཐིམ༔ ང་རྒྱལ་རྡོ་རྗེས་ང་རྒྱལ་འཇོམས༔ ང་རྒྱལ་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བསམ་གཏན་ཆུ༔ ང་རྒྱལ་དྲི་མ་སྦྱང་བའི་ཕྱིར༔ བསམ་གཏན་ཆུ་ཡིས་ལེགས་བཀྲུས་པས༔ རྣམ་གཡེང་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ང་རྒྱལ་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་གྷྲི་ཧ་ན་བྷ་ལིང་ཏེ་སྭཱ་ཧཱ༔ མིང་བྱང་མིའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་མི་ཡི་ཡུལ༔ ས་འདི་བྲེལ་ཕོངས་མི་ཡི་གྲོང་༔ གླིང་འདི་ལྷོ་ཕྱོགས་འཛམ་བུའི་གླིང་༔ དུག་ལྔ་འདུས་པའི་རྒྱུ་ལས་བྱུང་༔ དུག་ལྔའི་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་མི་ཡི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ མི་ཡི་སྟོན་པ་མི་ཡི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ གསེར་མདོག་ལྷུང་བཟེད་མཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བྲེལ་ཕོངས་སྡུག་བསྔལ་ཀུན་ལས་སྒྲོལ༔ མི་ཡི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཨ་ཝ་ར་ཎ་ཡེ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ དུག་ལྔའི་ལས་འདི་མ་རིག་དུག༔ དུག་ལྔའི་དུག་གི་ཕ་ཡང་ས༔ དུག་ལྔའི་དུག་གི་མ་ཡང་ས༔ དུག་ལྔའི་དུག་འདི་ས་ལ་ཐིམ༔ ཆོས་དབྱིངས་རྡོ་རྗེས་དུག་ལྔ་འཇོམས༔ དུག་ལྔའི་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བརྩོན་འགྲུས་ཆུ༔ དུག་ལྔའི་སྡིག་སྒྲིབ་སྦྱང་བའི་ཕྱིར༔ བརྩོན་འགྲུས་ཆུ་ཡིས་ལེགས་བཀྲུས་པས༔ དུག་ལྔའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ དུག་ལྔའི་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ དེ་ནས་ཉེ་དུའམ་ཚེ་འདས་ཀྱིས་རྗེས་ཟློས་བྱེད་པར་དམིགས་ལ༔ དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ཤར་སྒོ་ནས༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ཀྱང་བསྐྱེད་པར་བགྱིད༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཅི་མཆིས་འགྲོ་ལ་བསྔོ༔ ཀུན་ཀྱང་རྡོ་རྗེ་འཛིན་ཐོབ་ཤོག༔ ཧཱུྃ༔ བླ་མ་མགོན་པོ་འགྲོ་བའི་སྐྱབས༔ སྔོན་ཚེ་རྒྱལ་བའི་སྲས་རྣམས་ལ༔ མགོན་པོ་རྣམས་ཀྱིས་དབང་བསྐུར་ལྟར༔ དེང་འདིར་བདག་ལ་སྩལ་དུ་གསོལ༔ ཧོ༔ ཁྱོད་ཀྱི་འདྲེན་པ་ང་ཡིན་པས༔ ཚུར་ཤོག་དཀྱིལ་འཁོར་འདིར་ཞུགས་ཤིག༔ རིགས་བདག་ལྷ་ལ་མེ་ཏོག་དོར༔ སྐྱོབ་པའི་ལྷ་ལ་འབབ་པར་ཤོག༔ པྲ་ཏི་གྷྲི་ཧ་ན་ཧོ༔ གསང་མཚན་སྦྱིན༔ ཧཱུྃ༔ ལྟོས་ཤིག་ཚེ་འདས་རིགས་ཀྱི་བུ༔ མ་རིག་སྒྲིབ་པ་ཐབས་ཀྱིས་བསལ༔ ཆོས་དབྱིངས་ཞིང་མཆོག་བདེ་བ་ཅན༔ མངོན་སུམ་དུས་གསུམ་རྟག་ཏུ་བཞུགས༔ ཐེ་ཚོམ་མེད་པར་དྭངས་བས་མཇོལ༔ སྭ་བྷཱ་ཝ་ཛྙཱ་ན་སིདྡྷི་སྟོམ༔ དབང་བསྐུར་བ་ནི༔ ཚེ་འདས་རིགས་ཀྱི་གཙོ་བོར་གྱུར༔ ཧཱུྃ༔ བུམ་པ་ཆོས་དབྱིངས་བདེ་བ་ཅན༔ ནང་ན་ཐུགས་རྗེ་ཆེན་པོ་བཞུགས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་འོད་དཔག་མེད་པའི་ངོ་བོ་སྙིང་པོའི་ཡི་གེ་ཐོགས་ཏེ༔ ཧཱུྃ༔ གསང་སྔགས་སྙིང་པོ་བླ་ན་མེད༔ འདོད་ཆགས་རྣམ་དག་སོར་རྟོགས་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་དབང་ནི༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་རིགས་ཀྱི་གཙོ༔ ཞེ་སྡང་རྣམ་དག་མེ་ལོང་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་འབྱུང་ངོ་བོ་རིན་ཆེན་ཟུར་བརྒྱད་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་རིགས་མཆོག་འདོད་འབྱུང་གནས༔ ང་རྒྱལ་རྣམ་དག་མཉམ་ཉིད་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྲུབ་ངོ་བོ་མར་མེ་ཐོགས་ལ༔ ཧཱུྃ༔ དོན་ཡོད་གྲུབ་པ་འཕྲིན་ལས་བདག༔ ཕྲག་དོག་རྣམ་དག་བྱ་གྲུབ་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་རྫས་བྱིན་གྱིས་བརླབས་པ་བཟའ་བཏུང་དུ་གཏད་དེ༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་འདི༔ ཞལ་ཟས་ཚོགས་ཀྱི་འཁོར་ལོ་སྟེ༔ རོ་མཆོག་བརྒྱ་ལྡན་ཏིང་འཛིན་ཟས༔ ལོངས་སྤྱོད་ནམ་མཁའ་མཛོད་གྱུར་ཏེ༔ ཁྱོད་ཀྱི་ཤེས་རྒྱུད་ཡོངས་ཚིམས་ནས༔ རོ་བརྒྱ་ལྡན་པའི་བཅུད་མྱོང་ཤོག༔ ནམཿསརྦ་ཏ་ཐཱ་སོགས་ཡོངས་སུ་འཕེལ་པའི་གཟུངས་བརྗོད་ཅིང་བསྔོ༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཡོན་དབུལ་ཏེ༔ ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་དང་༔ སྤྱན་རས་གཟིགས་དབང་དཀྱིལ་འཁོར་གཙོ༔ སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་༔ རྩ་གསུམ་ཐུགས་རྗེའི་དཀྱིལ་འཁོར་ལྷ༔ ཚེ་འདས་སྒོ་གསུམ་ཡོན་དུ་འབུལ༔ དུག་གསུམ་ཆོས་དབྱིངས་ཀློང་དུ་སྦྱོར༔ སྐུ་གསུམ་མངོན་གྱུར་དངོས་གྲུབ་སྩོལ༔ ལམ་སྟོན་པ་ནི༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ ཚོགས་ལམ་བླ་མེད་དཀྱིལ་འཁོར་དུ༔ སྦྱོར་ལམ་བུ་ཁྱོད་སྨིན་བྱས་པས༔ མཐོང་ལམ་རང་རིག་སྐྱེ་མེད་འདི༔ སྒོམ་ལམ་སྐུ་གསུམ་ཞིང་ཁམས་སུ༔ མཐར་ཕྱིན་ཡེ་ཤེས་མངོན་རྫོགས་ཤོག༔ ཅེས་བརྗོད་ཅིང་ཚེ་འདས་ཀྱི་སེམས་དང་༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ཐུགས་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་དུ་ལམ་གྱིས་འདྲེས་པས༔ ཐུགས་རྗེ་ཆེན་པོའི་ཐུགས་དང་གཉིས་སུ་མེད་པར་སངས་རྒྱས་པར་བསམས་ཤིང་༔ མ་བཅོས་པའི་ངང་ནས་ཨཱ་ཨཱ༔ ཅེས་བརྗོད་མཉམ་ཉིད་དུ་ཐུན་གཅིག་བསྲེའོ༔ དེ་ནས་གཟུགས་ཕུང་གི་ངོ་བོ་མིང་བྱང་ཞི་བའི་སྦྱིན་སྲེག་གྲུབ་ན་རབ༔ ཡང་ན་མར་མེ་དེ་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པར་བསམས་ཤིང་༔ རྣམ་སྨིན་སྡིག་སྒྲིབ་ཀྱི་ངོ་བོ་འབྱུང་འདུས་ཀྱི་ཕུང་པོ་དེ་ཡེ་ཤེས་ཀྱི་མེས་བསྲེགས་པས༔ མ་རིག་པས་རྒྱུ་བྱས་པའི་བག་ཆགས་ཐམས་ཅད་དྲུངས་ནས་ཕྱུང་པར་དམིགས་ཏེ༔ ཧཱུྃ༔ མ་རིག་རྒྱུ་ལས་བྱུང་བ་ཡི༔ དུག་ལྔ་འདུས་པའི་ཕུང་པོ་འདི༔ ཛྙཱ་ན་ཛྭ་ལ་རམ་གྱིས་བསྲེག༔ རྣམ་སྨིན་བག་ཆགས་ཀུན་བྱང་ནས༔ རང་བྱུང་རིག་པ་སངས་རྒྱས་ཤོག༔ ཅེས་བརྗོད༔ བླ་མ་ལ་འབུལ་བ༔ དགེ་འདུན་ལ་བསྙེན་བཀུར༔ སྔགས་པ་ལ་ཚོགས་འཁོར༔ སྐྱེ་བོ་ལ་གྲལ་སྟོན༔ ངན་ལོང་ལ་སྦྱིན་པ༔ བྱིས་པ་ལ་ཟན་འགྱེད་ལ་སོགས་པ་བརྩོན་པར་བྱའོ༔ བྱང་ཐལ་ལ་གཟུངས་སྔགས་ཕན་ཡོན་གང་ཆེ་བཏབ་ཅིང་ཆུ་བོ་ལ་སྐྱེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པའི་གཏེར་མའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་བྱང་ཆོག་གི་མཚམས་སྦྱོར།

བྱང་ཆོག་གི་མཚམས་སྦྱོར་བཞུགས་སོ། །ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ། སངས་རྒྱས་ཀྱི་དཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་འཁོར་དང་བཅས་པའི་བཀའི་བདེན་པ་དང་། བདེན་པ་ཆེན་པོའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་འདས་མ་འདི་རྣམས་སྲིད་པ་གསུམ་ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ཅིག་གིས་མདུན་གྱི་མིང་བྱང་འདི་ལ་གཉིས་སུ་མེད་པར་མཆིས་པར་གྱུར། ཛཿཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་བརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་བསྟིམ། བྱང་ཕྱག་ནི། དབང་བཞིའི་སྔོན་དུ་བདུད་རྩི་ལག་མཆོད་ཀྱི་མཚན་གྲངས་ལྟར་མཆོད། གཏོར་མ་ཆ་དྲུག་གི་གོང་མ་རང་གཞུང་ལྟར་བྱིན་གྱིས་བརླབ། འོག་མ་དྲུག་གི་སྐབས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་ཞེས་སྐབས་སུ། འདོད་ཡོན་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར། ཅེས་བརྗོད་ཅིང་གཏོར་མ་རེ་ལ། ན་མཿསརྦ་ཏ་ཐཱ་ག་ཏའི་སྔགས་གསུམ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་རང་གཞུང་ལྟར་བསྔོ་བར་བྱའོ། །བྱང་བུའི་ཟས་གཏད་དུ། ཨཱོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ནཾ་ཨ་དྱ་ནུཏྤན་ན་ཏོཏྟ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གསུམ་བརྗོད། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །བསྟོད་ཚིག་བརྗོད་པའི་སྒྲ་སྙན་ཡིད་འོང་ལྡན། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་བཟའ་བཅའ་བཏུང་བའི་རིགས། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཧཱུྃ། གཟུགས་མཆོག་རྣམས་དང་སྒྲ་ཡི་མཆོག་རྣམས་དང་། །དྲི་མཆོག་རྣམས་དང་རོ་ཡི་མཆོག་རྣམས་དང་། རེག་བྱ་མཆོག་གི་མཆོད་པ་འདི་བསྔོས་པས། །ཚེ་འདས་འདོད་ཡོན་ལྔ་ལ་སྤྱོད་པར་ཤོག །འཇིག་རྟེན་ཕ་རོལ་སོང་བའི་ཚེ་འདས་ལ། །ལས་དང་སྨོན་ལམ་དབང་གིས་འབྲེལ་བ་ཡི། །ཉེ་དུ་འབྲེལ་བ་ཤུལ་དུ་མཆིས་པ་ཡི། །ནམ་གཞག་གཏན་གྱི་ཟས་སྐོམ་འདི་བསྔོས་པས། །ཚེ་འདས་མི་ཟད་གཏེར་ལ་སྤྱོད་པར་ཤོག །འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་ཞིང་ཚེ་ལས་འདས་པ་དེ་དག་གི་མིག་གི་ཡུལ་དུ་གཟུགས་མཛེས་པར་གྱུར་ཅིག །རྣ་བའི་ཡུལ་དུ་སྒྲ་སྙན་པར་གྱུར་ཅིག །སྣ་ཡི་ཡུལ་དུ་དྲི་ཞིམ་པར་གྱུར་ཅིག །ལྕེ་ཡི་ཡུལ་དུ་རོ་མངར་བར་གྱུར་ཅིག །ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པར་གྱུར་ཅིག །ཡིད་ཀྱི་ཡུལ་དུ་ཕུན་སུམ་ཚོགས་པར་གྱུར་ཅིག །བཟའ་བ་རི་བོ་དང་མཉམ་པར་གྱུར་ཅིག །བཏུང་བ་རྒྱ་མཚོ་དང་མཉམ་པར་གྱུར་ཅིག །འདོད་ཡོན་ལྔ་ལ་མ་ཆགས་མ་ཞེན་པའི་སྒོ་ནས་དཀོན་མཆོག་གསུམ་མཆོད་པའི་སྐབས་དང་ལྡན་པར་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་བ་མེད། །རང་དབང་དུ་ནི་སྤྱོད་བར་ཤོག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཐོས་པས་རིག་པའི་གནས་རྣམས་ཀུན་ལ་བྱང་། །བསམ་པས་མདོ་རྒྱུད་དྲང་ངེས་དགོངས་པ་རྟོགས། །སྒོམ་པས་ཞི་ལྷག་ཟུང་འབྲེལ་བདེན་པ་མཐོང་། རིམ་གཉིས་ལམ་ལས་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་འདོད་ཡོན་བསྔོ་བའི་མཚམས་སྦྱོར་རིག་འཛིན་ཉི་མ་གྲགས་པས་སྦྱར་བའོ།། །། སརྦ་མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས།

ཟབ་ལམ་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་བཞུགས། བདེ་ཅན་ཞིང་དུ་མགོན་པོ་འོད་དཔག་མེད། །གྲུ་འཛིན་གནས་སུ་འཕགས་མཆོག་པད་དཀར་འཆང་། །པདྨ་འོད་ན་གུ་རུ་ཨོ་རྒྱན་རྗེ། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་བའི་མཆོག་སྦྱིན་སྐལ་ལྡན་གཟུངས་མ་ལྔ། །འཕགས་པའི་རྣམ་འཕྲུལ་ལོ་ཆེན་ཀླུ་ཡི་དབང་། །པདྨའི་རྒྱལ་ཚབ་གཏེར་ཆེན་ཡབ་སྲས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གདམས་པའི་མཛོད་འཛིན་བཛྲ་གརྦྷ་དང་། །རྩ་བརྒྱུད་བླ་མ་ཟབ་ལམ་ཐུགས་རྗེའི་བདག །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བསྙེན་སྒྲུབ་ལས་སྦྱོར་ཉམས་སུ་༄༅། །བླངས་པའི་མཐུས། །ཡུལ་སྣང་ཕུང་ཁམས་ཞིང་དང་ལྷ་སྐུར་ཤར། །རླུང་སྔགས་རྡོ་རྗེའི་གསུང་དང་དྲན་རྟོག་ཐུགས། །མངོན་གྱུར་མཆོག་ཐུན་དཔལ་ལ་སྤྱོད་པར་ཤོག །ཅེས་ཟབ་ལམ་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་ཉུང་ངུ་འདི་དགེ་སློང་སྐལ་བཟང་བྱང་ཆུབ་ཀྱིས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ། །བདུད་རྩི་ཁཱ་ཧི་ནི༔ ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་འོད་དཔག་མེད་མགོན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་སྤྱན་རས་གཟིགས་དབང་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྐལ་ལྡན་བུད་མེད་གྲོགས་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོ་ཆེན་ཀླུ་ཡི་དབང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་འགྲོ་འདུལ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཟབ་ལམ་གསང་འདུས་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིགས་བཞི་རྒྱལ་བ་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བསྐལ་བཟང་སངས་རྒྱས་སྟོང་རྩའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འགྲོ་འདུལ་སྤྲུལ་སྐུ་ཐུབ་དྲུག་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བཀའ་ཉན་སྒོ་མ་བཞི་ཡི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དམ་ཅན་བཀའ་གཏེར་སྲུང་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཞེས་མཆོད་པར་བྱའོ། །གཏོར་གཞོང་བྲོ་བརྡུང་ནི། ཧཱུྃ། རིགས་འདུས་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཆོས་ཀྱི་དབྱིངས་ནས་གང་འདུལ་སྐུར་བཞེངས་ཏེ། །དབང་ཆེན་རོལ་པའི་བརྟུལ་ཞུགས་བྲོ་བརྡུངས་པས། །སྒྲུབ་ལ་འཚེ་བྱེད་སྒབ་འདྲེ་རྡུལ་དུ་རློགས། །དམ་སྲི་སརྦ་སྟམ་བྷ་ཡ་ནན། ཞེས་པ་འདི་ཡང་པདྨའི་མིང་ཅན་གྱིས་བྲིས་པའོ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་དབང་གི་སྦྱིན་སྲེག་གི་ཆོ་ག་ཁམས་གསུམ་མྱུར་འགུགས།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་དབང་གི་སྦྱིན་སྲེག་གི་ཆོ་ག་ཁམས་གསུམ་མྱུར་འགུགས་བཞུགས། བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རིག་འཛིན་འདུས་པའི་ཐུགས་བཅུད་བདེ་མཆོག་དབང་གི་འཁོར་ལོའི་ཆ་ལག་ཟབ་ལམ་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་དབང་གི་སྦྱིན་སྲེག་གི་ཆོ་ག་བྱ་བར་འདོད་པས། དེ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ལ། འབྲིང་པོ་བཞིའི་ཉི་ཤུ་ལ་སོགས་དབང་གི་དུས་ཁྱད་པར་ཅན་ལ། གནས་དབེན་ཞིང་ཡིད་དུ་འོང་བའམ་དབང་གི་ལས་དང་རྗེས་སུ་མཐུན་པའི་གནས་ཉིད་དུ། སྒྲུབ་པའི་ཁོག་དབུབ་ཞིག་ནས་འབྱུང་བ་ལྟར་ས་ཆོག་ལེགས་པར་བྱས་པའི་ས་ལ་སྟེགས་བུ་རྒྱར་མདའ་གང་བ། དཔངས་སུ་ཁྲུ་གང་བ་བྱས་པའི་དབུས་སུ་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་དང་དཔངས་སུ་མཐོ་གང་། རྐན་གཉེར་རིམ་པ་གསུམ་དང་ལྡན་པའི་ཁ་ཁྱེར་ལ་པདྨ་འམ་ལྕགས་ཀྱུའི་ཕྲེང་བས་བསྐོར་བ་བརྩེགས། དེའི་ནང་དུ་ལྟེ་བ་ཟླུམ་པོའི་ཕྱི་རིམ་འདབ་བཞི་མུ་ཁྱུད་ཅན་ལ་ལྷ་རྣམས་ཀྱི་ས་བོན་ནམ་ཕྱག་མཚན་ལྷ་གནས་སུ་ཚོམ་བུ་ལྷ་མདོག་ཅན་འགོད་པ་གང་བདེར་བྱས་ལ། ཐབ་ཁུང་གི་ནང་དུ་ཙན་དན་ནམ་མཛོ་མོ་ཤིང་ངམ་ཨ་ཀ་རུ་སོགས་དབང་ལ་ཤིས་པའི་བུད་ཤིང་རྒྱ་ཚོས་སམ་དྲི་བཟང་བཏབ་པས་མདོག་བསྒྱུར་བ་ཟླ་གམ་དུ་བརྩེགས། གཡས་ལོགས་སུ་གོང་དུ་བཤད་བའི་ཤིང་ཟླ་གམ་གྱི་དབྱིབས་སུ་གཞོགས་ལ་རིང་ཐུང་སོར་བཅུ་གཉིས། སྦོམ་ཕྲ་སྲིན་ལག་གམ་གུང་མོ་ཙམ་བྱས་པ་ལ་བསྒྲུབ་བྱ་དམིགས་གསལ་ཡོད་ན་མིང་རུས་དང་མེད་ན་སྣང་སྲིད་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་པ་གྲངས་ལྡན་ལ་བུ་རམ་དང་ཏིལ་མར་གྱིས་བྱུགས་པ། མར་ཁུ། ཏིལ། ཡུངས་ཀར། ཟས་སྣ། དུརྦ། འབྲས། སོ་བ། ནས། གྲོ། ཀུ་ཤ །ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག །ཟངས། བྱི་རུ། བུར་སྦྲང་། ཧ་ལོ། ཨུག་ཆོས། གླང་སྣ་དམར་པོ། བཙོད། རྒྱ་སྐྱེགས། དར་ཟབ་དམར་པོའི་རིགས་སོགས་དབང་ལ་འོས་པའི་རྫས་གང་ཚོགས། མར་ལ་གོ་ཡུ་བཏབ་པའི་སོ་རྩི། གོས་ཟུང་རྣམས་དང་། གཡོན་དུ་ཉེར་སྤྱོད་སྨན་རཀ་གཏོར་མ་རྣམས་ཀྱང་དམར་པོའི་ཚོན་གྱིས་བསྒྱུར་བར་འོས་པ་རྣམས་བསྒྱུར་བ་དང་། མདུན་དུ་རྡོར་དྲིལ་དགང་གཟར་བླུགས། ཀུ་ཤ་ལས་བུམ་སོགས་ཉེ་བར་མཁོ་བ་ཐམས་ཅད་དང་། གཞན་ཡང་ཟབ་ལམ་ཐུགས་རྗེ་ཆེན་པོའི་མཆོད་གཏོར་ཚོགས་མཆོད་སོགས་ཀྱང་བཟང་ཞིང་གྱ་ནོམ་པ། སྣང་བ་གཡོ་བར་ནུས་པའི་བརྔམ་བརྗིད་དང་ལྡན་པའི་ས་རྒྱན་གནམ་རྒྱན་སོགས་བཀོད་པའི་རྟེན་འབྲེལ་རབ་ཏུ་ཕུན་སུམ་ཚོགས་པར་བཤམས་ལ། ལས་གཞུང་བསྲང་ཞིང་བསྙེན་པའི་སྐབས་སུ་ཝ་ཤཾ་ཀུ་རུའི་ཤམ་བུ་ཅན་གྱི་བཟླས་པ་དབང་སྡུད་ཀྱི་དམིགས་པ་དང་ལྡན་པའི་སྒོ་ནས་ལོང་སྐབས་དང་བསྟུན་ཏེ་བཟླ། ཚོགས་ལྷག་ཡན་སོང་ནས་ལས་བུམ་བསངས། སྟོང་པའི་ངང་ལས་བུམ་པ་ནི། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་ནང་ཉིད་དུ། །དབང་གི་ཁྲོ་བོ་རྟ་མཆོག་དཔལ། །དམར་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །རྟ་མགོས་མཚན་ཞིང་ཁྲོ་ཆས་རྫོགས། །སྐུ་ལས་སྤྲུལ་པའི་ཁྲོ་ཆུང་གིས། །གདོན་བགེགས་བཅོམ་ནས་བུམ་པའི་ཆུར། །ཐིམ་པས་བུམ་ཆུ་ནུས་ལྡན་གྱུར། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ གང་མང་བཟླས་རྗེས། ཁྲོ་བོ་ཞུ་ནས་བུམ་ཆུར་འདྲེས། །ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར༔ དེ་ནས་སྒྲུབ་པ་པོ་དམར་པོའི་ཆས་གོས་དང་རྒྱན་གྱིས་བརྒྱན་ཏེ་བརྗིད་ཅིང་སྒེག་པའི་ཆ་ལུགས་དང་ལྡན་པས་མེ་ཐབ་བསྐོར་ཏེ། རོལ་མོ་རྣམས་སྦིར་ཞིང་། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་སྐུ་ལས་སྤྲོས་པའི་མེ་དཔུང་དང་མཚོན་ཆའི་ཚོགས་ཀྱིས་གདོན་བགེགས་འབྱུང་པོ་ཐམས་ཅད་ཐལ་བར་བརླགས་ཤིང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་དང་དམར་ནག་མེ་དཔུང་འཁྱིལ་བའི་བསྲུང་བའི་འཁོར་ལོར་གྱུར་པར་བསམས་ལ། ཧཱུྃ། རིགས་འདུས་དབང་གི་ཕོ་བྲང་འདིར། །འབྱུང་བ་མེ་ཡི་མཆོད་སྤྲིན་གྱིས། །གསང་བ་མཆོག་ཏུ་བསྒྲུབ་པ་ལ། །ཉན་དང་བལྟ་བར་མི་དབང་བའི། །གདོན་བགེགས་འབྱུང་པོ་གཞན་དུ་སོང་། །བཀའ་དང་དམ་ལས་འདའ་བྱེད་ན། །ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས། །གཏུམ་པའི་ཁྲོ་བོས་བགེགས་དཔུང་འཇོམས། །འབར་བའི་མེ་ཡིས་གཟུགས་ཕུང་སྲེག །རྣོ་དབལ་མཚོན་ཆས་དུམ་བུར་གཏོང་། །ཡེ་ཤེས་རྡོ་རྗེས་མགོ་བོ་འགེམས། །དེ་བས་མ་འདུག་གཞན་དུ་སོང་། །ཨཱོཾ་སུམ་བྷཱ་ནི་སོགས་བརྗོད། ཧཱུྃ། སྟེང་ནི་མེ་ཡི་བླ་རེ་ལ། །འོག་ཀྱང་འབར་བའི་ཕྲེང་བས་དཀྲིགས། །ཕྱོགས་མཚམས་ཀུན་ཀྱང་མེ་རིའི་གུར། །བར་སྣང་མེ་ཡི་སྤྲིན་ཕུང་གཏིབས། །གཞན་དུ་མེ་ཡི་ཚ་ཚ་འཕྲོ། །མེ་སྒྲ་འུར་འུར་ཆེམ་ཆེམ་ལྡིར། །འབར་བ་མེ་ཡི་གུར་ཁང་ལ། སྲིད་ཞི་སུས་ཀྱང་མི་ཚུགས་པའི། །མཚམས་ཀྱི་དཀྱིལ་འཁོར་གཞོམ་དུ་མེད། །ཨཱོཾ་བཛྲ་རཀྵ་ཛྭ་ལ་རཾ་རཾ༔ ཞེས་བསྒོ་ཞིང་གྲལ་དུ་འཁོད་ལ། ལས་བུམ་གྱི་ཆུ་རྫས་རྣམས་ལ་འཐོར་ཞིང་། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ ཀྱིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་དང་སྲེག་རྫས་ཀྱི་དངོས་པོ་རྣམས་ཟག་མེད་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་མ་འདྲེས་པར་གསལ་བར་རྫོགས་པ། ཆགས་ལྡན་སྙིང་རྩ་འདར་ཞིང་རྒྱལ་བའི་བསམ་གཏན་གཡོ་བར་ནུས་པའི་རྒྱལ་སྲིད་རིན་ཆེན་བཀྲ་ཤིས་རྫས་རྟགས་འདོད་ཡོན་ཉེར་སྤྱོད་སོགས་མཆོད་པའི་སྤྲིན་གྱི་ཕུང་པོ་མ་ཚང་པའི་དངོས་པོ་མེད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་པར་བསམས་ལ། ཨཱོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཧྲིཿཐཱ༔ གསུམ་མམ་བདུན་གྱིས་བྱིན་གྱིས་བརླབ། དེ་ནས་རྗེའུ་རིགས་སམ། སྨད་འཚོང་མ་ལས་བླངས་པའི་མེ་སྤར་ལ་རླུང་གཡབ་ཀྱིས་གཡབ་ཅིང་། རཾ་སྤྱི་མཐུན་ལས་ཀྱི་བསོད་ནམས་དང་། །རྒྱལ་བའི་ཐུགས་བསྐྱེད་ལས་གྲུབ་པའི། །ལྗོན་ཤིང་ནགས་ཚལ་བསྲུང་བ་ཡི། །ཤིང་གི་ལྷ་མོས་ཤིང་ཐུས་ལ། །སྐྱེ་དགུ་ཀུན་གྱི་སྲོག་འཛིན་ཅིང་། །སྣང་བར་རབ་ཏུ་གསལ་བའི་སྒྲོན། །མེ་ཡི་ལྷ་མོ་སྲེག་བྱེད་མས། །མེ་ལྷའི་ཡུལ་ནས་མེ་སྤོར་ཅིག །འོག་གཞི་རྡོ་རྗེ་རྒྱ་གྲམ་གྱིས། །ཡང་ཞིང་གཡོ་བའི་བ་དན་འཛིན། །འབྱུང་བ་རླུང་ལ་མངའ་མཛད་མས། །རླུང་ལྷའི་ཡུལ་ནས་རླུང་གཡོབས་ཤིག །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་པའི་སྔགས་བདུན་དང་མར་ཁུ་དགང་བླུགས་བདུན་གྱིས་གསོ། དེ་ནས་ཐབས་ཀྱི་ཁ་ཁྱེར་ལ་ཀུ་ཤ་དགྲམ་ཞིང་། ཧཱུྃ། གཙང་ཞིང་དགེ་བ་ཀུ་ཤའི་རྩྭ། །རྒྱལ་བས་བྱང་ཆུབ་མཉེས་པའི་གདན། །དག་ཅིང་ཚངས་པའི་རྫས་མཆོག་འདིས། །བགེགས་རྣམས་ག །ཞིལ་ཞིང་ཤིས་པར་མཛོད། །ཨཱོཾ་བཛྲ་ས་ཏྭ་ཨཱ༔ ཞེས་བཀྲམ་མོ། །དེ་ནས་དངོས་གཞི་ལ་གཉིས་ཀྱི་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ལས་བུམ་གྱི་ཆུས་མེ་ཐབ་ལ་འཐོར་ཞིང་བསང་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་འབར་བའི་ཐབ་ཁུང་ཟླ་གམ་དམར་པོ་ཡངས་ཤིང་རྒྱ་ཆེ་བ་རྐན་གཉེར་རིམ་པ་གསུམ་དང་ལྡན་ཞིང་ཁ་ཁྱེར་ལ་ལྕགས་ཀྱུ་དམར་པོའི་ཕྲེང་བས་བསྐོར་བ་ཟླ་གམ་དབང་གི་གཞལ་ཡས་ཁང་གི་བཀོད་པ་ཐམས་ཅད་རྫོགས་པ། དེ་དག་གི་དབུས་སུ་པད་ཉིའི་གདན་ལ་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེ་ལྷ་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མེ་ཡི་འཁོར་ལོ་དང་གཡོན་པས་རླུང་གི་འཁོར་ལོ་བསྣམས་པ། ར་སྐྱེས་ཁམ་པ་འཇའ་འོད་གློག་གི་ཕྲེང་བའི་གོང་རྨེད་དང་སྲབ་འཐུར་ཅན་ལ་བཅིབས་པ། རིན་པོ་ཆེ་སྣ་ཚོགས་པ་དང་པདྨའི་ཕྲེང་བས་བརྒྱན་ཞིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། དེའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གི་ཁོང་གསེང་དུ་ཐུགས་སྲོག་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སྤྱན་འདྲེན་ནི། ཨཱོཾ་དད་པས་སྤྱན་འདྲེན་དྲང་སྲོང་ཆེ། །དམ་ཚིག་དབང་གིས་ད་ཚུར་སྤྱོན། །ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར། །དྲང་སྲོང་ཆེན་པོ་གཤེགས་སུ་གསོལ། །ཨཱོཾ་ཨགྣཱེ་ཡེ་ཛཿཧཱུྃ་བཾ་ཧོཿབཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ་ནི། ཧཱུྃ། དྲང་སྲོང་ཆེན་པོ་འཕྲིན་ལས་བདག །འདོད་པའི་དངོས་གྲུབ་སྤེལ་བའི་ལྷ། །དེང་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཏིཥྛ་ལྷན། །ཕྱག་འཚལ་བ་ནི། ཧཱུྃ། མེ་ཡི་ལྷ་སྟེ་དྲང་སྲོང་ཆེ། །ལས་བཞིའི་འཕྲིན་ལས་སྩོལ་བའི་ལྷ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །འབར་བ་ཁྱོད་ལ་ཕྱག་འཚལ་ལོ། །ཨཱོཾ་ཨགྣཱེ་ཡེ་ས་མ་ཡ་ཨ་ཏི་པུ་ཧོ༔ མཆོད་པ་ནི། ཧཱུྃ། སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ། །སྲེག་བྱེད་མེ་ཡི་ལྷ་ལ་འབུལ། །ཨཱོཾ་ཨགྣཱེ་ཡེ་སརྦ་པཱུ་ཙ་ཧོ༔ ཧཱུྃ། དྲོང་སྲོང་ཆེན་པོ་འཁོར་བཅས་ལ། །དངོས་གྲུབ་མྱུར་དུ་སྩོལ་བའི་ཕྱིར། །སྨན་གཏོར་རཀྟའི་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་ཨགྣཱེ་ཡེ་མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། ཚངས་པ་འཇིག་རྟེན་དབང་པོའི་སྲས། །འཕྲིན་ལས་མ་ལུས་ཀུན་གྱི་བདག །འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད། །བྱོན་སྐྱེམས་ནི། མེ་ལྷའི་ལྗགས་པདྨ་འདབ་མ་བརྒྱད་པའི་སྟེ་བར་རཾ་དང་དགང་བླུགས་ཀྱི་རྩེར་ཧྲཱིཿཡིག་གིས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་བསྲེགས་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་བླ་མེད་འདི། །དྲང་སྲོང་ཆེན་པོ་མེ་ཡི་ལྷ་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་གྲུབ་པར་མཛོད། །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་འབུལ། ཡམ་ཤིང་ལ། ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་དཀར་ལ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡཱ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲི་བ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ། འབར་བ་མེ་ཡི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་སྨན་རཀ་དང་། དམ་རྫས་གཏོར་མའི་མཆོད་པ་སོགས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝ་ར་སརྦ་པཱུ་ཙ་ཧོཿས་མཆོད། ཧཱུྃ། འབར་མ་མེ་ཡི་ཀློང་དཀྱིལ་ན། །གཟི་བརྗིད་འབར་ཞིང་འཕྲིན་ལས་མཛད། །རྩལ་ལྡན་ར་སྐྱེས་སྟེང་ན་བརྗིད། །འབར་བའི་དཔའ་བོ་ཁྱོད་ལ་བསྟོད། །ཀྱིས་བསྟོད། ཧཱུྃ། ཨག་ནི་རཱ་ཛ་མེ་ཡི་ལྷས། །རྫས་རྣམས་ལྷག་པའི་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །སྣང་བ་དབང་དུ་བསྡུ་བར་མཛོད། །ཅེས་འཕྲིན་ལས་བཅོལ། བཛྲ་མུཿས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་མཆོད་བསྟོད་འཕྲིན་ལས་ཀྱི་དཔང་པོ་མཛད་པར་གྱུར། །གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། དམ་ཚིགས་མེ་ལྷའི་ལྟོ་བ་ཟབ་ཅིང་ཡངས། །རབ་འབྱམས་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་། །རྣམ་དག་རྒྱལ་བའི་ཞིང་མཆོག་བདེ་བ་ཅན། །ལྷུན་གྲུབ་ལྟ་ན་སྡུག་པའི་གཞལ་ཡས་ཁང་༔ ཞེས་པ་ནས། བཀའ་སྲུང་གཏེར་བདག་ཆོས་སྐྱོང་ཚོགས་ལ་བསྟོད༔ ཅེས་པའི་བར་ལས་བྱང་ལྟར་བྱས་རྗེས། དེ་ལྟར་མཆོད་ཅིང་བསྟོད་པས་ལྷ་ཚོགས་རྣམས་ཀྱང་བརྩེ་བའི་ཐུགས་རྗེ་ཆེན་པོས་འགྲོ་བ་ཡོངས་ལ་རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འཚེར་བའི་སྐུའི་གཟི་བརྗིད་ཀྱིས་བརྟན་གཡོ་ཐམས་ཅད་དབང་མེད་དུ་དགུག་པར་ནུས་པའི་མཐུ་དང་ལྡན་པར་གྱུར། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་ནམ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱིཿཡིག་དམར་པོ་འོད་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། ཧཱུྃ། འབྲུ་མར་རྩི་མར་བཅུད་ལྡན་བསྲེག་པའི་རྫས། །དམ་རྫས་བདུད་རྩིའི་མཆོད་པ་དམ་པ་འདི། །མེ་ལྷ་རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ། །བདག་གི་འདོད་དོན་འཕྲིན་ལས་བསྒྲུབ་པར་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ ཞེས་སམ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་པ་གཉིས་ཀ་འམ་གང་རུང་རྩ་སྔགས་དང་སྦྲེལ་བ་བདུན་གྱིས་འབུལ། དེ་ནས་ཡམ་ཤིང་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བྷོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ ཁམས་གསུམམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་མ་ཧཱ་བེ་གྷ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨཱཿསྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཛྲིཾ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཏོག་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སླར་ཡང་། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱས་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཀྱང་ཕུལ་ལ། ཧྲཱི༔ དབང་མཛད་དབང་གི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་དང་། །སྨན་རཀ་གཏོར་སོགས་འཇིག་རྟེན་གྱི། །མཆོད་པའི་རྫས་ཀུན་ཡོངས་སུ་འབུལ། །ཨཱོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧིས་མཆོད། ཨཱོཾ་བཛྲ་ཏམ་བུ་ལ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོང་ཟུང་དབུལ་ཞིང་། ཧཱུྃ་བདེ་གཤེགས་རྒྱལ་བའི་ངོ་བོ་འགྲོ་བའི་མགོན༔ ཞེས་པ་ནས། བཀའ་སྲུང་གཏེར་བདག་རྒྱ་མཚོར་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་བཞིན་བྱ། དེ་ནས་འཕྲིན་ལས་བཅོལ་བ་ནི། ཧོ༔ དུས་གསུམ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས། སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་། གར་གྱི་དབང་ཕྱུག་གསང་ཡེ་དྷཀྐི། འོད་དཔག་མེད་སོགས་བརྒྱུད་ལྡན་བླ་མ། རིགས་བཞི་བྱང་ཆུབ་སེམས་དཔའ་རྣམ་བརྒྱད། འགྲོ་བའི་དོན་མཛད་འགྲོ་འདུལ་ཐུབ་དྲུག །བསྐལ་པ་བཟང་པོའི་རྣམ་འདྲེན་སྟོང་ཕྲག །འཕྲིན་ལས་ཀུན་བསྒྲུབ་སྒོ་མ་རྣམ་བཞི། དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་སྲེག་བྱེད་མེ་ཡི་མཆོད་པས་མཉེས་པར་བྱས་ཏེ། འདོད་དོན་གྱི་འཕྲིན་ལས་གསོལ་བ་ནི། ཟག་མེད་མྱ་ངན་ལས་འདས་པའི་ཐུགས་རྗེ་དང་འཕྲིན་ལས་ཐམས་ཅད་བླ་ན་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་བསྡུས་ནས་བདག་ལ་བསྩལ་ཏེ་ཚེ་འདི་ཉིད་ལ་མངོན་པར་བྱང་ཆུབ་པར་མཛད་དུ་གསོལ། ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་ཟག་བཅས་འཁོར་བའི་དཔལ་ཐམས་ཅད་དབང་དུ་སྡུས་ནས་སྲིད་པའི་ཁམས་འདིར་མངོན་པར་མཐོ་བར་མཛད་དུ་གསོལ། འཇིག་རྟེན་ཁམས་ཀྱི་རྒྱལ་བློན་ཆེ་བཙུན་ཁ་དྲག་མོ་བཙུན་འབངས་དང་བཅས་པ་རྗེས་ཆགས་སྙིང་རྗེའི་སྟོབས་ཀྱིས་དབང་དུ་བསྡུས་ལ་བྱང་ཆུབ་ཆེན་པོར་འགོད་པར་མཛད་དུ་གསོལ། སྲིད་པ་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་རིན་ཆེན་དར་ཟབ་འབྲུ་སྨན་རྐང་འགྲོ་སོགས་འབྱོར་བའི་དཔལ་ཐམས་ཅད་དབང་དུ་བསྡུས་ལ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། འཁོར་འདས་ཀུན་གྱི་ཚེ་དཔལ་དང་འབྱོར་བ་ཐམས་ཅད་དབང་དུ་སྡུས་ལ། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་ཞིང་དངོས་གྲུབ་བླང་བ་ལ་རྟེན་ཅིང་འབྲེལ་འབྱུང་བཟང་བའི་ཟས་ཀྱི་དངོས་པོ་སྣ་ཚོགས་པ་བཏེགས་ལ། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ནས། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གྷུ་རུ་དྷེ་ཝ་དྷཀྐི་ནི་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་ཅིང་རྫས་རྣམས་དངོས་གྲུབ་ཏུ་རོལ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་། མ་འབྱོར་བ་དང་ཉམས་པ་དང་། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཧཱུྃ་ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པའི༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གཤེགས་བཞུད་མེད་ཀྱང་ཆོས་ཀྱི་དབྱིངས་སུ་མུ༔ བསྐྱེད་རྫོགས་མེད་ཀྱང་ཐིག་ལེ་ནཱ་དར་ཡལ༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ ཨཱཿཨཱ༔ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་། འཇིག་རྟེན་པའི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ཧཱུྃ༔ སྲེག་པའི་རེག་བྱ་ཚ་བའི་ཀློང་། །འབར་བའི་ནུས་པས་སྲིད་གསུམ་གྱི། །ལོག་པར་འདྲེན་པ་ཀུན་བསྲེག་པའི། །ལྷ་ཡི་ལྷ་མཆོག་ཁྱོད་ལ་བསྟོད། །དེ་ནས། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་འབུལ། །ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ ཡམ་ཤིང་གིའོ། །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ མར་ཁུའོ། །ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཏིལ་གྱིའོ། །ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ ཡུངས་ཀར་གྱིའོ། །ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཟས་སྣའོ། །ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དུརྦ་འོ། །ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ འབྲས་ཀྱིའོ། །ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ སོ་བ་ལའོ། །ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ནས་ཀྱིའོ། །ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡཱ་སྭཱ་ཧཱ༔ སྲན་མའོ། །ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ གྲོའོ། །ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཀུ་ཤའོ། །ཨཱོཾ་ཨཱཿསྭཱ་ཧཱ། །ཕྲུམ་གྱིའོ། །ཨཱོཾ་ཛྲཱིཾ་སྭཱ་ཧཱ༔ འབྲུ་སྣའོ། །ཨཱོཾ་བཛྲ་ཤྲི་བ་ཡ་སྭཱ་ཧཱ༔ ཤིང་ཏོག་གོ། ཨཱོཾ་བཛྲ་ཝཱསྟྲ་ཡེ་སྭཱ་ཧཱ༔ དར་སྣའོ། །ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ཀྱིའོ། །ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱ༔ སོ་རྩིའོ། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ གོས་ཟུང་ངོ་། །ཞེས་པ་རྣམས་ལ་གསུམ་མམ་བདུན་སོགས་དབུལ། རྒྱས་པར་རེ་རེ་ལའམ། བསྡུ་ན་ཀུན་གྱི་མཐར་འདོད་གསོལ་གཅིག་སྦྱར་ཀྱང་རུང་། དེ་ནས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འབུལ། སླར་ཡང་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་། ཧཱུྃ༔ གཟི་བརྗིད་ཕུང་པོ་ལྟ་ན་སྡུག །འོད་བཟང་ཉི་མའི་དཔལ་དུ་འབར། །རབ་འབྱམས་འཕྲིན་ལས་རྒྱ་མཚོའི་དཔལ། །ཨགྣཱི་རཱ་ཛ་ཁྱོད་ལ་བསྟོད། ཞེས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་བ་དང་ཉམས་པ་དང་༔ ། གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །མེ་ལྷའི་རྒྱལ་པོ་གང་ཁྱོད་ཀྱིས། །བདག་གཞན་དོན་གཉིས་ཀུན་མཛོད་ཅིག །ཆོས་ཉིད་ཀློང་དུ་གཤེགས་ནས་ཀྱང་། །གསོལ་བ་བཏབ་ན་སླར་ཡང་སྤྱོན། །ཨགྣཱེ་ཡེ་མུ༔ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེའི་ཕུང་པོ་གྱུར་པར་བསམ་མོ། །དེ་ནས་ཤིས་བརྗོད་ནི། ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་རྒྱལ་བ་འོད་དཔག་མེད། །ཅེས་པ་ནས། མཆོག་ཐུན་དངོས་གྲུབ་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་སོ། བསྔོ་སྨོན་ནི། ཧཱུྃ༔ བསྐྱེད་རྫོགས་ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ སྒོམ་སྒྲུབ་མན་ངག་ཟབ་མོ་སྤྱད་པའི་མཐུས༔ བདག་སོགས་ཕ་མ་རིགས་དྲུག་འགྲོ་བ་རྣམས༔ ཆོས་དབྱིངས་ཀློང་དུ་མངོན་པར་སངས་རྒྱས་ཤིང་༔ གང་འདུལ་སྤྲུལ་པས་འགྲོ་རྣམས་སྒྲོལ་བར་ཤོག༔ དེ་ནས་ཐལ་བ་ཆུ་བོ་རྒྱུན་བཟང་ལ་ཕབ་བོ། །དེ་ལྟར་ཟབ་ལམ་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་འདི་ནི་འཇམ་འབྱངས་བློ་ལྡན་གྱིས་བདེ་མཆོག་འཁོར་ལོར་དབང་གི་སྦྱིན་སྲེག་མཛད་པ་ཁ་བསྒྱུར་ཏེ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཤིང་ཡོས་ས་ག་ཟླ་བའི་རྒྱལ་བ་དང་པོའི་ཚེས་ལ་བསྒྲིགས་པའོ། །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གསང་བའི་ཚེ་སྒྲུབ་ཀྱི་ངག་འདོན་རྒྱུན་འཁྱེར་མི་ཤིག་ཚེ་ཡི་གཡུང་དྲུང་འཁྱིལ་པ།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གསང་བའི་ཚེ་སྒྲུབ་ཀྱི་ངག་འདོན་རྒྱུན་འཁྱེར་མི་ཤིག་ཚེ་ཡི་གཡུང་དྲུང་འཁྱིལ་པ་བཞུགས། མ་དག་འཁོར་བའི་འཁྲུལ་གཟུགས་སྣ་ཚོགས་ལ། །ས་བོན་དང་ནི་མྱུ་གུ་ཇི་བཞིན་དུ། །སྨིན་པའི་ངང་ཚུལ་ཚེ་ཡི་བར་ཆད་ལས། །རྒྱལ་མཛད་སྣང་མཐའ་པད་འབྱུང་གཉིས་མེད་ལ། །རབ་འདུད་བྱང་ཆུབ་བར་གྱི་དེ་སྲིད་ལ། །ལྷ་ཆེན་ཉི་བུའི་གཡུལ་ལས་རབ་རྒྱལ་ཏེ། །འཆི་མེད་དྭངས་མའི་འོད་སྐུར་ལེགས་སྨིན་པའི། །དངོས་གྲུབ་སྩོལ་ཅིག་ལྷག་པའི་ལྷ་ཚོགས་རྣམས། །ཚུལ་འདིར་འབད་འདོད་མོས་པའི་བློ་ལྡན་པ། །རང་དང་སྐལ་བ་མཉམ་པ་འགའ་ཞིག་ལ། །ཕན་ཆེད་རྒྱུན་འཁྱེར་ངག་འདོན་ཁྲིགས་ཆགས་སུ། །འགོད་པར་རྩ་གསུམ་ལྷ་ཡིས་གནང་བ་སྩོལ། ༈ཧཱུྃ། བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་དམ་ཆོས་རིག་འཛིན་འཕགས་པའི་སྡེ༔ སོགས། ཧཱུྃ། བདག་དང་འགྲོ་དྲུག་སྐྱེ་འགྲོ་མ་ལུས་པ། །སོགས་སྐྱབས་སེམས་ལན་གསུམ། དངོས་གཞིའི་འདོན་སྒོམ་ནི། ཧཱུྃ། འཁོར་འདས་ཆོས་ཀུན་སྟོང་ཉིད་སྙིང་རྗེའི་རྩལ། །རང་རིག་རྡོ་རྗེ་ཧྲཱིཿལས་བྷྲཱུྃ་འཕྲོས་པས། །རྣམ་དག་རྒྱལ་བའི་ཞིང་མཆོག་བདེ་བ་ཅན། །ལྷུན་གྲུབ་ལྟ་ན་སྡུག་པའི་གཞལ་ཡས་དབུས། །རང་ཉིད་ཟབ་ལམ་ཐུགས་རྗེ་ཆེན་པོའི་སྐུ། །དམར་གསལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན། །གཡས་པས་བགྲང་ཕྲེང་གཡོན་པས་ཚེ་བུམ་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་ཉི་ཟླ་པད་སྟེང་བཞུགས། །གསང་ཡེ་དམར་མོ་ཚེ་བུམ་མདའ་དར་འཛིན། །ཞབས་གཉིས་དགྱེས་སྦྱོར་ཡབ་ཀྱི་རྐེད་ལ་འཁྲིལ། །བདེ་བའི་ཉམས་ལྡན་ལང་ཚོའི་གཟི་བྱིན་རྒྱས། །འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་བཞུགས། །རང་གི་ཐུགས་ཀར་ཙིཏྟ་རིན་པོ་ཆེ། །མཆོང་སྨུག་གུར་ཕུབ་ལྟ་བུའི་དབུས་ཉིད་དུ། །པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་སྟེང་། །སྣང་མཐའ་དམར་པོ་ལྕགས་ཀྱུ་ཚེ་བུམ་འཛིན། རྒྱན་མེད་གཅེར་བུ་དབུ་སྐྲ་སིལ་བུར་འཕྱང་། །གཟི་བརྗིད་རབ་རྒྱས་ཞབས་གཉིས་བཞདེངས་ཏེ་བཞུགས། །ཕྱོགས་བཞིའི་འདབ་བཞིར་རིགས་བཞི་ཡབ་ཡུམ་བརྒྱད། །རང་རྟགས་ཕྱག་མཚན་རྒྱན་རྫོགས་འོད་ཟེར་འཕྲོ། །ལུས་ཀྱི་རྩ་གནས་བ་སྤུའི་འོད་ཀློང་དུ། །སངས་རྒྱས་སྟོང་དང་ཐུབ་དྲུག་སྒོ་མ་བཞི། །དཔའ་བོ་དཔའ་མོའི་ཚོགས་ཀྱིས་ཡོངས་གང་བའི། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་སེམས་དཔའི་ཚོགས། །སྤྱན་དྲངས་བསྐྱེད་པའི་སྐུ་ལ་གཉིས་མེད་ཐིམ། །འདུ་འབྲལ་མེད་པའི་ངང་དུ་ཏིཥྛནྟུ། །རབ་གུས་ཕྱག་འཚལ་ཕྱི་ནང་གསང་བ་ཡི། །མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པས་མཆོད། །རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར་ཆེན་པོ། གང་འདུལ་སྤྲུལ་པས་འགྲོ་བ་འདྲེན་མཛད་པའི། །ཡི་དམ་ལྷ་མཆོག་འཕགས་པ་སྤྱན་རིས་གཟིགས། །སྤྲུལ་འཁོར་བཅས་པ་གུས་འདུད་དངོས་གྲུབ་སྩོལ། །ཐུགས་ཀར་ཉི་སྟེང་གསེར་རྡོར་རྩེ་ལྔ་པའི། །ལྟེ་པར་ཧྲཱིཿདམར་གཟི་འབར་ཧ་ཁོག་ཏུ། །ནྲི་ཡིག་ལྗང་གུ་བཀྲག་མདངས་ལྡན་པར་གསལ། །རྡོ་རྗེའི་མཐའ་མར་སྔགས་ཕྲེང་གཡས་འཁོར་ལས། །འོད་ཟེར་སྣ་ཚོགས་རབ་འབྱམས་ཞིང་ཁྱབ་འཕྲོས། །རྒྱལ་བ་མཉེས་མཆོད་འགྲོ་ཀུན་སྒྲིབ་ཚོགས་སྦྱངས། །ཟག་བཅས་ཟག་མེད་ཚེ་དཔལ་འབྱུང་བའི་བཅུད། །འོད་ཀྱི་རྣམ་པར་རང་ཐིམ་གཟི་བྱིན་རྒྱས། །སླར་ཡང་རིགས་ཀྱི་གཙོ་བོ་སྣང་མཐའ་ཡི། །ཕྱག་གཡས་ལྕགས་ཀྱུ་དམར་པོའི་འོད་ཟེར་གྱིས༔ བླ་ཚེ་ཆད་ཉམས་གས་དང་ཡར་བ་དང་༔ འཁོར་འདས་བྱིན་རླབས་ཕྱི་སྣོད་ནང་བཅུད་ཀྱི༔ ཚེ་དཔལ་འབྱོར་བ་བསོད་ནམས་དབང་ཐང་སོགས༔ རང་དབང་མེད་པར་འུབ་འུབ་དབང་དུ་བསྡུས༔ གཉིས་སུ་མེད་པར་ཧྲཱིཿཡིག་ནྲི་ལ་ཐིམ༔ མཆོག་ཐུན་དངོས་གྲུབ་ཚེ་དབང་འགྲུབ་པར་བསམ༔ ཨཱོཾ་ཨ་མི་དྷེ་ཝ་བཛྲ་རཏྣ་པདྨ་ཀརྨ་ཚེ་བྷྲཱུྃ་ཡུ་ཚེ་བྷྲཱུྃ་ཨཱ་ཡུ་ཛྙཱ་ན་ཡུ་ཚེ་བྷྲཱུྃ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་འབུམ་རང་གི་འདོད་སྦྱར་བཟླ༔ ཡང་ན་ཐོ་རངས་བྱ་རོག་མ་གྲགས་གོང་། །སྔགས་སྟོང་དམིགས་པ་གནད་བསྣུན་ཆག་མེད་དུ། །བརྩོན་ན་ཚེ་ཡི་རིགས་འཛིན་ངེས་པར་འཐོབ། །ལས་བྱང་སྦྲེལ་ན་འདོན་དམིགས་གཞུང་ལྟར་ངང་། །བསྙེན་སྒྲུབ་སྔགས་བཟླས་མཚམས་སུ་གོང་ལྟར་གྱི། །ཚེ་ཡི་དམིགས་པ་བསྒྱུར་ཞིང་འཛབ་ལ་འབད། །ཚོགས་དང་སྨད་ལས་རྗེས་བསྐྱང་རྒྱུན་འཁྱེར་མཇུག །བརྩེ་ལྡན་གར་དབང་འཕགས་མཆོག་ལྷ་ཚོགས་དགོངས། །བདག་སོགས་མཁའ་ཁྱབ་འགྲོ་བའི་སྒྲིབ་བྱང་ཞིང་། །དུས་མིན་འཆི་བའི་རྐྱེན་ལས་རབ་རྒྱལ་ཏེ། །ཚེ་དང་ཡེ་ཤེས་འཛད་མེད་དངོས་གྲུབ་སྩོལ། ཨཱ་ཡུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཨ་ཨ། དེ་བཞིན་ཉིད་ཀྱི་རང་ཞལ་ལྟ་བ་དང་། །རང་གདངས་ལྷ་སྔགས་ཏིང་འཛིན་ལམ་དུ་འཁྱེར། །བསྔོ་སྨོན་ཤིས་བརྗོད་སྤྲོ་ན་ག །ཞུང་ལྟར་རཾ། །ཡང་ན་མདོར་བསྡུས་འདི་བཞིན་བྱ་བར་རིགས། །ལེགས་བྱས་སྐྱེ་བ་ལྔ་པའི་གཡས་འཁྱིལ་སྒྲས། །འགྲོ་ཀུན་ཉོན་མོངས་རིམས་ཀྱི་ཟུག་རྡུ་ཡི། །བདུད་བཞིའི་བར་ཆད་ཚོགས་རྣམས་རབ་ཞི་ཞིང་། །རྟག་བརྟན་འཕོ་བ་ཆེན་པོའི་སྐུ་འགྲུབ་ཤོག །ཧཱུྃ། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཐུགས་རྗེའི་ལྷ། །སྤྲུལ་སྐུ་པད་འབྱུང་གསང་ཡུམ་བརྒྱུད་པར་བཅས། །རྩ་གསུམ་ལྷ་ཚོགས་སྙིང་དབུས་རྟག་བཞུགས་ཏེ། །མཆོག་ཐུན་རྒྱ་མཚོའི་དཔལ་སྤྱོད་བཀྲ་ཤིས་ཤོག །དེ་ལྟར་ཟབ་ལམ་གསང་བའི་ཚེ་སྒྲུབ་ཀྱི། །ངག་འདོན་འཁྱེར་བདེ་ཁྲིགས་ཆགས་བཀོད་ཅིག་ཅེས། །པདྨ་དབང་དྲག་གང་དེས་རིང་མོ་ནས། །འབད་པས་བསྐུལ་ངོར་འཕགས་མཆོག་ཡི་དམ་ལྷར། །འཛིན་པའི་བཙུན་པ་པདྨའི་མིང་ཅན་གྱིས། །སྲིང་རྫོང་ཁམས་ཤག་རྒྱལ་བའི་ཕོ་བྲང་གི། འདབ་ཞོལ་རྡོ་རྗེ་ཁྲོས་མའི་གསང་ཕུག་ཏུ། །ཚིགས་སུ་བཅད་པའི་ཕྲེང་བར་སྤེལ་བའི་དགེས། །བདག་གཞན་ལུས་ཅན་དུཿཁའི་སྲིད་མཚོ་ལས། །བསྒྲལ་སྟེ་བདེ་ལྡན་ཞིང་དུ་མགོན་གང་དེས། །རྗེས་བཟུང་ས་ལམ་བགྲོད་པ་མཐར་ཕྱིན་ནས། །ཚེ་ཡི་བདག་པོའི་སྐལ་དང་རབ་མཉམ་ཤོག །སརྦ་མངྒ་ལཾ་ཀུརྦྷནྟུ།། །།

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་།

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད། །རི་བོར་ཏ་ལར་འཕགས་མཆོག་སྤྱན་རས་གཟིགས། །ཟངས་མདོག་དཔལ་རིར་འགྲོ་འདུལ་པདྨ་འབྱུང་། །སྐུ་གསུམ་རྒྱལ་བའི་ངོ་བོ་བླ་མ་ལ། །མི་ཕྱེད་དད་པའི་སྒོ་ནས་ཕྱག་བགྱིའོ། །འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་ཐབས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ལ། ཡོ་བྱད་ཀྱི་གཤོམ་ནི། དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར་བུམ་པ་མགུལ་ཆིངས་དམར་པོ་ཅན་བཅུད་ལྡན་ཁ་རྒྱན་གསེབ་ཏུ་སྐུ་དང་བཅས་པ་འགོད་ཅིང་། གཞན་ཡང་བདུད་རྩི་གཏོར་མ་བླ་རྡོ་སོགས་བསྙེན་སྒྲུབ་དབང་ཆོག་གང་བྱེད་ལྟར་བཀོད་པའི་མཐར་ཕྱི་ནང་གི་མཆོད་པ་ཚོགས་འཁོར་སྨན་གཏོར་རཀྟ་བཀའ་གཏེར་གྱི་བཤོས་བུ་སོགས་བཟང་དུ་བཤམ། དེ་ནས་སྒྲུབ་པ་པོ་རྣམས་བདེ་བའི་གདན་ལ་འདུག་ཅིང་། གསོལ་འདེབས་ནི། བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད། །གྲུ་འཛིན་གནས་སུ་འཕགས་མཆོག་པད་དཀར་འཆང་། །པདྨ་འོད་ན་གུ་རུ་ཨོ་རྒྱན་རྗེ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་བའི་མཆོག་སྦྱིན་སྐལ་ལྡན་གཟུངས་མ་ལྔ། །འཕགས་པའི་རྣམ་འཕྲུལ་ལོ་ཆེན་ཀླུ་ཡི་དབང་། པདྨའི་རྒྱལ་ཚབ་གཏེར་ཆེན་ཡབ་སྲས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གདམས་པའི་མཛོད་འཛིན་བཛྲ་གརྦྷ་དང་། །རྩ་བརྒྱུད་བླ་མ་ཟབ་ལམ་ཐུགས་རྗེའི་བདག །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བསྙེན་སྒྲུབ་ལས་སྦྱོར་ཉམས་སུ་བླངས་པའི་མཐུས། །ཡུལ་སྣང་ཕུང་ཁམས་ཞིང་དང་ལྷ་སྐུར་ཤར། །རླུང་སྔགས་རྡོ་རྗེའི་གསུང་དང་དྲན་རྟོག་ཐུགས། །མངོན་གྱུར་མཆོག་ཐུན་དཔལ་ལ་སྤྱོད་པར་ཤོག །ཅེས་ཟབ་ལམ་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་ཉུང་ངུ་འདི་དགེ་སློང་སྐལ་བཟང་བྱང་ཆུབ་ཀྱིས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ། །དེ་ནས་གསང་བའི་དཀྱིལ་འཁོར་གཉན་པོའི་སྒོམ་སྒྲུབ་ལ་མི་དབང་བ་རྣམས་ལ༔ བཀའ་བསྒོ་བ་ནི༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་ངང་ལས་རང་བྱུང་ཐུགས་རྗེའི་ལྷ༔ འགྲོ་བའི་དོན་དུ་སྤྲུལ་པ་ཡང་སྤྲུལ་འབུམ༔ བཀའ་སྡོད་རབ་གཏུམ་ཕོ་ཉ་གློག་ལྟར་འཁྱུག༔ མ་རིག་ཉོན་མོངས་གདོན་བགེགས་འབྱུང་པོའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ༔ སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཏིང་འཛིན་གོ་བསྒོ་བསྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ གདོད་ནས་དག་པ་གསང་བའི་དཀྱིལ་འཁོར་འདིར༔ འཁོར་འདས་མཉམ་ཉིད་རང་གྲོལ་རྒྱལ་བའི་ཞིང་༔ ཕྱོགས་མཚམས་སྟེང་འོག་ཡེ་ཤེས་འོད་ལྔའི་ཀློང་༔ འཁོར་ལོ་རྡོ་རྗེ་མེ་དཔུང་ཁྲོ་ཚོགས་མཚམས༔ གནོད་བྱེད་འབྱུང་པོ་ནམ་ཡང་མ་འདའ་ཞིག༔ ཨཱོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་རཀྵ་ཧཱུྃ་ཕཊ༔ དུས་གསུམ་རྒྱལ་བར་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་དམ་ཆོས་རིག་འཛིན་འཕགས་པའི་སྡེ༔ རྩ་གསུམ་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ལ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ གཞན་དོན་དུ་སེམས་བསྐྱེད་པ་ནི༔ ཧཱུྃ༔ བདག་དང་འགྲོ་དྲུག་སྐྱེ་འགྲོ་མ་ལུས་པ༔ གཟུང་འཛིན་བག་ཆགས་དབང་གིས་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་བའི་སྒྲིབ་པ་སྦྱང་བའི་ཕྱིར༔ ཟབ་ལམ་གསང་བའི་བསྐྱེད་རྫོགས་བསྒྲུབ་པར་བགྱིད༔ ཡན་ལག་བདུན་པས་ཚོགས་བསགས་རིམ་པ་ནི༔ ཧཱུྃ༔ འཁོར་འདས་ཆོས་རྣམས་སྐུ་གསུམ་ཡེ་ཤེས་ཀློང་༔ ཀ་དག་བློ་འདས་ངང་དུ་ཕྱག་འཚལ་ཞིང་༔ རང་བྱུང་ཏིང་འཛིན་དགོངས་རྒྱུད་དག་པས་མཆོད༔ ཆོས་ཉིད་སྤྲོས་བྲལ་འཛིན་པས་བཟུང་བ་བཤགས༔ ཡེ་དག་ཀློང་ཡངས་ཆེན་པོར་ཡི་རང་ངོ་༔ བཟུང་འཛིན་རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར༔ ཕྱམ་གཅིག་ཀུན་བཟང་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ་བར་བྱ༔ མ་བཅོས་དྲི་མེད་འགྲོ་ཀུན་མངོན་གྱུར་ཤོག༔ མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟའི་ཚོགས༔ ཡེ་ཤེས་རྣམ་དག་མཆོག་གི་ཏིང་འཛིན་གྱིས༔ བླ་མེད་རྫས་མཆོག་བདུད་རྩིར་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ་པཉྩ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིང་ཏ་སརྦ་པུ་ཙ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཧཱུྃ༔ རང་སྣང་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས༔ རང་རིག་ཐུགས་རྗེ་ཆེན་པོར་འདི་སྐད་སྨྲས༔ དང་པོའི་ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ༔ མ་བཅོས་ལྷུན་གྲུབ་རང་བཞིན་རྫོགས་པ་ཆེ༔ སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཀུན་ཏུ་སྣང་བའི་ཏིང་འཛིན་ནི༔ ཧཱུྃ༔ སྲིད་ཞི་རང་གྲོལ་བློ་འདས་དེ་ཡི་ངང་༔ འཁྲུལ་པའི་ལས་སྤྱོད་མར་གྱུར་འགྲོ་བ་རྣམས༔ གཉིས་འཛིན་འཁྲུལ་བའི་སྒྲིབ་པ་སྦྱང་སླད་དུ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་འགྲོ་ལ་བསྒོམ༔ རྒྱུའི་ཏིང་འཛིན་ནི༔ ཧཱུྃ༔ ཆོས་དབྱིངས་ངོ་བོ་རྣམ་པར་དག་པའི་མཐུས༔ འགྲོ་དྲུག་འཁོར་བའི་འགྲོ་རྣམས་བསྒྲལ་སླད་དུ༔ སྐྱེ་མེད་རང་རིག་རྡོ་རྗེ་རྩེ་ལྔའི་དབུས༔ ཡེ་ཤེས་ས་བོན་ཧྲཱིཿ ཡིས་མཚན་པར་བསམས༔ ཧྲཱིཿཙིཏྟ་བཛྲ་ས་མ་ཡཱ་ཧྲཱི༔ གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་མ་བཅོས་སྟོང་པའི་ངང་༔ འབྱུང་བཞི་དག་པའི་ཀློང་ཡངས་ཆེན་པོ་ན༔ རང་རིག་རྡོ་རྗེ་ཡི་གེ་བྷྲཱུྃ་དུ་གྱུར༔ རྣམ་དག་རྒྱལ་བའི་ཞིང་མཆོག་བདེ་བ་ཅན༔ ལྷུན་གྲུབ་ལྟ་ན་སྡུག་པའི་གཞལ་ཡས་ཁང་༔ འདབ་བཞི་པདྨ་མུ་ཁྱུད་གྲུ་ཆད་དང་༔ བར་ཁྱམས་སྒོ་རྫོགས་རྟ་བབས་ཆོས་འཁོར་གདུགས༔ རིན་ཆེན་རྩིག་པ་འདོད་ཡོན་ཕ་གུ་དང་༔ དྲྭ་བ་དྲྭ་ཕྱེད་མདའ་ཡབ་རིན་ཆེན་ལྔ༔ འཕྲིན་ལས་བཞི་རྫོགས་ཉི་ཟླ་འཇའ་ཚོན་ཀློང་༔ པདྨ་རྡོ་རྗེ་མེ་རི་ཆུ་རླུང་དང་༔ དུར་ཁྲོད་བརྒྱད་ལྡན་བྲག་ཆེན་ཁོར་ཡུག་སྟེ༔ ཕྱི་གསལ་ནང་གསལ་དྲི་མེད་ཕོ་བྲང་དབུས༔ སྣ་ཚོགས་པདྨ་ཉི་ཟླ་མཛེས་པའི་སྟེང་༔ ཐུགས་སྲོག་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཟབ་ལམ་གསང་བའི་ལྷ་མཆོག་འགྲོ་བའི་མགོན༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྤྱན་གསུམ་པ༔ ཞབས་གཉིས་ཕྱེད་སྐྱིལ་ཐོར་ཅོག་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་བགྲང་ཕྲེང་ཐུགས་ཀར་བསྣམས༔ གཡོན་པས་ཚེ་བུམ་གསང་བའི་ཡུམ་ལ་འཁྱུད༔ སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ གསང་བའི་ཡུམ་མཆོག་དྷཱཀྐི་དམར་མོ་འཁྲིལ༔ ཞལ་གཅིག་ཕྱག་གཉིས་ཚེ་བུམ་མདའ་དར་བསྣམས༔ ཞབས་གཉིས་དགྱེས་སྦྱོར་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དམར་སྐྱ་ལྕང་ལོ་ཅོད་པཎ་འཕུར༔ བདེ་བའི་ཉམས་ལྡན་ནུ་མ་བྷ་ག་རྒྱས༔ སྟོད་གཡོགས་སྨད་དཀྲིས་དར་དང་རིན་ཆེན་བརྒྱན༔ སྤྱི་གཙུག་རིགས་བདག་སྣང་བ་མཐའ་ཡས་ནི༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཚེ་བུམ་བསྣམས༔ རྒྱན་མེད་གཅེར་བུ་དབུ་སྐྲ་སིལ་བུར་འཕྱང་༔ ཉི་ཟླ་པད་སྟེང་ཞབས་གཉིས་བཞེངས་ཏེ་བཞུགས༔ བདེ་བ་རབ་རྒྱས་གཟི་བརྗིད་ལྡན་པར་བསྐྱེད༔ འཁོར་བསྐྱེད་པ་ནི༔ ཧཱུྃ༔ ཤར་ན་རྡོ་རྗེ་དཔའ་བོ་མྱུ་གུ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་མཐིང་ཁ་འཁྲིལ༔ ལྷོ་ན་རཏྣ་དཔའ་བོ་བཞད་པ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་སེར་མོ་འཁྲུལ༔ ནུབ་ན་པདྨ་དཔའ་བོ་དབང་ཆེན་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་དམར་མོ་འཁྲིལ༔ བྱང་ན་ཀརྨ་དཔའ་བོ་ལས་རབ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་ལྗང་མོ་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་བཞུགས༔ རལ་པའི་ཐོར་ཅོག་ཐོད་སྐམ་པྲོག་ཞུ་མཛེས༔ རུས་པའི་རྒྱན་དྲུག་སྟག་ཤམ་དར་དཔྱངས་འཕྱོ༔ རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་རྒྱ་བསྒྱུར༔ ཡུམ་རྣམས་ལྕགས་ཀྱུ་གཡས་ལ་ཞགས་པ་གཡོན༔ གཅེར་བུ་ནུ་འབུར་བྷ་གའི་དཀྱིལ་འཁོར་རྒྱས༔ དབུ་སྐྲ་སིལ་མ་སྐུ་ཡི་རྒྱབ་ཏུ་འཕྱངས༔ རུས་རྒྱན་གཟིག་ཤམ་རིན་ཆེན་རཏྣས་བརྒྱན༔ ཡབ་ཡུམ་ཐམས་ཅད་ཁྲོ་འཛུམ་སྤྱན་གསུམ་པ༔ གཟི་བརྗིད་མདངས་ལྡན་རང་འོད་ཀློང་དུ་བཞུགས༔ ཕྱི་རིམ་ཕྱོགས་བཞིའི་གྲུ་ཆད་བར་ཁྱམས་ལ༔ བསྐལ་བཟང་སངས་རྒྱས་འགྲོ་འདུལ་ཐུབ་པ་དྲུག༔ དུས་གསུམ་བདེ་གཤེགས་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་༔ རང་རྟགས་སྐུ་མདོག་ཕྱག་མཚན་སྤྲིན་ལྟར་འཁྲིགས༔ སྒོ་བ་བསྐྱེད་པ་ནི༔ ཧཱུྃ༔ ཤར་སྒོར་སེང་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སྟག་གདོང་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ གཅེར་བུ་བམ་གྱི་གདན་ལ་དོར་སྟབས་འགྱིང་༔ སྣང་སྟོང་འགག་མེད་ལྷམ་མེ་ལྷང་ངེར་གསལ༔ སྤྱན་འདྲེན་པ་ནི༔ རོལ་མོ་འཁྲོལ་ཞིང་དྲི་བཟང་བསྲེག༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དང་༔ འགྲོ་འདུལ་པོ་ཊ་ལ་ཡི་གནས་མཆོག་ནས༔ ཟབ་ལམ་འགྲོ་བའི་དོན་མཛད་ཐུགས་རྗེའི་ལྷ༔ འཕགས་པ་སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ རིགས་བཞིའི་རྒྱལ་བ་ཡབ་ཡུམ་མ་ལུས་འཁོར༔ སངས་རྒྱས་བྱང་སེམས་འགྲོ་མགོན་རྩ་བ་གསུམ༔ ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་བཅས༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ གར་གྱི་འགྲོས་ཀྱིས་ཆོས་དབྱིངས་ནམ་མཁའ་ནས༔ འཕྲིན་ལས་བཞི་ཡི་ཕྱག་རྒྱ་སྒྱུར་བཞིན་དུ༔ འགྲོ་བའི་དོན་དུ་གནས་འདིར་སྐུ་བསྐྱོད་འཚལ༔ མོས་པའི་བུ་ལ་ཞལ་སྟོན་དངོས་གྲུབ་སྩོལ༔ གསུང་གི་རོལ་པས་རྐྱེན་ངན་བར་ཆད་བཟློག༔ ཐུགས་ཀྱི་དགོངས་པས་སྨིན་གྲོལ་དོན་ལ་སྦྱོར༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིན་ཆེན་པདྨ་ཉི་ཟླ་གེ་སར་དབུས༔ རྩ་གསུམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ སྒྲུབ་པའི་འབྲས་བུ་དངོས་གྲུབ་སྩོལ་བའི་ཕྱིར༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི༔ ཛྙཱ་ན་ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བཅོམ་ལྡན་འཕགས་པ་ཐུགས་རྗེ་ཆེན་པོ་དང་༔ སངས་རྒྱས་བྱང་སེམས་ལྕམ་དྲལ་འཕགས་པའི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ འདུ་འབྲལ་མེད་པའི་ངང་དུ་ཕྱག་འཚལ་ལོ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི༔ ན་མོ་པཱུ་ཙ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་གསང་བའི་མཆོད་པ་བླ་མེད་རྫས༔ སྨན་གཏོར་རཀྟ་བདུད་རྩི་ཨ་མྲྀ་ཏ༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་ཡོངས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི༔ པཉྩ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷེནྡྷེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་ཧོ༔ བདུད་རྩི་ཁཱ་ཧི་ནི། ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་འོད་དཔག་མེད་མགོན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་སྤྱན་རིས་གཟིགས་དབང་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྐལ་ལྡན་བུད་མེད་གྲོགས་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོ་ཆེན་ཀླུ་ཡི་དབང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་འགྲོ་འདུལ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཟབ་ལམ་གསང་འདུས་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིགས་བཞིའི་རྒྱལ་བ་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བསྐལ་བཟང་སངས་རྒྱས་སྟོང་རྩའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འགྲོ་འདུལ་སྤྲུལ་སྐུ་ཐུབ་དྲུག་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བཀའ་ཉན་སྒོ་བ་བཞི་ཡི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དམ་ཅན་བཀའ་གཏེར་སྲུང་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཞེས་མཆོད་པར་བྱའོ། །བསྟོད་པ་ནི། ཧཱུྃ་བདེ་གཤེགས་རྒྱལ་བའི་ངོ་བོ་འགྲོ་བའི་མགོན༔ ཐུགས་རྗེའི་རང་བཞིན་འཕགས་པ་སྤྱན་རས་གཟིགས༔ གང་འདུལ་སྤྲུལ་པའི་གར་མཁན་རྗེས་ཆགས་ཞལ༔ ཆགས་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་དབང་སྡུད་ཁམས་གསུམ་ཟིལ་གྱིས་གནོན༔ འགྲོ་དྲུག་བག་ཆགས་དུག་ལྔའི་རྟོག་པ་སྦྱངས༔ སྐུ་ལྔའི་ཡེ་ཤེས་མངོན་གྱུར་རིགས་ཀྱི་གཙོ༔ རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཤེས་རབ་རྣམ་དག་ཆོས་དབྱིངས་སྟོང་པའི་ཡུམ༔ དུས་གསུམ་རྒྱལ་བ་བསྐྱེད་པའི་འཕྲུལ་མོ་ཆེ༔ མཁའ་དབྱིངས་རྣམ་དག་བདེ་སྟོང་འབར་བའི་གར༔ ཡེ་ཤེས་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ལས་བཞི་རབ་འབྱམས་ཕྲིན་ལས་ཀུན་གྱི་བདག༔ ཞི་རྒྱས་དབང་དྲག་མཆོག་ཐུན་ཆར་འབེབས་པའི༔ ཐུགས་རྗེ་ཆེན་པོ་རིགས་བཞི་ཡབ་ཡུམ་བརྒྱད༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་བཅོམ་ལྡན་འདས༔ འགྲོ་བའི་མགོན་མཛད་འགྲོ་འདུལ་ཐུབ་པ་དྲུག༔ རྩ་གསུམ་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ལ༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ བཀའ་ཉན་ལས་བྱེད་སྒོ་མ་སྲུང་མའི་ཚོགས༔ སངས་རྒྱས་བསྟན་སྲུང་འཕྲིན་ལས་ཀུན་གྱི་བདག༔ བཀའ་བསྲུང་གཏེར་བདག་ཆོས་སྐྱོང་ཚོགས་ལ་བསྟོད༔ བཤགས་པ་ནི༔ ཧཱུྃ༔ བདེ་བར་གཤེགས་པ་འཕགས་མཆོག་དབང་གི་ལྷ༔ ཡབ་ཡུམ་སྲས་བཅས་སྤྲུལ་འཁོར་དགོངས་སུ་གསོལ༔ བསྐྱེད་རྫོགས་མ་གསལ་བཟླས་བརྗོད་སྒྲ་ཆག་ཉམས༔ འགལ་གྱུར་ཉམས་ཆག་ཅི་མཆིས་མཐོལ་ལོ་བཤགས༔ ཨཱོཾ་བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ ཌི་ཌྷྲོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བྷུདྡྷ་གྷུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་མ་མེ་མུ་ཉྩ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ བཟླས་པ་བསྐུལ་བ་ནི༔ ཧཱུྃ༔ སྣང་སྲིད་དག་པ་ཆོས་དབྱིངས་ཞིང་ཁམས་སུ༔ ཟབ་ལམ་གསང་བའི་ཕོ་བྲང་ལྟ་ན་སྡུག༔ ཧྲཱིཿ གེ་སར་པདྨ་ཉི་ཟླ་འཁྱིལ་བའི་ཀློང་༔ ཐུགས་རྗེའི་དབང་ཕྱུགས་འཕགས་མཆོག་སྤྱན་རས་གཟིགས༔ གསང་བ་ཡེ་ཤེས་མཁའ་འགྲོ་བདེ་བའི་ཡུམ༔ རིགས་བཞི་ཡབ་ཡུམ་དུས་གསུམ་སངས་རྒྱས་སྟོང་༔ འགྲོ་འདུལ་ཐུབ་དྲུག་རྩ་གསུམ་ཆོས་སྐྱོང་གིང་༔ སྒོ་བ་བཀའ་སྡོད་བྲན་དང་ཕོ་ཉར་གསལ༔ སྣང་བ་མ་འགགས་སྟོང་གསལ་ལྷ་ཡི་སྐུ༔ སྟོང་པའི་རྩལ་ཁ་ཐུགས་ཀར་ས་བོན་སྔགས༔ འགག་མེད་རོལ་པ་མཁྱེན་བརྩེ་ཡེ་ཤེས་ལྔ༔ འོད་དང་ཟེར་དུ་ཕྱོགས་བཅུ་ཀུན་ཏུ་འཁྲིགས༔ འཕགས་པ་མཆོད་ཅིང་འགྲོ་དྲུག་སྒྲིབ་པ་སྦྱངས༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ རྩ་གསུམ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་རྣམས༔ དུ་མ་རོ་གཅིག་ཆོས་དབྱིངས་ཕོ་བྲང་འདིར༔ ཡེ་ཤེས་བདེ་སྟོང་སྐུ་ཡི་དབྱིངས་སུ་རྒྱས༔ གྲག་སྟོང་བརྗོད་མེད་སྔགས་ཀྱི་རང་སྒྲ་སྒྲོགས༔ དྲན་བསམ་རང་གྲོལ་ཐུགས་རྗེ་ཆེན་པོའི་ཐུགས༔ འཁོར་འདས་ཡོངས་གྲོལ་ངང་ནས་འཛབ་འདི་བགྲངས༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་མ་ཕྱིན་བར༔ སྐྱེ་འཆི་སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་རྩ་སྔགས་འདི་འབུམ་ཚོ་བཅུ་བཟླ་བ་གྲངས་བསྙེན་ནོ། བསྒྲུབ་པའི་དུས་སུ་དམ་རྫས་བདག་མདུན་བུམ༔ ཆོས་དབྱིངས་ཕོ་བྲང་དཀྱིལ་འཁོར་ཆེན་པོའི་དབུས༔ ཐུགས་རྗེ་ཆེན་པོ་རྩ་གསུམ་ཆོས་སྐྱོང་བཅས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུ༔ མ་ལུས་ཏིལ་གང་ཁ་ཕྱེས་ལྟ་བུར་གསལ༔ དམ་ཚིགས་གཟུངས་ཀྱིས་བསྡུས་པའི་ཕྲེང་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྔགས་ཀྱི་ཕྲེང་བའི་འོད་ཟེར་སྤྲོ་བསྡུ་བསྒྱུར༔ ལྷ་ཚོགས་ཐམས་ཅད་སྙོམས་འཇུག་བདུད་རྩི་ཆེ༔ ཡེ་ཤེས་ལྔ་ཡི་རང་བཞིན་བཅུད་དུ་འཁྱིལ༔ གསང་བའི་མཁའ་ལས་བསྒྲུབ་པའི་སྣོད་དུ་བསྐྱིལ༔ མཆོག་ཐུན་དངོས་གྲུབ་བླ་མེད་བྱང་ཆུབ་ཀྱི༔ འབྲས་བུ་སྐད་ཅིག་ཉིད་ལ་ཐོབ་པར་བསམས༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བགྲང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གུ་རུ་དྷེ་ཝ་དྷཱཀྐི་ནི་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་ཧཱུྃ༔ ལས་སྦྱོར་བཞི་ལ་རྩ་སྔགས་ཤམ་བུ་བསྒྱུར༔ ཨཱོཾ་ནད་གདོན་བར་ཆད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ གནོད་བྱེད་དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་མཱ་ར་ཡ་ཕཊ༔ ༈སྐབས་སྐབས་ཆོས་དབྱིངས་འགགས་མེད་ཐུགས་རྗེའི་ཀློང་༔ ཧཱུྃ་ཡིག་ཁྲོ་ཆུང་ཕྱོགས་མཚམས་སྟེང་འོང་གང་༔ གསང་བ་སྒྲུབ་ལ་མི་དབང་གདོན་བགེགས་བསྐྲད༔ དམ་མེད་འབྱུང་པོ་རྡུལ་དུ་བརླགས་པར་བསམས༔ བསྲུང་བའི་གོ་བསྒོ་ད་ལ་འཆམས་སྟབས་བསྐོར༔ ཧཱུྃ་སྒྲ་སྒྲོག་ཅིང་ཐུན་བྲབ་གུ་གུལ་བསྲེག༔ གིང་པ་རྒྱུག་ཅིང་ཉིན་མཚན་ཐུན་དྲུག་ཏུ༔ འདི་ལ་བརྩོན་ན་དངོས་གྲུབ་བར་ཆད་བྲལ༔ རོལ་མོ་ལྡིར་ཞིང་ཡེ་ཤེས་བྱིན་ཡང་དབབ༔ དེ་དག་རྣམས་ནི་བསྒྲུབ་པའི་དངོས་གཞིའོ༔ སྐབས་སུ་མཆོད་བསྟོད་གོང་ལྟར་བྱ་ཞིང་དངོས་གྲུབ་བླང་བའི་རིམ་པ་ལ། རྫས་མཆོག་ཆེན་པོ་བུམ་སྒྲུབ་ཀྱི་རིལ་བུའམ༔ བྷནྡྷ་བྱང་སེམས་དཀར་དམར་དང་ཨ་མྲྀ་ཏ་བཏབ་པ་རིག་མས་ཐོགས་ཤིང་༔ ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་དག་པའི་དབྱིངས་ནས་སྐུ་བསྐྱོད་ལ༔ རྗེས་འཇུག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ བྱམས་དང་བརྩེ་བའི་ཐུགས་རྗེའི་རྗེས་ཆགས་མཛོད༔ སྐྱ་རེངས་དང་པོ་ཤར་བའི་དུས་ཆེན་ལ༔ མ་སྲིང་རྒྱལ་བ་རྒྱ་མཚོའི་ནམ་ལངས་ཉེ༔ མཆོག་ཐུན་དངོས་གྲུབ་འབེབས་པའི་དུས་ལ་བབ༔ ཡེ་ཤེས་ལྷ་ཚོགས་སྲུང་མ་གཉན་པོ་རྣམས༔ དམ་ཚིག་གཞུང་བཞིན་བསྒྲུབ་པའི་རིག་འཛིན་ལ༔ དངོས་གྲུབ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རབ་འབྱམས་དང་༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་བརྗིད༔ སྙན་གྲགས་ཚེ་བསོད་དཔལ་འབྱོར་འདུ་བ་བཞི༔ མ་ལུས་ཐམས་ཅད་དེང་འདིར་བདག་ལ་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཚོགས་བསྐང་བྱ་བ་ནི༔ ཚོགས་ཀྱི་ཡོ་བྱད་ཚོགས་པར་བཤམས༔ བསང་ཆུ་གཏོར་ཞིང་བདུད་རྩིས་བྲན༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ བླ་མེད་མཆོད་པ་ཚོགས་ཀྱི་ལོངས་སྤྱོད་འདི༔ གཉིས་འཛིན་བྲལ་ཡང་རཾ་ཡཾ་ཁཾ་གིས་སྦྱངས༔ གདོད་ནས་དག་ཀྱང་བདུད་རྩིར་བྱིན་གྱིས་བརླབས༔ གཟུང་འཛིན་བྲལ་ཡང་ཨཱོཾ་ཨཱཿཧཱུྃ་གིས་སྤེལ༔ རཾ་ཡཾ་ཁཾ༔ ལན་གསུམ། ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི་ཕེཾ་ཕེཾ༔ ལན་གསུམ། ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐུ་གསུམ་བཀའ་བརྒྱུད་ཟབ་ལམ་གསང་བའི་ལྷ༔ རྩ་གསུམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྣམས༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ཡ་ལ་ལ༔ རིན་ཆེན་རྒྱན་ཆ་རུས་རྒྱན་ཁྲོ་ལོ་ལོ༔ དར་ཟབ་ལྷབ་ལྷུབ་ཅོད་པན་པུ་རུ་རུ༔ རཏྣ་གསེར་གྱི་གདུ་བུ་སི་ལི་ལི༔ དཔའ་བོ་དཔའ་མོས་གླུ་ལེན་གར་བྱེད་འཁྲབ༔ གིང་དང་ལང་ཀས་བཤུད་གླུ་ཀྱུ་རུ་རུ༔ རྔ་ཤང་རོལ་མོའི་སྒྲ་སྐད་དི་རི་རི༔ མ་ལུས་འཁོར་བཅས་ཚོགས་ཁང་གནས་འདིར་བསྐྱོད༔ འདོད་ཡོན་ལོངས་སྤྱོད་ཚོགས་འཁོར་རྒྱན་ལྡན་སྤྲོ༔ གསང་བའི་དཀྱིལ་འཁོར་སྒྲུབ་རྫས་མདངས་རེ་གསལ༔ མཆེད་ལྕམ་རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ ཚོགས་ཕུད་ནི༔ ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཐུགས་རྗེ་ཆེན་པོ་དབང་གི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན༔ འདུ་འབྲལ་མེད་པའི་ངང་དུ་བཞེས་སུ་གསོལ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྐང་བ་ནི༔ སྤོས་དང་མར་མེ་རོལ་མོ་སྣ་ཚོགས་ཐོགས་ཏེ་ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་ཐུགས་དམ་བསྐང་བ་འདི་སྐད་དོ༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་གཉན་པོ་འདིར༔ ཕྱི་ནང་གསང་བའི་དམ་རྫས་རི་ལྟར་སྤུངས༔ སྨན་རཀ་འདོད་ཡོན་ལོངས་སྤྱོད་མཚོ་ལྟར་བསྐྱིལ༔ གྷ་ནའི་ཞལ་ཟས་སྤྱན་གཟིགས་སྐར་ལྟར་བཀྲམ༔ སེམས་ཉིད་ཆོས་དབྱིངས་ནམ་མཁའ་མཐའ་དབུས་བྲལ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ རིགས་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ ཤར་ཕྱོགས་རི་བོ་ཏ་ལའི་གནས་མཆོག་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་དམ་བསྐང་༔ བསམ་ཡས་མཆིམས་ཕུ་རྫ་ཡི་དུར་ཁྲོད་ནས༔ སྐལ་ལྡན་བུད་མེད་གྲོགས་ལྔའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ སྐུ་གསུམ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་གཉན་པོ་ནས༔ ཡི་དམ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ བདེ་སྟོང་རང་བཞིན་དག་པ་ཆེན་པོ་ནས༔ གསང་ཡེ་དྷཱཀྐི་དམར་མོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ ཟབ་ལམ་གསང་འདུས་ཡབ་ཡུམ་ཐུགས་དམ་བསྐང་༔ ཧཱུྃ༔ ཤར་ཕྱོགས་ཞེ་སྡང་རྣམ་དག་གཞལ་ཡས་ནས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ཕྱོགས་ང་རྒྱལ་རྣམ་དག་གཞལ་ཡས་ནས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་ཕྱོགས་འདོད་ཆགས་རྣམ་དག་གཞལ་ཡས་ནས༔ སྣང་བ་མཐའ་ཡས་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཕྱོགས་ཕྲག་དོག་རྣམ་དག་གཞལ་ཡས་ནས༔ དོན་ཡོད་གྲུབ་པ་ཡབ་ཡུམ་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ དཔའ་བོ་ཡབ་ཡུམ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཕོ་བྲང་ཆེན་པོའི་བར་ཁྱམས་ཡངས་པ་ནས༔ དུས་གསུམ་སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ འགྲོ་མགོན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་གཞལ་ཡས་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་ཉན་སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ ཕྱི་རིམ་དུར་ཁྲོད་ཆེན་པོ་གནས་བརྒྱད་ནས༔ ཞིང་སྐྱོང་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་༔ རང་བཞིན་གདོད་ནས་དག་པའི་གཞལ་ཡས་ནས༔ འཁོར་འདས་གཉིས་མེད་ཡོངས་གྲོལ་ཐུགས་དམ་བསྐང་༔ ཕྱི་སྣོད་ནང་བཅུད་ཀ་དག་ཆོས་དབྱིངས་ནས༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ མ་རིག་གཉིས་འཛིན་རང་གྲོལ་གཞལ་ཡས་ནས༔ ལན་ཆགས་གདོན་བགེགས་འབྱུང་པོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཤགས་པ་ནི༔ ཧཱུྃ༔ མ་རིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་རྣམས༔ ཡེ་ཤེས་ལྷ་ཚོགས་སྲུང་མའི་སྤྱན་སྔ་རུ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ ཉམས་ཆག་སྐོངས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་དང་། གཞན་ཡང་། ཀྱེ་མ་ཀྱེ་མ་ཡི་དམ་དཀྱིལ་འཁོར་ལྷ༔ ཟབ་ལམ་གསང་བའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་ནས་ད་བར་དུ༔ ལམ་ལོག་ལམ་ནོར་སྲིད་པ་འདིར་འཁྱམས་ཏེ༔ མ་རིག་རང་བྱས་ལས་ཀྱིས་རང་ཉིད་མནར༔ ཡི་ཆད་བདག་ལ་ཐུགས་རྗེས་ད་གཟིགས་ཤིག༔ ལས་ཀྱི་འཕྲོ་ཆད་སྐྱབས་དང་མགོན་མེད་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ གྲངས་མེད་བསྐལ་པའི་དུས་ནས་ད་བར་དུ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་དང་༔ ཉེས་བྱས་འགལ་འཁྲུལ་མི་དགེ་ཅི་བགྱིས་པ༔ ཚོར་དང་མ་ཚོར་མ་རིག་རྐྱེན་དབང་གིས༔ ལས་ཉོན་རྣམ་སྨིན་བག་ཆགས་རྒྱུ་བསགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བརྗོད། ཡི་གེ་བརྒྱ་པས་ཁ་བསྐང་ཞིང་༔ མི་རྟོག་ཏིང་འཛིན་ངང་ལ་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚོགས་ཐ་མ་ནི༔ ཧཱུྃ༔ ཟ་གསོད་རྔམ་པའི་ཕོ་ཉ་ལས་བྱེད་ཚོགས༔ ཆོས་དབྱིངས་ངང་ནས་སྤྲུལ་པའི་འཁོར་ལོས་སྒྱུར༔ གཏུམ་དྲག་རྔམ་བརྗིད་འབར་ཁྲོས་དགྲ་བགེགས་འཇོམས༔ དགྲ་བགེགས་འབྱུང་པོ་ཐལ་བ་རྡུལ་དུ་རློགས༔ ནྲི་ཏྲི་དགྲ་བགེགས་འབྱུང་པོ་ཧ་ན་ཧ་ན་གྷརྫ་གྷརྫ་བྷནྡྷ་བྷནྡྷ་མཱ་ར་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ མ་རིག་གཉིས་འཛིན་བསྒྲལ་བའི་ཤ་ཁྲག་རུས༔ འཁོར་འདས་མཉམ་ཉིད་རང་གྲོལ་མཆོད་པ་འདི༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ཕོ་ཉ་བ༔ ལས་བྱེད་དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་ཁོར་ཡུག་ནས༔ ལས་བྱེད་ཤ་ཟ་མ་སྲིང་བྲན་གཡོག་འབུམ༔ ཞིང་སྐྱོང་དཔའ་བོ་དཔའ་མོ་དུར་ཁྲོད་བདག༔ མཁའ་ལ་རྒྱུ་ཞིང་རྣལ་འབྱོར་ཚོགས་ཁང་འགྲིམ༔ འདིར་གཤེགས་ཚོགས་ལྷག་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ལས་སྒྲུབས་བཀའ་དང་བསྟན་པ་སྲུངས༔ སརྦ་དྷཱཀྐ་དྷཱཀྐི་ནིཿགྷྲི་ཧ་ན་ཨེ་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ ཆད་མདོ་བྱ་བ་ནི༔ གཏོར་མར་སྨན་རཀ་སྦྲེང་ལ་འདི་སྐད་དོ༔ ཧཱུྃ༔ དམ་ལ་བཏགས་པའི་ལྷ་སྲིན་སྡེ་བརྒྱད་འབུམ༔ བཀའ་ཉན་ལས་བྱེད་བྲན་གཡོག་འཁོར་དང་བཅས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བཅས་ལྟར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་གནོད་བྱེད་གདོན་གྱི་ཚོགས༔ ཟ་འདྲེ་ཕུང་སྲི་རྨི་ལྟས་མཚན་མ་ངན༔ ཆག་ཆེ་ཉམ་ང་མཐའ་ཡི་དམག་དཔུང་བཟློག༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ དགུང་སྔོན་མཐོན་པོ་གངས་རི་གཡའ་སྤང་ནགས༔ གངས་ཅན་མཐའ་དབུས་ཀུན་ལ་གནས་པ་ཡི༔ བསྟན་མ་ཆེན་མོ་བྲན་གཡོག་སྨན་མོ་འབུམ༔ སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་དང་༔ སློབ་མ་རྗེ་འབངས་བུད་མེད་གྲོགས་ལྔ་ཡིས༔ མཆིམས་ཕུའི་དུར་ཁྲོད་དཔལ་གྱི་དཀྱིལ་འཁོར་སྟེང་༔ བཀའ་བསྒོས་བྲོ་བོར་གཉེར་གཏད་ལུང་ཡང་བསྟན༔ འཇིག་རྟེན་མ་འདས་བར་དུ་དམ་བཅས་བཞིན༔ གཏོར་མ་བཞེས་ལ་དམ་བཞིན་བསྟན་པ་སྐྱོང་༔ མ་མ་ཏང་ཏང་ཏིང་ཏིང་ཨེ་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་བྲོ་བརྡུང་ནི༔ ཧཱུྃ༔ རིགས་འདུས་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཆོས་ཀྱི་དབྱིངས་ནས་གང་འདུལ་སྐུར་བཞེངས་ཏེ། །དབང་ཆེན་རོལ་བའི་བརྟུལ་ཞུགས་བྲོ་བརྡུང་ནས། །སྒྲུབ་ལ་འཚེ་བྱེད་སྒབ་འདྲེ་རྡུལ་དུ་རློགས། །དམ་སྲི་སརྦ་སྟཱམ་བྷ་ཡ་ནན། ཞེས་པ་འདི་ཡང་པདྨའི་མིང་ཅན་གྱིས་བྲིས་པའོ། །དེ་ནས་གཏང་རག་གི་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ཡིག་བརྒྱ་བཟླ། གཤེགས་གསོལ་རྫོགས་རིམ་ནི། ཧཱུྃ༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པའི༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གཤེགས་མཆན་གཤེགས་གསོལ་མི་བྱེད་དུས་སུ་ཚིག་གཅིག་འདི་བཞག་གོ། བཞུད་མེད་ཀྱང་ཆོས་ཀྱི་དབྱིངས་སུ་མུ༔ བསྐྱེད་རྫོགས་མེད་ཀྱང་ཐིག་ལེ་ནཱ་དར་ཡལ༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ ཨཱ་ཨཱ༔ བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བསྐྱེད་རྫོགས་ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ སྒོམ་སྒྲུབ་མན་ངག་ཟབ་མོ་སྤྱོད་པའི་མཐུས༔ བདག་སོགས་ཕ་མ་རིགས་དྲུག་འགྲོ་བ་རྣམས༔ ཆོས་དབྱིངས་ཀློང་དུ་མངོན་པར་འཚང་རྒྱ་ཞིང་༔ གང་འདུལ་སྤྲུལ་པས་འགྲོ་རྣམས་སྒྲོལ་བར་ཤོག༔ བཀྲ་ཤིས་ནི། ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་རྒྱལ་བ་འོད་དཔག་མེད༔ སྣང་སྲིད་འཁོར་འདས་ཡོངས་གྲོལ་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་སྤྱན་རས་གཟིགས༔ ས་ལམ་ཡོན་ཏན་མཐར་ཕྱིན་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ འགྲོ་དྲུག་འཁོར་བ་དོང་སྤྲུག་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་སྐལ་ལྡན་བུད་མེད་ལྔ༔ བདེ་སྟོང་དགའ་བཞི་མཐར་ཕྱིན་བཀྲ་ཤིས་ཤོག༔ རྩ་གསུམ་བཀྲ་ཤིས་ཟབ་ལམ་དཀྱིལ་འཁོར་ལྷ༔ མཆོག་ཐུན་དངོས་གྲུབ་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་བཀྲ་ཤིས་ཀྱི་རིམ་པ་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་ཕྱོགས་ཀུན་ཏུ་ཕབ་པར་བྱའོ། །བླ་མེད་རྒྱུད་སྡེའི་དགོངས་བཅུད་ཟབ་པའི་ལམ། །པད་འབྱུང་ཐུགས་ཐིག་མན་ངག་སྙིང་པོའི་ཆོས། །འཆི་མེད་བདེ་ཆེན་མཆོག་ཏུ་སྦྱིན་འགྱུར་འདིས། །མ་ལུས་འགྲོ་བའི་སྐྱབས་མགོན་བྱེད་པར་ཤོག །དེ་ལྟར་ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་ཞེས་བྱ་བ་ལག་ལེན་གབ་འཁྲུག་མེད་པར་བསྒྲིིགས་པ་འདི་ནི། གཏེར་ཆེན་འགྲོ་འདུལ་གླིང་པ་ཉིད་ཀྱི་ཕྱག་བཞེས་མ་ནོར་བ། དྲིན་ཅན་བླ་མ་དམ་པའི་ཞལ་རྒྱུན་དང་ཕྱག་བཞེས་མཐོང་རྒྱུད་ལྟར་ཁམས་སྟོད་ཀྱི་བནྡྷེ་རྣམ་རྒྱལ་མིང་གིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། བརྩེ་ཆེན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གར། །འགྲོ་དྲུག་ཡོངས་ཀྱི་འདྲེན་མཆོག་པད་དཀར་འཆང་། །ཐུགས་རྗེའི་རྗེས་འཛིན་ཟབ་ལམ་དབང་མཛད་ལྷར། །རྣམ་རོལ་སྒྱུ་དྲར་ཡོངས་བཞེངས་སྒྲུབ་པའི་ཐབས། །རྗེ་དབོན་རྡོ་རྗེ་འཆང་གི་ལྗགས་བསྒྲིགས་གང་། །མི་འགྱུར་ཕན་དང་བདེ་བའི་རྒྱ་མཚོ་ཆེའི། །ཐུགས་བསྐྱེད་ཚོགས་གཉིས་ཆུ་གཏེར་བསྲུབ་པ་ལས། །ཉེ་བར་ཐོན་པའི་གཅིག་ལས་གྲངས་མེད་དུ། །འཆར་པའི་ཕྱི་མོ་རྣམ་དཔྱོད་རྟ་བདུན་ཁྲིར། །འཇོ་སྒེག་འོད་སྟོང་འཆར་བའི་པར་ཡིག་དཔྱད། །བསྒྲུབ་པའི་དགེ་བས་རྒྱལ་བསྟན་འདབ་སྟོང་རྒྱས། །འགྲོ་སྒྲིབ་མུན་གཞིལ་ཐར་ལམ་སྣང་གྱུར་ཅིག །ཅེས་ཟབ་ལམ་ཐུགས་རྗེ་ཆེན་པོའི་ལས་བྱང་ཆོག་ཁྲིགས་ཀྱི་པར་ཤིང་ཕག་ལོར་ཤར་སྟག་མོ་སྒང་དུ་བསྒྲུབ་པའི་སྨོན་ཚིག་བྱང་བུ་ཉུང་ངུ་བཀའ་འབངས་ཐ་ཤལ་བ་རིག་འཛིན་མིང་གིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཟུར་གསལ་ཁ་སྐོང་དང་བཅས་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཟུར་གསལ་ཁ་སྐོང་དང་བཅས་པ་བཞུགས་སོ༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡིས༔ གཤིན་པོ་རྗེས་སུ་འཛིན་པའི་ཐབས༔ རིགས་དྲུག་གནས་བསྒྲལ་ཆོ་ག་ཞིག༔ ཤོག་སེར་ལོགས་ལ་ཟིན་བྲིས་འདེབས༔ མ་འོངས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་སྒོ་ནས་གཤིན་པོ་གནས་དྲུག་བསྒྲལ་བའི་ཆོ་ག་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི༔ འཕྲིན་ལས་གཞུང་བསྲང་༔ བསྙེན་པ་བརྒྱ་སྟོང་གིས་ཁ་གསོ༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་ལམ་གྱིས་བསྒོམ་པའི་མདུན་དུ་དམིགས་བྱའི་གཟུགས་བརྙན་ཤོག་བུ་གྲོ་ག་དར་སོགས་ལ་སྐྱེ་མཆེད་དོད་པར་བྲིས་པ་དེ༔ སྐད་ཅིག་གིས་གཤིན་པོ་དངོས་སུ་བསམས་ཤིང་༔ སྙིང་གའི་ཡི་གེ་ནྲི་སེམས་ཀྱི་རྟེན༔ མིང་བྲིས་པ་ངག་གི་རྟེན༔ མེ་ལོང་དང་སྙིང་ནོར་བཞག་པ་སེམས་ཀྱི་རྟེན༔ འདོད་ཡོན་གྱི་དར་ཟབ་གོས་ཕྲུག་བཟའ་བཏུང་རྣམས་བཀྲམ་པ་སྒོ་གསུམ་དབྱེར་མེད་ཀྱི་རྟེན་དུ་བསམས་ལ༔ ལྕགས་ཀྱུའི་ཕྱག་རྒྱ་བྱ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་བདེན་སྟོབས་བརྗོད་པས༔ ཚེ་འདས་སྲིད་པ་གསུམ་ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་བཀུག་སྟེ༔ མདུན་གྱི་གཟུགས་ལ་གཉིས་སུ་མེད་པར་བསམས་ཤིང་༔ ཛཿཧཱུྃ་བཾ་ཧོའི་སྔགས་ཀྱིས་བསྟིམ༔ ངག་ནས་ཀྱང་འདི་ལྟར་བརྗོད་དོ༔ ༈བྱང་ཆོག་གི་མཚམས་སྦྱོར་བཞུགས་སོ། །ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། བཅོམ་ལྡན་འདས་ཟབ་ལམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་འཁོར་དང་བཅས་པའི་བཀའི་བདེན་པ་དང་བདེན་པ་ཆེན་པོའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་འདས་མ་འདི་རྣམས་སྲིད་པ་གསུམ་ལམ་རྒྱུད་ལྔ། འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ཞིག་གིས་མདུན་གྱི་མིང་བྱང་འདི་ལ་གཉིས་སུ་མེད་པར་མཆིས་པར་གྱུར། ཛ་ཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་བརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་བསྟིམ། ཧཱུྃ༔ ང་ནི་བྱམས་མགོན་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་ཐུགས་ཀ་ནས༔ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོས༔ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔ༔ རིགས་དྲུག་འཁོར་བ་གར་གནས་ཀྱང་༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ཅེས་བརྗོད་བསྐྱེད་རིམ་གསལ་ཞིང་༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་རང་ཤར་བའི༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ བྱང་ཆུབ་མཆོག་གི་ལྷ་ཆེན་པོ༔ ཉོན་མོངས་བདུད་སྡེ་འདུལ་བའི་སྐུ༔ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིས༔ ཐར་པའི་ལམ་ལ་འཚེ་བྱེད་བདུད༔ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགས༔ ཞེས་བརྗོད་ཧྱ་གྷྲཱི་ཝའི་སྔགས་དང་སུམ་བྷ་ནིས་བསྐྲད༔ གུ་གུལ་བདུག༔ ཡུངས་དཀར་གྱིས་བྲབ་བོ༔ དེ་ནས་བསྐྱེད་རིམ་གསལ་ལ་སྙིང་རྗེ་དྲག་པོ་བསྐྱེད་ཅིང་༔ ཚེ་འདས་ལ་ངོ་སྤྲོད་གདབ་པ་ནི༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ གདོད་ནས་དག་པའི་རང་སེམས་འདི༔ ཐུགས་རྗེ་ཆེན་པོར་མ་རྟོགས་ཤིང་༔ རིགས་དྲུག་འཁོར་བ་འདིར་འཁྱམས་ཏེ༔ ལས་དྲུག་སྡུག་བསྔལ་དུཿཁ་རྒྱུད༔ དལ་འབྱོར་མི་ཡི་ལུས་རྙེད་ཀྱང་༔ མི་ཚེ་སྟོང་ཟད་དགེ་མ་བསྒྲུབས༔ འཆི་བ་འོང་སྙམ་མེད་ན་ཡང་༔ གཤིན་རྗེའི་ཞགས་པས་དེ་རིང་ཟིན༔ བསགས་པ་ཐམས་ཅད་ཤུལ་དུ་བཞག༔ རྣམ་སྨིན་ཐམས་ཅད་རང་དང་འགྲོག༔ གཉེན་བཤེས་ནོར་རྫས་ཀུན་དང་བྲལ༔ གཅིག་པུར་དངངས་སྐྲག་བར་དོར་འཁྱམ༔ རྒྱུ་དྲུག་འཁྲུལ་སྣང་རླུང་གིས་སྤྱོད༔ ཀྱེ་མ་འདུས་བྱས་མི་རྟག་ཆོས༔ འཁོར་བ་གང་དུའང་བདེ་མེད་པས༔ མ་ཆགས་ཐུགས་རྗེ་ཆེན་པོ་སྒོམས༔ མ་འཁྲུལ་བླ་མའི་གདམས་པ་ཉོན༔ མ་ཡེངས་ལུས་ངག་རྣལ་དུ་ཕོབ༔ དྲི་གོས་མཚན་བྱང་གཟུགས་ཀྱི་རྟེན༔ མིང་ཡིག་བྱང་བུ་ངག་གི་རྟེན༔ མེ་ལོང་གསལ་བ་ཡིད་ཀྱི་རྟེན༔ མཁོ་དགུའི་ལོངས་སྤྱོད་གཅལ་དུ་བཀྲམ༔ བཟའ་བཏུང་འདོད་ཡོན་མཚོ་ལྟར་སྐྱིལ༔ ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས༔ བླ་རྟེན་འདི་ལ་གནས་ཆོས་ཤིག༔ ཅེས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བྱང་བུ་དམྱལ་བའི་ས་བོན་ཚོམ་བུའི་དབུས་སུ་བཞག་ཅིང་༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་དམྱལ་བའི་ཡུལ༔ ས་འདི་བཙོ་སྲེག་ན་རཀ་གྲོང་༔ གླིང་འདི་ཚ་གྲང་དམྱལ་བའི་གླིང་༔ ཞེ་སྡང་ལས་ཀྱི་རྒྱུ་ལས་བྱུང་༔ ཞེ་སྡང་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཆོས་ཀྱི་རྒྱལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ དམྱལ་བའི་སྟོན་པ་དམྱལ་བའི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ སྨུག་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ ཚ་གྲང་སྡུག་བསྔལ་ཀུན་ལས་སྒྲོལ༔ དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་ཨ་ཧཱུྃ་ཧྲཱི་ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ན་ར་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་དམྱལ་བའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་ཚ་གྲང་དམྱལ་བའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ཞེ་སྡང་ལས་འདི་མ་རིག་དུག༔ ཞེ་སྡང་དུག་གི་ཕ་ཡང་ས༔ ཞེ་སྡང་དུག་གི་མ་ཡང་ས༔ ཞེ་སྡང་དུག་འདི་ས་ལ་ཐིམས༔ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཞེ་སྡང་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདེན་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་ཞེ་སྡང་གི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་འབྱུང་བ་ཆེན་པོ་སའི་ཀློང་དུ་ཐིམ་པར་གྱུར་ཅིག །ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བཟོད་པའི་ཆུ༔ ཁོང་ཁྲོའི་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ བཟོད་པའི་ཆུ་ཡིས་ལེགས་བཀྲུས་པས༔ ཁོང་ཁྲོའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་བཟོད་པའི་ཏིང་ངེ་འཛིན་གྱི་བདུད་རྩི་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་ཁོང་ཁྲོའི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ གཏོར་མ་ཆ་དྲུག་གི་གོང་མ་རང་གཞུང་ལྟར་བྱིན་གྱིས་བརླབས། འོག་མ་དྲུག་གི་སྐབས་སུ་རིན་པོ་ཆེའི་སྣོད་ཀྱི་ནང་དུ། བགེགས་ཀྱི་གཏོར་མ་ཞེས་པའི་སྐབས་སུ། འདོད་ཡོན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར། ཅེས་བརྗོད་ཅིང་གཏོར་མ་རེ་ལ་ན་མཿསརྦའི་སྔགས་གསུམ་གསུམ་གྱི་བྱིན་གྱིས་བརླབས་ཤིང་རང་གཞུང་ལྟར་བསྔོ་བར་བྱའོ། ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཞེ་སྡང་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཞེ་སྡང་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མིང་བྱང་ཡི་དྭགས་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་ཡི་དྭགས་ཡུལ༔ ས་འདི་པྲེ་ཏ་ཡི་དྭགས་གྲོང་༔ གླིང་འདི་བཀྲེས་སྐོམ་ཡི་དྭགས་གླིང་༔ འདོད་ཆགས་ལས་ཀྱི་རྒྱུ་ལས་བྱུང་༔ འདོད་ཆགས་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ཡི་དྭགས་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་སྐུར་ཏེ༔ ཧཱུྃ༔ ཡི་དྭགས་སྟོན་པ་ཡི་དྭགས་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ དམར་སྐྱ་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བཀྲེས་སྐོམ་སྡུག་བསྔལ་ཀུན་ལས་སྒྲོལ༔ ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས༴སརྦ་པྲེ་ཏ་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ཡི་དྭགས་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་བཀྲེས་སྐོམ་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ འདོད་ཆགས་ལས་འདི་མ་རིག་དུག༔ འདོད་ཆགས་དུག་གི་ཕ་ཡང་ས༔ འདོད་ཆགས་དུག་གི་མ་ཡང་ས༔ འདོད་ཆགས་དུག་འདི་ས་ལ་ཐིམ༔ འདོད་ཆགས་རྡོ་རྗེས་འདོད་ཆགས་འཇོམས༔ འདོད་ཆགས་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་འདོད་ཆགས་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདེན་པས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ། ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་འབྱུང་བ་ཆེན་པོ་སའི་ཀློང་དུ་ཐིམ་པར་གྱུར་ཅིག༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་སྦྱིན་པའི་ཆུ༔ སེར་སྣའི་སྡིག་སྒྲིབ་སྦྱང་བའི་ཕྱིར༔ སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་པས༔ སེར་སྣའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས༴སརྦ་པྲེ་ཏ་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་སྦྱིན་པའི་ཏིང་ངེ་འཛིན་གྱི་བདུད་རྩི་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ འདོད་ཆགས་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ བཅོམ་ལྡ་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་འདོད་ཆགས་ཀྱི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །སརྦ་པྲེ་ཏ་ཀ་གྷྲི་ཧ་ན་བྷ་ལིདྟེ་སྭཱ་ཧཱ༔ མིང་བྱང་དུད་འགྲོའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་དུད་འགྲོའི་ཡུལ༔ ས་འདི་ཏིརྱ་དུད་འགྲོའི་གྲོང་༔ གླིང་འདི་གཏི་མུག་དུད་འགྲོའི་གླིང་༔ གཏི་མུག་ལས་ཀྱི་རྒྱུ་ལས་བྱུང་༔ གཏི་མུག་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་དུད་འགྲོའི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་སྟེ༔ ཧཱུྃ༔ དུད་འགྲོའི་སྟོན་པ་དུད་འགྲོའི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ མཐིང་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ གླེན་ལྐུགས་སྡུག་བསྔལ་ཀུན་ལས་སྒྲོལ༔ དུད་འགྲོའི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས༴སརྦ་ཏིརྱ་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་དུད་འགྲོའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་གླེན་ལྐུགས་དུད་འགྲོའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག །ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ གཏི་མུག་ལས་འདི་མ་རིག་དུག༔ གཏི་མུག་དུག་གི་ཕ་ཡང་ས༔ གཏི་མུག་དུག་གི་མ་ཡང་ས༔ གཏི་མུག་དུག་འདི་ས་ལ་ཐིམ༔ གཏི་མུག་རྡོ་རྗེས་གཏི་མུག་འཇོམས༔ གཏི་མུག་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏིརྱ་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་གཏི་མུག་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདེན་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་གཏི་མུག་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་འབྱུང་བ་ཆེན་པོ་སའི་ཀློང་དུ་ཐིམ་པར་གྱུར་ཅིག༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་ཤེས་རབ་ཆུ༔ གཏི་མུག་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ ཤེས་རབ་ཆུ་ཡིས་ལེགས་བཀྲུས་པས༔ གཏི་མུག་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏིརྱ་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་བདུད་རྩི་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་གཏི་མུག་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ གཏི་མུག་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས༴སརྦ་ཏིར་ཡ་ཀ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་གཏི་མུག་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མིང་བྱང་ལྷ་མིན་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་ལྷ་མིན་ཡུལ༔ ས་འདི་གདུག་རྩུབ་ལྷ་མིན་གྲོང་༔ གླིང་འདི་འཐབ་རྩོད་ལྷ་མིན་གླིང་༔ ཕྲག་དོག་ལས་ཀྱི་རྒྱུ་ལས་བྱུང་༔ ཕྲག་དོག་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ལྷ་མིན་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ ལྷ་མིན་སྟོན་པ་ལྷ་མིན་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ ལྗང་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ འཐབ་རྩོད་སྡུག་བསྔལ་ཀུན་ལས་སྒྲོལ༔ ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས༴སུ་སརྦ་དུ་ལ་སརྦ་ཀརྨ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ལྷ་མིན་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་འཐབ་རྩོད་ལྷ་མིན་གྱི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག །ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ཕྲག་དོག་ལས་འདི་མ་རིག་དུག༔ ཕྲག་དོག་དུག་གི་ཕ་ཡང་ས༔ ཕྲག་དོག་དུག་གི་མ་ཡང་ས༔ ཕྲག་དོག་དུག་འདི་ས་ལ་ཐིམ༔ ཕྲག་དོག་རྡོ་རྗེས་ཕྲག་དོག་འཇོམས༔ ཕྲག་དོག་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ཕྲག་དོག་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདེན་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་ཕྲག་དོག་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་འབྱུང་བ་ཆེན་པོ་སའི་ཀློང་དུ་ཐིམ་པར་གྱུར་ཅིག །ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་ཚུལ་ཁྲིམས་ཆུ༔ ཕྲག་དོག་དྲི་མ་སྦྱོང་བའི་ཕྱིར༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས༔ འཆལ་བའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་གྱི་བདུད་རྩི་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་ཕྲག་དོག་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཕྲག་དོག་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་གྷྲི་ཧ་ན་བྷ་ལིང་ཏེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཕྲག་དོག་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མིང་བྱང་ལྷའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་ལྷ་ཡི་ཡུལ༔ ས་འདི་འདོད་ཁམས་འཁོར་བའི་གྲོང་༔ གླིང་འདི་འཆི་འཕོ་ལྟུང་བའི་གླིང་༔ ང་རྒྱལ་ལས་ཀྱི་རྒྱུ་ལས་བྱུང་༔ ང་རྒྱལ་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ལྷ་ཡི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ ལྷ་ཡི་སྟོན་པ་ལྷ་ཡི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ དཀར་སྐྱ་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ ཕམ་ལྟུང་སྡུག་བསྔལ་ཀུན་ལས་སྒྲོལ༔ ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ལྷའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་ཕམ་ལྟུང་ལྷའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག །ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ང་རྒྱལ་ལས་འདི་མ་རིག་དུག༔ ང་རྒྱལ་དུག་གི་ཕ་ཡང་ས༔ ང་རྒྱལ་དུག་གི་མ་ཡང་ས༔ ང་རྒྱལ་དུག་འདི་ས་ལ་ཐིམ༔ ང་རྒྱལ་རྡོ་རྗེས་ང་རྒྱལ་འཇོམས༔ ང་རྒྱལ་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ང་རྒྱལ་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདེན་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་ང་རྒྱལ་གྱི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་འབྱུང་བ་ཆེན་པོ་སའི་ཀློང་དུ་ཐིམ་པར་གྱུར་ཅིག །ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བསམ་གཏན་ཆུ༔ ང་རྒྱལ་དྲི་མ་སྦྱང་བའི་ཕྱིར༔ བསམ་གཏན་ཆུ་ཡིས་ལེགས་བཀྲུས་པས༔ རྣམ་གཡེང་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བདུད་རྩི་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་ང་རྒྱལ་གྱི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ང་རྒྱལ་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་གྷྲི་ཧ་ན་བྷ་ལིངྟ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ང་རྒྱལ་གྱི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མིང་བྱང་མིའི་ས་བོན་ཚོམ་བུའི་དཀྱིལ་དུ་བཀོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་མི་ཡི་ཡུལ༔ ས་འདི་བྲེལ་ཕོངས་མི་ཡི་གྲོང་༔ གླིང་འདི་ལྷོ་ཕྱོགས་འཛམ་བུའི་གླིང་༔ དུག་ལྔ་འདུས་པའི་རྒྱུ་ལས་བྱུང་༔ དུག་ལྔའི་སྡུག་བསྔལ་སྦྱང་བའི་ལྷ༔ བཅོམ་ལྡན་མི་ཡི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ མི་ཡི་སྟོན་པ་མི་ཡི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ གསེར་མདོག་ལྷུང་བཟེད་མཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བྲེལ་ཕོངས་སྡུག་བསྔལ་ཀུན་ལས་སྒྲོལ༔ མི་ཡི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཨ་ཝ་ར་ཎ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་མིའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་བྲེལ་ཕོངས་མིའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ དུག་ལྔའི་ལས་འདི་མ་རིག་དུག༔ དུག་ལྔའི་དུག་གི་ཕ་ཡང་ས༔ དུག་ལྔའི་དུག་གི་མ་ཡང་ས༔ དུག་ལྔའི་དུག་འདི་ས་ལ་ཐིམ༔ ཆོས་དབྱིངས་རྡོ་རྗེས་དུག་ལྔ་འཇོམས༔ དུག་ལྔའི་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ཆོས་དབྱིངས་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདེན་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་དུག་ལྔའི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་འབྱུང་བ་ཆེན་པོ་སའི་ཀློང་དུ་ཐིམ་པར་གྱུར་ཅིག །ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བརྩོན་འགྲུས་ཆུ༔ དུག་ལྔའི་སྡིག་སྒྲིབ་སྦྱང་བའི་ཕྱིར༔ བརྩོན་འགྲུས་ཆུ་ཡིས་ལེགས་བཀྲུས་པས༔ དུག་ལྔའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱི་བདུད་རྩི་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཉོན་མོངས་པ་དུག་ལྔའི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ དུག་ལྔའི་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་དུག་ལྔའི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དེ་ནས་ཉེ་དུའམ་ཚེ་འདས་ཀྱིས་རྗེས་ཟློས་བྱེད་པར་དམིགས་ལ༔ དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ཤར་སྒོ་ནས༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ཀྱང་བསྐྱེད་པར་བགྱིད༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཅི་མཆིས་འགྲོ་ལ་བསྔོ༔ ཀུན་ཀྱང་རྡོ་རྗེ་འཛིན་ཐོབ་ཤོག༔ ཧཱུྃ༔ བླ་མ་མགོན་པོ་འགྲོ་བའི་སྐྱབས༔ སྔོན་ཚེ་རྒྱལ་བའི་སྲས་རྣམས་ལ༔ མགོན་པོ་རྣམས་ཀྱིས་དབང་བསྐུར་ལྟར༔ དེང་འདིར་བདག་ལ་སྩལ་དུ་གསོལ༔ ཧོ་ཁྱོད་ཀྱི་འདྲེན་པ་ང་ཡིན་པས༔ ཚུར་ཤོག་དཀྱིལ་འཁོར་འདིར་ཞུགས་ཤིག༔ རིགས་བདག་ལྷ་ལ་མེ་ཏོག་དོར༔ སྐྱོབས་པའི་ལྷ་ལ་བབས་པར་ཤོག༔ པྲ་ཏི་གྷྲི་ཧ་ན་ཧོ༔ གསང་མཚན་སྦྱིན༔ ཧཱུྃ༔ ལྟོས་ཤིག་ཚེ་འདས་རིགས་ཀྱི་བུ༔ མ་རིག་སྒྲིབ་པ་ཐབས་ཀྱིས་བསལ༔ ཆོས་དབྱིངས་ཞིང་མཆོག་བདེ་བ་ཅན༔ མངོན་སུམ་དུས་གསུམ་རྟག་ཏུ་བཞུགས༔ ཐེ་ཚོམ་མེད་པར་དྭངས་བས་མཇོལ༔ སྭ་བྷཱ་ཝ་ཛྙཱ་ན་སིདྡྷི་སྟོམ༔ དབང་བསྐུར་བ་ནི༔ ཚེ་འདས་རིགས་ཀྱི་གཙོ་བོར་གྱུར༔ ཧཱུྃ༔ བུམ་པ་ཆོས་དབྱིངས་བདེ་བ་ཅན༔ ནང་ན་ཐུགས་རྗེ་ཆེན་པོ་བཞུགས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་འོད་དཔག་མེད་པའི་ངོ་བོ་སྙིང་པོའི་ཡི་གེ་ཐོགས་ཏེ༔ ཧཱུྃ༔ གསང་སྔགས་སྙིང་པོ་བླ་ན་མེད༔ འདོད་ཆགས་རྣམ་དག་སོར་རྟོག་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨཱོཾཿཔདྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་དབང་ནི༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་རིགས་ཀྱི་གཙོ༔ ཞེ་སྡང་རྣམ་དག་མེ་ལོང་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་འབྱུང་ངོ་བོ་རིན་ཆེན་ཟུར་བརྒྱད་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་རིགས་མཆོག་འདོད་འབྱུང་གནས༔ ང་རྒྱལ་རྣམ་དག་མཉམ་ཉིད་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྲུབ་ངོ་བོ་མར་མེ་ཐོགས་ལ༔ ཧཱུྃ༔ དོན་ཡོད་གྲུབ་པ་འཕྲིན་ལས་བདག༔ ཕྲག་དོག་རྣམ་དག་བྱ་གྲུབ་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་རྫས་བྱིན་གྱིས་བརླབས་པ་བཟའ་བཏུང་དུ་གཏད་དེ༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་འདི༔ ཞལ་ཟས་ཚོགས་ཀྱི་འཁོར་ལོ་སྟེ༔ རོ་མཆོག་བརྒྱ་ལྡན་ཏིང་འཛིན་ཟས༔ ལོངས་སྤྱོད་ནམ་མཁའ་མཛོད་གྱུར་ཏེ༔ ཁྱོད་ཀྱི་ཤེས་རྒྱུད་ཡོངས་ཚིམས་ནས༔ རོ་བརྒྱ་ལྡན་པའི་བཅུད་མྱོང་ཤོག༔ ཡོངས་སུ་འཕེལ་བའི་གཟུང་ནི༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲི་ཧ་ན་ཨི་དཾ་བྷ་ལིང་ཏེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་ཚོགས་ཀྱི་འཁོར་ལོ་བཟའ་བཏུང་གི་ལོངས་སྤྱོད་རོ་བརྒྱ་ལྡན་པ་འདི་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་ལ་བསྔོས་པས། མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། ཡིད་ཀྱི་ཡུལ་དུ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པའི་བདུད་རྩིའི་ཆར་ཆེན་པོ་བབས་པས་ཤེས་རྒྱུད་ཡོངས་སུ་ཚིམ་ཞིང་བར་དོ་ལ། བར་དོ་ཡིན་པར་ངོ་ཤེས་ཤིང་བླ་མའི་གདམས་ངག་དང་ཡི་དམ་གྱི་གསང་མཚན་དྲན་ནས་བར་དོའི་ཡིད་ལུས་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་འཚང་རྒྱ་བར་གྱུར་ཅིག༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཡོན་དབུལ་ཏེ༔ ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་དང་༔ སྤྱན་རས་གཟིགས་དབང་དཀྱིལ་འཁོར་གཙོ༔ སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་༔ རྩ་གསུམ་ཐུགས་རྗེའི་དཀྱིལ་འཁོར་ལྷ༔ ཚེ་འདས་སྒོ་གསུམ་ཡོན་དུ་འབུལ༔ དུག་གསུམ་ཆོས་དབྱིངས་ཀློང་དུ་སྦྱོར༔ སྐུ་གསུམ་མངོན་གྱུར་དངོས་གྲུབ་སྩོལ༔ ལམ་སྟོན་པ་ནི༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ ཚོགས་ལམ་བླ་མེད་དཀྱིལ་འཁོར་དུ༔ སྦྱོར་ལམ་བུ་ཁྱོད་སྨིན་བྱས་པས༔ མཐོང་ལམ་རང་རིག་སྐྱེ་མེད་འདི༔ སྒོམ་ལམ་སྐུ་གསུམ་ཞིང་ཁམས་སུ༔ མཐར་ཕྱིན་ཡེ་ཤེས་མངོན་རྫོགས་ཤོག༔ ཅེས་བརྗོད་ཅིང་ཚེ་འདས་ཀྱི་སེམས་དང་༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ཐུགས་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་དུ་ལམ་གྱིས་འདྲེས་པས༔ ཐུགས་རྗེ་ཆེན་པོའི་ཐུགས་དང་གཉིས་སུ་མེད་པར་སངས་རྒྱས་པར་བསམས་ཤིང་༔ མ་བཅོས་པའི་ངང་ནས་ཨཱ་ཨཱ༔ ཞེས་བརྗོད་མཉམ་ཉིད་དུ་ཐུན་གཅིག་བསྲེའོ༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེའི་རྣམ་པར་ཤེས་པ་ཨ་མཐིང་ཁ་ཞིག་ཏུ་གྱུར་ནས་ནམ་མཁའི་སྐར་མདའ་ཆད་པ་ལྟར་འཕོས་པས་རི་བོ་ཏ་ལའི་ཕོ་བྲང་དུ། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྣང་སྟོང་ཟུང་འཇུག་གི་དཀྱིལ་འཁོར་ལ་ཐིམ་པས་རྒྱལ་བའི་སྲས་སུ་སངས་རྒྱས་ནས་དོན་གཉིས་ཀྱི་དཔལ་དང་ལྡན་པར་གྱུར་ཅིག་ཕཊ། གསུམ། དེ་ནས་གཟུགས་ཕུང་གི་ངོ་བོ་མིང་བྱང་༔ ཞི་བའི་སྦྱིན་སྲེག་གྲུབ་ན་རབ༔ ཡང་ན་མར་མེ་དེ་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པར་བསམས་ཤིང་༔ རྣམ་སྨིན་སྡིག་སྒྲིབ་ཀྱི་ངོ་བོ་འབྱུང་འདུས་ཀྱི་ཕུང་པོ་དེ༔ ཡེ་ཤེས་ཀྱི་མེས་བསྲེགས་པས༔ མ་རིག་པས་རྒྱུ་བྱས་པའི་བག་ཆགས་ཐམས་ཅད་དྲུངས་ནས་ཕྱུང་པར་དམིགས་ཏེ༔ ཧཱུྃ༔ མ་རིག་རྒྱུ་ལས་བྱུང་བ་ཡི༔ དུག་ལྔ་འདུས་པའི་ཕུང་པོ་འདི༔ ཛྙཱ་ན་ཛྭ་ལ་རམ་གྱིས་བསྲེག༔ རྣམ་སྨིན་བག་ཆགས་ཀུན་བྱང་ནས༔ རང་བྱུང་རིག་པ་སངས་རྒྱས་ཤོག༔ ཅེས་བརྗོད༔ བླ་མ་ལ་འབུལ་བ༔ དགེ་འདུན་ལ་བསྙེན་བཀུར༔ སྔགས་པ་ལ་ཚོགས་འཁོར༔ སྐྱེ་བོ་ལ་གྲལ་སྟོན༔ ངན་ལོང་ལ་སྦྱིན་པ༔ བྱིས་པ་ལ་ཟན་འགྱེད་ལ་སོགས་པ་བརྩོན་པར་བྱའོ༔ བྱང་ཐལ་ལ་གཟུངས་སྔགས་ཕན་ཡོན་གང་ཆེ་བཏབ་ཅིང་ཆུ་བོ་ལ་སྐྱེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པའི་གཏེར་མའོ། །ཟུར་གསལ་གྱི་ཁ་བསྐང་དང་བཅས་པ་མངྒ་ལཾ། །

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་དབང་གི་ཆོ་ག་བཞུགས་སོ༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་དབང་ཆོག་ཅིག༔ རིག་འཛིན་པདྨ་བདག་གིས་བྲི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ཁྱད་པར་གསུམ༔ དངོས་གཞིའི་དབང་དོན་སྡོམ་པ་བཞི༔ རྗེས་ཆོག་ལས་རིམ་བདུན་དང་བཅས༔ སྐལ་ལྡན་འགྲོ་བའི་ཆོ་ག་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་མོང་དག་གི་ཆོ་ག་ནི༔ ས་ཆོག་དཀྱིལ་འཁོར་རང་གཞུང་བཞིན༔ དཀྱིལ་འཁོར་དབུས་སུ་ཁྲིའུ་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཁ་རྒྱན་གཟུངས་ཐག་དྲི་བཟང་ཆུས༔ བུམ་ཆ་བཀང་བ་འགོད་པར་བྱ༔ ལྷ་གྲངས་མཉམ་པའི་ཙཀླི་དང་༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་དང་༔ ཀ་ར་བུ་རམ་ཛ་གད་སྦྱར༔ ཐོད་པ་མཚན་ལྡན་ནང་དུ་བླུག༔ དར་དམར་ཁ་བཀབ་ནུབ་ཏུ་བཞག༔ དབང་གི་རིག་མ་སྟ་གོན་བྱ༔ རྡོ་རྗེ་སེམས་དཔའི་མེ་ལོང་གཅིག༔ དཀྱིལ་འཁོར་དེ་ཡི་ཤར་དུ་འགོད༔ ཚེ་བུམ་ཚེ་ཆང་ཚེ་རིལ་དང་༔ རྒྱན་ལྡན་དབང་གི་གཏོར་མ་རྣམས༔ ཕྱོགས་མཚམས་ཀུན་ཏུ་མཛེས་པར་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གནས་ཁང་རྙིང་པ་ས་ཆོག་བཏང་སྙོམས་སུ་བཞག །གསར་པ་གང་འགྲུབ་བྱ་ཞིང་རས་བྲིས་ལའང་ལས་དང་བྱ་བ་དོར་བ་མ་གཏོགས་ས་ཆོག་གཏོང་བར་བཤད་ཀྱང་། རེ་ཞིག་བཏང་སྙོམས་སུ་རས་བྲིས་སམ་ཚོམ་བུ་གང་རུང་ལ་དབང་རྫས་སྟ་གོན་གྱི་རྫས་རྣམས་དང་། དམ་ཆུ། མེ་ཏོག །ཅོད་པཎ། བུམ་དབང་ལ་རྣམ་རྒྱལ་བུམ་པ་དབུས༔ དེ་མདུན་མེ་ལོང་གཡའ་དག་ལ་གཙོ་བོའི་སྐུ༔ རིགས་བདག་སེམས་དཔའ་བཞི༔ སྒོ་མ་བཞི༔ གསང་དབང་ལ། ཆོས་སྨན་སྦྱར་བའི་ཐོད་ཆང་། མུ་ཏྲའི་ཙཀ་ལི་གཡས༔ ཤེར་དབང་ལ། མེ་ལོང་དྲི་མེད༔ ཤེལ་རྡོ་རྣམས་གཡོན། ཚོམ་བུ་ཚེ་རིལ་མདའ་དར་རྣམས་མདུན། དབང་གཏོར་རྒྱབ་མདུན་གང་དེར་བཞག །མཆོད་གཏོར་རྣམས་ཀྱང་ཚོགས་པར་བཤམས། ཆོས་སྤྱོད་གསོལ་འདེབས་དཀར་བགེགས་སོགས་རྒྱས་པར་བྱ་ཞིང་ལས་གཞུངས་བསྲང་། བསྙེན་པའི་སྐབས་སུ་བུམ་པ་སོགས་དབང་རྫས་རྣམས་སྒྲུབ་དམིགས་བྱེད་ནས་བཀའ་གཏེར་སྲུང་མཆོད་པ་ཚོགས་བསྐང་ལྷག་མ་བར་གཏོང་ལ༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་རིམ་པ་ནི༔ སློབ་དཔོན་དབང་གི་སྟ་གོན་ཏེ༔ ལས་བྱང་གཞུང་བསྲང་བདག་མདུན་བུམ༔ སྟོང་ཉིད་ངང་ལས་ལྷར་གསལ་ཞིང་༔ ཁྲི་སྟོང་བསྙེན་པའི་ཁ་གསོ་སྟེ༔ ཏིང་འཛིན་ངང་ནས་དབང་བཞི་བླངས༔ སློབ་མ་འཇུག་པའི་གསོལ་བ་གདབ༔ ཅེས་པའི་དོན། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམ་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡཱ་ཨོཾ༔ ཨཱཿབཛྲ་ས་མ་ཡཱ་ཨཱཿ ཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ སྭཱ་བཛྲ་ས་མ་ཡཱ་སྭཱ༔ ཧཱ་བཛྲ་ས་མ་ཡཱ་ཧཱ༔ ཞེས་མེ་ཏོག་ཕུལ་བས་བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡཱ་ཧཱུྃ༔ ཨོཾ་བཛྲ་ས་མ་ཡཱ་སྟྭཾ། ཨོཾ་བཛྲ་ས་མ་ཡཱ་ཧོ། ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ༔ དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བ་བཏུད་དེ། འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ སྐལ་ལྡན་སློབ་མ་གྲོལ་བའི་ལམ༔ སྨིན་བྱེད་དབང་གི་སྒོ་དབྱེ་འཚལ༔ གཙོ་བོའི་གནང་བ་ཐོབ་པར་བསམ༔ མཎྜལ་ཕུལ་ནས་དགེ་བ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྱད་པར་སྔོན་འགྲོ་ནི༔ སྣོད་ལྡན་སློབ་མ་ལག་གཡོན་ཐོགས༔ ཕོ་བྲང་ཤར་གྱི་སྒོ་དྲུང་ནས༔ སྒོ་བར་གསོལ་འདེབས་འདི་སྐད་བརྗོད༔ ཧཱུྃ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕོ་བྲང་གཉན་པོའི་སྒོ་བཞིའི་བདག༔ རྒྱལ་བའི་ཕྲིན་ལས་ཐུགས་རྗེའི་སྤྲུལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ དབང་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཞུས་སྒོ་བས་ནང་དུ་གཏོང་༔ ཁྲུས་ནས་ཕྱུང་ཞིང་གདོན་བགེགས་བསྐྲད༔ གུ་གུལ་བདུག་ཅིང་དྲག་སྔགས་བཟླས༔ དཀར་ནག་ཡུངས་ཐུན་སོགས་གྱིས་བྲབ༔ མཚམས་གཅོད་སྲུང་འཁོར་དྲག་ཏུ་བསྒོམ༔ མཎྜལ་འབུལ་ཞིང་ལག་གཡོན་ཐོགས༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཞེས་པས་བརྒྱུད་པའི་ལོ་རྒྱུས་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པས་སློབ་མ་རྣམས་བློ་བཅོས་དགོས་ལ༔ མཎྜལ་ཕུལ་མཛོད༔ ཅེས་བརྡ་སྤྲད་དེ༔ དེའང་ཁྱེད་རང་རྣམས་ཀྱིས་འཁོར་བའི་བདེ་འབྲས་དང་༔ ཉན་རང་གི་ཞི་བདེ་སོགས་དོན་དུ་གཉེར་བ་མ་ཡིན་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་བཅོས་མིན་གྱི་སྙིང་རྗེ་ཆེན་པོས་ཀུན་ནས་སླངས་ཏེ༔ སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་སྐུར་ཞུ་ཞིང་ལམ་ཟབ་མོ་ཉམས་སུ་ལེན་པར་བྱ་སྙམས་པས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ། བླ་མ་དང་དཀྱིལ་འཁོར་གཙོ་བོ་ཟབ་ལམ་དབང་གི་ལྷ་ཐུགས་རྗེ་ཆེན་པོ་དང་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་བཟློས་གྱིས། འཕགས་པ་ཐུགས་རྗེའི་དབང་ཕྱུག་ཆེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཟབ་ལམ་གསང་བའི་དབང་བསྐུར་རྣམས༔ བདག་ལ་ཐུགས་རྗེས་འཛིན་པར་ཞུ༔ ལན་དུ་བླ་མས་འདི་སྐད་བརྗོད༔ ཀྱེ་ཧོ་སྐལ་ལྡན་བུ་རྣམས་ཉོན༔ ཁྱེད་རྣམས་འཇུག་པ་སྤྲོ་ལགས་ན༔ དམ་ཚིག་རིམ་པ་བསྲུང་ནུས་སམ༔ བཀའ་བཞིན་རྗེས་སུ་སྒྲུབ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདི་སྐད་ཞུ༔ ཨེ་མ་བླ་མ་ཆོས་ཀྱི་རྗེ༔ གསང་བའི་དམ་ཚིག་བཀའ་བཞིན་བསྲུང་༔ སྲོག་ལ་བབ་ཀྱང་མི་གཏོང་ཞིང་༔ བསྙེན་ཅིང་སྒྲུབ་པ་དམ་བཅའོ༔ ཞེས་ཞུས་རྡོ་རྗེ་སློབ་དཔོན་གྱིས༔ གསོལ་བ་གདབ་བའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ༔ དཀྱིལ་འཁོར་གྱི་གཙོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས༔ དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་དམ་ཆོས་རིག་འཛིན་འཕགས་པའི་སྡེ༔ རྩ་གསུམ་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ལྷ༔ འགྲོ་བའི་དོན་ཏུ་གུས་པས་སྐྱབས་སུ་མཆི༔ དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ༔ མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པས། ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ༔ བདག་དང་འགྲོ་དྲུག་སྐྱེ་འགྲོ་མ་ལུས་པ༔ གཟུང་འཛིན་བག་ཆགས་དབང་གིས་འཁོར་བ་འཁྱམས༔ གཉིས་འཛིན་འཁྲུལ་པའི་སྒྲིབ་པ་སྦྱོང་བའི་ཕྱིར༔ ཟབ་ལམ་གསང་བའི་བསྐྱེད་རྫོགས་སྒྲུབ་པར་བགྱིད༔ དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་དང་། དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི། རང་བཞན་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཡན་ལག་བདུན་པ་ཚིག་ཕྱིར་སེམས་གཞོལ་བས་འདིའི་རྗེས་ཟློས་གྱིས། ཧཱུྃ༔ འཁོར་འདས་ཆོས་རྣམས་སྐུ་གསུམ་ཡེ་ཤེས་ཀློང་༔ ཀ་དག་བློ་འདས་ངང་ནས་ཕྱག་འཚལ་ཞིང་༔ རང་བྱུང་ཏིང་འཛིན་དགོངས་བརྒྱུད་དག་པས་མཆོད༔ ཆོས་ཉིད་སྤྲོས་བྲལ་འཛིན་པས་བཟུང་བ་བཤགས༔ ཡེ་དག་ཀློང་ཡངས་ཆེན་པོར་ཡི་རང་ངོ་༔ གཟུང་འཛིན་རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར༔ ཕྱམས་གཅིག་ཀུན་བཟང་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡང་དག་ཆེན་པོར་བསྔོ་བར་བྱ༔ འགྲོ་ཀུན་མ་བཅོས་དྲི་མེད་མངོན་གྱུར་ཤོག༔ རིགས་བརྟག་པའི་ཕྱིར། སོ་ཤིང་དྲི་བཟང་གི་ཤིང་ལ་སོར་བརྒྱད་པའམ་བཅུ་གཉིས་གང་རུང་ལ། མགོ་བོར་རྒྱ་མདུད། བར་དུ་ལྕུམ་གཞོག་ཕུར་རྩེ་ཕྲ་བར་བཟོས་པའི་རྩེ་མེ་ཏོག་གི་ཅོད་པཎ་བཏགས་པ་དང་། རིགས་སྔའི་ཕྱག་མཚན་བྲིས་པ་ཚོམ་བུར་བཀོད་པ་དང་༔ དུང་ཞལ་ནང་དུ་དྲི་བཟང་གི་ཆུས་བཀང་བའི་ཁྱོར་ཆུ་དང་། རྨི་ལམ་བརྟག་པར་བྱ་བའི་ཕྱིར། དཔུང་སྐུད་ཚོན་སྣ་ལྔ་པ་སུམ་སྒྲིལ་དུ་བྱས་པའི་འདོམ་གང་ངམ་ཁྲུ་གང་ཅི་རིགས་པར་རྡོ་རྗེའི་མདུད་པ་ཉེར་གཅིག་གམ་གསུམ་ལ་སོགས་པ་བརྒྱན་པ་ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་བཅས་ཉེར་བསྡོག་བྱས་ལ། སྭཱ་བྷཱ་ཝཱས་ལས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་དབུས་སུ་རྣམ་སྣང་། ཤར་དུ་མི་སྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་སྟེ་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་བཛྲ་ས་མ་ཡཱ་ཛ༔ ཛ༔ ཧཱུྃ་བཾཾ་ཧོ༔ གཉིས་སུ་མེད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། སོ་ཤིང་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་མཚན་ཉིད་ཚང་བ་མེ་ཏོག་གིས་བཅིངས་པ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་མཁའ་དབྱིངས་རྒྱས་བཟུང་ནས་སོ་ཤིང་གི་རྩེ་མོ་སོས་འཆའ་ཞིང་དྲུད་པ་ལྟར་བྱས་ཚེ་སྡིག་སྒྲིབ་ཐམས་ཅད་སྐྱུག་པར་མོས་ནས་མགོ་བོ་གྱེན་བསྟན་པར་བཟུང་སྟེ་ལྷ་ལ་དད་པའི་སེམས་ཀྱིས་དངོས་གྲུབ་ཀྱི་པྲ་རྟགས་གསལ་བར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་དོར་བར་མཛོད། མིག་དར་དམར་པོ་སློབ་དམར་བཅིངས༔ པྲ་བརྟག་ཚོམ་བུ་སོ་ཤིང་དོར༔ ཧཱུྃ༔ བྱང་ཆུབ་ཤིང་མཆོག་སོ་ཤིང་འདི༔ ལས་བཞི་ཕྲིན་ལས་རབ་འབྱམས་ལ༔ སྔོན་ལས་འབྲེལ་བ་གང་ཆེ་བའི༔ དཀྱིལ་འཁོར་ལྷ་ལ་བབས་པར་ཤོག༔ པྲ་ཏི་ཧ་ན་ཧོ༔ རྩ་བར་རང་བརྟན་སྐྱོར་བར་བྱ༔ ངན་ན་སྦྱིན་བསྲེག་བསྐང་བཤགས་འབུངས༔ ཕྱོགས་བཞི་ལས་བཞི་ཕྲིན་ལས་བཞི༔ གང་ལས་ཕོག་པའི་ཡི་དམ་ལྷ༔ བསྐྱེད་རྫོགས་བཟླས་ལུང་འབོག་པར་བྱ༔ དེ་ལྟར་སོ་ཤིང་གི་མགོ་བོར་མེ་ཏོག་བཅིངས་པ་དེ་ཉིད་གང་བབས་ངོས་བཟུང་ཞིང་༔ ཤར་དུ་བབས་ན་རྡོ་རྗེ་རིགས་ཀྱི་དངོས་གྲུབ་འཐོབ༔ ནད་གདོན་བར་ཆད་ཞི༔ ཕྱི་མ་མི་བསྐྱོད་པའི་ཞིང་དུ་གྲོལ༔ ལྷོར་བབས་ན་རིན་ཆེན་རིགས་ཀྱི་དངོས་གྲུབ་འཐོབ༔ ཚེ་དཔལ་འབྱོར་བ་རྒྱས༔ ཕྱི་མ་དཔལ་དང་ལྡན་པའི་ཞིང་དུ་སྐྱེ༔ ནུབ་ཏུ་བབས་ན་པདྨ་རིགས་ཀྱི་དངོས་གྲུབ་ཐོབ༔ ཁམས་གསུམ་དབང་དུ་འདུ༔ ཕྱི་མ་བདེ་བ་ཅན་དུ་སྐྱེ༔ བྱང་དུ་བབས་ན་ཀརྨ་རིགས་ཀྱི་དངོས་གྲུབ་འཐོབ༔ གདོན་བགེགས་འབྱུང་པོས་གླག་མི་རྙེད༔ ཕྱི་མ་ལས་རབ་རྫོགས་པར་སྐྱེ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་འཐོབ༔ སྡིག་པ་ཕྲན་ཚེགས་འདག༔ ཕྱི་མ་མཐོ་རིས་སུ་སྐྱེ༔ དབུས་སུ་བབས་ན་དེ་བཞིན་གཤེགས་པའི་དངོས་གྲུབ་འཐོབ༔ ཚེ་འདིར་མཆོག་ཐུན་གཉིས་འགྲུབ༔ ཕྱི་མ་འཕགས་པའི་ཞིང་མཆོག་ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་དུ་གྲོལ༔ ཕྱི་རོལ་ཏུ་ཡར་བ་དང་རྩ་བ་རང་ལ་བསྟན་ན་ལན་གསུམ་བསྐྱར༔ དེ་ལས་ལྡོག་ན་སྣོད་དང་མི་ལྡན་པའམ་སྐུ་རིམ་རྐྱེན་བཟློག་ལ་འབད་དགོས་པ་ལགས༔ དེ་ནས་སྡིག་པ་སྦྱང་ཕྱིར་རྡོར་སེམས་རིགས་ལྔའི་བསྒོམ་བཟླས་བྱེད་དགོས་ཏེ། གོང་དུ་སོ་ཤིང་དབུས་སུ་བབས་པ་རྣམས་ཀྱི་སྤྱི་བོར་སངས་རྒྱས་རྡོར་སེམས་མཐིང་ཀ །ཤར་དུ་བབས་པ་རྣམས་ལ་བཛྲ་རྡོར་སེམས་དཀར་པོ། ལྷོར་རཏྣ་རྡོར་སེམས་སེར་པོ། ནུབ་ཏུ་པདྨ་རྡོར་སེམས་དམར་པོ། བྱང་དུ་ཀརྨ་རྡོར་སེམས་ལྗང་གུ། མཚམས་བཞིར་བབས་པ་རྣམས་ཀྱང་ཕྱོགས་བཞིའི་རྡོར་སེམས་ཀྱི་བསྒོམ་བཟླས་དགོས་ལ། ཐམས་ཅད་ཀྱང་རང་རྟགས་ཀྱིས་མཚན་པའི་རྡོར་དྲིལ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་བརྒྱན་པ་པད་ཟླའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱི་བཞུགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཧཱུྃ་རང་མདོག་གི་མཐར་ཡིག་བརྒྱ་གཡས་སུ་འཁོར་བ་ལས། ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་འོ་མའི་མདོག་ལྟར་དཀར་བ་བབས་ཞབས་གཡས་པའི་མཐེ་བོང་ནས་བརྒྱུད་ཁྱེད་རང་རྣམ་པའི་སྤྱི་གཙུག་ནས་རིམ་པར་ལུས་ཐམས་ཅད་ཡོངས་སུ་གང་། ཚེ་རབས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦུར་མ་རླུང་གིས་བདས་པ་བཞིན་དུ་རྣག་ཁྲག་དུད་ཁུ་སྲོག་ཆགས་ཀྱི་རྣམ་པ་ཅན་འོག་སྒོ་གཉིས་དང་རྐང་མཐིལ་ནས་འཐོན། དབང་ཆེན་གསེར་གྱི་ས་གཞིར་ཐིམ་པའི་དམིགས་པ་དང་བཅས། རང་རང་གི་ཡིག་བརྒྱ་དང་ཉེ་སྙིང་ངམ་ཡང་ན་དཀྱུས་གཅིག་ཏུ་ཡི་གེ་བརྒྱ་པ་བཟླས་པ་གང་ལྕོགས་རེ་དོ་ནུབ་ཀྱི་སྐབས་སུ་མཛད་འཚལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ་སོགས༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ། དེ་ནས་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། ཨོཾ་བཛྲ་ས་ཏྭ་ཨཱ༔ ཞེས་བརྗོད་པས་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཆུས་རྡུལ་ཕྲ་རབ་ཏུ་ཞུ་བས་རྨི་ལམ་གསལ་བར་བྱེད་པའི་ནུས་པ་ལྡན་པར་གྱུར་པར་བསམས་ལ་འཁྱོར་བར་བླུག༔ ཨོཾ་སརྦ་ཤྭ་དྷ་ཡ་ཧཱུྃ་ཕཊ༔ ལན་གསུམ་འཐུང་སྟེ་ལྷག་མས་ཁ་ལག་བཀྲུ། དེ་ནས་དཔུང་སྐུད་གདགས་པ་ནི། བསངས་སྦྱངས་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་རྡོ་རྗེའི་མདུད་པ་དང་བཅས་་པ་བར་ཆད་སྲུང་བའི་ནུས་པ་ལྡན་པར་གྱུར། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་བཛྲ་ས་མ་ཡཱ་ཛ༔ ཛ༔ ཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། ཕོ་གཡས་མོ་གཡོན་དུ་དཔུང་པ་ལ༔ རྩ་སྔགས་བཏབ་པའི་དཔུང་སྐུད་དཀྲིས། ཧཱུྃ༔ འདི་ནི་བླ་མེད་སྲུང་བའི་མཆོག༔ རྡོ་རྗེའི་མདུད་པས་རྒྱས་བཏབ་པས༔ བུ་ཁྱོད་བྱང་ཆུབ་མ་ཐོབ་བར༔ བར་གཅོད་གཡུལ་ལས་རྒྱལ་བར་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བསྙེན་པར་རཀྵ་བཏགས་པ་བཟླ་བཞིན་དུ་སྐྱེས་བའི་དཔུང་པ་གཡས་དང་བུད་མེད་གཡོན་དུ་བཅིངས་ཚར་བ་དང་ལས་བུམ་གྱི་ཆུ་འཐོར་ཞིང་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ་བོ། །རྨི་ལམ་བརྟགས་པའི་ཕྱིར་དུ་ཀུ་ཤ་སྦྱིན་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཀུ་ཤ་རིང་པ་དང་དྷཱི་ལས་བྱུང་བའི་ཐུང་བ་གཉིས་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་ཤིང་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿ དྷཱི་ཧཱུྃ་སྭཱ་ཧཱ༔ ཀུ་ཤ་སྦྱིན་ཅིང་འདི་སྐད་དོ༔ ཧཱུྃ༔ འདི་ནི་བྱང་ཆུབ་མཆོག་གི་རྩྭ༔ ཁྱེད་ཀྱི་སྔས་དང་གདན་དུ་སྦྱིན༔ རྨི་ལམ་པྲ་བརྟགས་གང་བྱུང་བ༔ ནང་པར་བདག་ལ་ཚུལ་བཞིན་སྨྲོས༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་སྦྱིན་པར་བྱ༔ ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་དང་། ཆེ་བ་སྟན་གྱི་དོན་དུ་གཡོན་པར་སློབ་དཔོན་གྱིས་ལག་པ་བསྣོལ་སྟབས་ཀྱིས་སྦྱིན་ནོ། སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དག་ན་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་དག །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པ་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་ཨུ་དུམ་ཝ་རའི་མེ་ཏོག་དཀོན་པ་བཞིན་་དུ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀའ། བྱོན་ཀྱང་སྣོད་དུ་གྱུར་པ་དང་མ་གྱུར་པའི་དབང་གིས་ཆོས་གསུངས་པ་དཀོན་ལ། ཁྱད་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཟབ་ཆོས་ནི་ཆེས་དཀོན་ཏེ། གསང་བ་འདུས་པ་ལས། ཐུབ་པ་ཆེན་པོ་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་དུ་ཡང་མ་གསུངས་ལ། བྱམས་པ་ནས་མོས་པའི་བར་གྱིས་ཀྱང་མི་གསུང་ཞིང་། ཤཱཀྱ་ཐུབ་པ་འདི་ཁོ་ནའི་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པའོ། །ཞེས་འབྱུང་ཞིང་དཀོན་པ་ཙམ་དུ་རྡོ་རྗེ་ཐེག་པ་ནི་ཁྱད་པར་དུ་འཕགས་པས་ཕན་ཡོན་ཡང་ཤིན་ཏུ་ཆེ་བ་ཡིན་ལ། གླང་ཆེན་རྒྱུད་ལས། དཀྱིལ་འཁོར་ལྷ་ཚོགས་འདི་དག་གི། མཚན་ནས་ལན་གཅིག་ཐོས་པས་ཀྱང་། །མཚམས་མེད་ལྔ་ཡི་སྡིག་ཀྱང་འདག །ཅེས་གསུངས་ཤིང་མཚན་ཙམ་ཐོས་པས་ཀྱང་། སྡིག་སྒྲིབ་ཐམས་ཅད་སྒྲོན་མེ་བཏེགས་པས་མུན་པ་བསལ་བ་ལྟར་འགྱུར་ན། ལམ་འདིར་ཞུགས་པས་བྱང་ཆུབ་མངོན་དུ་འགྱུར་བ་ལྟ་ཅི་སྨོས། དེའི་ཕྱིར་ན་ཚེགས་མེད་པར་མྱུར་ལམ་བཟང་པོ་འདི་འདྲ་མཇལ་ཞིང་ཉམས་སུ་ལེན་རྒྱུ་ཡོད་པ་ནི་བསྐལ་པ་བཟང་སྙམ་པ་ཚིག་ཙམ་མ་ཡིན་པའི་དགའ་ཞིང་སྤྲོ་བའི་སེམས་ཀྱིས་སྐབས་སུ་བླ་མ་དཀྱིལ་འཁོར་གྱི་ཕྱོགས་སམ་ཡང་ན་མགོ་བྱང་དུ་གཏད་དེ་ཀུ་ཤ་ཆུང་བ་རྩེ་གཡས་སུ་བསྟན་པ་སྔས་དང་། ཆེ་བའི་རྩེ་སྔས་ཕྱོགས་སུ་བསྟན་པ་གདན་དུ་ཆུག་ལ་གློ་གཡས་ཕབ་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཞིག་དང་མཚན་ཐུན་བཞིར་བཅད་པའི་ཐ་མ་ལ་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་གང་བྱུང་དེ་ནང་པར་བདག་ལ་སྨྲ་བར་མཛོད། རྨི་ལམ་བཟང་ན་རིག་པར་དབྱེ༔ གཞུང་མཐུན་བཞིན་དུ་ཞལ་བཀོད་གདབ༔ ངན་ན་རིམ་གྲོ་དག་སོགས་སོ་སོར་ཞལ་བཀོད་གསལ་བར་འབྱིན༔ དེས་སྟ་གོན་གྱི་བྱ་བ་ཟིན་པ་ཡིན། དངོས་གཞི་དབང་བསྐུར་གྱི་ཆོ་ག་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་འཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིང་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་མིག་དར་བཅིངས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་ཏུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ཡང་རིགས་བརྟགས་པའི་ཕྱིར་མེ་ཏོག་དོར་བ་ནི། གཙོ་འཁོར་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མ་མཆིས་ནའང་། རང་རང་གི་ལས་ཀྱི་འབྲེལ་བ་གང་ཡོད་པའི་ལྷག་པའི་ལྷ་དེས་བདག་གི་རིག་པའ་ིམེ་ཏོག་འདི་བཞེས་སུ་གསོལ་སྙམ་དུ་དམོད་བོར་འདིའི་རྗེས་བཟློས་མཛོད། མེ་ཏོག་ཐོགས་ཏེ་འདི་སྐད་དོ༔ ཧཱུྃ༔ འདབ་ལྡན་ཡིད་འོང་རིན་ཆེན་རིགས༔ མེ་ཏོག་ཕྲེང་བའི་མཆོད་པ་འདི༔ ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ གང་ཡིན་དེ་ལ་བབས་པར་ཤོག༔ ཨོཾ་བཛྲ་པཱུཥྤེ་སིངྔྷི་ཧཱུྃ༔ ཕྱོགས་བཞིར་ལས་བཞི་དབུས་སུ་མཆོག༔ མཚམས་བཞིར་ཕྲན་ཚེགས་འགྲུབ་བོ་བརྗོད༔ གསང་མཚན་བཛྲ་རཏྣ་དང་༔ པདྨ་ཀརྨ་བུངྔྷ་སོགས༔ མེ་ཏོག་གང་ལ་ཕོག་པ་ཡི། མྱུ་གུ་རྩལ་ཞེས་བྱ་རེ་འདོགས༔ མོ་ལ་རྡོ་རྗེ་རིན་ཆེན་དང་༔ མེ་ཏོག་ཕྲེང་བ་རང་གྲོལ་ལ༔ དེ་ནས་ཅོད་པཎ་སྤྱི་བོར་བཏགས༔ ཧཱུྃ༔ ཅོད་པཎ་ལོངས་སྤྱོད་རྟགས་ཀྱི་རྒྱ༔ གསང་མཚན་རིགས་མཆོག་མྱུ་གུ་རྩལ༔ ཞིང་ཁམས་བདེ་ཆེན་ཆོས་དབྱིངས་ནས༔ མངོན་རྫོགས་སངས་རྒྱས་དབང་ཐོབ་ཤོག༔ དེ་ལྟར་མ་འོངས་པ་ན་གསང་མཚན་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་དང་འགྲོ་བའི་དོན་བྱེད་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་སོགས་བརྗོད༔ ཅེས་བརྗོད་ཐུར་མས་མིག་དབྱེ་ཞིང་༔ ཧཱུྃ༔ བྱང་ཆུབ་རིག་པའི་ཐུར་མ་འདིས༔ ཁྱེད་ཀྱི་མ་རིག་གཏི་མུག་མིག༔ བདག་གི་མིག་དབྱེ་ཡེ་ཤེས་སྦྱིན༔ ཡེ་ཤེས་ལྔ་ཡི་སྤྱན་ལྡན་ཤོག༔ ཙཀྵུ་ཛྙཱ་ན་བཛྲ་ཧཱུྃ༔ དེ་ལྟར་མ་རིག་པའི་ལིང་ཏོག་མིག་དར་གྱིས་མཚོན་པ་དེ་ཉིད་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གནང་ནས། འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡ་སྤྲད་པ་ལ་བརྟེན་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཟབ་ལམ་གསང་བའི་ལྷ་མཆོག་ཐུགས་རྗེ་ཆེན་པོའི་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་དང་༔ དེ་དག་ཀྱང་ཕྱི་རོལ་ནས་གཞན་ཞིག་བཙལ་དུ་ཡོད་པ་མ་ཡིན་ཅིང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ནས་བུ་ལ་བསྐྱེད་རིམ་ཕོག༔ ཡེ་ཤེས་སེམས་དཔའ་དབབ་ཅིང་བསྟིམ༔ རོལ་མོའི་འཁྲོལ་ཞིང་དྲི་བཟང་བདུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་ཕྱིར་དམ་ལ་བཞག་པ་ནི༔ དམ་ཚིག་ཆུ་སྦྱིན་འདི་སྐད་དོ༔ ཧཱུྃ༔ འདི་ནི་དམ་ཚིག་ཡེ་ཤེས་ཆུ༔ བསྲུང་ན་ལྷ་དང་གཉིས་སུ་མེད༔ ཉམས་ན་དམྱལ་བར་ལྟུང་བའི་རྒྱུ༔ སྐལ་ལྡན་བུ་རྣམས་དམ་ཆུ་ལོངས༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཧོ་དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱེད་ཀྱིས་འདའ་བར་མི་རུང་ངོ་༔ ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞག༔ དེ་ལྟར་དམ་ཚིག་གི་ཆུ་སྦྱིན་པ་འདིས་ནི་བཞག་པ་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་གི་དཀྱིལ་དུ་བབས་སྟེ་དམ་ཚིག་ལས་འགལ་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་པས་མཐོང་ཆོས་སུའང་ཚེ་ཐུང་ནད་མང་བ། ཕྱི་མ་རྡོ་རྗེའི་དམྱལ་བར་ལྟུང་ཞིང་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར་ལ། དམ་ཚིག་སྲུང་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་གྱུར་ནས་བསྲུང་སྐྱོབ་དང་རྟག་ཏུ་བྱིན་གྱིས་རློབ་ཅིང་། འདི་ཕྱིའི་ཕན་བདེ་མ་ལུས་མྱུར་དུ་སྟེར་ནས་དངོས་གྲུབ་མཆོག་འགྲུབ་པར་འགྱུར་བས་དམ་ཚིག་ལ་ཚུལ་བཞིན་གཅེས་སྤྲས་སུ་མཛད་འཚལ། ཡེ་ཤེས་པ་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས༔ ལས་བུམ་ཁ་རྒྱན་གྱིས་ཆུ་གཏོར། ཁྱེད་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱི༔ དམར་པོ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཟབ་ལམ་གསང་བའི་ལྷ་མཆོག་འགྲོ་བའི་མགོན་པོ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་གཞོན་ནུའི་ཟེར་གྱིས་འཁྱུད་པ་ལྟ་བུ་དམར་གསལ་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་སྐུ་ཅན་ཞལ་གཅིག་ཁྲོ་འཛུམ་སྤྱན་གསུམ་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་པས་བགྲང་ཕྲེང་ཐུགས་ཀར་འཛིན་པ་གཡོན་པས་ཚེ་བུམ་བདུད་རྩིས་བཀང་བ་འཛིན་པས་གསང་བའི་ཡུམ་ལ་འཁྱུད་པ། ཞབས་ཕྱེད་སྐྱིལ་རྒྱལ་པོ་རོལ་པའི་སྟངས་སྟབས་ཅན༔ དབུ་སྐྲ་ཐོར་གཙུག་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་ཅིང་། པང་དུ་གསང་བ་ཡེ་ཤེས་ཀྱི་དྷཀྐི་མ་ཞལ་གཅིག་ཕྱག་གཉིས་མདའ་དར་དང་ཚེ་བུམ་བསྣམས་པས་ཡབ་ལ་འཁྱུད་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་དགྱེས་པར་སྦྱོར་བ་སྐུ་མདོག་དམར་སྐྱ་དབུ་སྐྲ་ལྕང་ལོར་སིལ་བུར་གྲོལ་བ་བཅུ་དྲུག་ལོན་པའི་ལང་ཚོ་དང་། ནུ་མ་དང་བྷ་གའི་འཁོར་ལོ་རབ་ཏུ་རྒྱས་པ་བདེ་བའི་ཉམས་དང་ལྡན་པ། ཡབ་ཡུམ་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྣང་སྟོང་རང་འོད་ལས་གྲུབ་པ། དེའི་སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་དབང་གི་འོད་ཟེར་འཕྲོ་བ་ཕྱག་གཉིས་ལྕགས་ཀྱུ་དང་ཚེ་བུམ་བསྣམས་པ་གཅེར་བུ་རྒྱན་མེད་དབུ་སྐྲ་སིལ་བུར་འཕྱང་བ་ཞབས་གཉིས་བཞེངས་ཏེ་བཞུགས་པར་གསལ་གདབ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པའི་རྐྱེན་གྱིས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་འགྲོ་འདུལ་པོ་ཊ་ལ་ཡི་ཕོ་བྲང་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཟབ་ལམ་དབང་གི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་ལྷར་གསལ་བ་ལ་གཉིས་མེད་དུ་སིབ་སིབ་ཐིམ་པའི་མོས་པ་གྱིས། ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དང་༔ འགྲོ་འདུལ་པོ་ཊ་ལ་ཡི་གནས་མཆོག་ནས༔ ཟབ་ལམ་འགྲོ་བའི་དོན་མཛད་ཐུགས་རྗེའི་ལྷ། འཕགས་པ་སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ རིགས་བཞི་རྒྱལ་བ་ཡབ་ཡུམ་མ་ལུས་འཁོར༔ སངས་རྒྱས་བྱང་སེམས་འགྲོ་མགོན་རྩ་བ་གསུམ༔ ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་བཅས༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ གར་གྱི་འགྲོས་ཀྱིས་ཆོས་དབྱིངས་ནམ་མཁའ་ནས༔ ཕྲིན་ལས་བཞི་ཡི་ཕྱག་རྒྱ་བསྒྱུར་བཞིན་དུ༔ འགྲོ་བའི་དོན་དུ་གནས་འདིར་སྐུ་བསྐྱོད་འཚལ༔ མོས་པའི་བུ་ལ་ཞལ་སྟོན་དངོས་གྲུབ་སྩོལ༔ གསུང་གི་རོལ་པས་རྐྱེན་ངན་བར་ཆད་བཟློག༔ ཐུགས་ཀྱི་དགོངས་པས་སྨིན་གྲོལ་དོན་ལ་སྦྱོར༔ བུངྔྷ་གུ་རུ་དྷེ་ཝ་དྷཀྐི་ནི་བཛྲ་ས་མ་ཡཱ་ཛཿཛ༔ སྔགས་དང་སྤོས་རོལ་དྲག་ཏུ་བྱ་ཞིང་བྱིན་དབབ༔ སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་འཇོག་པར་བྱའོ༔ དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས༔ ཞུགས་པ་ལ་དབང་བསྐུར་བ་ལ༔ དངོས་གཞིའི་དབང་དོན་རྣམས་བཞི་ལས༔ དང་པོ་སྤྲོས་བཅས་བུམ་དབང་དོན༔ འཛིན་པའི་མཎྜལ་ཕུལ༔ ཅེས་པས་སྤྲོས་བཅས༔ སྤྲོས་མེད་རབ་ཏུ་སྤྲོས་མེད་གསུམ༔ ཚེ་ཡི་དབང་བཞིར་ཕྱེ་ནས་བསྐུར་བ་ལ༔ ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ༔ གསོལ་བ་བཏབ་པ་འདི་སྐད་བརྗོད༔ ཧོ་བདེ་གཤེགས་རྒྱལ་བ་བཅོམ་ལྡན་འདས༔ བསྐྱེད་རིམ་སྣང་སྟོང་ཕྱག་རྒྱའི་སྐུ༔ སྤྲོས་བཅས་སྐུ་ཡི་བུམ་པ་མཆོག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བུམ་པ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བུམ་པའི་གཞལ་ཡས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ འཁོར་བ་དོང་ནས་སྤྲུགས་པའི་ལྷ༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿ ཧཱུྃ་བུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་ངོས་ལ་གཙོ་བོའི་སྐུ༔ བསྟན་ཅིང་སློབ་མའི་སྤྱི་བོར་བཞག༔ ཧཱུྃ༔ བུ་ཁྱོད་མ་ཡེངས་ལྷ་རུ་གསལ༔ སྣང་ལ་སྟོང་པ་མ་འགགས་པ༔ གསལ་ལ་འཛིན་པ་མེད་པ་སྟེ༔ མེ་ལོང་གཟུགས་བརྙན་སྟོང་གསལ་ཚུལ༔ ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ འབྲལ་མེད་རྒྱུན་གྱི་དབང་ཐོབ་ཤོག༔ ཛྙ་ན་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་བོ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས། སྣང་སྟོང་འགྱུར་བ་མེད་པ་སྐུ་ཡི་དབང་མཆོག་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ། རིག་བདག་གི་སྐུ་ཐོགས་ལ༔ ཧཱུྃ༔ སྣང་བ་མཐའ་ཡས་འོད་དཔག་མེད་པའི་སྐུ༔ རིགས་ཀྱི་བདག་པོ་བཅོམ་ལྡན་ལྷ་ཡི་ལྷ་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་སྐུ་རིགས་ཀྱི་བདག་པོའི་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ཞེ་སྡང་རང་གྲོལ་མེ་ལོང་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཛྙ་ན་ཨ་བྷི་ཥིཥྩ་ཧཱུྃ༔ རིན་ཆེན་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ང་རྒྱལ་རང་གྲོལ་མཉམ་ཉིད་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་སེམས་དཔའ་ཡབ་ཡུམ་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ པདྨ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ འདོད་ཆགས་རང་གྲོལ་སོར་རྟོགས་ཡེ་ཤེས་དབང་༔ དེར་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོ་སོར་རྟོགས་པའི་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ལས་ཀྱི་རིགས་གྱི་སེམས་དཔའ་ཡབ་དང་ཡུམ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞི་ཡི་སྐུ་ཐོགས་ལ༔ ཧཱུྃ༔ ཤར་གྱི་སྒོ་མ་སེང་གདོང་ལྕགས་ཀྱུ་དཀར༔ ལྷོ་ཡི་སྒོ་མ་ཕག་གདོང་ཞགས་པ་སེར༔ ནུབ་ཀྱི་སྒོ་མ་རྟ་གདོང་ལྕགས་སྒྲོགས་དམར༔ བྱང་གི་སྒོ་མ་སྦྲུལ་གདོང་དྲིལ་བུ་ལྗང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕྲིན་ལས་སྒོ་མ་བཞི་ཡི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི་དབང་བསྐུར་བས༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་ཡི་དབང་ཡོངས་རྫོགས་སུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་བུམ་ཆུ་བླུད་ཅིང་རྒྱས་གདབ༔ ལྷ་སྒོམ་སྔགས་བཟླས་དམ་ཚིག་བཟུང་ཏེ་སྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་དབང་དོན་གཉིས་པ་ལ༔ སྤྲོས་མེད་ནང་གི་གསང་དབང་དོན༔ རང་གི་ལུས་ངག་མཎྜལ་འབུལ༔ སྤྲོས་མེད་ནང་གི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིག་ཏེ་འབུལ༔ ཞེས་མཚམས་སྦྱོར་ལ༔ གསོལ་བ་གདབ་པ་འདི་སྐད་དོ༔ ཧོ་བདེ་བ་ཆེན་པོ་བླ་མའི་སྐུ༔ བདག་ཅག་བདེ་ཆེན་མཆོག་ཐོབ་ཕྱིར༔ སྤྲོས་མེད་ནང་གི་གསང་དབང་གཅིག༔ བདག་ཅག་རྣམས་ལ་རྩལ་དུ་གསོལ༔ མཚན་ལྡན་མུ་དྲ་བླ་མས་ཐོགས་ཏེ༔ ཧཱུྃ༔ དུས་གསུམ་བདེ་ཆེན་རྒྱལ་བའི་ཡུམ་མཆོག་ཆེ༔ བདེ་བ་ཆེན་པོ་མི་འགྱུར་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་གསང་བ་སྐུ་ཡི་དབང་ཐོབ་ཤོག༔ མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་ལྡན་གྱི་ཞབས་སློབ་མའི་སྤྱི་བོར་བླངས༔ བྱང་སེམས་ཐོད་པའི་ཆང་སྦྱིན་ལ༔ ཧཱུྃ༔ རང་བྱུང་སྣོད་དུ་བྱང་སེམས་བཅུད་ཀྱིས་གཏམས༔ བདེ་བ་ཆེན་པོར་མི་འགྱུར་གསུང་གི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་རང་བྱུང་གསུང་གི་དབང་ཐོབ་ཤོག༔ མུ་དྲ་ཝཀྐ་ཝ་བྷི་ཥིཉྩཧཱུྃ༔ མགྲིན་པར་བཞག་ཅིང་ངག་ཏུ་བླུད༔ མཚན་ལྡན་བྷ་ག་སློབ་མར་བསྟན༔ ཧཱུྃ༔ མཚན་ལྡན་གསང་བའི་བྷ་ག་འདི༔ ཆོས་དབྱིངས་ཕོ་བྲང་ཨེ་ཡི་ཆ༔ སངས་རྒྱས་ཀུན་འདུས་ཟ་མ་ཏོག༔ འདི་ཁྱེར་མཆོག་གི་དངོས་གྲུབ་སྤྱོད༔ བདེ་བ་ཆེན་པོའི་རང་ཞལ་ལྟོས༔ སྤྲོས་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་གསང་གསུམ་བདེ་བ་ཆེན་པོའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ རིག་མར་སྤྱོད་ཅིང་བྱང་སེམས་དབབ༔ བདེ་བ་ངོས་བཟུང་དགའ་བཞི་སྤེལ༔ བུད་མེད་སྤང་བར་མི་བྱ་བསྟེན༔ བྱང་སེམས་ཉམ་ན་བསྲེག་ཏ་རེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་གསུམ་ལ༔ ཤིན་ཏུ་སྤྲོས་མེད་དབང་གི་དོན༔ ཀ་དག་སེམས་ཀྱི་མཎྜལ་ཕུལ༔ རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ༔ ཞེས་བརྡ་སྦྱར༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧོ༔ བླ་མ་ཆོས་སྐུ་སྤྲོས་བྲལ་སྐུ༔ སྤྲོས་མེད་ཤེས་རབ་ཡེ་ཤེས་མཆོག༔ བརྗོད་མེད་ཡང་དག་དོན་གྱི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་མེ་ལོང་ཐོགས་ཏེ༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རྣམ་དག་ཅིང་༔ ཤིན་ཏུ་སྤྲོས་མེད་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་སྤྲོས་བྲལ་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ མདངས་གསལ་མ་འགགས་ཅིར་ཡང་སྣང་༔ དབྱིངས་རིག་ཡེ་ཤེས་ལུ་གུ་བརྒྱུད༔ ཉམས་རྟོགས་རིག་པ་ཚད་ཕེབས་ནས༔ ཆོས་ཉིད་ཟད་པའི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མས་ཆོས་བདུན་བཅས༔ བླ་མས་རྔ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ བུ་ཁྱེད་མ་ཡེངས་ལེགས་པར་ཉོན༔ མ་སྐྱེས་མི་འགག་རང་རིག་སེམས༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ འདི་ནི་རང་རིག་ཡེ་ཤེས་ཆེ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་ཞལ་ལྟོས་ལ་རང་ངོ་སྐྱོང་༔ དགེ་སྡིག་འཛིན་པའི་གཟན་ལས་གྲོལ༔ རེ་དོགས་བག་ཆགས་དབྱིངས་སུ་ཟད༔ མཚོན་མེད་དཔེ་བརྗོད་བྲལ་བ་འདི༔ ཡི་དམ་ཐུགས་རྗེ་ཆེན་པོ་སྟེ༔ ལོགས་ནས་སྒོམ་ཞིང་སྒྲུབ་ཏུ་མེད༔ དེ་ཕྱིར་སྐལ་ལྡན་བུ་ཁྱོད་ཀྱི༔ སྐྱེ་བ་མེད་པའི་དོན་འདི་འཆང་༔ གནས་པ་མེད་པའི་ངང་དུ་སྐྱོང་༔ འགག་མེད་རང་གྲོལ་སྤྱོད་པ་སྤྱོད༔ སྤྲོས་བྲལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་རང་རིག་ངོ་སྤྲོད་གདབ༔ ཁྲེགས་ཆོད་སྒོམ་ཞིང་ཐོད་རྒལ་སྐྱོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་བཞི་པ་ལ༔ ཡོན་ཏན་ཚེ་ཡི་དབང་བསྐུར་དོན༔ མཎྜལ་གྷ་ཧའི་ཚོགས་འཁོར་བསྐོར༔ ཚེ་དབང་ཟབ་མ་ཞུ་བའི་ཡོན་ཏུ་མཎྜལ་འབུལ༔ ཞེས་དང་༔ གསོལ་བ་གདབ་པ་འདི་སྐད་དོ༔ ཧོ་བླ་མ་སྐུ་བཞིའི་ཡེ་ཤེས་བདག༔ མི་འགྱུར་སྲ་བརྟན་ཡེ་ཤེས་ཚེ༔ ཡོན་ཏན་ཀུན་རྫོགས་ཚེ་ཡི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་ཚེ་བུམ་ཐོགས་ཏེ༔ ཧཱུྃ༔ བུམ་པའི་རང་བཞིན་ཚེ་དཔག་མེད༔ འཁོར་འདས་ཀུན་གྱི་བཅུད་ཀྱིས་གཏམས༔ ཁྱེད་ཀྱི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཆང་མགྲིན་པར་བཞག་ལ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཟ་མ་ཏོག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་གཏམས༔ ཁྱེད་ཀྱི་ངག་ལ་དབང་བསྐུར་བས༔ གསུང་གི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྙིང་ཁར་བཞག་ལ༔ ཧཱུྃ༔ བྷྲཱུྃ་ལས་རང་བྱུང་གཞལ་ཡས་ཁང་༔ ནྲིཿལས་ཚེ་རིལ་ཚེ་དཔག་མེད༔ ཁྱེད་ཀྱི་སེམས་ལ་དབང་བསྐུར་བས༔ ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་རྒྱས་གདབ་རྫས་རྣམས་རོལ༔ རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དགོས་འདོད་ཀུན་འབྱུང་གི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ མཚན་ལྡན་བརྟེན་ཅིང་རླུང་གནད་བཅུན༔ ཉིན་དང་མཚན་མོ་ཐུན་དྲུག་ཏུ༔ འཛབ་ལ་འབད་ཅིང་བཅུད་ལེན་བརྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱན་ལྡན་དབང་གཏོར་སྤྱི་བོར་བཞག༔ བརྒྱུད་པ་བགྲང་ཞིང་བཀའ་གཏད་བྱ༔ དེ་ནི་དངོས་གཞི་དབང་རིམ་མོ༔ ཞེས་གསུངས་པ༔ གཏོར་མ་ཐོགས་ཏེ༔ ཨོཾ་ཨཱ་ཧཱུྃ༔ བདེ་ཅན་ཞིང་དུ་མགོན་པོ་འོད་དཔག་མེད༔ གྲུ་འཛིན་གནས་སུ་འཕགས་མཆོག་པད་དཀར་འཆང་༔ པདྨ་འོད་ན་གུ་རུ་ཨོ་རྒྱན་རྗེ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ བདེ་བའི་མཆོག་སྦྱིན་སྐལ་ལྡན་གཟུང་མ་ལྔ༔ འཕགས་པའི་རྣམ་འཕྲུལ་ལོ་ཆེན་ཀླུ་ཡི་དབང་༔ པདྨའི་རྒྱལ་ཚབ་གཏེར་ཆེན་ཡབ་སྲས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་བཛྲ་གརྦྷ་དང་། །མཆོག་གི་དོན་གཟིགས་ངེས་དོན་བསྟན་འཛིན་བཟང་། །རིག་འཛིན་ཆེན་པོ་འཇིགས་མེད་བསྟན་པའི་སྡེར། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིན་རློབས། །གཞན་ཡང་རྩ་རྒྱུད་བླ་མའི་ཚོགས་རྣམས་དང་། །འཇིག་རྟེན་དབང་ཕྱུག་ཟབ་ལམ་ཐུགས་རྗེའི་གཏེར། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །སྐལ་ལྡན་འདུས་པའི་མཆེད་ལྕམ་ཐམས་ཅད་ཀྱི། །གནས་སྐབས་རྣམ་བཞིར་འཁྲུལ་བའི་རྒྱུན་བསགས་པའི། །སྒོ་གསུམ་ཀུན་གཞིའི་ལས་དང་བག་ཆགས་བཅས། །རྩ་རླུང་ཐིག་ལེ་ཤེས་བྱའི་སྒྲིབ་ཀུན་དག །རྡོ་རྗེ་བཞི་ཡི་ཡེ་ཤེས་བྱིན་རླབས་ཞུགས། །དབང་བཞིས་རྒྱུད་སྨིན་ལམ་བཞི་བསྒོམ་ལ་དབང་། །རིག་འཛིན་རྣམ་བཞིའི་ས་བོན་གསོས་ཐེབས་ནས། །སྐུ་བཞིའི་གོ་འཕངས་མངོན་དུ་བྱེད་པར་ཤོག །ཁྱད་པར་བསྙེན་སྒྲུབ་ལས་ལ་མཐར་ཕྱིན་ནས། །ཡུལ་སྣང་ཕུང་ཁམས་ཞིང་དང་ལྷ་སྐུར་ཤར། །རླུང་ངག་རྡོ་རྗེ་གསུང་དང་དྲན་རྟོག་ཐུགས། །མངོན་གྱུར་མཆོག་ཐུན་དཔལ་ལ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བྷ་ལིངྟ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྤྱི་བོར་བཞག་ཅིང་མཐར་གཏོར་མའི་ལྷ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་ནས་འཕགས་པའི་སྐུ་གསུང་ཐུགས་དང་། སློབ་མའི་ལུས་ངག་་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་མོས་པ་དང་། གཏོར་ཟན་ཅུང་ཞིག་བདུད་རྩིར་སྦྱོང་བ་དངོས་གྲུབ་ཏུ་མྱོང་དུ་འཇུག་གོ། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཆོག་ལས་རིམ་བདུན༔ དགའ་སྟོན་ཚོགས་འཁོར་དབང་ཡོན་འབུལ༔ གླུ་བྲོ་བཀྲ་ཤིས་བསྔོ་སྨོན་དང་༔ ཆད་ཐོ་བསྟན་སྐྱོང་རྫོགས་རིམ་བསྡུ༔ སྒྲུབ་ཐབས་ཆོ་གའི་གཞུང་བཞིན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་གསང་བའི་ལམ༔ རིགས་བདག་ཐུགས་རྗེ་ཆེན་པོ་ཡི༔ དབང་མཆོག་སྐལ་ལྡན་མྱུར་གྲོལ་འདི༔ མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ༔ བདག་འདྲ་ཐུགས་རྗེ་པདྨ་ཡིས༔ འབྲོམ་ཟ་བྱང་ཆུབ་སྒྲོན་ལ་བཤད༔ སྤེལ་ལ་ཕངས་པ་ཡི་གེར་བཏབ༔ ཏེ་སེ་གངས་ཀྱི་རི་ལ་སྦས༔ སྲུང་མ་རྡོ་རྗེ་འབར་བར་བཅོལ༔ མ་འོངས་སྐལ་བའི་ཡང་མཐའ་ལ༔ ཆོས་འདི་ང་སྤྲུལ་བུ་དང་འཕྲད༔ དེ་ཚེ་བཙུན་མོ་འབྲོམ་ཟ་ཁྱོད༔ ལས་ཅན་སྐྱེས་བུའི་རིག་མ་བྱ༔ ཀླུ་གོང་ཀླུ་དཔལ་དམར་རྒྱན་བཟའ༔ དམ་ཉམས་འཁོར་གཡོག་ཕོ་མོའི་ཚོགས༔ བདུད་ཀྱིས་ཕུང་དཀྲུགས་བར་ཆད་བརྩམ༔ ད་ལྟའི་སྔོན་གྱི་ལས་སད་པས༔ སྐྱེས་བུ་དེ་དང་ང་གཉིས་ལ༔ དབྱེར་མི་ཕྱེད་པའི་དད་པ་ཡོངས༔ དེ་དུས་བདུད་ཀྱི་ཆོ་འཕུལ་གྱིས༔ བུད་མེད་མཚན་ལྡན་ལྔ་ལ་སྡང་༔ ལོག་ལྟ་སྐུར་འདེབས་དུག་སྦྱོར་གྱིས༔ བཀྲ་མི་ཤིས་པ་སྣ་ཚོགས་བརྩོམ༔ འགྲོ་བ་བསོད་ནམས་མ་བསགས་པས༔ ང་སྤྲུལ་མ་དང་མཁའ་འགྲོ་ཡི༔ ཐེངས་གཅིག་གདན་འདྲེན་བྱེད་ཀྱང་སྲིད༔ ཡང་ན་མི་ཁ་ཅལ་སྒྲོགས་དང་༔ འཆི་ལ་ཐུག་པའི་ནད་ཀྱིས་སེལ༔ ཁྱད་པར་འབྲོམ་ཟའི་སྐྱེ་བ་ཡི༔ སྣང་སེམས་ལན་གསུམ་བདུད་ཀྱིས་བསྒྱུར༔ དེ་ཡི་སྟོབས་ཀྱིས་ཕྲིན་ལས་ཉམས༔ སྐུ་ཚེ་ཐུང་ཞིང་རིགས་བརྒྱུད་འཆད༔ འོན་ཀྱང་སྔོན་གྱི་མཐུས་བསྐུལ་བའི༔ ཆོས་འདིར་དབང་བའི་སྐལ་ལྡན་ནི༔ དྷརྨ་རཏྣ་ཀརྨ་དང་༔ སྒྲོལ་མ་ཨ་ཡི་མིང་ཅན་ལྔ༔ རྩ་བའི་ཆོས་བདག་གཞན་ཡང་ནི༔ རྒྱལ་དང་དཀོན་མཆོག་ཤེས་རབ་དབང་༔ བཀྲ་ཤིས་དཔལ་དང་ནོར་བུ་སོགས༔ མ་ངེས་ཕྱོགས་མཚམས་ཀུན་ནས་འདུ༔ དཀར་སེར་དམར་ལྗང་མཐིང་ཀ་ཡི༔ ཕྱག་རྟེན་འཛིན་ཅིང་ཡོས་འབྲུག་སྦྲུལ༔ བྱ་ཁྱི་ཕག་དང་བྱི་བ་ཡི༔ ལོ་ཟླ་ཉི་ཁྱིམ་དབང་དུ་ཡོང་༔ དེ་ཚེ་ཟབ་ཆོས་འདི་ཉིད་སྤྲོད༔ སྨོན་ལམ་དབང་གིས་འགྲོ་དོན་དར༔ རྩ་བ་ཡན་ལག་ཆོས་བདག་ལ༔ ། མ་ནོར་འཕྲོད་ནས་ཉམས་བླངས་ན༔ རྣམ་སྨིན་བག་ཆགས་དྲུང་ཕྱུང་ནས༔ ཕྱིར་མི་ལྡོག་པ་འཐོབ་པར་འགྱུར༔ ཆོས་འདི་ཉམས་བླངས་དབང་ཐོབ་འབྲེལ༔ བསྒོམ་སྒྲུབ་བཟླས་པ་སུས་བྱས་པ༔ པདྨ་ང་དང་སྐལ་བ་མཉམ༔ ཐུགས་རྗེ་ཆེན་པོ་མངོན་དུ་འགྱུར༔ དེས་ན་ཕྱི་རབས་ཉམས་སུ་ལོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ རྡ་ཡིག་ཡོད༔ བདག་འདྲ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེ་གངས་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ༔ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །འགྲོ་ལ་རྗེས་ཆགས་བརྩེ་ཆེན་ཐུགས་རྗེའི་གཏེར། །དབང་མཛད་ཟབ་ལམ་གསང་བའི་ལྷ་མཆོག་གི། །བསྐྱེད་རྫོགས་གདམས་པའི་ཆོས་ཚུལ་གང་འདི་རྨད། །ལམ་འདིར་འཇུག་འདོད་འགྲོ་ལ་ཕན་བྱེད་པའི། །དབང་བཞིའི་ལག་ཁྲིད་བླ་མའི་ཕྱག་བཞེས་བཞིན། །རང་བཟོ་མེད་པར་འཇུག་བདེ་སྤེལ་འདི་ཡང་། །མཁྱེན་ཡངས་གང་དེའི་བཞེད་སྐོང་ཁོ་ནར་བཀོད། །རང་བློ་དམན་པས་ནོངས་པ་གྱུར་སྲིད་ན། །བླ་མ་རྩ་གསུམ་ལྷ་ཡི་སྤྱན་སྔར་བཤགས། །དགེ་བས་འགྲོ་ཀུན་རང་རིག་གདོད་མའི་མགོན། །སྒྲིབ་བྲལ་སེམས་ཀྱི་རྡོ་རྗེ་མངོན་གྱུར་ཤོག །ཅེས་པ་འདི་ཡང་འགྱུར་མེད་བློ་ལྡན་གྱི་གསུང་མ་ལྡོག་ཙམ་དུ་བླ་མ་དམ་པའི་ཕྱག་ལེན་ལྟར་ཁྲིགས་སུ་སྡེབས་པ་པོ་ཝ་གིནྡྲ་མ་ཏིའོ།། །།

ཟབ་ལམ་ཚེ་དཔག་མེད་དཀར་པོ་ལ།

ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལས་བྱང་དང་འབྲེལ་བ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལས་བྱང་དང་འབྲེལ་བ་བཞུགས༔ དཔལ་ཆེན་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ནད་རིམས་རྐྱེན་དང་བར་ཆད་མང་༔ གློ་བུར་ཡེ་འབྲོག་འཚུབས་པའི་དུས༔ ཆོས་ལྡན་སྐྱེས་བུའི་རྐྱེན་ཟློག་ཏུ༔ རིག་འཛིན་ཚེ་ཡི་སྒྲུབ་པ་ནི༔ ཟབ་ལ་ཆེས་ཆེར་ཁྱད་འཕགས་ཤིག༔ ཚེ་ཡི་རིག་འཛིན་པདྨས་བརྗོད༔ སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཡང་ཟབ་བླ་ན་མེད་པའི་སྒྲུབ་པ་ཚེའི་གཏེར་མཛོད་འདི་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་ཉམས་སུ་བླང་བར་བྱའོ༔ དེ་ལ་དང་པོ་སྔོན་དུ་འགྲོ་བ་ནི༔ གནས་ཡིད་དང་མཐུན་ཞིང་ནུབ་ཕྱོགས་སུ་ཁ་བསྟན་པའམ༔ ཤར་དུ་བལྟ་བ་ལ་གངས་རི་བརྟན་ཆགས་བྱུང་ན་རབ༔ ཐ་ནའང་རི་རྩེ་ཐོན་པ༔ ཤར་གཞོལ་བ༔ ལྷོ་སྤུངས་པ༔ ནུབ་སྐྱོར་བ༔ བྱང་ཡོལ་བ༔ སྨན་སྣ་ཚོགས་སྐྱེ་ཞིང་བྱ་ཚོགས་མང་པོའི་སྐད་སྙན་སྒྲོག་པ༔ རྟག་ངུ་འཚེ་དང་བ་ལུ་ལ་སོགས་པའི་བཅུད་ལེན་གྱི་སྨན་སྐྱེ་བའི་གླིང་ཞིག་ཏུ་ཕྱིན་ལ༔ སྒོ་གསུམ་གྱི་བྱ་བ་བློས་བཏང་ཞིང་སྒྲུབ་ཁང་ལ་གད་བདར་བྱས་ཏེ༔ གཞི་བདག་ལ་དཀར་གཏོར་འབུལ༔ ཐོད་པ་ཆང་གིས་བཀང་འདྲའམ༔ རིན་པོ་ཆེའི་བུམ་པ་འདྲ་བའི་རི་ནས་སྟེགས་བུའི་ས་བླང་ཞིང་རྒྱ་དང་སྲིད་དུ་ཁྲུ་གང་བ༔ མཛེས་པ༔ དབུས་མཐོ་བ༔ མཐའ་སྙོམས་པ༔ གས་པ་དང་སྲུབ་མེད་པར་བྱས་ཏེ༔ ས་ཚོན་དཀར་པོས་བྱུག༔ དྲི་བཟང་གིས་ཆག་ཆག་གདབ༔ ཐིག་ཚོན་རྣམས་བྱིན་གྱིས་བརླབ་ཅིང་ཨཱོཾ་ཨཱཿཧཱུྃ་གསུམ་མམ་མང་དུ་བརྗོད༔ ཚེ་སྒྲུབ་རྟེན་གྱི་གཟུངས་མ་ལ་ཐིག་སྣ་གཏད་ཅིང་ཐིག་གདབ༔ ཨཱོཾ་ཨཱཿཧཱུྃ་བྷྲཱུྃ་ཛྙཱ་ན་ཨཱ་ཡུ་ཥེ་བྷྲཱུྃ༔ ཞེས་བརྗོད༔ ཐིག་གདབ་ཅིང་༔ ཆ་ཆེན་དང་པོ་ལྟེ་བའི་ཆ་གཉིས་དང་གསུམ་དུ་པད་འདབ་བཞི༔ ཕྱོགས་ཚོན་མཚམས་བཞི་མཛེས་པར་བྱ༔ ཁྱམས་དང་སྒོ་སོགས་སྤྱི་ལྟར་རོ༔ དེ་དབུས་མཉྫིའི་ཁྲིའུ་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར༔ འཚེ་དང་བ་ལུ་ཤུགས་པ་དང་༔ རྟག་ངུ་གསུམ་དང་དབང་ལག་དང་༔ ཉེར་ལྔའི་བུམ་རྫས་གཞུང་ལྟར་གདབ༔ ཁྱེའུ་གཙང་མས་ཆུ་བླང་ཞིང་༔ སུམ་ཆ་བཀང་སྟེ་ཁ་རྒྱན་བཅས༔ དཀྱིལ་འཁོར་དེ་ཡི་དབུས་སུ་བཞག༔ འབྲས་སམ་དཀར་མོའི་ནས་ཀྱི་ཕྱེར༔ རྡོ་རྗེས་མཚན་པའི་ཚེ་བུམ་བཅས༔ རིན་ཆེན་རྒྱན་ལྡན་མདུན་དུ་འགོད༔ རིན་པོ་ཆེ་ཡི་སྣོད་ནང་དུ༔ སྤོད་ལྡན་ཚེ་ཟན་ལྷོ་རུ་བཞག༔ མཚན་ལྡན་དུམ་བུ་གཅིག་པ་རུ༔ སྨན་བཏབ་ཚེ་ཆང་ནུབ་ཏུ་བཞག༔ མདའ་མོ་ཚིགས་གསུམ་རྒོད་སྒྲོ་མར༔ དར་སྣ་ལྔ་བཏགས་བྱང་དུ་འགོད༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་མཆོད་པ་བཤམས༔ ཡི་གེ་གསུམ་གྱི་བྱིན་གྱིས་བརླབ༔ སྔོན་དུ་འགྲོ་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ དྲི་བཟང་སྤོས་བཏང་རོལ་མོ་འཁྲོལ༔ སྐྱབས་སུ་འགྲོ་བ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ རྐང་གཉིས་གཙོ་བོ་སངས་རྒྱས་ཚེ་དཔག་མེད༔ ཞི་བ་ཆགས་བྲལ་ཚེ་སྒྲུབ་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་ཚེ་ཡི་རིག་པ་འཛིན༔ ཚེ་ཡི་རིག་འཛིན་བསྒྲུབ་ཕྱིར་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ཧཱུྃ་ཧྲཱི༔ ཟབ་ཅིང་སྤྲོས་བྲལ་སྐྱེ་འཆི་མེད་པའི་དོན༔ མ་རིག་སྒྲིབ་པས་བཅིངས་པའི་འགྲོ་བ་རྣམས༔ འཆི་བདག་བདུད་ཀྱི་བར་ཆད་བཟློག་པའི་ཕྱིར༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་ཉམས་སུ་ལེན༔ བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱི༔ རང་བྱུང་རིག་པ་དོན་གྱི་ཡེ་ཤེས་ལ༔ མ་རིག་བསྒྲིབས་པས་སྣང་སེམས་འཁྲུལ་བྱེད་འདྲེ༔ ཚེ་ལ་བར་དུ་གཅོད་བྱེད་བདུད་དང་བགེགས༔ ལོག་པར་བལྟ་བའི་ཚོགས་རྣམས་ཕྱིར་དེངས་ཤིག༔ གནོད་བྱེད་འབྱུང་པོའི་ཚོགས་རྣམས་མཱ་ར་ཡ་ཕཊ༔ བསྲུང་འཁོར་ནི༔ ཧཱུྃ་ཧྲཱི༔ ཡེ་ནས་རྣམ་དག་ཚེ་དཔག་མེད་པའི་ཞིང་༔ ཐུགས་རྗེའི་རང་བཞིན་ཁྲོ་ཚོགས་རླུང་ལྟར་འཚུབ༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ རྡོ་རྗེ་འཁོར་ལོ་མེ་དཔུང་དམར་ནག་གཏམས༔ སྲུངས་ཤིག་བཛྲ་རཀྵ་རཀྵ་ཧཱུྃ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ མ་དག་འབགས་ཚོགས་དྲི་མའི་ཚོགས༔ རྣམ་དག་ཆོས་དབྱིངས་མཁའ་ཀློང་ནས༔ ཡི་གེ་གསུམ་གྱི་འོད་འཕྲོས་སྦྱངས༔ ཕྱི་ནང་གསང་མཆོད་ཡེ་ཤེས་ལྔ༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་བྷ་ལ་བྷ་ལིངྟ་ཧཱུྃ་ཧྲཱིཿཋ༔ ཨཱོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་སྐྱེ་བ་མེད༔ དུས་གསུམ་འགག་མེད་ངོ་བོ་སྤྲོས་དང་བྲལ༔ རང་བྱུང་ལྷན་སྐྱེས་དེ་བཞིན་ཉིད་ཀྱི་སྐུ༔ སྣ་ཚོགས་རང་གྲོལ་དེ་བཞིན་ཉིད་དུ་བརྡལ༔ དྷརྨཱ་དྷརྟུ་ཛྙཱ་ན་ཨཱ༔ གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཆེན་པོའི་ངང་༔ གཟུང་འཛིན་མཚན་མ་ཀུན་བྲལ་ཡི་གེ་ཧྲཱི༔ ཧྲཱི༔ ལས་འོད་འཕྲོས་ཕྱི་སྣོད་ཞིང་དུ་བརྡལ༔ བྷྲཱུྃ་ཆད་འོད་འཕྲོས་རིན་ཆེན་གཞལ་ཡས་ཁང་༔ ཟུར་བཞི་ལོགས་བཞི་སྒོ་བཞི་རྟ་བབས་ལྡན༔ པད་རྡོར་མེ་རི་བྲག་ཆེན་དུར་ཁྲོད་བཅས༔ སྟོང་ཉིད་ནམ་མཁའི་ཀློང་དུ་འཇའ་ལྟར་ཤར༔ ཕྱི་ནང་མེད་པ་ཟངས་ཐལ་འོད་ཀྱི་ཀློང་༔ བྷྲཱུྃ་བྷི་ཤ་བྷི་ཤུདྡྷེ་ཨཱ༔ ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ སྐྱེ་མེད་སྣ་ཚོགས་རང་བྱུང་སེམས་ཉིད་འདི༔ མ་བཅོས་སྤྲོས་བྲལ་མགོན་པོ་ཚེ་དཔག་མེད༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ རལ་པའི་ཐོར་ཅོག་རཏྣའི་པྲོག་ཞུ་མཛེས༔ ཐུགས་རྗེའི་རང་བཞིན་སྤྱན་གཉིས་འགྲོ་ལ་གཟིགས༔ རུས་པའི་རྒྱན་དྲུག་དར་གྱི་ཅོད་པན་འཕུར༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་ཡུམ་ལ་འཁྱུད༔ འོད་ཀློང་ཉི་ཟླ་པད་སྟེང་བཞེངས་ཏེ་བཞུགས༔ ཧཱུྃ་ཧྲཱི༔ དེ་ཡི་པང་ཡུམ་ཚེ་ཡི་རིག་མ་ནི༔ བདེ་འབྱིན་ཛྙཱ་ན་དཀར་དམར་མདངས་དང་ལྡན༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དགྱེས་སྦྱོར་འཁྲིལ༔ ཕྱག་གཡས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་འཆི་མེད་ཚེ་ཡི་བུམ་པ་བསྣམས༔ སྤྱན་དཀྱུས་རིང་ཞིང་འཛུམ་པའི་མདངས་དང་ལྡན༔ བཅུ་དྲུག་ན་ཚོད་རིན་ཆེན་རྒྱན་གྱིས་སྤྲས༔ འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་བསྐྱེད༔ འཁོར་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ ཚེ་ཡི་བུམ་པ་སངས་རྒྱས་ཚེ་དཔག་མེད༔ སྐུ་མདོག་མཐིང་ག་རང་འོད་ཡུམ་དང་འཁྲིལ༔ ལྷོ་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ རིན་ཆེན་ཚེ་ཟན་རཏྣ་ཚེ་དཔག་མེད༔ སྐུ་མདོག་སེར་པོ་རང་འོད་ཡུམ་དང་འཁྲིལ༔ ནུབ་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ ཚེ་ཆང་བདུད་རྩི་པདྨ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་རང་འོད་ཡུམ་དང་འཁྲིལ༔ བྱང་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ མདའ་དར་ངོ་བོ་ཀརྨ་ཚེ་དཔག་མེད༔ སྐུ་མདོག་ལྗང་གུ་རང་འོད་ཡུམ་དང་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ གཡས་པས་མདའ་དར་གཡོན་པས་ཚེ་བུམ་བསྣམས༔ ཞབས་གཉིས་གར་སྟབས་སྣང་སྲིད་དབང་དུ་བསྡུད༔ སྤྱན་གཉིས་བྱམས་པའི་སྙིང་རྗེས་འགྲོ་ལ་གཟིགས༔ རང་འོད་ཡུམ་རྣམས་ཡབ་ཀྱི་ཞལ་དང་སྦྱོར༔ ཞལ་གཅིག་ཕྱག་གཉིས་སྤྱན་གཉིས་དགྱེས་འཛུམ་མདངས༔ གཡས་རྣམས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་རྣམས་ཟག་མེད་ཚེ་བུམ་ལོངས་སྤྱོད་རྫོགས༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་ཡབ་ལ་འཁྲིལ༔ སྟོད་གཡོག་སྨད་དཀྲིས་སྣ་ཚོགས་རྒྱན་གྱིས་སྤྲས༔ གསེར་གྱི་གདུ་བུ་དར་གྱི་ཅོད་པན་འཕུར༔ རྣམ་དག་ཆོས་དབྱིངས་ངང་དུ་ལམ་མེར་གསལ༔ ཁྱམས་ལ་རྩ་གསུམ་བརྒྱུད་པའི་བླ་མ་ལྷ༔ སྒོ་བཞིར་སྒོ་མ་བཞི་དང་ཕྱི་རོལ་དུ༔ ཆོས་སྐྱོང་སྲུང་མ་ལས་བྱེད་ཕོ་ཉར་གསལ༔ སྤྱན་འདྲེན་པ་ནི༔ སྤོས་བསྲེག་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་ནས༔ བཅོམ་ལྡན་མགོན་པོ་རྒྱལ་བ་ཚེ་དཔག་མེད༔ ཡབ་ཡུམ་འཁོར་བཅས་མ་ལུས་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་བཅུ་ནས༔ ཚེ་ལྷ་རིགས་ལྔ་རྩ་གསུམ་བརྒྱུད་པར་བཅས༔ བཀའ་སྡོད་སྒོ་བ་ལས་མཁན་ཕོ་ཉ་བྲན༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་བཛྲ་ས་མ་ཡ་ཛཿཛ༔ བརྟན་བཞུགས་ནི༔ ཧཱུྃ་ཧྲཱི༔ གེ་སར་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ བདེ་བར་གཤེགས་པ་བཅོམ་ལྡན་ཚེ་ཡི་ལྷ༔ བདག་སོགས་འགྲོ་བ་ཐུགས་རྗེས་རབ་དགོངས་ཏེ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ་ཡི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་ཨ་ཏི་པུ་ཧོཿཔྲ་ཏིཙྪ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ འགྲོ་བའི་མགོནཔོ་ཚེ་ཡི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་ལྔ་དང་༔ ནང་གི་མཆོད་པ་སྨན་གཏོར་རཀྟའི་ཚོགས༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞི༔ རང་སྣང་རྣམ་དག་དཀྱིལ་འཁོར་ལྷ་ལ་འབུལ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་སརྦ་པཱུ་ཙ་མེ་གྷ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ ཆོས་སྐུ་དྲི་མེད་རྣམ་དག་ཚེ་དཔག་མེད༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས་པའི་དཔལ༔ རྣམ་འཕྲུལ་དཔག་ཡས་འགྱེད་པ་སྤྲུལ་པའི་སྐུ༔ རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ནད་གདོན་ཞི་མཛད་བཛྲ་ཚེ་དཔག་མེད༔ ཚེ་དཔལ་རྒྱས་མཛད་རཏྣ་ཚེ་དཔག་མེད༔ སྲིད་གསུམ་བཅུད་སྡུད་པདྨ་ཚེ་དཔག་མེད༔ བདུད་བཞི་བཟློག་མཛད་ཀརྨ་ཚེ་དཔག་མེད༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བྱིན་རླབས་འབྱུང་གནས་བརྒྱུད་པའི་བླ་མ་དང་༔ དངོས་གྲུབ་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཾ༔ ཛྙཱ་ན་བཛྲ་ཨཱཿཡུ་ཥེ་ཚེ་བྷྲཱུྃ༔ སརྦ་སིདྡྷི་ཧཱུྃ་ཧྲཱི༔ བསྙེན་དུས་གསོལ་བ་འདེབས་པའི་ཚུལ༔ མ་ཡེངས་ངང་ནས་འཛབ་འདི་བཟླ༔ སྒྲུབ་དུས་མཆོད་དང་བསྟོད་པའི་ཚུལ༔ འོད་ཟེར་སྤྲོ་བསྡུའི་ངང་ནས་བཟླ༔ ལས་སྦྱོར་བཞི་ལ་རང་གསལ་ཞིང་༔ བདག་གཞན་འཕྲིན་ལས་ཨེ་མ་ཧོ༔ ཐུན་སྐབས་མཆོད་ཅིང་བསྟོད་པས་བསྟོད༔ དེ་དག་སྒྲུབ་པའི་དངོས་གཞིའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚོགས་འཁོར་བཤམས་ཤིང་བྱིན་གྱིས་བརླབ༔ སྤྱན་འདྲེན་མཆོད་ཅིང་བཤགས་པ་འབུལ༔ ཚེ་བདུད་བསྒྲལ་ཞིང་སྟོབ་པ་དང་༔ ཚོགས་ལ་རོལ་ཞིང་ལྷག་མ་བསྔོ༔ ཆད་ཐོ་བསྟན་སྐྱོང་དཀྱིལ་འཁོར་བསྡུ༔ ཤིས་པ་བརྗོད་ཅིང་བསྔོ་སྨོན་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚོགས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་མཆོག་གི་ལོངས་སྤྱོད་ཞལ་ཟས་ཚོགས༔ མ་རིག་སྒྲིབ་འཁྲུལ་འབགས་བཙོག་མིང་མེད་ཀྱང་༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རཾ་ཡཾ་ཁཾ་གིས་ཉེས་སྐྱོན་དབྱིངས་སུ་སྦྱངས༔ ཡི་གེ་གསུམ་གྱིས་ཟག་མེད་བདུད་རྩིར་བསྒྱུར༔ ཨཱོཾ་ཨཱཿཧཱུྃ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རྒྱལ་བའི་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་ཡི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བླ་མེད་རྫས༔ རིག་འཛིན་ཡོངས་འདུས་ཚེ་བདག་རྒྱལ་བ་ལ༔ གཉིས་མེད་གུས་པ་ཆེན་པོས་འབུལ་ལགས་ན༔ རྣམ་དག་ཐུགས་རྗེའི་ཀློང་དུ་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ་ཧྲཱི༔ རང་རིག་ཆོས་སྐུ་ཉོན་མོངས་དབང་གིས་བསྒྲིབས༔ མ་རྟོགས་རྨོངས་པས་ཁམས་གསུམ་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་བའི་ལས་ཉོན་བག་ཆགས་རྣམས༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ བསྒྲལ་ལས༔ ཧཱུྃ་ཧྲཱི༔ ལས་མཛད་ཀརྨ་ཚེ་དཔག་མེད་མགོན་རྒྱལ༔ རཱུ་ཏྲ་འདུལ་མཛད་ལྗང་ནག་ཕུར་པ་འགྲིལ༔ ཟ་གསོད་ཕོ་ཉ་མང་པོ་སྐར་ལྟར་འཁྲུག༔ ཚེ་བདུད་བར་ཆད་སྒྲོལ་བའི་དུས་ལ་བབས༔ ཨཱོཾ་ཀརྨ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལཱ་ཡ༔ གནོད་བྱེད་འབྱུང་བོ་མཱ་ར་ཡ་ཕཊ༔ སྟོབ་པ་ནི༔ ཧཱུྃ་ཧྲཱི༔ མ་རིག་རཱུ་ཏྲ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ༔ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱོང་བའི་ཕྱིར༔ ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཡང་སྤྲུལ་བཅས༔ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་སྟོབ༔ ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བཅའ་བཞིན༔ དཀྱིལ་འཁོར་སྐྱོང་བའི་བཀའ་སྡོད་སྲུང་མའི་ཚོགས༔ ལྷག་མའི་ཞལ་ཆབ་བདུད་རྩིའི་ལོངས་སྤྱོད་བཞེས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨུ་ཚིནྡྷ་བྷ་ལིངྟ་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་བར་དང་ཐ་མ་རྩོད་ལྡན་དུས༔ ཚེ་དཔག་མེད་དང་བདག་ཉིད་པད་འབྱུང་གིས༔ གཡར་དམ་ཕོག་པའི་བཀའ་སྐྱོང་ལྷ་སྲིན་ཚོགས༔ གཏོར་མ་འདི་བཞེས་རྣལ་འབྱོར་འཕྲིན་ལས་སྒྲུབས༔ བར་གཅོད་འབྱུང་པོ་མཐའ་ཡི་དམག་དཔུང་ཟློག༔ བསྟན་མ་ནི༔ ཧཱུྃ་ཧྲཱི༔ བསྟན་མ་སྐྱོང་མཛད་མ་སྲིང་མཁའ་འགྲོའི་ཚོགས༔ ཁྱེད་རྣམས་བདག་ཉིད་པདྨ་ཐོད་ཕྲེང་དང་༔ སློབ་མ་འཁོན་ཆེན་ཀླུ་ཡི་དབང་པོ་ཡིས༔ བཀའ་བསྒོས་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ངག་ཏུ་བདུད་རྩི་བྲན་དུ་སྲོག་སྙིང་ཕུལ༔ སྔོན་གྱི་ཐ་ཚིག་གཉན་པོ་དུས་འདིར་དགོངས༔ བཤལ་ཆུའི་གཏོར་མ་བཞེས་ལ་འཕྲིན་ལས་སྒྲུབས༔ བླ་མེད་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ མ་མ༔ ཏང་ཏང་༔ ཏིང་ཏིང་༔ ལང་ལང་༔ ལིང་ལིང་ཁཱ་ཧི་ཁཱ་ཧི༔ བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ རྒྱལ་བ་ཚེ་དཔག་མེད་མགོན་ཐུགས་རྗེའི་དཔལ༔ བདག་སོགས་འགྲོ་ལ་བརྩེ་བས་རྗེས་དགོངས་ནས༔ ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསྡུས༔ མཆོག་ཐུན་དངོས་གྲུབ་འཐོབ་པའི་བཀྲ་ཤིས་ཤོག༔ བསྔོ་བ་ནི༔ ཧཱུྃ་ཧྲཱི༔ བསོད་ནམས་ཡེ་ཤེས་དམིགས་མེད་ཆོས་དབྱིངས་ཀློང་༔ བདག་གཞན་འགྲོ་བ་བྱང་ཆུབ་འཐོབ་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧཱུྃ་ཧྲཱི༔ ལས་ཉོན་བག་ཆགས་སྒྲིབ་གཉིས་ཡོངས་དག་ནས༔ སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར་བར་ཤོག༔ གཤེགས་གསོལ་ནི༔ ཧཱུྃ་ཧྲཱི༔ སྐྱེ་མེད་ཀློང་ནས་ཐུགས་རྗེའི་དཔལ་དུ་ཤར༔ འགག་མེད་ཀློང་དུ་གཤེགས་བཞུད་མེད་པར་མུ༔ སླར་ཡང་བསྟན་དང་འགྲོ་བའི་དོན་གྱི་ཕྱིར༔ མི་མངོན་དབྱིངས་ནས་གནས་འདིར་རྗེས་དགོངས་མཛོད༔ རྫོགས་རིམ་ནི༔ ཧཱུྃ་ཧྲཱི༔ སྣང་སྟོང་གཉིས་མེད་གཞལ་ཡས་ཞིང་ཁམས་ལྷ༔ གཙོ་བོ་ལ་ཐིམ་ཡབ་ཡུམ་འོད་དུ་ཞུ༔ སྔགས་འབྲུ་ས་བོན་ཐིག་ལེ་ནཱ་དར་ཡལ༔ སྤྲོས་བྲལ་སྐྱེ་མེད་ཆོས་སྐུ་མངོན་དུ་གྱུར༔ ཨ་ཨ་ཨཱ༔ འདི་རྣམས་རྗེས་ཀྱི་ལས་རིམ་རྫོགས་པར་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ ཤར་ཕྱོགས་རི་བོ་ཏ་ལ་ན༔ མ་ར་ཏི་ཀའི་བྲག་ཕུག་ནང་༔ ཚེ་སྒྲུབ་བྱས་ཤིང་ལྷ་ཞལ་མཇལ༔ དངོས་གྲུབ་ཐོབ་པའི་པད་འབྱུང་ངས༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་དང་༔ མན་ངག་ལག་ལེན་མང་དུ་བརྩམས༔ འགྲོ་དོན་སྨོན་ལམ་རྒྱ་ཡིས་བཏབ༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཁྱད་པར་འཕགས་པའི་གདམས་པ་འདི༔ མཚོ་རྒྱལ་ཀླུ་དབང་གཉིས་ལ་གདམས༔ སྤེལ་བར་ཕངས་ནས་ཏེ་སེར་སྦས༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ ལྷ་བཙན་ཁྱོད་ཀྱིས་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྐལ་མེད་རྣམས་ཀྱི་དབང་པོ་སྣུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས༔ ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ནུབ་མོའི་ཐོ་རངས་ཁར་གདན་དྲངས་ཤིང་༔ རྟ་ལོ་ཧོར་ཟླ་བཅུ་པར་ཁམས་སྲིང་མོ་རྫོང་གི་གུ་རུའི་སྒྲུབ་གནས་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཚེ་སྒྲུབ་ཀྱི་དབང་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ཀྱི་དབང་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་ཚེ་བདག་གིས༔ མ་འོངས་རྗེས་འཇུག་སྨིན་གྲོལ་དོན༔ ཚེ་ཡི་དབང་ཆོག་ཟབ་མོ་ཞིག༔ ཤོག་སེར་བརྡ་ཡི་ཡི་གེར་བཏབ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་མཐུན་བཀྲ་ཤིས་དབེན་གནས་སུ༔ དཀྱིལ་འཁོར་དབང་རྫས་གཞུང་ལྟར་འགོད༔ དམ་ལྡན་སློབ་བུ་འཇུག་འདོད་པས༔ ཁྲི་འབུམ་བསྙེན་པས་ཁ་གསོ་ཞིང་༔ བདག་འཇུག་བླངས་ཏེ་སློབ་མ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་ཕུལ་ནས་དབང་དོན་བཤད༔ སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་འབོགས༔ ཐུན་མོང་སྔོན་འགྲོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་གྱི་གཙོ༔ ཚེ་དཔག་མེད་པ་འགྲོ་བ་ཡོངས་ཀྱི་སྐྱབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་དབང་གི་མཆོག༔ བདག་ཅག་རྣམས་ལ་ལེགས་པར་སྩལ་དུ་གསོལ༔ ལན་གསུམ༔ སློབ་དཔོན་གྱིས༔ ཧོ༔ ཁྱེད་རྣམས་སྔོན་བསགས་བསོད་ནམས་ཅན༔ ཚེ་ཡི་དབང་མཆོག་འདིར་ཞུགས་ནས༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ བདུད་རྩི་གསང་བའི་ཆུ་འདི་འཐུང་༔ ས་མ་ཡཱ༔ ཨེ་དན་ཏེ་ཧཱུྃ༔ དམ་ཆུ་བླུད༔ གནས་གསུམ་དུ་དྲི་ཡི་ཐེག་ལེ་བྱ༔ སྤོས་སྲེག༔ རོལ་མོ་འཁྲོལ༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་བརྗོད་ནས་མེད་ཏོག་འཐོར༔ དེ་དག་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ མདའ་དར་ཐོགས་ནས་ཕྱོགས་བཅུར་གཡབ༔ འོད་ཟེར་འཕྲོས་པས་སློབ་བུ་ཡི༔ བླ་ཚེ་ཆད་ཉམས་གས་དང་ཡར༔ རྩ་གསུམ་རིག་འཛིན་གྲུབ་ཐོབ་དང་༔ འཁོར་འདས་ཀུན་གྱི་དཔལ་འབྱོར་རྣམས༔ ཡི་གེ་ཨ་ནྲི་ཧཱུྃ་གསུམ་དུ༔ བསྡུས་ནས་ལུས་ངག་ཡིད་གསུམ་ལ༔ གཉིས་མེད་ཐིམ་པའི་འདུན་པ་ཡིས༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ མ་གཡེལ་ཐུགས་བསྐྱེད་སྨོན་ལམ་མཐུས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིག་འཛིན་པདྨ་འབྱུང་༔ རྩ་གསུམ་བརྒྱུད་པའི་བླ་མ་ལྷ༔ བཀའ་སྡོད་ཕོ་ཉ་སྒོ་མའི་ཚོགས༔ ཐུགས་རྗེའི་རང་བཞིན་འོད་དུ་འཕྲོས༔ བྱིན་རླབས་རང་བཞིན་འཁོར་འདས་ཀྱི༔ ཐུགས་རྗེ་བྱིན་རླབས་ཚེ་བསོད་དཔལ༔ བླ་ཚེ་ཆད་ཉམས་གས་དང་ཡར༔ ཨཱཿནྲི་ཧཱུྃ་གསུམ་རྣམ་པར་བསྡུས༔ རྒྱ་མཚོ་ཆེ་ལ་ཆར་བབས་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཏིཥྛ་བཛྲ༔ ཞེས་བརྗོད༔ དེ་ནས་རྣམ་རྒྱལ་བུམ་པ་ཐོགས༔ སྤྱི་བོར་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བུམ་པའི་རང་བཞིན་སྐུ་ཡི་དབང་༔ ཐུགས་རྗེའི་རང་བཞིན་བཅུད་དུ་འཁྱིལ༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ ལུས་འདི་ལོ་བརྒྱ་འཚོ་བའི་དབང་ཐོབ་ཤོག༔ ཨཱོཾ་ཛྙཱ་ན་བཛྲ་ཨཱ༔ ཡུ་ཥེ་ཚེ་བྷྲཱུྃ་ཀཱ་ཡ་ཨ་བྷི་ཥིཥྩ་ཨཱོཾ་ཨཱོཾ༔ དཀྱིལ་འཁོར་ནུབ་ཀྱི་ཚེ་ཆང་ཐོགས༔ མགྲིན་པར་བཞག་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ གསང་བའི་མཁའ་ལས་ཚེ་ཡི་བདུད་རྩི་བབས༔ བྷནྡྷར་འཁྱིལ་བས་རཱ་ག་གསུང་གི་དབང་༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ ངག་འདི་ལོ་བརྒྱར་འཕེལ་བའི་དབང་ཐོབ་ཤོག༔ ཨཱོཾ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཾ་ཨཱཾ༔ དཀྱིལ་འཁོར་ཤར་གྱི་བུམ་པ་ཐོགས༔ སྙིང་གར་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཀ་དག་ཆོས་ཉིད་གཞོན་ནུ་བུམ་པའི་སྐུ༔ སྐྱེ་ཤིའི་མཐའ་བྲལ་རྡོ་རྗེ་ཐུགས་ཀྱི་དབང་༔ སྐལ་ལྡན་བུ་ཡི་སེམས་ལ་དབང་བསྐུར་བས༔ སེམས་འདི་ལོ་བརྒྱར་བརྟན་པའི་དབང་ཐོབ་ཤོག༔ ཧཱུྃ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དཀྱིལ་འཁོར་ལྷོ་ཡི་ཚེ་ཟན་ཐོགས༔ ལྟེ་བར་བསྐུར་ཞིང་ལག་ཏུ་སྦྱིན༔ ཧཱུྃ་ཧྲཱི༔ རིན་ཆེན་འབྱུང་ལྡན་རཏྣ་ཚེ་དཔག་མེད༔ རྒྱུ་རྐྱེན་རྣམ་དག་འབྲུ་བཅུད་རོ་བརྒྱ་ལྡན༔ ཏིང་འཛིན་ལོངས་སྤྱོད་ཡོན་ཏན་ཚེ་ཡི་དབང་༔ སྐལ་ལྡན་བུ་ཡི་ལྟེ་བར་དབང་བསྐུར་བས༔ ཟ་ཐང་ལོ་བརྒྱར་རྒྱས་པའི་དབང་ཐོབ་ཤོག༔ ཏྲཾ་ཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ དཀྱིལ་འཁོར་བྱང་གི་མདའ་དར་ཐོགས༔ གསང་བར་བཞག་ཅིང་རྒྱས་ཀྱང་གདབ༔ ཧཱུྃ་ཧྲཱི༔ དོན་ཡོད་གྲུབ་པ་ཀརྨ་ཚེ་དཔག་མེད༔ སྦྱོར་དང་སྒྲོལ་བ་ཚེ་རྟེན་མདའ་དང་དར༔ ཚེ་བསོད་དཔལ་འབྱོར་ཐུགས་རྗེའི་སྟོབས་ཀྱིས་སྦྱོར༔ ལོག་འདྲེན་བར་ཆད་ནུས་པའི་ཤུགས་ཀྱིས་སྒྲོལ༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ སྤྱོད་པ་ལོ་བརྒྱར་དར་བའི་དབང་ཐོབ་ཤོག༔ ཨཱཾ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཨཱཾཿཨཱཾ༔ བཀྲ་ཤིས་རྫས་བརྒྱད་མཐའ་བརྟེན་བསྐུར༔ ཤིས་པ་བརྗོད་ཅིང་མེ་ཏོག་གཏོར༔ དངོས་གཞིའི་དབང་བསྐུར་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་དྲིན་ཁུར་ཞིང་ཡོན་གྱིས་མཆོད༔ རང་གི་སྲོག་གི་རིན་ཐང་རྣམས༔ ཟབ་མོའི་དབང་འདིའི་ཡོན་དུ་རི༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ དབང་ཆོག་འདི་བཞིན་གཞན་དོན་སྤྱོད༔ སྡིག་ཅན་འགྲོ་ལ་སྦ་བར་བྱ༔ ཆོས་སྡན་སྐྱེས་བུའི་གྲོགས་སུ་ཤོག༔ སྔོན་ཆད་བོད་ཡུལ་འཛམ་གླིང་འདིར༔ དབང་ཆོག་འདི་འདྲ་མ་གྲགས་སོ༔ པདྨ་བདག་གི་ཐུགས་ཏིག་ཡིན༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ཉམས་སུ་ལོངས་ཤིག་རྗེས་འཇུག་རྣམས༔ སྲུང་མས་བཀའ་ཡི་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གླིང་པས་བདེ་ཆེན་གསང་བ་ཕུག་ནས་རྙེད། མངྒ་ལཾ།། །།

བདུད་རྩི་དགུའི་ལོ་རྒྱུས་དང་ཉེ་ཤིང་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་རྩི་དགུའི་ལོ་རྒྱུས་དང་ཉེ་ཤིང་བཅུད་ལེན་བཞུགས་སོ༔ ཚེ་བདག་ཧེ་རུ་ཀཿལ་འདུད༔ བདུད་རྩིའི་རྒྱལ་པོ་ཉེ་ཤིང་གི༔ བཅུད་ལེན་མན་ངག་དམ་པ་ཞིག༔ མ་འོངས་སྐལ་ལྡན་སྐྱེས་བུའི་དོན༔ པདྨས་བཀོད་ནས་གཏེར་དུ་སྦས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་བདུད་རྩི་ཉེ་ཤིང་འདི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཞེས༔ ཆགས་པས་ཁམས་གསུམ་དབང་དུ་བསྡུད༔ ཕོ་མཐོང་གསོད་ཅིང་མོ་མཐོང་སྦྱོར༔ དེ་ཚེ་འོག་མིན་ཆོས་དབྱིངས་ནས༔ ཀུན་ཏུ་བཟང་མོའི་རྣམ་འཕྲུལ་ཞིག༔ རབ་ཏུ་བཀྱེ་སྟེ་དབང་ཕྱུག་མདུན༔ བཅུ་དྲུག་ལོ་ལོན་ཡིད་འོང་མཛེས༔ གཅེར་བུ་ནུ་མ་བྷ་ག་རྒྱས༔ འབུམ་དུ་སྤྲུལ་ནས་བདེ་ཉམས་བསྟན༔ ལྷ་ཆེན་ཆགས་པའི་རྦ་ཀློང་གཡོས༔ ཧཾ་ཡིག་ཞུ་བས་བྱང་སེམས་བབས༔ གསང་བའི་རྡོ་རྗེའི་བུ་ག་ནས༔ ཁམས་ཀྱི་དྭངས་སྙིགས་ཐིགས་པ་དགུ༔ མི་མཇེད་འཇིག་རྟེན་ཁམས་སུ་ལྷུངས༔ ཉེ་ཤིང་ར་མོ་ཤག་དང་ནི༔ གངས་ཐིགས་པ་དང་ཅོང་ཞི་དང་༔ ཅུ་གང་སོགས་ཏེ་དྭངས་མ་ལྔ༔ བ་ལུ་དཀར་པོ་མཁན་པ་དཀར༔ འཚེ་དང་ཤུག་གུ་ཚེར་མ་ཅན༔ སྙིགས་མ་བཞི་སྟེ་དགུ་པོ་སྐྱེས༔ སྤྲུལ་པའི་མཁའ་འགྲོ་དེ་རྣམས་ཀྱིས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས༔ ཆོས་ལྡན་སྐྱེས་བུའི་བཙས་སུ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐབས་ཤེས་ཡ་བྲལ་དངོས་གྲུབ་མེད༔ ཐབས་ཤེས་འཛོམ་ན་མཆོག་གི་རྫས༔ སྤྲུལ་པའི་མཁའ་འགྲོ་དེ་རྣམས་ཀྱིས༔ བྱང་སེམས་རཀྟ་ཐིག་པ་གསུམ༔ འཇིག་རྟེན་ཁམས་སུ་སྤྲོས་པ་ལས༔ ལི་ཁྲི་དམར་པོ་སིནྡྷུ་ར༔ བདུད་རྩི་བྲག་ཞུན་གསུམ་དུ་གྱུར༔ འགྲོ་དོན་འབྱུང་བའི་སྨོན་ལམ་བཏབ༔ རྒྱུད་དང་སྒྲུབ་ཐབས་ལག་ལེན་མཛད༔ མཁའ་འགྲོའི་གསང་མཛོད་ནང་དུ་སྦས༔ ཡེ་ཤེས་མཁའ་འགྲོ་དབྱིངས་ན་གཤེགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་པདྨ་འབྱུང་གནས་བདག༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ༔ དྷ་ན་ཀོ་ཤའི་མཚོ་དབུས་སུ༔ པདྨ་གེ་སར་སྦུབས་ལས་སྐྱེས༔ མ་དང་མཁའ་འགྲོའི་ཚོགས་དཔོན་གྱུར༔ ནམ་མཁའི་ལུས་ཅན་ཐོགས་མེད་རྒྱུ༔ མཁའ་འགྲོ་རྣམས་ཀྱི་གསང་མཛོད་བརྟོལ༔ མཆོག་གི་བཅུད་ལེན་བརྒྱ་ཕྲག་གཅིག༔ ཐུན་མོང་བཅུད་ལེན་སྟོང་རྩ་ཤེས༔ མན་ངག་ལས་སྦྱོར་ཁྲི་དང་འབུམ༔ སྟོང་གསུམ་འཇིག་རྟེན་སོ་སོ་ན༔ ཆོས་ལྡན་སྐྱེས་བུའི་དོན་དུ་བཞག༔ བཀའ་དང་གདམས་པ་འཆལ་དགོས་ནས༔ སྒྲུབ་གནས་མང་པོར་གཏེར་དུ་སྦས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར༔ སངས་རྒྱས་སྤྲུལ་པའི་སྐྱེས་བུ་འབྱུང་༔ སྦས་ཚུལ་མ་ངེས་འགྲོ་བ་འདྲེན༔ དེ་ཚེ་ནག་པོའི་བདུད་སྤྲུལ་ནི༔ དགེ་བཤེས་བན་བཙུན་མང་དུ་འབྱུང་༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་བསླུ༔ ཆོས་དང་ཟང་ཟིང་སྤེལ་མར་སྤྱོད༔ བདེ་བར་གཤེགས་པའི་བཀའ་རྣམས་དཀྲུག༔ འདྲ་མིན་འདྲ་བཟོ་མང་དུ་འཆོས༔ ཚོང་འདུས་འོ་མ་བཞིན་དུ་འགྱུར༔ བདེ་བར་གཤེགས་པའི་བཀའ་འཆལ་བས༔ ཆོས་སྒོར་ཞུགས་ལ་ཆོས་ལྡན་དཀོན༔ མན་ངག་ཟབ་མོའི་གནད་འཆལ་བས༔ ཉམས་སུ་བླངས་ཀྱང་དྲོད་རྟགས་དཀོན༔ ནག་ཕྱོགས་ལྷ་འདྲེས་རོགས་དན་བྱེད༔ བདུད་སྤྲུལ་མངའ་ཐང་ཆེས་ཆེར་རྒྱས༔ པདྨ་ང་སྤྲུལ་སྐྱེས་བུ་ལ༔ གཤེ་བཀུར་འདེབས་ཤིང་ཐན་དུ་བལྟ༔ དེ་ཚེ་རྒྱ་འགྱུར་མ་འཆུགས་པ༔ པད་འབྱུང་གཏེར་གྱི་ཟབ་ཆོས་ཡིན༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་ལག་རྒྱལ་པོའི་བཅུད་ལེན་ལྟར༔ སྔགས་དམིགས་ཏིང་འཛིན་ལྡན་པ་ཡིས༔ བདུད་རྩི་ཉེ་ཤིང་ས་ལས་བརྐོ༔ པགས་པ་བཤུས་ཏེ་གད་བརྡར་བྱ༔ བརྡུངས་ནས་དྲི་ཆུ་བར་པར་གདབ༔ ལྕགས་སྣོད་བསྐོལ་ནས་ཁུ་བ་ཕྱུངས༔ རས་ཚགས་རྡུལ་སོགས་མེད་པར་བྱ༔ ལན་གསུམ་ཁུ་བ་བསྐྱར་ཏེ་ཕྱུངས༔ གར་སླ་ཐུག་པ་སྐ་ཤོས་ཙམ༔ མར་དང་བུ་རམ་འབྲས་བུ་གསུམ༔ ཞིབ་ཏུ་བཏགས་ལ་ཅི་མང་བཏབ༔ ཅོང་ཞི་ཚ་འདུལ་བྱས་པ་ནི༔ གར་ཆང་རྟར་བསྐྱོན་མང་དུ་བཏབ༔ རིལ་བུ་ཆེ་ཆུང་གང་རུང་བྱ༔ དང་པོ་ཕྲན་བུ་དག་གིས་བསླབ༔ དེ་ནས་འབྲིང་དང་ཆེས་ཆེར་བཏང་༔ རླུང་གི་སྦྱོར་བ་སྔགས་དང་དམིགས༔ འཁྲུལ་འཁོར་ལག་ལེན་ལ་སོགས་པ༔ དབང་ལག་བཅུད་ལེན་བཞིན་དུ་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཟབ་མོའི་བཅུད་ལེན་འདི༔ བསྟེན་པའི་སྐལ་ལྡན་སྐྱེས་བུ་ལ༔ སྐྲ་དཀར་གཉེར་མ་མེད་པ་དང་༔ བརྒྱད་ཅུའི་ལོ་ལོན་རྒན་པོ་ཡང་༔ བཅུ་དྲུག་གཞོན་ནུའི་མདངས་ལས་གསལ༔ འདུས་པའི་ནད་རྣམས་གཏན་ནས་འབྱང་༔ ཕོ་བའི་མེ་དྲོད་ཉམས་པ་གསོས༔ མིག་གི་དབང་པོ་རབ་ཏུ་གསལ༔ ལྕེ་བདེ་ངག་སྙན་དབང་པོ་དྭངས༔ རྣ་བའི་སྒྲ་ཉམས་སོས་པ་དང་༔ ཡོན་ཏན་བརྗོད་ལས་འདས་པ་འཐོབ༔ ཟླ་བ་གཅིག་དང་ཟླ་འབྲེལ་ལ༔ བསྟེན་དང་ཐུན་མོང་ལས་རྣམས་འགྲུབ༔ ལོར་བསྟེན་མཆོག་གི་ས་ལ་རེག༔ བཤད་པ་བཞིན་དུ་ཉམས་བླངས་ནས༔ ཡོན་ཏན་དེ་དག་མ་ཐོབ་ན༔ པདྨ་བདག་གིས་མ་ཤེས་སོ༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ནུབ་མོའི་ཐོ་རེངས་ཁར་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གཏེར་གྲོགས་ཀུན་བཟང་དབང་མོ་དང་བཅས་ཏེ་གདན་དྲངས་ཤིང་༔ ས་ཕོ་རྟ་ལོའི་ཧོར་ཟླ་བཅུ་པར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཚེ་སྒྲུབ་ལས་མཐའ་ར་མོ་ཤག་གི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ལས་མཐའ་ར་མོ་ཤག་གི་བཅུད་ལེན་ཡོད༔ ཚེ་བདག་ཧེ་རུ་ཀཿལ་འདུད༔ རིག་འཛིན་པདྨ་ཐོད་ཕྲེང་ངས༔ མང་པོའི་ནང་ནས་བཅུད་ཕྱུངས་ཏེ༔ ཟབ་པའི་ནང་ནས་ཡང་ཟབ་པ༔ བདུད་རྩིའི་རྒྱལ་པོ་ར་མོ་ཤག༔ བསྟེན་ཅིང་བཅུད་དུ་ལེན་ཐབས་འབྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔགས་དམིགས་ཏིང་འཛིན་བསྐྱེད་རིམ་གྱི༔ གོ་གོན་སེམས་བསྐྱེད་ལྡན་པའི་ངང་༔ ར་མོ་ཤག་ཤིང་མང་དུ་རྐོས༔ འབབ་ཆུ་གྲང་མོའི་ནང་དུ་བཀྲུ༔ རྡོ་གཞོང་ནང་དུ་ལེགས་པར་མཉེ༔ རྫ་མ་གས་ཆག་མེད་པ་ལ༔ སྣུམ་རྩི་ཡོད་པའི་ནང་དུ་བཏབ༔ ཆུ་གཙང་བདུད་རྩི་ནུབ་ཙམ་བླུགས༔ ཆེ་ཆུང་ཚད་ལྡན་མེ་ལ་བསྐོལ༔ ལྦུ་བ་སྐྱ་བོ་ལན་གསུམ་གཅོད༔ ལེགས་པར་བཙོས་པའི་ཁུ་བ་དེ༔ རས་ལ་བཙགས་ཏེ་རྫ་མར་བླུགས༔ མེ་དྲོད་རན་པར་གདུ་མཁས་བྱ༔ ཆུས་བསྐོལ་དལ་ལྷོད་རན་པར་བསྲུབ༔ མར་དང་སྦྲང་རྩི་བུ་རམ་རྣམས༔ ཅི་མང་བཏབ་ནས་བསྐོལ་བའི་ཚེ༔ གར་ལ་མཉེན་ཆ་ཆགས་པ་འབྱུང་༔ གཞོང་པའམ་རྡོ་ལེབ་མཁྲེགས་པའི་ཁར༔ བུ་རམ་སྒང་བ་བཞིན་དུ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྔགས་དམིགས་ཏིང་འཛིན་བཅས༔ ཆུང་དང་འབྲིང་དང་ཆེན་པོ་སོགས༔ རིམ་གྱིས་བསླབ་ཏེ་བཟའ་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྟེན་པའི་ཕན་ཡོན་ནི༔ ལུས་ཀྱི་མཛེ་དང་གཅོང་རྣམས་བྱང་༔ ཆུ་སེར་ནད་གཞི་མ་ལུས་འཇོམས༔ དབང་པོའི་དྭངས་མ་ཁམས་རྒྱས་ཤིང་༔ བུད་མེད་བརྒྱ་ལ་སྤྱོད་པར་ནུས༔ རིག་འཛིན་ཚེ་ཡི་དངོས་གྲུབ་འཐོབ༔ འཆི་བདག་ལ་སོགས་བདུད་བཞི་འཇོམས༔ རྒས་པ་མེད་ཅིང་ལོ་བརྒྱ་ཐུབ༔ སྟོབས་ནི་གླང་ཆེན་སྨྱོན་པ་ལ༔ ཤེས་རབ་འཇམ་དཔལ་དབྱངས་དང་མཉམ༔ སུས་མཐོང་འགྲོ་བའི་ཡིད་འཕྲོག་ཅིང་༔ ཆོས་ལ་སྦྱོར་བའི་འཕྲིན་ལས་འཐོབ༔ སྐལ་བ་པདྨ་བདག་དང་མཉམ༔ འབྱུང་བའི་ཁམས་ལ་ཐོགས་མེད་རྒྱུ༔ སྣང་སྲིད་ལྷ་འདྲེས་སྲོག་སྙིང་འབུལ༔ དེ་སོགས་ཡོན་ཏན་བརྗོད་ལས་འདས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་བཞིན་ནོར་བུ་ལྟ་བུ་འདི༔ གངས་རིའི་རྒྱལ་པོ་ཏེ་སེར་སྦས༔ སྲུང་མ་རྣམས་ཀྱིས་བྱ་ར་མཛོད༔ མ་འོངས་བཞི་བཅུ་ཁ་རལ་དུས༔ ལྕགས་ཁམས་ཁྱིའམ་ཕག་ལོ་པ༔ ང་སྤྲུལ་སྐྱེས་བུ་ཁམས་ནས་ཡོང་༔ ལས་ཅན་དེ་དང་འདི་འཕྲད་ནས༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མདོ་ཁམས་གླིང་དུ་སྐྱེས་པའི་མི། །བྱ་བྲལ་འགྲོ་འདུལ་གླིང་པ་ཡིས། །ཏེ་སེའི་གངས་ནས་འདི་འདྲ་རྙེད། །སྐལ་བཟང་ཡིན་བསམ་ཐེ་ཚོམ་མེད། །ཨོ་རྒྱན་པདྨའི་གསོལ་རས་ཡིན། །ཧ་ཧ། མངྒ་ལཾ།། །།

ཚེ་སྒྲུབ་ལས་མཐའ་དབང་ལག་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ལས་མཐའ་དབང་ལག་བཅུད་ལེན་ཡོད༔ ཧེ་རུ་ཀ༔ ལ་ཕྱག་འཚལ་ལོ༔ བདུད་རྩིའི་རྒྱལ་པོ་དབང་པོ་ལག༔ ཟོས་པས་དངོས་གྲུབ་འཐོབ་པ་ཡི༔ མན་ངག་ལག་ལེན་རིམ་པ་ཞིག༔ པདྨ་འབྱུང་གནས་བདག་གིས་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ དབང་ལག་ཡོད་པའི་ཡུལ་དུ་ཕྱིན༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ལ༔ བར་ཆད་མེད་པའི་གསོལ་བ་གདབ༔ འགྲོ་དོན་འགྲུབ་པའི་སེམས་བསྐྱེད་བྱ༔ རང་ཉིད་རྟ་མགྲིན་དམར་པོར་བསྒོམ༔ གཡས་ན་ལྕགས་ཀྱུ་དམར་པོ་ཐོགས༔ ས་ལ་བརྒྱབ་པས་ལྷ་ཀླུ་མི༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ དབང་པོ་ལག་པའི་རྣམ་པར་བསྒྱུར༔ ཕྱག་གཡོན་བྷནྡྷའི་སྣོད་དུ་བླུགས༔ མཆོག་ཐུན་དངོས་གྲུབ་འབྱུང་བ་ཡི༔ བདུད་རྩིའི་རང་བཞིན་ཉིད་དུ་བསམ༔ སྔགས་འདི་བརྗོད་ཅིང་བརྐོ་བར་བྱ༔ ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨཱཿཧཱུྃ་རཀྵ་རཀྵ་སྭཱ་ཧཱ༔ སྔགས་དམིགས་ཏིང་འཛིན་ལྡན་པས་བརྐོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གད་བདར་ལེགས་པར་བྱས༔ གསེར་སྲང་གང་གི་ཚོད་དུའམ༔ ཡང་ན་མང་ཉུང་འདོད་དང་བསྟུན༔ ཨ་བར་སྐྱུར་གསུམ་གང་འབྱོར་གདབ༔ རང་ཉིད་ཁྲོ་བོའི་ཏིང་འཛིན་གྱིས༔ རྡོ་རྗེ་འབར་བའི་ཐོ་བ་ཡིས༔ ཁྲོ་མོ་ཡུམ་གྱི་གཏུན་ཁུང་དུ༔ དུག་གསུམ་སྒྲིབ་པ་རྒྱུ་དང་བཅས༔ མ་ལུས་ཆོམས་ཆོམས་བརྡུངས་པ་ལས༔ རང་བྱུང་ཡེ་ཤེས་བདུད་རྩིར་བསམས༔ དུག་གསུམ་བག་ཆགས་རྒྱུ་དང་བཅས༔ སརྦ་ཧ་ན་ཧ་ན་ཕཊ༔ ཨཱོཾ་ཨཱཿཧཱུྃ༔ ཞེས་བརྗོད་སྔགས་དང་ཏིང་འཛིན་དང་༔ ཞིབ་པར་འཐག་ཅིང་ཚགས་ལ་བཙགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བཅུད་ལྡན་འོ་མ་ནི༔ མང་ཉུང་དབང་ལག་ཚོད་དང་སྦྱར༔ ཀ་རའམ་ནི་བུ་རམ་དག༔ འོ་མའི་མང་ཉུང་ཚྭ་ཚོད་གདབ༔ ལྕགས་སྣོད་ནང་དུ་འོ་མ་སྐོལ༔ མང་ཉུང་གང་ཡོད་ཆ་གསུམ་གྱི༔ ཆ་གཅིག་བར་དུ་བསྐོལ་ཐག་བཏང་༔ མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་༔ དུམ་གཅིག་མཚན་ལྡན་ཐོད་པའི་ནང་༔ བདུད་རྩི་ལྔ་ཡི་རང་བཞིན་དེ༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ སྔགས་དམིགས་ཏིང་འཛིན་ལྡན་པས་བསྐོལ༔ དེ་ནས་འོ་མ་ཐབ་ནས་ཕོག༔ དབང་ལག་ཕྱེ་མ་བླུགས་ལ་བསྲུབ༔ ཨཱོཾ་ཨཱཿཧཱུྃཿསརྦ་པཉྩ་ཨ་མྲྀ་ཏ་ཨཱོཾ་ཨཱཿཧཱུྃ་ཧྲཱིཿཐཱ༔ ཞེས་བརྗོད་རྒྱལ་བ་ཚེ་ཡི་ལྷ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བྱང་ཆུབ་སེམས་ཀྱི་བདུར་རྩིར་བསམས༔ འདམ་ཐག་ལེགས་པར་བཏང་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཨ་རུ་ར་ཡི་ཚོད༔ རིལ་བུར་བསྒྲིལ་ལ་ཟླ་རེའམ༔ དབང་པོའི་ཁམས་དང་བསྟུན་ཏེ་བཟའ༔ དང་པོ་ཉུང་ངུ་བར་དུ་འབྲིང་༔ ཐ་མར་ཅི་མང་ཟོས་ན་མཆོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རང་ལུས་སྤྱི་གཙུག་ཉི་ཟླའི་སྟེང་༔ བདག་ཉིད་པད་འབྱུང་ཚེ་དཔག་མེད༔ ཡབ་ཡུམ་སྦྱོར་བ་བྱས་པ་ཡི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་བབས༔ ལུས་ཀྱི་རྩ་འཁོར་ཀུན་གང་སྟེ༔ བདེ་སྟོང་ཡེ་ཤེས་རྒྱས་པར་བསམས༔ སྟེང་རླུང་བཟུང་ཞིང་འོག་རླུང་འཐེན༔ བར་རླུང་བསྡམས་ཤིང་ཕོ་རྐེད་བསྐོར༔ འབེབས་ཆུང་རྒྱག་ཅིང་ཧ་སྤྲུག་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བར་གཅོད་སྒྲོལ་བའི་མན་ངག་ནི༔ རིལ་བུ་མ་བསྒྲིལ་འདམ་ཐག་དུས༔ ཤ་བའི་ཕོ་མཚན་རྙེད་ན་རབ༔ མ་རྙེད་ལུག་ནི་ཚེར་མོ་ཡི༔ མཚན་མ་སྐམ་པོ་ཞིབ་པར་འཐག༔ བདུད་རྩི་བཏབ་སྟེ་རིལ་བུར་བསྒྲིལ༔ ཟོས་པས་བར་ཆད་འོང་མི་སྲིད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཟོས་པའི་ཕན་ཡོན་ནི༔ རྒས་པ་མེད་ཅིང་ལོ་བརྒྱ་ཐུབ༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལྡན༔ འབྱུང་བའི་ཁམས་ལ་ཐོགས་རྡུགས་མེད༔ ན་ཆུང་བརྒྱ་ཡི་བཅུད་བསྡུད་ནུས༔ ཏིང་འཛིན་དགའ་བཞིའི་ཡོན་ཏན་འཕེལ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ པད་འབྱུང་ཟབ་གཏེར་ཆོས་ལ་སྤྱོད༔ བདུད་རྩི་བཅུད་ལེན་ཉམས་སུ་ལོངས༔ འདི་ཕྱི་ཀུན་ཏུ་བཀྲ་ཤིས་ཤིང་༔ པདྨ་ང་དང་དབྱེར་མེད་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་མང་ཡང་ཟབ་ཁྱད་ཆེ༔ བདུད་རྩིའི་རྒྱལ་པོའི་བཅུད་ལེན་འདི༔ ད་ལྟ་མངའ་བདག་རྒྱལ་བློན་དང་༔ མ་འོངས་འགྲོ་བའི་དོན་དུ་བསྟན༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ཀླུ་དབང་སྐྱེ་མཐས་རྙེད་ནས་ཀྱང་༔ ཆོས་བཞིན་སྤྱོད་པའི་མཐུན་རྐྱེན་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་འགྲོ་འདུལ་གླིང་པས་བདེ་ཆེན་གསང་བ་ཕུག་ནས་རྙེད༔ མངྒ་ལཾ།། །།

ཚེ་སྒྲུབ་ལས་མཐའ་ཤིང་ཆེན་བདུད་རྩི་བཞིའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ལས་མཐའ་ཤིང་ཆེན་བདུད་རྩི་བཞིའི་བཅུད་ལེན་ཡོད༔ དབང་ཆེན་ཧེ་རུ་ཀཿལ་འདུད༔ རྩོད་ལྡན་དུས་ཀྱི་འགྲོ་བ་འགའ༔ ཐར་པའི་ལམ་ལ་འདྲེན་པའི་ཕྱིར༔ ཤིང་ཆེན་བདུད་རྩི་རྣམ་བཞི་ཡི༔ བཅུད་ལེན་ཟབ་མོ་བདག་གིས་འགོད༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔགས་དང་ཏིང་འཛིན་དམིགས་པར་བཅས༔ བདུད་རྩི་འབྱུང་བའི་ཤིང་བཞི་ཐུ༔ རྡོ་གཞོང་ནང་དུ་ལེགས་པར་མཉེ༔ མང་ཉུང་མེད་པར་ཆ་མཉམ་སྟེ༔ གས་ཆག་མེད་པའི་རྫ་མར་བསྐོལ༔ ཁུ་བ་འདུས་ནས་རས་ལ་བཙག༔ བུ་རམ་སྦྲང་རྩི་མར་དང་ནི༔ དབང་ལག་ཕྱེ་མ་ཅི་མང་སྦྱོར༔ ཆུས་བསྐོལ་དག་ཏུ་བསྲུབ་ནས་ཀྱང་༔ ཁཎྜ་གར་སླ་རན་པའི་དུས༔ རིལ་བུ་ཤ་བའི་རིལ་མ་ཙམ༔ བསྒྲིལ་ཏེ་ཆེ་ཆུང་འབྲིང་སོགས་ཀྱི༔ མ་གོམས་བར་དུ་བསྟེན་མཁས་བྱ༔ གོམས་ནས་ཁ་ཟས་ལྟ་བུར་སྤྱོད༔ ཐོ་རངས་རྩ་སྟོང་དུས་སུ་བཟའ༔ སྔགས་དང་དམིགས་པའི་འཁྲུལ་འཁོར་རླུང་༔ དབང་ལག་བཅུད་ལེན་བཞིན་དུ་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུད་རྩི་འབྱུང་བའི་ཤིང་སྣ་བཞི༔ མཚེ་དང་བ་ལུ་ཤུག་པ་དང་༔ མཁན་པ་དཀར་པོ་རྣམ་པ་བཞི༔ རྒས་དང་གཞོན་པའི་སྐྱོན་མེད་དུས༔ རྩོལ་བསྒྲུབ་བྱས་ཏེ་འདུལ་དང་སྦྱོར༔ ལས་ལ་སྦྱར་བའི་མན་ངག་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྟེན་པའི་སྐལ་ལྡན་ལ༔ རྒྱལ་བ་རྣམས་ཀྱིས་བྱིན་རློབ་ཅིང་༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོག༔ ཡི་དམ་ཆོས་སྐྱོང་སྤྲིན་བཞིན་འདུ༔ རི་བྲག་རྣམས་ལ་ཟང་ཐལ་འགྲོ༔ ལུས་ཀྱི་གཅོང་དང་འབུ་སྲིན་འབྱང་༔ ལས་ཀྱི་སྒྲིབ་པ་མྱུར་དུ་འདག༔ ཆོས་རྣམས་མ་བསླབས་ཁོང་ནས་འཆར༔ རང་བྱུང་སྤྲོས་བྲལ་རང་ཞལ་མཐོང་༔ ཕ་རོལ་འགྲོ་བའི་སེམས་ཀྱང་ཤེས༔ ཐ་ན་བདུན་ཕྲག་གཅིག་བསྟེན་ན༔ གཅོང་ཆེན་སྡེ་བཞིའི་ནད་རྣམས་འབྱང་༔ ལོ་གཅིག་བསྟེན་ན་རིག་འཛིན་ཚེ༔ ཨོ་རྒྱན་བདག་དང་ཁྱད་པར་མེད༔ གཞན་ཡང་ཕན་ཡོན་བརྗོད་ལས་འདས༔ རྒྱ་གར་འཕགས་ཡུལ་དམ་པ་ན༔ རིག་འཛིན་ཕོ་མོས་འདི་བཞིན་སྤྱོད༔ གྲུབ་ཐོབ་ནམ་མཁའི་སྐར་ཚོགས་འདྲ༔ མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར༔ ཆོས་སྒོར་ཞུགས་ཀྱང་ཆོས་མིན་སྤྱོད༔ གདམས་ངག་ཐོབ་ཀྱང་ཉམས་མི་ལེན༔ བཅུད་ལེན་མི་བསྟེན་འཇའ་ལུས་མེད༔ བོད་ཡུལ་ཆོས་བྱེད་ཡི་རེ་མུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ བདུད་སྤྲུལ་བྱང་སེམས་ཆས་ལ་འཇུག༔ བཀའ་དང་བསྟན་བཅོས་དཀྲུག་ཅིང་སྤེལ༔ ཐུབ་པའི་བསྟན་པ་ཉམས་པའི་རྟགས༔ པད་འབྱུང་ང་ལ་གཉིས་ཡོད་ཟེར༔ རྫོགས་ཆེན་ཆོས་ལོག་བོན་དང་འདྲེས༔ ཀུན་གྱིས་སྤོངས་ཤིག་མ་བྱེད་ཟེར༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་ཡི༔ ཚུལ་འཆོས་མི་སྣང་མི་བསྟུན་ཚེ༔ ཟོག་པོར་མཐོང་ཞིང་ཐན་དུ་བལྟ༔ བདུད་སྤྲུལ་རྣམས་ལ་འགྲོ་བ་འདུ༔ ཨེ་མ་བསྐལ་པའི་ཡང་མཐའ་ལ༔ སྨོན་ལམ་མཐའ་བཙན་ཁམས་སུ་སྐྱེ༔ ཁམས་ཞིག་ཉི་མ་གྲགས་པ་ཞེས༔ འདོད་བློ་མེད་ཅིང་ཞེ་འདོད་བྲལ༔ མ་དར་ས་ནས་དགྲ་སྡང་ཞིང་༔ བཟང་ལེན་ངན་འཇལ་མི་ཁ་སྡང་༔ དད་མོས་མི་བྱེད་འབར་ཤ་ལྡིར༔ ཞབས་ཏོག་མི་བྱེད་ཞབས་འདྲེན་མང་༔ དེ་ཚེ་བཟོད་པའི་གོ་ཆ་གྱོན༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་བསྒོམས༔ བཅུད་ལེན་བསྟེན་ཞིང་རི་ཁྲོད་འགྲིམས༔ ངེས་མེད་གནས་ལ་སྒྲུབ་པ་གྱིས༔ མཚན་ལྡན་ཕྱག་རྒྱ་གྲོགས་སུ་བསྟེན༔ བདག་ཅན་བུད་མེད་ནོར་མ་གསོག༔ ཆོས་བདག་སྐལ་ལྡན་མ་གཏོགས་པ༔ ཟང་ཟིང་བོར་ལ་བསྒྲུབ་ལ་བརྩོན༔ མི་ངོ་མ་བསྲུང་དམ་ཚིག་སྲུངས༔ པད་འབྱུང་ང་ཡི་བསླབ་སྟོན་ཉོན༔ ཕས་ཟེར་ཉོན་ལ་ཕ་རྗེས་ཤོག༔ པདྨ་འོད་ཀྱི་ཕོ་བྲང་དུ༔ ང་རང་ཕ་སྦད་ཉམས་དབྱངས་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་འགྲོ་འདུལ་གླིང་པ་ཡི། །ཏེ་སེའི་གངས་ནས་འདི་འདྲ་མཇལ། །མི་མིང་མེད་པའི་བྱ་བྲལ་ང་། །དགའ་ཡང་དགའ་ལ་སྐྱིད་ཀྱང་སྐྱིད། །མངྒ་ལཾ།། །།

ཚེ་དཔག་མེད་ཀྱི་བརྒྱུད་པའི་གསོལ་འདེབས།

ཟབ་ལམ་ཚེ་དཔག་མེད་ཀྱི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ་སརྦ་སིདྡྷི་ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་རཱ་གའི་ཞིངས་ཁམས་ནས། །སངས་རྒྱས་ཨ་མི་དཱེ་བར་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །རི་བོ་གྲུ་འཛིན་དབང་གི་ཕོ་བྲང་ནས། །རྒྱལ་བ་ཨཱ་ཡུ་ན་ཐར་གསོལ་བ་འདེབས། འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས། །འགྲོ་མགོན་པདྨ་བཛྲ་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །གངས་ལྗོངས་དག་པའི་གནས་མཆོག་མཆིམས་ཕུ་ནས། རྒྱལ་ཡུམ་ཛྙཱ་ནའི་མཚན་ཅན་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །མཁའ་སྤྱོད་རིག་འཛིན་ཚོམ་བུའི་ད་ལ་ནས། །ལོ་ཆེན་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །གནས་མཆོག་ཆེན་པོ་གུ་ཧྱ་ཀཱ་ལ་ནས། །རིག་འཛིན་བི་ཛ་ཡ་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །ཐུགས་རྗེ་ཕྱོགས་རིས་མེད་པའི་ཞིང་ཁམས་ནས། །ཨོ་རྒྱན་བསྟན་འཛིན་གྲགས་པ་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །བཀའ་གཏེར་གདམས་ཟབ་ཕྱུག་པའི་སྐྱེད་ཚལ་ནས། །པདྨའི་མཚན་ཅན་དམ་པ་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །རྒྱ་བོད་འཛམ་གླིང་དག་པའི་ཞིང་མཆོག་ནས། །ཚེ་ཡི་རིག་འཛིན་ལྕམ་དྲལ་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །གཏེར་གནས་གྷྲི་ཧ་དྷེ་ཝའི་ཕོ་བྲང་ནས། །ཡང་ཟབ་ཚེ་ཡི་སྒྲུབ་ཐབས་ལ་གསོལ་བ་འདེབས། འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །རཱ་ག་ཡ་མི་འཆི་མེད་དཀྱིལ་འཁོར་ནས། །མགོན་པོ་ཚེ་ཡི་ལྷ་ཚོགས་ལ་གསོལ་བ་འདེབས། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །བཀའ་གསང་རྨད་དུ་བྱུང་བའི་རྒྱ་ཅན་ནས། །དམ་ཅན་བཀའ་ཡི་སྲུང་མ་ལ་གསོལ་བ་འདེབས། འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། ཞེས་ཟབ་ལམ་ཚེ་དཔག་མེད་དཀར་པོའི་གསོལ་འདེབས་འདི་ནི་གཏེར་སྟོན་རིག་འཛིན་ཆེན་པོས་མཛད་པ་ཡིན། སརྦ་མངྒ་ལཾ། བྷ་ཝནྟུ།། །།

བླ་མ་བདེ་མཆོག་གི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་ཟབ་མོ།

བླ་མ་བདེ་མཆོག་གི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་ཟབ་མོ་བཞུགས་སོ། །མགོན་པོ་ཚེ་དཔག་མེད་ལ་བདུད། གང་དེའི་གདམས་པར་འཇུག་འདོད་པས། །དཀྱིལ་འཁོར་རྒྱས་བསྡུས་གང་རུང་དབུས། མཉྫིའི་སྟེང་དུ་བཅུད་ལྡན་བུམ། །མདུན་དུ་ཚེ་གཏོར་རྡོ་རྗེས་མཚན། །གཡས་སུ་ཚེ་རིལ་རྒྱབ་ཕྱོགས་སུ། །བྷནྡྷར་ཚེ་ཆང་སྨན་བཏབ་བཞག །གཡོན་དུ་མདའ་དར་གཟུགས་པར་བྱ། །དེ་མཐར་སྨན་གཏོར་རཀྟ་དང་། །བཀའ་གཏེར་གཏོར་མ་མཆོད་ཚོགས་སོགས། །མཁོ་བའི་ཡོ་བྱད་འདུ་བྱས་ནས། །རྣལ་འབྱོར་བདེ་བའི་གདན་ལ་འདུག །སྔོན་གཏོར་ཆ་གཉིས་བཏང་བའི་མཇུག །བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ རང་བྱུང་རིག་པ་དོན་གྱི་ཡེ་ཤེས་ལ༔ མ་རིག་སྒྲིབ་པ་སྣང་སེམས་འཁྲུལ་བྱེད་འདྲེ༔ ཚེ་ལ་བར་དུ་གཅོད་བྱེད་བདུད་དང་བགེགས༔ ལོག་པར་ལྟ་བའི་ཚོགས་རྣམས་ཕྱིར་དེངས་ཤིག༔ གནོད་བྱེད་འབྱུང་པོའི་ཚོགས་རྣམས་མཱ་ར་ཡ༔ བསྲུང་འཁོར་ནི། ཧཱུྃ་ཧྲཱི༔ ཡེ་ནས་རྣམ་དག་ཚེ་དཔག་མེད་པའི་ཞིང་༔ ཐུགས་རྗེའི་རང་བཞིན་ཁྲོ་ཚོགས་རླུང་ལྟར་འཚུབས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ རྡོ་རྗེ་འཁོར་ལོ་མེ་དཔུང་དམར་ནག་གཏམས༔ སྲུངས་ཤིག་བཛྲ་རཀྵ་རཀྵ་ཧཱུྃ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ་ཧྲཱི༔ རྐང་གཉིས་གཙོ་བོ་སངས་རྒྱས་ཚེ་དཔག་མེད༔ ཞི་བ་ཆགས་བྲལ་ཚེ་སྒྲུབ་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་ཚེ་ཡི་རིག་པ་འཛིན༔ ཚེ་ཡི་རིག་འཛིན་བསྒྲུབ་ཕྱིར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཟབ་ཅིང་སྤྲོས་བྲལ་སྐྱེ་འཆི་མེད་པའི་དོན༔ མ་རིག་སྒྲིབ་པས་བཅིངས་པའི་འགྲོ་བ་རྣམས༔ འཆི་བདག་བདུད་ཀྱི་བར་ཆད་བཟློག་པའི་ཕྱིར༔ རིག་འཛིན་ཚེ་ཡི་བསྒྲུབ་ཐབས་ཉམས་སུ་ལེན༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ མ་དག་འབག་རྩོག་དྲི་མའི་ཚོགས༔ རྣམ་དག་ཆོས་དབྱིངས་མཁའ་ཀློང་ནས༔ ཡི་གེ་གསུམ་གྱི་འོད་འཕྲོས་སྦྱངས༔ ཕྱི་ནང་གསང་མཆོད་ཡེ་ཤེས་ལྔ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ཨཱོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཐཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་བྷ་ལ་བྷ་ལིངྟ་ཧཱུྃ་ཧྲཱིཿཐཱ༔ ཨཱོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷུཥྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་སྐྱེ་བ་མེད༔ དུས་གསུམ་འགགས་མེད་ངོ་བོ་སྤྲོས་དང་བྲལ༔ རང་བྱུང་ལྷན་སྐྱེས་དེ་བཞིན་ཉིད་ཀྱི་སྐུ༔ སྣ་ཚོགས་རང་གྲོལ་དེ་བཞིན་ཉིད་དུ་བརྡལ༔ དྷརྨཱ་དྷརྟུ་ཛྙཱ་ན་ཨཱཿ གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཆེན་པོའི་ངང་། །གཟུང་འཛིན་མཚན་མ་ཀུན་བྲལ་ཡི་གེ་ཧྲཱི༔ ཧྲཱིཿལས་འོད་འཕྲོས་ཕྱི་སྣོད་ཞིང་དུ་བརྡལ༔ བྷྲཱུྃ་ཆད་འོད་འཕྲོས་རིན་ཆེན་གཞལ་ཡས་ཁང་༔ ཟུར་བཞི་ལོགས་བཞི་སྒོ་བཞི་རྟ་བབས་ལྡན༔ པད་རྡོར་མེ་རི་བྲག་ཆེན་དུར་ཁྲོད་བཅས༔ སྟོང་ཉིད་ནམ་མཁའི་ཀློང་དུ་འཇའ་ལྟར་ཤར༔ ཕྱི་ནང་མེད་པ་ཟངས་ཐལ་འོད་ཀྱི་ཀློང་༔ བྷྲཱུྃ་བྷི་ཤ་བྷི་ཤུད་དྷེ་ཨཱཿ ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ སྐྱེ་མེད་སྣ་ཚོགས་རང་བྱུང་སེམས་ཉིད་འདི༔ མ་བཅོས་སྤྲོས་བྲལ་མགོན་པོ་ཚེ་དཔག་མེད༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རང་བཞིན་སྤྱན་གཉིས་འགྲོ་ལ་གཟིགས༔ རལ་པའི་ཐོར་ཅོག་རཏྣའི་པྲོག་ཞུས་མཛེས༔ རུས་པའི་རྒྱན་དྲུག་དར་གྱི་ཅོད་པན་འཕུར༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་ཡུམ་ལ་འཁྱུད༔ འོད་ཀློང་ཉི་ཟླ་པད་སྟེང་བཞེངས་ཏེ་བཞུགས༔ ཧཱུྃ་ཧྲཱི༔ དེ་ཡི་པང་ཡུམ་ཚེ་ཡི་རིག་མ་ནི༔ བདེ་འབྱིན་ཛྙཱ་ན་དཀར་དམར་མདངས་དང་ལྡན༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དགྱེས་སྦྱོར་འཁྲིལ༔ ཕྱག་གཡས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་འཆི་མེད་ཚེ་ཡི་བུམ་པ་བསྣམས༔ སྤྱན་དཀྱུས་རིང་ཞིང་འཛུམ་པའི་མདངས་དང་ལྡན༔ བཅུ་དྲུག་ན་ཚོད་རིན་ཆེན་རྒྱན་གྱིས་སྤྲས༔ འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་བསྐྱེད༔ འཁོར་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ ཚེ་ཡི་བུམ་པ་སངས་རྒྱས་ཚེ་དཔག་མེད༔ སྐུ་མདོག་མཐིང་ཁ་རང་འོད་ཡུམ་དང་འཁྲིལ༔ ལྷོ་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ རིན་ཆེན་ཚེ་ཟན་རཏྣ་ཚེ་དཔག་མེད༔ སྐུ་མདོག་སེར་པོ་རང་འོད་ཡུམ་དང་འཁྲིལ༔ ནུབ་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ ཚེ་ཆང་བདུད་རྩི་པདྨ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་རང་འོད་ཡུམ་དང་འཁྲིལ༔ བྱང་ཕྱོགས་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ མདའ་དར་ངོ་བོ་ཀརྨ་ཚེ་དཔག་མེད༔ སྐུ་མདོག་ལྗང་ཁུ་རང་འོད་ཡུམ་དང་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ གཡས་པས་མདའ་དར་གཡོན་པས་ཚེ་བུམ་འཛིན༔ ཞབས་གཉིས་གར་སྟབས་སྣང་སྲིད་དབང་དུ་བསྡུད༔ སྤྱན་གཉིས་བྱམས་པའི་སྙིང་རྗེས་འགྲོ་ལ་གཟིགས༔ རང་འོད་ཡུམ་རྣམས་ཡབ་ཀྱི་ཞལ་དང་སྦྱོར༔ ཞལ་གཅིག་ཕྱག་གཉིས་སྤྱན་གཉིས་དགྱེས་འཛུམ་མདངས༔ གཡས་རྣམས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་རྣམས་ཟག་མེད་ཚེ་བུམ་ལོངས་སྤྱོད་རྫོགས༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་ཡབ་ལ་འཁྲིལ༔ སྟོད་གཡོག་སྨད་དཀྲིས་སྣ་ཚོགས་རྒྱན་གྱིས་སྤྲས༔ གསེར་གྱི་གདུ་བུ་དར་གྱི་ཅོད་པན་འཕུར༔ རྣམ་དག་ཆོས་དབྱིངས་ངང་དུ་ལྷམ་མེར་གསལ༔ ཁྱམས་ལ་རྩ་གསུམ་བརྒྱུད་པའི་བླ་མ་ལྷ༔ སྒོ་བཞིར་སྒོ་མ་བཞི་དང་ཕྱི་རོལ་དུ༔ ཆོས་སྐྱོང་སྲུང་མ་ལས་བྱེད་ཕོ་ཉར་གསལ༔ སྤྱན་འདྲེན་པ་ནི༔ སྤོས་བསྲེག་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་ནས༔ བཅོམ་ལྡན་མགོན་པོ་རྒྱལ་བ་ཚེ་དཔག་མེད༔ ཡབ་ཡུམ་འཁོར་བཅས་མ་ལུས་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་བཅུ་ནས༔ ཚེ་ལྷ་རིགས་ལྔ་རྩ་གསུམ་བརྒྱུད་པར་བཅས༔ བཀའ་སྡོད་སྒོ་བ་ལས་མཁན་ཕོ་ཉ་བྲན༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་བཛྲ་ས་མ་ཡ་ཛ་ཛ༔ བརྟན་བཞུགས་ནི༔ ཧཱུྃ་ཧྲཱི༔ གེ་སར་པདྨ་ཉི་ཟླ་འོད་ཀྱི་ཀློང་༔ བདེ་བར་གཤེགས་པ་བཅོམ་ལྡན་ཚེ་ཡི་ལྷ༔ བདག་སོགས་འགྲོ་ལ་ཐུགས་རྗེས་རབ་དགོངས་ཏེ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ་ཡི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ འགྲོ་བའི་མགོན་པོ་ཚེ་ཡི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་ལྔ་དང་༔ ནང་གི་མཆོད་པ་སྨན་གཏོར་རཀྟའི་ཚོགས༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞི༔ རང་སྣང་རྣམ་དག་དཀྱིལ་འཁོར་ལྷ་ལ་འབུལ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སརྦ་པཱུ་ཙ་མེ་གྷ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨཱོཾ་ཨཱཿཧཱུྃ་ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །ལོངས་སྐུ་ཚེ་དཔག་མེད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །སྤྲུལ་སྐུ་པདྨ་བཛྲ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །དྷཀྐི་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧིལོ་ཆེན་ཀླུ་ཡི་དབང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །རིག་འཛིན་ཉི་མ་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །གུ་རུ་བསོད་ནམས་བསྟན་འཛིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །རིག་འཛིན་ཚེ་ཡི་ལྷ་ཚོགས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །བཀའ་སྲུང་སྐྱེས་བུ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧིགཏེར་སྲུང་ལྷ་བཙན་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། །བསྟོད་པ་ནི། ཧཱུྃ་ཧྲཱི༔ ཆོས་སྐུ་དྲི་མེད་རྣམ་དག་ཚེ་དཔག་མེད༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས་པའི་དཔལ༔ རྣམ་འཕྲུལ་དཔག་ཡས་འགྱེད་པ་སྤྲུལ་པའི་སྐུ༔ རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ནད་གདོན་ཞི་མཛད་བཛྲ་ཚེ་དཔག་མེད༔ ཚེ་དཔལ་རྒྱས་མཛད་རཏྣ་ཚེ་དཔག་མེད༔ སྲིད་གསུམ་བཅུད་བསྡུས་པདྨ་ཚེ་དཔག་མེད༔ བདུད་བཞི་ཟློག་མཛད་ཀརྨ་ཚེ་དཔག་མེད༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བྱིན་རླབས་འབྱུང་གནས་བརྒྱུད་པའི་བླ་མ་དང་༔ དངོས་གྲུབ་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི༔ བསྙེན་དུས་གསོལ་བ་འདེབས་པའི་ཚུལ༔ མ་ཡེངས་ངང་ནས་འཛབ་འདི་བཟླ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི༔ ཨཱཿཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུཾ༔ སརྦ་སིདྡྷི་ཧཱུྃ་ཧྲཱི༔ བསྒྲུབ་དུས་མཆོད་དང་བསྟོད་པའི་ཚུལ༔ འོད་ཟེར་སྤྲོ་བསྡུས་ངང་ནས་བཟླ༔ ཨཱོཾ་ཧཱུྃ་བྷྲཱུྃ་ཏྲཱཾ་ཧྲཱི༔ ཨཱཿཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུཾ་སརྦ་སིདྡྷི་ནྲྀ་ཛ༔ ཧཱུྃ་བྷྲཱུྃ་པ་ཤང་མ་མ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ལས་སྦྱོར་བཞི་ལ་རང་གསལ་ཞིང་༔ བདག་གཞན་ཕྲིན་ལས་ཨེ་མ་ཧོ༔ གོང་གི་བསྙེན་པ་ཤམ་བུ་རུ། ཨཱོཾ་ནད་གདོན་བར་ཆད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་གནོད་བྱེད་ཚེ་བདུད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཐུན་སྐབས་བཛྲ་པུཥྤེ་སོགས་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་ལིངྟ་མ་ཧཱ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི། ཞེས་མཆོད་ཅིང་བསྟོད་པས་བསྟོད། དེ་ནས་མདའ་དར་ཐོགས་ནས་ཕྱོགས་བཅུར་གཡབ༔ འོད་ཟེར་འཕྲོས་པས་རང་ཉིད་ཀྱི༔ བླ་ཚེ་ཆད་ཉམས་གས་དང་ཡར༔ རྩ་གསུམ་རིག་འཛིན་གྲུབ་ཐོབ་དང་༔ འཁོར་འདས་ཀུན་གྱི་དཔལ་འབྱོར་རྣམས༔ ཡི་གེ་ཨཱ་ནྲྀ་ཧཱུྃ་གསུམ་དུ༔ བསྡུས་ནས་ལུས་ངག་ཡིད་གསུམ་ལ༔ གཉིས་མེད་ཐིམ་པའི་འདུན་པ་ཡི༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ མ་གཡེལ་ཐུགས་བསྐྱེད་སྨོན་ལམ་མཐུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་པདྨ་འབྱུང་༔ རྩ་གསུམ་བརྒྱུད་པའི་བླ་མ་ལྷ༔ བཀའ་སྡོད་ཕོ་ཉ་སྒོ་མའི་ཚོགས༔ ཐུགས་རྗེའི་རང་བཞིན་འོད་དུ་འཕྲོས༔ བྱིན་རླབས་རང་བཞིན་འཁོར་འདས་ཀྱི༔ ཐུགས་རྗེ་བྱིན་རླབས་ཚེ་བསོད་དཔལ༔ བླ་ཚེ་ཆད་ཉམས་གས་དང་ཡར༔ ཨཱ་ནྲྀ་ཧཱུྃ་གསུམ་རྣམ་པར་བསྡུས༔ རྒྱ་མཚོ་ཆེ་ལ་ཆར་བབས་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ་སརྦ་སིདྡྷི་ཧཱུྃ་ཧྲཱི༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གིས་དབང་བཞི་བླངས་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་རིམ་པ་ལ། ཚོགས་བྱིན་གྱིས་བརླབས་པ་ནི། ཧཱུྃ་ཧྲཱི༔ རྣམ་དག་མཆོག་གི་ལོངས་སྤྱོད་ཞལ་ཟས་ཚོགས༔ མ་རིག་སྒྲིབ་འཁྲུལ་འབག་ཚོགས་མིང་མེད་ཀྱང་༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི༔ རཾ་ཡཾ་ཁཾ་གིས་ཉེས་སྐྱོན་དབྱིངས་སུ་སྦྱངས༔ ཡི་གེ་གསུམ་གྱིས་ཟག་མེད་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ་ལན་གསུམ། ཨཱོཾ་ཨཱཿཧཱུྃ། ལན་གསུམ། ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རྒྱལ་བའི་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་ཡི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ ཧཱུྃ་ཧྲཱི༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བླ་མེད་རྫས༔ རིག་འཛིན་ཡོངས་འདུས་ཚེ་བདག་རྒྱལ་བ་ལ༔ གཉིས་མེད་གུས་པ་ཆེན་པོས་འབུལ་ལགས་ན༔ རྣམ་དག་ཐུགས་རྗེའི་ཀློང་དུ་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་གྷ་ན་ཙཀྲ་པཱུཥྩ་ཁཱ་ཧི༔ བསྐང་བཤགས་ནི། ཧཱུྃ་ཧྲཱི༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉེན་པོ་བསྐང་། །རྩ་བརྒྱུད་བླ་མ་ཡི་དམ་ཚེ་ཡི་ལྷ། །མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། ཉམས་ཆག་རྟོག་སྒྲིབ་མ་ལུས་མཐོལ་ལོ་བཤགས། བཤགས་པ་ནི། ཧཱུྃ་ཧྲཱི༔ རང་རིག་ཆོས་སྐུ་ཉོན་མོངས་དབང་གིས་སྒྲིབ༔ མ་རྟོགས་རྨོངས་པས་ཁམས་གསུམ་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་བའི་ལས་ཉོན་བག་ཆགས་རྣམས༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ བསྒྲལ་ལས༔ ཧཱུྃ་ཧྲཱི༔ ལས་མཛད་ཀརྨ་ཚེ་དཔག་མེད་མགོན་རྒྱལ༔ རཱུ་ཏྲ་འདུལ་མཛད་ལྗང་ནག་ཕུར་པ་འདྲིལ༔ ཟ་གསོད་ཕོ་ཉ་མང་པོ་སྐར་ལྟར་འཁྲུག༔ ཚེ་བདུད་བར་ཆད་སྒྲོལ་བའི་དུས་ལ་བབ༔ ཨཱོཾ་ཀརྨཱ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལཱ་ཡ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ་ཧྲཱི༔ མ་རིག་རཱུ་ཏྲ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ༔ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱོང་བའི་ཕྱིར༔ ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཡང་སྤྲུལ་བཅས༔ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་བསྟབ༔ ཁ་རཾཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བཅའ་བཞིན༔ དཀྱིལ་འཁོར་སྐྱོང་བའི་བཀའ་སྡོད་སྲུང་མའི་ཚོགས༔ ལྷག་མའི་ཞལ་ཆབ་བདུད་རྩིའི་ལོངས་སྤྱོད་བཞེས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨུ་ཙི་ཊ་བྷ་ལིངྟ་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་བར་དང་ཐ་མ་རྩོད་ལྡན་དུས༔ ཚེ་དཔག་མེད་དང་བདག་ཉིད་པད་འབྱུང་གིས༔ དབྱར་དམ་ཕོག་པའི་བཀའ་སྐྱོང་ལྷ་སྲིན་ཚོགས༔ གཏོར་མ་འདི་བཞེས་རྣལ་འབྱོར་ཕྲིན་ལས་སྒྲུབ༔ བར་ཆད་འབྱུང་པོ་མཐའ་ཡི་དམག་དཔུང་བཟློག༔ བསྟན་མ་ནི༔ ཧཱུྃ་ཧྲཱི༔ བསྟན་མ་སྐྱོང་མཛད་མ་སྲིང་མཁའ་འགྲོའི་ཚོགས༔ ཁྱེད་རྣམས་བདག་ཉིད་པདྨ་ཐོད་ཕྲེང་དང་༔ སློབ་མ་མཁོན་ཆེན་ཀླུ་ཡི་དབང་པོ་ཡི༔ བཀའ་བསྒོས་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ངག་ཏུ་བདུད་རྩི་བྲན་དུ་སྲོལ་སྙིང་ཕུལ༔ སྔོན་གྱི་ཐ་ཚིག་གཉན་པོ་དུས་འདིར་དགོངས༔ བཤལ་ཆུ་གཏོར་མ་བཞེས་ལ་ཕྲིན་ལས་སྒྲུབས༔ བླ་མེད་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ མ་མ༔ ཏང་ཏང་༔ ཏིང་ཏིང་༔ ལང་ལང་༔ ལིང་ལིང་༔ ཁཱ་ཧི་ཁཱ་ཧི༔ གཏོར་བྲོ་ནི༔ ཧཱུྃ་ཧྲཱི༔ འཆི་མེད་གསང་བ་དབང་གི་དཀྱིལ་འཁོར་འདིར༔ བསྒྲུབ་ལ་བར་ཆད་རྒབ་འདྲེ་འབྱུང་པོའི་ཚོགས༔ གཏོར་གཞོང་རི་རབ་འབར་བའི་འོག་ཏུ་མནན༔ བརྟུལ་ཞུགས་རོལ་པ་བྲོ་ཡིས་རྒྱས་གདབ་བོ༔ སྟམ་བྷ་ཡ་ནན་ནན༔ དེ་ནས་གཏང་རག་གི་མཆོད་བསྟོད་བྱ་ཞིང་ནོང་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་བརྗོད་ཅིང་ཡིག་བརྒྱ་བཟླ། བརྟན་བཞུགས་ནི། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ རྟེན་མེད་ན་གཤེགས་གསོལ་ནི༔ ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨཱོཾ་བཛྲ་མུ༔ ཞེས་ཡེ་ཤེས་པ་གཤེགས་སུ་གསོལ་ནས༔ དམ་ཚིག་པ་རྣམས་བདག་བསྐྱེད་ལ་ཐིམ་པར་གྱུར་པར་བསམ་ལ། བསྡུ་རིམས་ནི། ཧཱུྃ་ཧྲཱི༔ སྣང་སྟོང་གཉིས་མེད་ཞིང་ཁམས་གཞལ་ཡས་ལྷ༔ གཙོ་བོ་ལ་ཐིམ་ཡབ་ཡུམ་འོད་དུ་ཞུ༔ སྔགས་འབྲུ་ས་བོན་ཐིག་ལེ་ནཱ་དར་ཡལ༔ སྤྲོས་བྲལ་སྐྱེ་མེད་ཆོས་སྐུ་མངོན་དུ་གྱུར༔ ཨཱ་ཨཱ་ཨཱ༔ སླར་ཡང་སྔགས་བཟླ་ཞིང་ཐུན་མཚམསཀྱི་ལྷར་ལང་ལ༔ བསྔོ་སྨོན་ནི། ཧཱུྃ་ཧྲཱི༔ བསོད་ནམས་ཡེ་ཤེས་དམིགས་མེད་ཆོས་དབྱིངས་ཀློང་༔ བདག་གཞན་འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལས་ཉོན་བག་ཆགས་སྒྲིབ་གཉིས་ཡོངས་དག་ནས༔ སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར་བར་ཤོག༔ བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ རྒྱལ་བ་ཚེ་དཔག་མེད་མགོན་ཐུགས་རྗེའི་དཔལ༔ བདག་སོགས་འགྲོ་ལ་བརྩེ་བས་རྗེས་དགོངས་ནས༔ ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསྡུས༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག༔ འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་༔ རིག་པའི་བློ་དག་རྣམ་དཔྱོད་ཤེས་རབ་དང་༔ སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ༔ དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ དཔོན་སློབ་མི་འབྲལ་ལྷན་གཅིག་འགྲོག༔ སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན༔ ཇ་བཟང་ཞལ་སྤྲོ་རྒྱུན་མི་ཆད༔ སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད། འཆི་མེད་མགོན་པོའི་སྒྲུབ་ཐབས་ཀུན་གྱི་ཕུལ། །ཟབ་གཏེར་བྱིན་རླབ་མ་ཡལ་གདམས་པའི་བཅུད། །ཕྲན་བུས་ཁ་བསྐང་ཅུང་ཟད་ཀྱིས་བརྒྱན་པ། །པར་དུ་བཞེངས་པའི་དགེ་དེས་རྒྱལ་བའི་བསྟན། འཛིན་སྐྱོང་སྤེལ་བའི་མཁས་གྲུབ་བཤེས་གཉེན་ཚོགས། །ཞབས་པད་རྡོརྗེའི་ཁམས་སུ་ཡོངས་བརྟན་ཤོག །མངྒ་ལམ། །དེ་ལྟར་ཉི་གྲགས་གཏེར་བྱོན་ཟབ་ལམ་ཚེ་སྒྲུབ་དཀར་པོའི་ལས་བྱང་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་ལྗགས་བསྒྲིགས་ལྟར་ལ་གསོལ་འདེབས་བདུད་རྩི་ལག་མཆོད་བཅས་ཉི་གྲགས་གཏེར་ཆེན་གྱིས་མཛད་པ་སོར་གནས་ཀྱི་སྔ་ཕན་གཏེར་གསར་གཞན་རྣམས་ཀྱི་ལས་བྱང་པར་དུ་མ་འཁོད་པ་མེད་ཀྱང་འདི་ཉིད་དགོན་ཡས་ཕྱིན་གང་ལའང་མེད་པས་རྒྱ་རོང་གི་པར་མ་ལ་མ་ཕྱི་བགྱིས་ཏེ་འཛིན་བྱེད་ལོར་ཉི་གྲགས་གསུམ་པས་སྲིང་རྫོང་འོད་གསལ་སྒྲུབ་སྡེར་པར་དུ་བསྒྲུབས་པའོ།། །།

བདེ་མཆོག་འཁོར་ལོའི་ཆ་ལག་ཚེ་སྒྲུབ་ཀྱི་དབང་བཤད།

བདེ་མཆོག་འཁོར་ལོའི་ཆ་ལག་ཚེ་སྒྲུབ་ཀྱི་དབང་བཤད་བཞུགས། འོ་ན་ད་ལམ་ཁྱེད་རྣམས་ལ་འཆི་བ་མེད་པའི་རིག་འཛིན་ཚེའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེའང་སྔོན་བསྐལ་པ་བསམ་གྱིས་མི་ཁྱབ་པའི་གོང་རོལ་དུ་གླིང་ཆེན་པོ་བཞི་ལ་དབང་བའི་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་འཛིན་ཞེས་བྱ་བས་རྫོགས་པའི་སངས་རྒྱས་རིན་ཆེན་སྙིང་པོ་ལ་སེམས་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། གྲངས་མེད་གསུམ་ལ་སྒྲིབ་པ་སྦྱངས། དེ་ནས་གྲངས་མེད་གསུམ་གྱི་མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གི་སྲས་སུ་སྐུ་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞིང་དེའི་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བའི་ཞིང་ཁམས་སུ་བཞུགས་པའོ། །རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་རིགས་དྲུག་གི་སེམས་ཅན་རྣམས་ལ་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པའི་ནང་ནས་འཛམ་གླིང་ལས་ཀྱི་ས་པ་འདིར། རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར་དུ་རྡོ་རྗེ་ཧྲཱིཿཡིག་གིས་མཚན་པ་ཞིག་དྷ་ན་ཀཽ་ཤའི་རྒྱ་མཚོར་འཕྲོས་པས། མཚོ་དེའི་དབུས་སུ་ངོ་བོ་གསེར་གྱི་བྱེ་མས་བརྒྱན་པ་ཞིག་ཆགས་པའི་ལྷོ་ངོས་སུ་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་གསུམ་འབབས་པའི་དབུས་མ་ལ་མེ་ཏོག་པདྨ་གེ་སར་གྱི་སྡོང་པོ་སྐྱེས་པ་ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་དབང་ཆེན་ཆུ་ཕོ་སྤྲེལ་གྱི་ལོ་ལ་འཁྲུངས་ནས་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷོ་དྷིས་མཇལ་བའི་ཚེ་གསོལ་བ། ཀྱེ་ཁྱེའུ་ཆུང་དམ་པ་ཁྱོད་ཀྱི་ཡབ་གང་ཡིན། ཡུམ་སུ་ཡིན། ཟས་སུ་ཅི་གསོལ། འདི་རུ་ཅི་མཛད་པར་བཞུགས་ཞུས་པས་བཀའ་སྩལ་པ། བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ཡུམ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ ཟས་སུ་གཉིས་སྣང་རྟོག་པ་བཟའ་བ་ཡིན༔ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་༔ ཅེས་གསུངས་པར་རྒྱལ་པོ་དགྱེས་ཏེ་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དུ་སྲས་སྐལ་ལ་ཕེབས་པར་གསོལ་བ་བཏབ་ནས་སྤྱན་དྲངས་ཏེ་མཚན་པདྨ་རྒྱལ་པོ་ཞེས་གསོལ། དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནི་ཆ་ལང་ཁ་སྦུབ་པའི་དབྱིབས་སུ་ཆགས་པའི་རྒྱ་ནི་འཛམ་གླིང་སུམ་གཉིས་དང་ལྡན་པའི་དབུས་སུ། དྷ་ན་ཞེས་ཙན་དན་གྱི་ལྗོན་པའི་གླིང་ན་ཀཽ་ཤ་ཞེས་ལུས་མི་གདོང་དྲེད་རྐང་ལག་ལྕགས་ཀྱི་སྡེར་མོ་ལུས་ལ་རིན་པོ་ཆེ་ཕྲན་བུ་མང་པོས་བལྟམས་པའི་སེམས་ཅན་གྱིས་གང་བའི་དབུས་ན་མཚོ་དེ་ཉིད་ཡོད་ཅིང་༔ རྒྱ་གར་གྱི་སྐད་དུ་དྷ་ན་ཀཽ་ཤའི་སཱ་ག་ར། བོད་སྐད་དུ་ཀླུ་རྫིང་ཕུག་ལེགས་ཞེས་བྱ་སྟེ། མིའི་ཡན་ལག་བརྒྱད་ལྡན་གྱིས་གང་བའི་མཚོ་དེ་ནི་ཀླུའི་རྒྱལ་པོ་འཇོག་པོའི་ཕོ་བྲང་ངོ་༔ ཡུལ་དེའི་སྐྱེ་འགྲོ་རྣམས་ཀྱི་གོས་ནི་རས་དཀར་སྔོ་སྣ་ཚོགས་སུ་གྱོན་ཞིང་སྐྱེས་པ་རྣམས་ཀྱི་སྐྲའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་གསེར་དངུལ་དང་མུ་མེན་གྱིས་བརྒྱན་པ༔ བུད་མེད་རྣམས་ཀྱི་སྐྲ་མདུན་རྒྱབ་གཉིས་སུ་བཅིངས་ནས་དུང་དང་རུས་པའི་རྒྱན་གྱིས་སྤྲས་པ་ཤ་སྟག་གོ། དེ་ལ་སྤྱིར་འཛམ་གླིང་འདིར་མཁའ་འགྲོ་འདུ་བའི་གནས་བརྒྱ་དང་བཅུ་གསུམ་དུ་གསུངས་པའི་ནང་ནས་མཆོག་གི་གནས་བརྒྱད་ཡུལ་དེ་ཉིད་དུ་བཞུགས་པས་གསང་སྔགས་བླ་ན་མེད་པའི་ཆོས་ཁོ་ན་དར་ཞིང་སྤྱོད་པའི་གླིང་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཅན་ནོ། །དེ་ལྟ་བུའི་ཡུལ་མཆོག་ཁྱད་པར་ཅན་དུ་སྐུ་འཁྲུངས་པའི་གུ་རུ་རིན་པོ་ཆེ་དེ་ཉིད་རྒྱལ་པོའི་ཁབ་ཏུ་ལོ་ལྔ། བསིལ་བ་ཚལ་དུ་ལོ་ལྔ། རིག་གནས་སྦྱངས་པར་ལོ་བཅུ། རྒྱ་གར་རྒྱ་ནག་ཨོ་རྒྱན་ཟ་ཧོར་མ་གྷ་དྷ་མུ་སྟེགས་ཁ་ཆེ་སེང་ག་ལ་ལི་ཡུལ་མེ་རུ་རྩེ་ལ་སོགས་པའི་ཡུལ་རྣམས་སུ་ཉིས་བརྒྱ་ཉིས་བརྒྱ་བཞུགས། འ་ཤ་བྲུ་ཤ་ཤམ་བྷ་ལ་ཞང་ཞུང་ཏ་ཟིག་གེ་སར་ཐོ་གར་རུག་མ་སྲིན་པོ་ཀླུ་ཡུལ་རྣམས་སུ་དགུ་བཅུ་རྩ་བརྒྱད་རེ་བཞུགས། བལ་ཡུལ་མི་ལོ་བཞི་བཅུར་འགྲོ་དོན་མཛད། མཚན་ཡང་པདྨ་འགྲོ་མགོན་རྩལ་དང་། པདྨ་དབང་ཕྱུག་མགོན་དང་། པདྨ་བློ་གྲོས་མཆོག་ལྡན་དང་། པདྨ་མི་མཆོག་རྩལ་དང་། པདྨ་བཛྲ་རྩལ་དང་། པདྨ་མཁའ་འགྲོའི་དབང་ཕྱུག་རྩལ་དང་། པདྨ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་གུ་རུ་པདྨ་རྒྱལ་པོ་དང་། པདྨ་ཉི་མ་འོད་ཟེར་དང་། པདྨ་སམ་བྷ་ཝ་དང་། པདྨ་རྡོ་རྗེ་དྲག་པོ་རྩལ་དང་། པདྨ་མཐོང་གྲོལ་རྩལ་དང་། པདྨ་བིར་ཝ་པ་དང་། པདྨ་ནག་པོ་སྤྱོད་པ་དང་། པདྨ་མཁའ་ལྡིང་རྩལ་དང་། པདྨ་ས་ར་ཧ་དང་། པདྨ་འགྲོ་བའི་སྐྱབས་དང་། པདྨ་འཕྲིན་ལས་མགོན་དང་། པདྨ་དོན་ཡོད་ཞགས་པ་དང་། པདྨ་ཌོམ་བྷི་ཧེ་རུ་ཀཿདང་། པདྨ་རིགས་ལྡན་དཀར་པོ་དང་། པདྨ་གཟི་བརྗིད་འོད་འཕྲོ་དང་། གུ་རུ་པདྨ་འབྱུང་གནས་ལ་སོགས་མཚན་གྱི་རྣམ་གྲངས་དང་སྐུའི་སྤྲུལ་སྒྱུར་སྣ་ཚོགས་སུ་མཛད་ནས། གང་ལ་གང་འདུལ་གྱི་བསྟན་འགྲོའི་དོན་མཛད་པའི་སྐབས་སུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པས། བསྟན་འགྲོའི་དོན་དུ་བོད་ཡུལ་དུ་ཕེབས་ནས་ལྷ་འདྲེ་མི་གསུམ་ཆོས་ལ་བཙུད། སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་དུས་སུ་ཆོས་འཁོར་དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་གོང་དུ། ལས་ལྡན་གྱི་རྗེ་འབངས་རྣམས་ལ་བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཟབ་ཆོས་ཀྱི་གདམས་པ་རྣམས་གནང་བའི་ཚེ་གུ་རུའི་ཞལ་ནས། མ་འོངས་དུས་ཀྱི་ཐ་མ་ལ༔ ནད་རིམས་རྐྱེན་དང་བར་ཆད་མང་༔ བློ་བུར་ཡེ་འབྲོག་འཚུབ་པའི་དུས༔ ཆོས་ལྡན་སྐྱེས་བུའི་རྐྱེན་ཟློག་ཏུ༔ རིག་འཛིན་ཚེ་ཡི་སྒྲུབ་པ་ནི༔ ཟབ་ལས་ཆེས་ཟབ་ཁྱད་འཕགས་ཤིག༔ ཚེ་ཡི་རིག་འཛིན་པདྨས་བརྗོད༔ སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ཞེས་དང་། དེ་བཞིན་དུ། བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ དབང་ཆོག་འདི་བཞིན་གཞན་དོན་སྤྱོད༔ སྡིག་ཅན་འགྲོ་ལ་སྦ་བར་བྱ༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ སྔོན་ཆད་འཛམ་གླིང་བོད་ཡུལ་འདིར༔ དབང་མཆོག་འདི་འདྲ་མ་གྲགས་སོ༔ པདྨ་བདག་གི་ཐུགས་ཐིགས་ཡིན༔ རང་གི་སྲོག་གིས་ཅི་རི་རྣམས༔ ཟབ་མོའི་དབང་འདིའི་ཡོན་དུ་རི༔ མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ཉམས་སུ་ལོངས་ཤིག་རྗེས་འཇུག་རྣམས༔ སྲུང་མས་བཀའ་འདིའི་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་གསུངས་པའི་ཟབ་ཆོས་ཚེའི་སྒྲུབ་ཐབས་དབང་གི་རིམ་པ་དང་བཅས་པ་འདི་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ནས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེ་ཞེས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཕོ་བྲང་མཁའ་འགྲོའི་གསང་མཛོད་དུ་སྦས་པ། གུ་རུ་སངས་རྒྱས་གཉིས་པའི་ལུང་བསྟན་དུས་བབ་ལྟར་དུ། མ་འོངས་བསྐལ་པའི་ཐ་མ་ལ༔ བདུད་སྤྲུལ་བྱང་སེམས་ཆས་ལ་འཇུག༔ བཀའ་དང་བསྟན་བཅོས་དཀྲུག་ཅིང་སྤེལ༔ ཐུབ་པའི་བསྟན་པ་ཉམས་པའི་རྟགས༔ པད་འབྱུང་ང་ལ་གཉིས་ཡོད་ཟེར༔ རྫོགས་ཆེན་ཆོས་ལོག་བོན་དང་འདྲེས༔ ཀུན་གྱིས་སྤོངས་ཤིག་མ་བྱེད་ཟེར༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་ཡིས༔ ཚུལ་འཆོས་མི་སྣང་མི་བསྟུན་ཚེ༔ ཟོག་པོར་མཐོང་ཞིང་ཐན་དུ་བལྟ༔ བདུད་སྤྲུལ་རྣམས་ལ་འགྲོ་བ་འདུ༔ ཨེ་མ་བསྐལ་པའི་ཡང་མཐའ་ལ༔ ལོ་ཙཱ་ཀླུ་ཡི་དབང་པོ་ཁྱོད༔ སྨོན་ལམ་མཐའ་བཙན་ཁམས་སུ་སྐྱེ༔ ཁམས་ཞིག་ཉི་མ་གྲགས་པ་ཞེས༔ འདོད་བློ་མེད་ཅིང་ཞེ་འདོད་བྲལ༔ མ་དར་ས་ནས་དགྲ་སྡང་ཞིང་༔ བཟང་ལེན་ངན་འཇལ་མི་ཁ་སྡང་༔ དད་མོས་མི་བྱེད་འབར་ཤ་ལྡིར༔ ཞབས་ཏོག་མི་བྱེད་ཞབས་འདྲེན་མང་༔ དེ་ཚེ་བཟོད་པའི་གོ་ཆ་གྱོན༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་བསྒོམས༔ བཅུད་ལེན་བསྟེན་ཞིང་རི་ཁྲོད་འགྲིམས༔ ངེས་མེད་གནས་ལ་སྒྲུབ་པ་གྱིས༔ མཚན་ལྡན་ཕྱག་རྒྱ་གྲོགས་སུ་བསྟེན༔ བདག་ཅན་བུད་མེད་ནོར་མ་གསོག༔ ཆོས་བདག་སྐལ་ལྡན་མ་གཏོགས་པ༔ ཟང་ཟིང་བོར་ལ་བསྒྲུབ་ལ་བརྩོན༔ མི་ངོ་མ་བསྲུང་དམ་ཚིགས་སྲུངས༔ པད་འབྱུང་ང་ཡི་བསླབ་སྟོན་ཉོན༔ ཕས་ཟེར་ཉོན་ལ་ཕ་རྗེས་ཤོག༔ པདྨ་འོད་ཀྱི་ཕོ་བྲང་དུ༔ ང་རང་ཕ་སྤད་ཉམས་དབྱངས་སྐྱོང་༔ ཞེས་གསུངས་པ་ལྟར་དུ། གངས་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་ཤིང་མོ་ཡོས་ཀྱི་ལོ་ལ་གདན་དྲངས་ཤིང་ས་ཕོ་རྟ་ལོར་ཁམས་སྲིང་མོ་རྫོང་གི་གནས་མཆོག །གུ་ཧ་ཀཱ་ལར་ཤོག་སེར་ལས་བསྒྱུར་བའི་དབང་དང་གདམས་པ་བདག་གིས་ལེགས་པར་ཐོབ་པ་ཁྱེད་རང་རྣམས་ཀྱིས་ཞུ་བའི་དོན་དུ་ཞེས་པ་ནས་གཞུང་བཞིན་ལག་ལེན་མཐོང་བརྒྱུད་ལྟར་དབང་རྣམས་བསྐུར་བར་བྱའོ། ཞེས་པ་འདི་ཡང་ལྷ་སྟེང་སྐུ་སྐྱེ་བློ་གྲོས་རྒྱ་མཚོར་ཕན་ཕྱིར་རིག་འཛིན་པས་བྲིས། མངྒ་ལཾ།། །།

ཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན།

ཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཞིང་ཁམས་རྒྱ་མཚོའི་རྣམ་འདྲེན་སྲས་བཅས་ཀྱི། །མཁྱེན་བརྩེའི་རང་གཟུགས་གཅིག་ཏུ་བསྟན་པ་ལས། །ཡོན་ཏན་གཞལ་དུ་མེད་པའི་དྲིན་ཅན་རྗེ། །སྙིང་ནས་དྲན་ནོ་སླར་ཡང་རྗེས་སྐྱོངས་ཤིག །གང་གི་མཚན་ཙམ་ཐོས་པས་འཆི་བདག་སྨག །བཅོམ་དང་ལྷན་ཅིག་ཕན་བདེའི་སྣང་བའི་གཏེར། །སྩོལ་མཛད་འཆི་མེད་མགོན་པོ་དགྱེས་པའི་འོད། །བདག་གི་སྙིང་ལ་ཡང་དག་ལྷུང་བར་མཛོད། །སྐལ་བཟང་གང་ཞིག་རིམ་གཉིས་ཁང་བཟང་དུ། །ཞུགས་ནས་དངོས་གྲུབ་བདོག་པ་ལེན་འདོད་རྣམས། །ཐོག་མའི་འཇུག་སྒོ་སྨིན་བྱེད་ལམ་སྲོལ་ལ། །འཇུག་པ་བདེ་བའི་ལེགས་བཤད་དགའ་སྟོན་བྱ། །འདིར་ཚེ་དཔག་མེད་དཀར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་དངོས་གཞི་ཇི་ལྟར་བསྐུར་བའི་ཚུལ་ལོ། །དང་པོ་ནི་དེ་ཡང་གཏེར་གཞུང་རྩ་བར། བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ཀྱི་དབང་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་ཚེ་བདག་གིས༔ མ་འོངས་རྗེས་འཇུག་སྨིན་གྲོལ་དོན༔ ཚེ་ཡི་དབང་ཆོག་ཟབ་མོ་ཞིག༔ ཤོག་སེར་བརྡ་ཡི་ཡི་གེར་བཏབ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་མཐུན་བཀྲ་ཤིས་དབེན་གནས་སུ༔ དཀྱིལ་འཁོར་དབང་རྫས་གཞུང་ལྟར་འགོད༔ ཅེས་པས། སྒྲུབ་གཞུང་ལྟར་ཐིག་ཚོན་བྱ་བ་འམ། ཡང་ན་རས་བྲིས་སམ་མ་འབྱོར་ན་འབྲུའི་ཚོམ་བུ་ཙམ་ལ་བརྟེན་པའང་རུང་བ་གསང་བ་སྤྱི་ཡི་འགྲོས་ཀྱིས་ཤེས་པས། དེ་ལྟར་དཀྱིལ་འཁོར་གསུམ་གང་ཡིན་གྱི་དབུས་སུ་མཉྫིའི་ཁར། རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་བཅས། མཆན། རྡོ་རྗེ་དང་རིན་པོ་ཆེའི་དྲ་བས་བརྒྱན་པ། ཤར་དུ་ཚེ་བུམ། ལྷོར་ཚེ་རིལ། མཆན་སྤོད་ལྡན། ནུབ་ཏུ་ཚེ་ཆང་། མཆན་ཆོས་སྨན་སྦྱར་བ། བྱང་དུ་མདའ་དར་སྣ་ལྔ། མཐའ་རྟེན་བཀྲ་ཤིས་རྫས་བརྒྱད། དྲི་ཐིག་གི་རྫས། དམ་ཆུ། སློབ་དཔོན་གྱི་མདུན་དུ། ལས་བུམ། ནས་ཟེ། སྤོས་ཐུན། ཌཱ་དྲིལ་སོགས་དང་། གཞན་ཡང་མཎྜལ་བགེགས་གཏོར་སོགས་ཉེར་མཁོ་ཐམས་ཅད་ཚོགས་པར་བྱ་བ་ནི་ཡོ་བྱད་ཀྱི་བཤམས་སོ། །གཉིས་པ་ནི་གཏེར་གཞུང་ལས། དམ་ལྡན་སློབ་བུ་འཇུག་འདོད་པས༔ ཁྲི་འབུམ་བསྙེན་པས་ཁ་གསོ་ཞིང་༔ བདག་འཇུག་བླངས་ཏེ་སློབ་མ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་ཕུལ་ནས་དབང་དོན་བཤད༔ སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་འབོགས༔ ཐུན་མོང་སྔོན་འགྲོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས། དཀྱིལ་འཁོར་གྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བསྒྲུབས་པས་ལས་རུང་དུ་བྱ་ཞིང་། ཚོགས་འཁོར་སོགས་མཐར་ཆགས་ཚང་བར་ལས་གཞུང་ལྟར་ལེགས་པར་གྲུབ་ནས། དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་བའམ་ཡང་ན་བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གྱིས་བླངས། ལས་བུམ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་དང་འོད་ཞུ་བྱའོ། །དེ་ནས་སློབ་མ་ཁྲུས་ནས་ཕྱུངས། བགེགས་བསྐྲད་བསྲུང་བའི་འཁོར་ལོ་གོ་བསྒོ་བ་སོགས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ལ་ཐོག་མར་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྗོད། དེ་ནས་དབང་བཤད་གཏེར་སྟོན་གྱིས་མཛད་པ་ནི། བདེ་མཆོག་འཁོར་ལོའི་ཆ་ལག །ཚེ་སྒྲུབ་ཀྱི་དབང་བཤད་བཞུགས། འོ་ན་ད་ལམ་ཁྱེད་རྣམས་ལ་འཆི་བ་མེད་པའི་རིག་འཛིན་ཚེ་ཡི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་སྔོན་བསྐལ་བ་བསམ་གྱིས་མི་ཁྱབ་པའི་གོང་རོལ་ཏུ་གླིང་ཆེན་པོ་བཞི་ལ་དབང་བའི་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་འཛིན་ཞེས་བྱ་བས་རྫོགས་པའི་སངས་རྒྱས་རིན་ཆེན་སྙིང་པོ་ལ་སེམས་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། གྲངས་མེད་གསུམ་ལ་སྒྲིབ་པ་སྦྱངས། དེ་ནས་གྲངས་མེད་གསུམ་གྱི་མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གི་སྲས་སུ་སྐུ་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞིང་དེའི་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བའི་ཞིང་ཁམས་སུ་བཞུགས་པའོ། །རྫོགས་པའི་སངས་རྒྱ་དེ་ཉིད་ཀྱིས་རིགས་དྲུག་གི་སེམས་ཅན་རྣམས་ལ་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པའི་ནང་ནས་འཛམ་གླིང་ལས་ཀྱི་ས་པ་འདིར། རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ། གསང་སྔགས་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར་རྡོ་རྗེ་ཧྲཱིཿཡིག་གིས་མཚན་པ་ཞིག་དྷ་ན་ཀཽ་ཤའི་རྒྱ་མཚོར་འཕྲོས་པས་མཚོ་དེའི་དབུས་སུ་ངོ་བོ་གསེར་གྱི་བྱེ་མས་བརྒྱན་པ་ཞིག་ཆགས་པའི་ལྷོ་ངོས་སུ་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་གསུམ་འབབས་པའི་དབུས་མ་ལ་མེ་ཏོག་པདྨ་གེ་སར་གྱི་སྡོང་པོ་སྐྱེས་པ་ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་དབང་ཆེན་ཆུ་ཕོ་སྤྲེལ་གྱི་ལོ་ལ་འཁྲུངས་ནས་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷོ་དྷིས་མཇལ་བའི་ཚེ་གསོལ་བ། ཀྱེ་ཁྱེའུ་ཆུང་དམ་པ་ཁྱོད་ཀྱི་ཡབ་སུ་ཡིན། ཡུམ་སུ་ཡིན། ཟས་སུ་ཅི་གསོལ། འདི་རུ་ཅི་མཛད་པར་བཞུགས་ཞུས་པས། བཀའ་སྩལ་པ། བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན༔ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་༔ ཞེས་གསུངས་པས་རྒྱལ་པོ་དགྱེས་ཏེ་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དུ་སྲས་སྐལ་ལ་ཕེབས་པར་གསོལ་བ་བཏབ་ནས་སྤྱན་དྲངས་ཏེ་མཚན་པདྨ་རྒྱལ་པོ་ཞེས་གསོལ༔ དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནི་ཆ་ལང་ཁ་སྦུབ་པའི་དབྱིབས་སུ་ཆགས་པའི་རྒྱ་ནི་འཛམ་གླིང་སུམ་གཉིས་དང་ལྡན་པའི་དབུས་སུ། དྷ་ན་ཞེས་ཙནྡན་གྱི་ལྗོན་པའི་གླིང་ན། ཀོ་ཤ་ཞེས་ལུས་མི་གདོང་དྲེད་རྐང་ལག་ལྕགས་ཀྱི་སྡེར་མོ་ཅན་ལུས་ལ་རིན་པོ་ཆེ་ཕྲན་བུ་མང་པོས་གཏམས་པའི་སེམས་ཅན་གྱིས་གང་བའི་དབུས་ན་མཚོ་དེ་ཉིད་ཡོད་ཅིང་། རྒྱ་གར་གྱི་སྐད་དུ་དྷ་ན་ཀོ་ཤ་ན་གའི་སཱ་ག་ར། བོད་སྐད་དུ་ཀླུ་རྫིང་ཕུགས་ལེགས་ཞེས་བྱ་ཏེ། མིའི་ཡན་ལག་བརྒྱད་ལྡན་གྱིས་གང་བའི་མཚོ་དེ་ནི་ཀླུའི་རྒྱལ་པོ་འཇོག་པོའི་ཕོ་བྲང་ངོ་། ཡུལ་དེའི་སྐྱེ་འགྲོ་རྣམས་ཀྱི་གོས་ནི་རས་དཀར་སྔོ་སྣ་ཚོགས་སུ་གྱོན་ཞིང་སྐྱེས་པ་རྣམས་ཀྱི་སྐྲའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་གསེར་དངུལ་དང་མུ་མེན་གྱིས་བརྒྱན་པ། བུད་མེད་རྣམས་ཀྱི་སྐྲ་མདུན་རྒྱབ་གཉིས་སུ་བཅིངས་ནས་དུང་དང་རུས་པའི་རྒྱན་གྱིས་སྤྲས་པ་ཤ་སྟག་གོདེ་ལ་སྤྱིར་འཛམ་གླིང་འདིར་མཁའ་འགྲོ་འདུ་བའི་གནས་བརྒྱ་དང་བཅུ་གསུམ་དུ་གསུངས་པའི་ནང་ནས་མཆོག་གི་གནས་བརྒྱད་ཡུལ་དེ་ཉིད་དུ་བཞུགས་པས་གསང་སྔགས་བླ་ན་མེད་པའི་ཆོས་ཁོ་ན་དར་ཞིང་སྤྱོད་པའི་གླིང་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཅན་ནོ། དེ་ལྟ་བུའི་ཡུལ་མཆོག་ཁྱད་པར་ཅན་དུ་སྐུ་འཁྲུངས་པའི་གྷུ་རུ་རིན་པོ་ཆེ་དེ་ཉིད་རྒྱལ་པོའི་ཁབ་ཏུ་ལོ་ལྔ། བསིལ་བ་ཚལ་དུ་ལོ་ལྔ། རིགས་གནས་སྦྱངས་པར་ལོ་བཅུ། རྒྱ་གར། རྒྱ་ནག །ཨོ་རྒྱན། ཟ་ཧོར། མ་ག་དྷ། མུ་སྟེགས། ཁ་ཆེ། སིང་ག་ལ། ལི་ཡུལ། མ་རུ་རྩེ་ལ་སོགས་པའི་ཡུལ་རྣམས་སུ་ཉིས་བརྒྱ་ཉིས་བརྒྱ་བཞུགས། འ་ཤ་བྲུ་ཤ་ཤམ་བྷ་ལ་ཞང་ཞུང་ཏ་ཟིག་གེ་སར་ཐོ་གར་རུག་མ་སྲིན་པོ་ཀླུ་ཡུལ་རྣམས་སུ་དགུ་བཅུ་རྩ་བརྒྱད་རེ་བཞུགས། བལ་ཡུལ་མི་ལོ་བཞི་བཅུར་འགྲོ་དོན་མཛད། མཚན་ཡང་པདྨ་འགྲོ་མགོན་རྩལ་དང་། པདྨ་དབང་ཕྱུག་མགོན་དང་། པདྨ་བློ་གྲོས་མཆོག་ལྡན་དང་། པདྨ་མི་མཆོག་རྩལ་དང་། པདྨ་བཛྲ་རྩལ་དང་། པདྨ་མཁའ་འགྲོའི་དབང་ཕྱུག་རྩལ་དང་། པདྨ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་། གུ་རུ་པདྨ་རྒྱལ་པོ་དང་། པདྨ་ཉི་མ་འོད་ཟེར་དང་། པདྨ་སམ་བྷ་ཝ་དང་། པདྨ་རྡོ་རྗེ་དྲག་པོ་རྩལ་དང་། པདྨ་མཐོང་གྲོལ་རྩལ་དང་། པདྨ་བིར་ཝ་པ་དང་། པདྨ་ནག་པོ་སྤྱོད་པ་དང་། པདྨ་མཁའ་ལྡིང་རྩལ་དང་། པདྨ་ས་ར་ཧ་དང་། པདྨ་འགྲོ་བའི་སྐྱབས་དང་། པདྨ་ཕྲིན་ལས་མགོན་དང་། པདྨ་དོན་ཡོད་ཞགས་པ་དང་། པདྨ་ཌོམ་བྷི་ཧེ་རུ་ཀ༔ དང་། པདྨ་རིགས་ལྡན་དཀར་པོ་དང་། པདྨ་གཟི་བརྗིད་འོད་འཕྲོ་དང་། གུ་རུ་པདྨ་འབྱུང་གནས་ལ་སོགས་མཚན་གྱི་རྣམ་གྲངས་དང་སྐུའི་སྤྲུལ་སྒྱུར་སྣ་ཚོགས་སུ་མཛད་ནས། གང་ལ་གང་འདུལ་གྱི་བསྟན་འགྲོའི་དོན་མཛད་པའི་སྐབས་སུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པས། བསྟན་འགྲོའི་དོན་དུ་བོད་ཡུལ་དུ་ཕེབས་ནས་ལྷ་འདྲེ་མི་གསུམ་ཆོས་ལ་བཙུད་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་དུས་སུ་ཆོས་འཁོར་དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་གོང་དུ། ལས་ལྡན་གྱི་རྗེ་འབངས་རྣམས་ལ་བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཟབ་ཆོས་ཀྱི་གདམས་པ་རྣམས་གནང་བའི་ཚེ། གུ་རུའི་ཞལ་ནས་མ་འོངས་དུས་ཀྱི་ཐ་མ་ལ༔ ནད་རིམས་རྐྱེན་དང་བར་ཆད་མང་༔ བློ་བུར་ཡེ་འབྲོག་འཚུབས་པའི་དུས༔ ཆོས་ལྡན་སྐྱེས་བུའི་རྐྱེན་བཟློག་ཏུ༔ རིག་འཛིན་ཚེ་ཡི་སྒྲུབ་པ་ནི༔ ཟབ་ལས་ཆེས་ཟབ་ཁྱད་འཕགས་ཤིག༔ ཚེ་ཡི་རིག་འཛིན་པདྨས་བརྗོད༔ སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ཞེས་དང་། དེ་བཞིན་དུ། བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ དབང་མཆོག་འདི་བཞིན་གཞན་དོན་སྤྱོད༔ སྡིག་ཅན་འགྲོ་ལ་སྦ་བར་བྱ༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ སྔོན་ཆད་འཛམ་གླིང་བོད་ཡུལ་འདིར༔ དབང་མཆོག་འདི་འདྲ་མ་གྲགས་སོ༔ པདྨ་བདག་གི་ཐུགས་ཐིགས་ཡིན༔ རང་གི་སྲོག་གི་ཅི་རི་རྣམས༔ ཟབ་མོའི་དབང་འདིའི་ཡོན་དུ་རི༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ཉམས་སུ་ལོངས་ཤིག་རྗེས་འཇུག་རྣམས༔ སྲུང་མས་བཀའ་འདིའི་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་གསུངས་པའི་ཟབ་ཆོས་ཚེའི་སྒྲུབ་ཐབས་དབང་གི་རིམ་པ་དང་བཅས་པ་འདི་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེ་ཞེས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཕོ་བྲང་མཁའ་འགྲོའི་གསང་མཛོད་དུ་སྦས་པ་གུ་རུ་སངས་རྒྱས་གཉིས་པའི་ལུང་བསྟན་དུས་བབས་ལྟར་དུ། མ་འོངས་བསྐལ་པའི་ཐ་མ་ལ༔ བདུད་སྤྲུལ་བྱང་སེམས་ཆས་ལ་འཇུག༔ བཀའ་དང་བསྟན་བཅོས་དཀྲུག་ཅིང་སྤེལ༔ ཐུབ་པའི་བསྟན་པ་ཉམས་པའི་རྟགས༔ པད་འབྱུང་ང་ལ་གཉིས་ཡོད་ཟེར༔ རྫོགས་ཆེན་ཆོས་ལོག་བོན་དང་འདྲེས༔ ཀུན་གྱིས་སྤོངས་ཤིག་མ་བྱེད་ཟེར༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་ཡིས༔ ཚུལ་འཆོས་མི་སྣང་མི་བསྟུན་ཚེ༔ ཟོག་པོར་མཐོང་ཞིང་ཐན་དུ་བལྟ༔ བདུད་སྤྲུལ་རྣམས་ལ་འགྲོ་བ་འདུ༔ ཨེ་མ་བསྐལ་པའི་ཡང་མཐའ་ལ༔ ལོ་ཙཱ་ཀླུ་ཡི་དབང་པོ་ཁྱོད༔ སྨོན་ལམ་མཐའ་བཙན་ཁམས་སུ་སྐྱེ༔ ཁམས་ཞིག་ཉི་མ་གྲགས་པ་ཞེས༔ འདོད་བློ་མེད་ཅིང་ཞེ་འདོད་བྲལ༔ མ་དར་ས་ནས་དགྲ་སྡང་ཞིང་༔ བཟང་ལེན་ངན་འཇལ་མི་ཁ་སྡང་༔ དད་མོས་མི་བྱེད་འབར་ཤ་ལྡིར༔ ཞབས་ཏོག་མི་བྱེད་ཞབས་འདྲེན་མང་༔ དེ་ཚེ་བཟོད་པའི་གོ་ཆ་གྱོན༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་བསྒོམས༔ བཅུད་ལེན་བསྟེན་ཞིང་རི་ཁྲོད་འགྲིམས༔ ངེས་མེད་གནས་ལ་སྒྲུབ་པ་གྱིས༔ མཚན་ལྡན་ཕྱག་རྒྱ་གྲོགས་སུ་བསྟན༔ བདག་ཅན་བུད་མེད་ནོར་མ་བསོག༔ ཆོས་བདག་སྐལ་ལྡན་མ་གཏོགས་པར༔ ཟང་ཟིང་བོར་ལ་སྒྲུབ་ལ་བརྩོན༔ མི་ངོ་མ་བསྲུང་དམ་ཚིག་སྲུངས༔ པད་འབྱུང་ང་ཡི་བསླབ་སྟོན་ཉོན༔ ཕས་ཟེར་ཉོན་ལ་ཕ་རྗེས་༄༅། །ཤོག༔ པདྨ་འོད་ཀྱི་ཕོ་བྲང་དུ༔ ང་རང་ཕ་སྤད་ཉམས་དབྱངས་སྐྱོང་༔ ཞེས་གསུངས་པ་ལྟར་དུ། གངས་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས། ཤིང་མོ་ཡོས་ཀྱི་ལོ་ལ་གདན་དྲངས་ཤིང་། ས་ཕོ་རྟ་ལོར་ཁམས་སྲིང་མོ་རྫོང་གི་གནས་མཆོག །གུ་ཧ་ཀཱ་ལར་ཤོག་སེར་ལས་བསྒྱུར་བའི་དབང་དང་གདམས་པ་ཐམས་ཅད་བདག་གིས་ལེགས་པར་ཐོབ་པ་ཡིན་པས། ཁྱེད་རང་རྣམས་ཀྱིས་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་བཟློས་མཛོད། ཅེས་པ་ནས་གཞུང་བཞིན་ལག་ལེན་མཐོང་བརྒྱུད་ལྟར་དབང་རྣམས་བསྐུར་བར་བྱའོ། ཅེས་པ་འདི་ཡང་ལྷ་སྡེང་སྐུ་སྐྱེ་བློ་གྲོས་རྒྱ་མཚོར་ཕན་ཕྱིར་རིག་འཛིན་པས་བྲིས། དེ་ནས་གསོལ་བ་འདེབས་པ་ནི༔ ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་གྱི་གཙོ༔ ཚེ་དཔག་མེད་པ་འགྲོ་བ་ཡོངས་ཀྱི་སྐྱབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་དབང་གི་མཆོག༔ བདག་ཅག་རྣམས་ལ་ལེགས་པར་སྩལ་དུ་གསོལ༔ ལན་གསུམ༔ སློབ་དཔོན་གྱིས༔ ཧོ༔ ཁྱེད་རྣམས་སྔོན་བསགས་བསོད་ནམས་ཅན༔ ཚེ་ཡི་དབང་མཆོག་འདིར་ཞུགས་ནས༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ བདུད་རྩི་གསང་བའི་ཆུ་འདི་འཐུང་༔ ས་མ་ཡཱ་ཨི་དན་ཏེ་ཧཱུྃ༔ དམ་ཆུ་བླུད༔ དེ་ཡང་དབང་བསྐུར་བའི་ཐོག་མར་སྔོན་འགྲོའི་རྒྱུད་དག་པར་བྱེད་དགོས་པས། ཐོག་མར་ཐུན་མོང་གི་སྔོན་འགྲོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པར་བསྐྱེད་རིམ་ཡེ་ཤེས་དབབ་པས་རྒྱུད་སྦྱང་བ་དང་གཉིས་ཀྱི་དང་པོ་ནི། ཁྱེད་རང་རྣམས་གྱི་མདུན་གྱི་ནམ་མཁར་གདན་པདྨ་ཉི་ཟླའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་ཕྱོགས་དུས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ་དེ་དག་གི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རིམ་པ་ཚིག་རྗེས་དོན་གསལ་བའི་འདུན་པ་རྩེ་གཅིག་གིས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱི༔ རྐང་གཉིས་གཙོ་བོ་སངས་རྒྱས་ཚེ་དཔག་མེད༔ ཞི་བ་ཆགས་བྲལ་ཚེ་སྒྲུབ་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་ཚེ་ཡི་རིག་པ་འཛིན༔ ཚེ་ཡི་རིག་འཛིན་སྒྲུབ་ཕྱིར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཟབ་ཅིང་སྤྲོས་བྲལ་སྐྱེ་འཆི་མེད་པའི་དོན༔ མ་རིག་སྒྲིབ་པས་བཅིངས་པའི་འགྲོ་བ་རྣམས༔ འཆི་བདག་བདུད་གྱི་བར་ཆད་བཟློག་པའི་ཕྱིར༔ རིག་འཛིན་ཚེ་ཡི་སྒྲུབ་པ་ཉམས་སུ་ལེན༔ གཉིས་པ་ནི་གཞུང་ལས༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ སྤོས་བསྲེག༔ རོལ་མོ་འཁྲོལ༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་བརྗོད་ནས་མེ་ཏོག་མཐོར༔ ཞེས་པས་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་པས༔ ལས་བུམ་གྱི་ཆུ་འཐོར་ཞིང་༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཁྱེད་རང་གི་ལུས་འདིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། ཐུགས་སྲོག་ཧྲཱིཿཡིག་ཡོང་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བ་རྒྱས་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་ཚེ་བུམ་འཛིན་པས་ཡུམ་ལ་འཁྱུད་པ་སྤྱན་གཉིས་ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་རལ་པའི་ཐོར་གཙུག་ཅན། དེའི་པང་དུ་ཡུམ་མཆོག་བདེ་འབྱིན་ཛྙཱ་ན་དྷཱཀྐི་སྐུ་མདོག་དཀར་པོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཕྱག་གཡས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སྤྱན་གཉིས་དཀྱུས་རིང་ཞིང་འཛུམ་པའི་ཉམས་ལྡན་དབུ་སྐྲ་སིལ་བུར་འཕྱང་བ། ཡབ་ཡུམ་གཉིས་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་དང་། དར་སྣ་ཚོགས་ཀྱི་སྟོད་གཡོག་དང་སྨད་ཤམ་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་བསྐྱེད་དོ། །དེའི་ཕྱོགས་བཞིར་ཤར་དུ་སངས་རྒྱས་ཚེ་དཔག་མེད་མཐིང་ཀ །ལྷོར་རཏྣ་ཚེ་དཔག་མེད་སེར་པོ། ནུབ་ཏུ་པདྨ་ཚེ་དཔག་མེད་དམར་པོ། བྱང་དུ་ཀརྨ་ཚེ་དཔག་མེད་ལྗང་གུ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་ཞབས་གར་སྟབས་ཅན་ཕྱག་གཡས་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ། རང་འོད་ཀྱི་ཡུམ་མདའ་དར་དང་ཚེ་བུམ་བསྣམས་པ་རྣམས་སོ་སོར་འཁྲིལ་བ༔ དར་དང་རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པར་བསྒོམ་ཞིང་༔ གཞན་ཡང་སྒོ་མ་བཞི་དང་ཚེ་ལྷ་རིག་འཛིན་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་གསལ་ཞིང་། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་སྒོམ་ཞིང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་འོག་མིན་ཆོས་ཀྱི་དབྱིངས་དང་ནུབ་ཕྱོགས་བདེ་བ་ཅན་སོགས་གནས་ཡུལ་གྱི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་གཉིས་མེད་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། སྤོས་བསྲེག་རོལ་མོ་འཁྲོལ་ཞིང་༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་ནས༔ བཅོམ་ལྡན་མགོན་པོ་རྒྱལ་བ་ཚེ་དཔག་མེད༔ ཡབ་ཡུམ་འཁོར་བཅས་མ་ལུས་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོག་བཅུ་ནས༔ ཚེ་ལྷ་རིགས་ལྔ་རྩ་གསུམ་བརྒྱུད་པར་བཅས༔ བཀའ་སྡོད་སྒོ་བ་ལས་མཁན་ཕོ་ཉ་བྲན༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་བཛྲ་ས་མ་ཡཱ་ཛཿཛ༔ ཞེས་དང་། རྩ་སྔགས་མཐར་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་སྤོས་རོལ་དང་བཅས་བྱིན་འབེབས་དྲག་ཏུ་བྱའོ། །དེ་ནས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱ་སྟེ། གཞུང་ལས། དེ་དག་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་དབང་གི་རིམ་པ་དོན་བདུན་གྱི་དང་པོ་བླ་ཚེ་ཆད་ཉམས་གསོ་ཞིང་འགུགས་པ་ནི། དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ མདའ་དར་ཐོགས་ནས་ཕྱོགས་བཅུར་གཡབ༔ འོད་ཟེར་འཕྲོས་པས་སློབ་བུ་ཡི༔ བླ་ཚེ་ཆད་ཉམས་གས་དང་ཡར༔ རྩ་གསུམ་རིག་འཛིན་གྲུབ་ཐོབ་དང་༔ འཁོར་འདས་ཀུན་གྱི་དཔལ་འབྱོར་རྣམས༔ ཡི་གེ་ཨ་ནྲི་ཧཱུྃ་གསུམ་དུ༔ བསྡུས་ནས་ལུས་ངག་ཡིད་གསུམ་ལ༔ གཉིས་མེད་ཐིམ་པའི་འདུན་པ་ཡིས༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཞེས་གསུངས་པས༔ ཧཱུྃ་ཧྲཱི༔ མ་གཡེལ་ཐུགས་བསྐྱེད་སྨོན་ལམ་མཐུས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་པདྨ་འབྱུང་༔ རྩ་གསུམ་བརྒྱུད་པའི་བླ་མ་ལྷ༔ བཀའ་སྡོད་ཕོ་ཉ་སྒོ་མའི་ཚོགས༔ ཐུགས་རྗེའི་རང་བཞིན་འོད་དུ་འཕྲོས༔ བྱིན་རླབས་རང་བཞིན་འཁོར་འདས་ཀྱིས༔ ཐུགས་རྗེ་བྱིན་རླབས་ཚེ་བསོད་དཔལ༔ བླ་ཚེ་ཆད་ཉམས་གས་དང་ཡར༔ ཨཱཿནྲི་ཧཱུྃ་གསུམ་རྣམ་པར་བསྡུས༔ རྒྱ་མཚོ་ཆེ་ལ་ཆར་བབས་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས་དང་ཏིཥྛ་བཛྲ་ཞེས་བརྗོད༔ དེ་ནས་རྣམ་རྒྱལ་བུམ་པ་ཐོགས༔ སྤྱི་བོར་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བུམ་པའི་རང་བཞིན་སྐུ་ཡི་དབང་༔ ཐུགས་རྗེའི་རང་བཞིན་བཅུད་དུ་འཁྱིལ༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ ལུས་འདི་ལོ་བརྒྱ་འཚོ་བའི་དབང་ཐོབ་ཤོག༔ ཨཱོཾ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དཀྱིལ་འཁོར་ནུབ་ཀྱི་ཚེ་ཆང་ཐོགས༔ མགྲིན་པར་བཞག་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ གསང་བའི་མཁའ་ལས་ཚེ་ཡི་བདུད་རྩི་བབས༔ བྷནྡྷར་འཁྱིལ་བས་རཱ་ག་གསུང་གི་དབང་༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ ངག་འདི་ལོ་བརྒྱར་འཕེལ་བའི་དབང་ཐོབ་ཤོག༔ ཨཱོཾཿཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ་ཨཱ༔ དཀྱིལ་འཁོར་ཤར་ཀྱི་བུམ་པ་ཐོགས༔ སྙིང་ཁང་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཀ་དག་ཆོས་ཉིད་གཞོན་ནུ་བུམ་པའི་སྐུ༔ སྐྱེ་ཤིའི་མཐའ་བྲལ་རྡོ་རྗེ་ཐུགས་ཀྱི་དབང་༔ སྐལ་ལྡན་བུ་ཡི་སེམས་ལ་དབང་བསྐུར་བས༔ སེམས་འདི་ལོ་བརྒྱར་བརྟན་པའི་དབང་ཐོབ་ཤོག༔ ཧཱུྃ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དཀྱིལ་འཁོར་ལྷོ་ཡི་ཚེ་ཟན་ཐོགས༔ ལྟེ་བར་བསྐུར་ཞིང་ལག་ཏུ་སྦྱིན༔ ཧཱུྃ་ཧྲཱི༔ རིན་ཆེན་འབྱུང་ལྡན་རཏྣ་ཚེ་དཔག་མེད༔ རྒྱུ་རྐྱེན་རྣམ་དག་འབྲུ་བཅུད་རོ་བརྒྱར་ལྡན༔ ཏིང་འཛིན་ལོངས་སྤྱོད་ཡོན་ཏན་ཚེ་ཡི་དབང་༔ སྐལ་ལྡན་བུ་ཡི་ལྟེ་བར་དབང་བསྐུར་བས༔ ཟ་ཐང་ལོ་བརྒྱ་རྒྱས་པའི་དབང་ཐོབ་ཤོག༔ ཏྲཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ དཀྱིལ་འཁོར་བྱང་གི་མདའ་དར་ཐོགས༔ གསང་བར་བཞག་ཅིང་རྒྱས་ཀྱང་གདབ༔ ཧཱུྃ་ཧྲཱི༔ དོན་ཡོད་གྲུབ་པ་ཀརྨ་ཚེ་དཔག་མེད༔ སྦྱོར་དང་སྒྲོལ་བ་ཚེ་རྟེན་མདའ་དང་དར༔ ཚེ་བསོད་དཔལ་འབྱོར་ཐུགས་རྗེའི་སྟོབས་ཀྱིས་སྦྱོར༔ ལོག་འདྲེན་བར་ཆད་ནུས་པའི་ཤུགས་ཀྱིས་སྒྲོལ༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ སྤྱོད་པ་ལོ་བརྒྱར་དར་བའི་དབང་ཐོབ་ཤོག༔ ཨཱཾཿཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ༔ ཀརྨ་ཨ་བྷི་ཥིཥྩ་ཨཱ་ཨཱ༔ བཀྲ་ཤིས་རྫས་བརྒྱད་མཐའ་བརྟེན་བསྐུར་ཞེས་པ་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ལྟར་བསྐུར་རོ། །དེ་ནས་གཞུང་ལས། ཤིས་པ་བརྗོད་ཅིང་མེ་ཏོག་གཏོར༔ དངོས་གཞིའི་དབང་བསྐུར་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧྲཱི༔ རྒྱལ་བ་ཚེ་དཔག་མེད་མགོན་ཐུགས་རྗེའི་དཔལ༔ བདག་སོགས་འགྲོ་བ་བརྩེ་བས་རྗེས་དགོངས་ནས༔ ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསྡུས༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་ཤིས་བརྗོད་ཅི་རིགས་བརྗོད་ལ་མེ་ཏོག་གི་སིལ་མ་བཀྲམ་པར་བྱའོ། །གཞན་ཡང་རྗེས་ཀྱི་བྱ་བ་གསང་བ་སྤྱི་འགྲོས་བཞིན་བྱ་སྟེ། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་བསྐུར་གྲུབ་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམས་པས་འདིའི་རྗེས་བཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། མཎྜལ་འབུལ་ལོ། །སླར་ཡང་ལུས་ལོངས་སྤྱོད་ལ་སོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟ་བུར་ཡིད་ཀྱིས་སྤྲུལ་ཞིང་ཕུལ་བས་བཞེས་ཤིང་ཆ་ཤས་ནས་རང་གིས་ཀྱང་ལོངས་སྤྱོད་པའི་མོས་པ་དང་བཅས་འདིའི་རྗེས་བཟློས་མཛོད། དེང་ནས་བརྩམས་སྟེ་སོགས། དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་དགེ་བ་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས། རིན་ཆེན་དགེ་ཚོགས་འདི་ཡིས་སོགས་བརྗོད་དོ། །རྗེས་ཀྱི་བྱ་བ་དཀྱིལ་འཁོར་བསྡུ་བ་སོགས་ལས་བྱང་མཇུག་སྐྱོང་ངོ་། །ཞེས་པ་རྣམས་ཀྱང་གཞུང་ལས། བཀའ་དྲིན་ཁུར་ཞིང་ཡོན་གྱིས་མཆོད༔ རང་གིས་སྲོག་གི་རིན་ཐང་རྣམས༔ ཟབ་མོའི་དབང་འདིའི་ཡོན་དུ་རི༔ བརྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ དབང་མཆོག་འདི་བཞིན་གཞན་དོན་སྤྱོད༔ སྡིག་ཅན་འགྲོ་ལ་སྦ་བར་བྱ༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ སྔོན་ཆད་བོད་ཡུལ་འཛམ་གླིང་འདིར༔ དབང་ཆོག་འདི་འདྲ་མ་གྲགས་སོ༔ པདྨ་བདག་གི་ཐུགས་ཏིག་ཡིན༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ཉམས་སུ་ལོངས་ཤིག་རྗེས་འཇུག་རྣམས༔ སྲུང་མས་བཀའ་ཡི་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གླིང་པས་བདེ་ཆེན་གསང་བ་ཕུག་ནས་རྙེད། སྨིན་བྱེད་ཟབ་མོའི་ལག་ལེན་ཆེས་གསལ་བ། །གཞུང་དང་བླ་མའི་ཕྱག་བཞེས་ཇི་བཞིན་དུ། །བཀླགས་ཆོག་འཇུག་བདེར་སྤེལ་བའི་ལེགས་བཤད་འདིས། །མཁྱེན་ཡངས་གང་དེའི་དགྱེས་པ་བསྐང་བར་རློམ། །འོན་ཀྱང་བདག་བློ་རྨོངས་པ་ཤས་ཆེ་ཞིང་། །ཐོས་པ་ཉུང་ལ་བརྩོན་པ་ལྷོད་པས་ན། །མ་རྟོགས་ལོག་རྟོགས་འཁྲུལ་པར་འཕྱན་སྲིད་པས། །ཉེས་གྱུར་དམ་པ་རྣམས་ཀྱིས་བཟོད་པར་རིགས། །དགེ་བས་སྲིད་པའི་ལུས་ཅན་ཉམ་ཐག་རྣམས། །གནས་སྐབས་དུས་མིན་འཆི་བ་ལས་རྒྱལ་ཞིང་། །མཐར་ཐུག་སྐྱེ་འཆི་མེད་པའི་དོན་རྟོགས་ནས། །འཆི་མེད་དབང་པོའི་གོ་འཕང་ལ་རེག་ཤོག །ཅེས་པ་འད་ིའང་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱི་བཞེད་སྐོང་དུ་གཞུང་དོན་བཀླགས་ཆོག་ཁྲིགས་སྡེབས་དང་། མཚམས་སྦྱོང་འགའ་ཞིག་གསར་དུ་བགྱིས་པ་བཅས་བྱ་བྲལ་སྙོམ་ལས་མཁན་རྨོངས་བན་ཝཱ་གིནྡྲའི་མིང་གིས་སུག་བྲིས་སུ་བགྱིས་པ་དགེ། །།

བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་།

ཟབ་ལམ་ཚེ་དཔག་མེད་ཀྱི་བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ཁྱོད་མཚན་ཉིན་མོར་བྱེད་པའི་དགེ་མཚན་གྱིས། །འཆི་བདག་མུན་པའི་སྨག་རུམ་མཐར་མཛད་ནས། །ཕན་བདེའི་སྣང་བ་དཀར་པོས་རྟག་སྐྱོང་བ། བླ་མ་ཚེ་མཐའ་ཡས་པས་ཤིས་པ་སྩོལ། །གང་གིས་བླ་མ་ཚེ་དཔག་མེད་པ་ཡི། བསྙེན་སྒྲུབ་ཟབ་མོ་ཉམས་སུ་ལེན་འདོད་པའི། །སྐལ་བཟང་འགྲོ་རྣམས་འཇུག་པ་བདེ་བའི་སྐྱེས། །བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་བྱ། །འདིར་ཟབ་ལམ་ཚེ་དཔག་མེད་དཀར་པོའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམས། དངོས་གཞི་བསྙེན་སྒྲུབ་ལས་གསུམ་ཇི་ལྟར་བྱ་བའི་ཚུལ། རྗེས་ཀྱི་རིམ་པ་དང་གསུམ་གྱི་དང་པོ་ནི་གསང་སྔགས་སྤྱི་དང་བྱེ་བྲག་ལ་བྱང་ཞིང་དམ་ཚིག་ལ་གནས་པ། །ཁྱད་པར་ཆོས་བཀའ་འདི་ཉིད་ཀྱི་དབང་ཐོབ་ཅིང་ལག་ལེན་ལ་མཁས་པ་དེ་ལྟ་བུས། གང་དུ་སྒྲུབ་པའི་གནས་དབེན་ཞིང་བྱིན་ཆགས་པ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ་གཟའ་སྐར་དུས་ཚེས་བཟང་པོ་དང་ལྡན་པའི་ཡར་ངོ་ལྟ་བུར་གནས་ཁང་བྱི་དོར་དང་དགོས་པའི་ཡོ་བྱད་མཚམས་གཡོག་སོགས་ཚགས་སུ་ཚུད་པར་བགྱིས་ནས། སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་རིས་སུ་གཡས་སྐོར་དུ་བྲིས་ལ། རང་དང་ཞལ་སྤྲོད་དུ་ཐང་སྐུ་སོགས་རྟེན་གསུམ་རྣམས་ཀྱང་བཤམས་ཤིང་། དཀྱིལ་འཁོར་རྒྱས་པར་རྡུལ་ཚོན་དང་མ་གྲུབ་ན། སྟེགས་བུ་ཁེབས་ལྡན་གྱི་ཁར་རས་བྲིས་སམ་ཚོམ་བུ་བཀོད་པའི་སྟེང་དུ་མཉྫི་ལ་སོགས་ཀྱི་སྟེང་བུམ་པ་མགུལ་ཆིངས་ཁ་རྒྱན་དང་ལྡན་པའི་ནང་ཆུས་སུམ་གཉིས་ཙམ་བཀང་བའི་ནང་དུ། འཚེ་དང་བ་ལུ་ཤུག་པ་རྟག་ངུ་རིགས་གསུམ། དབང་ལག་སོགས་བཅུད་ལེན་གྱི་རྫས་དང་བུམ་རྫས་ཉེར་ལྔ་སོགས་བཏབ་པ་བཀོད། དེའི་མདུན་དུ་ཚེ་བུམ། གཡས་སུ་ཚེ་རིལ། རྒྱབ་ཏུ་ཐོད་པ་མཚན་ལྡན་དུ་ཆོས་སྨན་སྦྱར་བའི་ཚེ་ཆང་། གཡོན་དུ་ཚེ་མདའ་རྣམས་བཤམས། དེ་དག་གི་མདུན་དུ་སྨན་རཀ་གཏོར་གསུམ། བཀའ་གཏེར་གྱི་གཏོར་མ། ཉེར་སྤྱོད་ལྔ་དང་། གཞི་བགེགས་གཏོར་མ་སོགས་མཐོང་རྒྱུད་ལྟར་རྒྱས་པར་བཤམས། གུལ་ཡུངས་ནས་ཐུན། ཌཱ་དྲིལ་སོགས་ཚོགས་པར་བྱ་བ་ནི་སྦྱོར་བ་ཡོ་བྱད་ཀྱི་ཤོམ་མོ། །གཉིས་པ་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ། བསྙེན་སྒྲུབ་ལས་གསུམ་མམ། བསྙེན་པ་སྒྲུབ་པ། སྒྲུབ་ཆེན་ཏེ་གསུམ་ལས། དང་པོ་བསྙེན་པ་ནི། གང་གི་དྲུང་དུ་དོན་སྤྱོད་དགོས་པའི་སྐྱེས་བུ་དེར་བསྙེན་ཅིང་འབྲེལ་འདོགས་པ་དང་འདྲའོ། །སྒྲུབ་པ་ནི་དོན་དུ་གཉེར་བྱའི་བྱ་བ་དེ་ལ་ཞུགས་ནས་དོན་གཏན་ལ་འབེབས་པ་དང་འདྲའོ། །སྒྲུབ་པ་ཆེན་པོ་ནི་དོན་གཏན་ལ་ཕེབས་ནས་འབྲས་བུ་ལ་སྤྱོད་པ་དང་འདྲའོ། །དེ་ལྟར་ངེས་པར་བྱས་ནས་སྟན་ལ་འདུག་སྟེ་སྔོན་འགྲོ་གསོལ་འདེབས་སོགས་དང་། རྒྱལ་ཆེན་ཐོ་འཛུག་སྒོ་བྱང་ཕྱི་ནང་སོགས་གྲུབ་ན་དང་། མ་གྲུབ་ཚེ་སྒོ་དྲུང་དུ་ཐོ་དཀར་པོ་རྩིགས་ཤིང་རྒྱལ་ཆེན་དུ་སྒོམ་ལ་གཏོར་མ་འབུལ། བགེགས་གཏོར་བཏང་ལ་བགེགས་བསྐྲད་བསྲུང་བའི་འཁོར་ལོ་སྒོམ་པ་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱས་ལ། ཐུན་བཞིར་ངེས་པའི་ཐོག་མར་དགོང་ཐུན་ནས་འཇུག་སྟེ། དེ་ཡང་བགེགས་ལ་བཀའ་བསྒོ་བ་དང་། བསྲུང་བའི་འཁོར་ལོ་བསྒོམ་པ་རྣམས་ལས་བྱང་གི་ཚིག་དོན་ལྟར་གསལ་འདེབས་ཤིང་མཚམས་བཅད་བྱ། དེ་ཡང་མཚམ་བཅད་བྱ་གཅོད་བྱེད་བཅད་དོ་བའི་མཚན་རྟོག་ཐམས་ཅད་མི་དམིགས་པར་འཁོར་གསུམ་རྟོག་མེད་ཀྱི་ངང་དུ་མཉམ་པར་འཇོག་པར་བྱའོ། །དེ་ཡང་སྲུང་འཁོར་བསྒོམ་གྲུབ་ནས་མཚམས་གྲོལ་བའི་ཐུན་ཐ་མའི་བར་ལ་མི་བསྡུ་ཞིང་ཐུན་འགོ་རྣམས་སུ་གསལ་འདེབས་རེ་བྱ། དེ་ནས་ལས་བྱང་གི་སྐྱབས་སེམས་ནས་བཟུང་སྔོན་འགྲོ་མཆོད་པ་བྱིན་རླབས་སོགས་ཚིག་ཤར་ཙམ་མ་ཡིན་པའི་སེམས་བརྒྱུད་དང་ཅི་འདྲེས་སུ་བསྒོམས་ཤིང་གོ་དོན་རྣམས་བློ་ལ་ངེས་ཤིང་འདྲིས་པར་བྱ། དེ་ནས་དངོས་གཞི་ལྷ་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་སྐྱེ་བ་མེད༔ ཅེས་པ་ནས། ཆོས་སྐྱོང་སྲུང་མ་ལས་བྱེད་ཕོ་ཉར་གསལ༔ ཞེས་པའི་བར་གྱིས་དམ་ཚིག་འཁོར་ལོར་གསལ་གདབ། དེ་ནས་གཞུང་ལྟར་སྤྱན་དྲངས་ཤིང་ཆོ་ག་བརྗོད་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་སྤྱན་དྲངས་ཤིང་དམ་ཚིག་པ་ལ་བསྟིམ། དེ་ནས་བཞུགས་སུ་གསོལ་ཞིང་ཕྱག་མཆོད་བསྟོད་པ་སོགས་ལས་བྱང་དཀྱུས་བཞིན་བྱས་ནས། རང་ཉིད་ཡེ་ནས་ཚེ་དཔག་མེད་དུ་ངེས་པ་སྲོག་ཏུ་བཟུང་སྟེ་དཀྱིལ་འཁོར་པའི་རྣམ་པ་སྤྱི་དང་བྱེ་དྲག་སྣང་ཆ་རྟག་བརྟན་ཐེར་ཟུག་མ་ཡིན་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་གཟུགས་བཞིན་གསལ་སྟོང་དུ་མཉམ་པར་བཞག །ལྷ་སྐུ་བསྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། ལས་མཐུན་གྱི་བགྲང་ཕྲེང་བོ་དྷི་ཙི་ལྟ་བུ་བྱིན་རླབས་སྤྱི་ལྟར་རམ། མ་ནུས་ན་ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ༔ ཞེས་བདུན་བཟླས་ཕྲེང་བར་ཕུས་བཏབ། དེ་ནས་གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧྲཱི༔ དཀར་པོ་གསལ་ཞིང་འབར་བ་དེའི་མཐར་བཟླ་བྱའི་སྔགས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲཱུཾ་སརྦ་སིདྷི་ཧཱུྃ་ཧྲཱི༔ ཞེས་པ་རྣམས་འོད་ཟེར་འཕྲོ་ཞིང་རང་སྒྲ་སྒྲོགས་པས་བསྐོར་བར་བསམ་ལ་སྤྲོ་བསྡུའི་དམིགས་པ་དང་བཅས་གུས་པས་གསོལ་བ་བཏབ་པའི་ཚུལ་གྱིས་བསྙེན་པ་བགྲངས་ཏེ་དེ་ཡང་གཏེར་གཞུང་ལས། བསྙེན་དུས་གསོལ་བ་འདེབས་པའི་ཚུལ༔ མ་ཡེངས་ངང་ནས་འཛབ་འདི་བཟླ༔ ཞེས་གསུངས་པ་ལྟར་ཏེ། འདིར་སྤྲོ་བསྡུའི་དམིགས་པ་དོན་མེད་དམ་སྙམ་ན་སྐྱོན་མེད་དེ། རྗེ་བླ་མས་བདེ་མཆོག་བསྙེན་ཡིག་ཏུ་རིག་པའི་རྩལ་སྦྱོང་ལ་འགལ་བ་མེད་གཤིས་སྤྲོ་བསྡུ་བྱེད་པར་གསུངས་པ་འདིར་ཡང་མཚུངས་སོ། དེས་ན་རང་གི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། བྱིན་རླབས་ནུས་མཐུ་ཚེའི་དངོས་གྲུབ་ཐམས་ཅད་རང་ལ་ཐིམ་པར་བསམ་ཞིང་། ཁྱད་པར་དུ་རང་དང་བསྲུང་བྱའི་བླ་ཚེ་ཆད་ཉམས་ཡར་བ་གུད་པ་སོགས་དང་འཁོར་འདས་ཀྱི་ཚེ་བཅུད་འབྱུང་བཞིའི་དྭངས་མ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་སྒོམ། ཡང་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་གནས་སྐབས་སུ་ཚེའི་བར་ཆད་དང་། མཐར་ཐུག་སྡིག་སྒྲིབ་ཐམས་ཅད་སྤོང་ནས་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད་པར་བསམ་ཞིང་། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་དགོངས་པ་ལས་མི་འདའ་བའི་ངང་ནས་འཁོར་འདས་ཀྱི་ཚེ་བཅུད་རང་ལ་བསྡུ་བའི་དམིགས་པ་ཡང་ཡང་བྱ་ཞིང་སྔགས་བཟླ། ཐུན་མཐར་ཡིག་བརྒྱ་དབྱངས་གསལ་སྤེལ་ཚིག་ཅན་བདུན་རེ་བཟླས་རྗེས་མཆོད་བསྟོད་དང་། མདའ་དར་གཡབ་ཅིང་། འོད་ཟེར་འཕྲོས་པས་རང་ཉིད་ཀྱི༔ སོགས་དམིགས་པ་དང་བཅས་ཏེ། ཧཱུྃ་ཧྲཱི༔ མ་གཡེལ་ཐུགས་བསྐྱེད་སྨོན་ལམ་མཐུ༔ སོགས་ཚེ་འགུགས་འདོན་ཞིང་དངོས་གྲུབ་ལེན་དམིགས་བྱ། དེ་ནས་སྐབས་འདིར་བཀའ་གཏེར་སོགས་ཆོས་སྐྱོང་སྤྱི་སྒོས་ཀྱི་གསོལ་མཆོད་གཏོར་བསྔོ་དགོས་རིགས་དང་ཚོགས་ཀྱི་འཁོར་ལོ་ཐོག་མཐའ་བར་གསུམ་དང་། ལྷག་མ་ཆད་བསྟན་སོགས་ལས་བྱང་གི་མཇུག་སྐྱོང་དེ་ཡང་ཐུན་མ་བསྡུས་པར་ཚོགས་གཏོར་བྱེད་ན་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པ་ཞིག་འཕྲོས་ནས་དཀྱིལ་འཁོར་གྱི་མཐར་ཚོགས་གཏོར་སོགས་བྱེད་པར་མོས་ལ། ཐུན་མཚམས་ནས་བྱེད་ན་ཐུན་མཚམས་ཀྱི་ལྷ་ཉིད་ཀྱི་གཏོང་བར་གསུངས་སོ། །དེ་ནས་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་། ལྡང་ན་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་ལྷར་ལངས་ནས་བསྔོོ་སྨོན་བྱ། དེ་ནས་སྲོད་ཐུན་ལ་སྐྱབས་འགྲོ་སེམས་བསྐྱེད་དང་སྲུང་འཁོར་གསལ་འདེབས་ཙམ་བྱས་ལ། ཏིང་འཛིན་རྣམ་གསུམ་གྱི་ངང་ནས་བཟླས་པའི་བར་སྔར་བཞིན་ལ་འདིའི་ཐུན་མཐར་ཚོགས་འཁོར་བྱ་བར་གསུངས་མོད། འོན་ཀྱང་དགོང་ཐུན་གྱི་མཇུག་ཏུ་འཇུག་པ་བདེ་བས་དེང་སང་ཕྱག་ལེན་ཕལ་ཆེར་དེ་ལྟར་མཛད་པ་མང་བས་གོང་དུ་སྨོས་པ་ལྟར་བྱས་པས་འཐུས་པར་སྣང་ངོ་། །འདི་སྐབས་དཀྱིལ་འཁོར་མ་བསྡུས་ན་གཉིད་འོད་གསལ་ལ་བཅུག་ལ་ཉལ་བའི་རྣལ་འབྱོར་བྱ། བསྡུ་ན་ཐུན་མཚམས་ཀྱི་ལྷ་ཡང་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུས་ནས་ཉལ་བའི་རྣལ་འབྱོར་བྱ། སང་ཞོགས་ཐོར་ཐུན་ལ་ལྡང་དུས་དཔའ་བོ་རྣལ་འབྱོར་མའི་ཌཱ་དྲིལ་དང་སྔགས་ཀྱི་སྒྲས་སད་པར་བྱས་ལ་ཐུན་མཚམས་ཀྱི་ལྷར་ལངས་ནས་ཐུན་ལ་འཇུག་སྟེ། སྔོན་འགྲོ་བརྒྱུད་འདེབས་སོགས་རྒྱས་པར་བྱ། སྔ་ཐུན་དགོང་ཐུན་སྲོད་ཐུན་གསུམ་ལ་སྐྱབས་སེམས་སྲུང་འཁོར་གསལ་འདེབས་ཚུལ་ཙམ་བྱ། ཁྱད་པར་ཐོར་ཐུན་གྱི་རྗེས་སུ་དགེ་སྦྱོར་ཆགས་མེད་རིགས་ཡོད་ན་བྱ། གཞན་ཡང་བསང་དང་ཆུ་གཏོར་སོགས་ཐུན་མཚམས་ཀྱི་ལྷར་ལངས་པས་ཐུན་མཚམས་གང་བདེར་བྱ། སྔ་ཐུན་གྲོལ་མཚམས་སུ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་གུང་ཚིག་བྱ་ཞིང་ངག་གཏོང་དགོས་རིགས་སོགས་སྐབས་འདིར་བྱ། ཐུན་གཞན་རྣམས་ལ་ངག་བཅད་ཤིན་ཏུ་དམ་པར་བྱ། ངག་གི་དུབ་པ་བསལ་ཕྱིར་ཇ་ཐང་ཕྲན་བུ་ལས་ཟས་སྐོམ་རྒྱུན་བཅད། དམིགས་པ་རྩེ་གཅིག་པས་མ་ཡེངས་པར་བྱ་ཞིང་། ཐུན་སྒངས་སུ་འགྲོ་འདུག་སྒུལ་སྐྱོད་སོགས་ཀྱང་སྤངས་ནས་སྟན་གྱི་དྲོད་མ་ཡལ་བ་གནད་ཡིན། ལྡང་ཚེ་ཕྲེང་བ་རྡོར་མདུད་བྱས་པ་ཁྲོ་ཞལ་དུ་བསྒོམ་པས་མལ་སྲུང་། དེ་ལྟ་བུའི་ཐུན་ཁྲིགས་སུ་བཅད་པ་ཉིན་གཅིག་ལྟ་བུ་ཁོ་ན་ལས་དལ་ཁོམ་དང་བསྟུན་པའི་ཐུན་རིང་ཐུང་སོགས་གཏན་ནས་མི་བྱ། འདི་ལ་དུས་གྲངས་རྟགས་སོགས་ཞིབ་པར་མ་གསུངས་པས་མཚན་མ་མཐོ་བ་དེ་རྣམས་གྲངས་བསྙེན་ཇི་ཙམ་འོས་པ་སོང་ནས་སྒྲུབ་པ་ལ་འཇུག་སྟེ་དུས་རིང་ཐུང་ཇི་ཙམ་བྱེད་ཀྱང་བསྙེན་པ་དང་། ཕྱེད་སྒྲུབ་པ་བྱེད་དགོས་ཤིང་མཆོད་པ་རྣམས་བརྗེ་བའམ་ཁ་གསོ་ཙམ་བྱས་ལ་བསྙེན་པ་རྫོགས་མ་ཐག་ནས་བྱ་བ་གཞན་གྱིས་བར་མ་ཆོད་པར་ཐོར་ཐུན་ལྟ་བུ་ནས་བཟུང་སྟེ་ལས་བྱང་གཞུང་བསྲང་བ་སོགས་མི་འདྲ་བ་མེད་དོ། །བཟླས་པའི་སྐབས། བསྒྲུབ་དུས་མཆོད་དང་བསྟོད་པའི་ཚུལ༔ འོད་ཟེར་སྤྲོ་བསྡུའི་ངང་ནས་བཟླ༔ ཞེས་པའི་དོན་རང་ཉིད་དམ་ཚིག་གི་འཁོར་ལོ་བདག་མདུན་དབྱེར་མེད་དུ་གསལ་བཏབ་སྤྱན་འདྲེན་ནས་བཟུང་བསྟོད་པའི་བར་སོང་ནས་བཟླས་པའི་ཚེ་འཛབ་ཁང་དབྱེ་བ་ནི། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཕཊ་ཛ༔ ཞེས་ལོགས་སུ་ཕྱེ་ནས་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་ལ། བདག་མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་གདན་ལ་ཧྲཱིཿཡིག་དཀར་པོའི་མཐར་སྒྲུབ་སྔགས་ཀྱིས་བསྐོར་བར་དམིགས་ལ། སྔགས་བཟླས་པའི་ཚེ་བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས་ནས་མདུན་བསྐྱེད་ལྷའི་ཐུགས་བརྒྱུད་བསྐུལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི་དྭངས་བཅུད་ཚེ་དཔལ་སྟོབས་འབྱོར་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་རང་དང་མདུན་བསྐྱེད་ལ་ཐིམ་ཁྱད་པར་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་རང་དང་བསྲུང་བྱའི་བླ་ཚེ་ཡར་བ་འཁྱམས་པ་ཐམས་ཅད་ཡི་གེ་ཨ་ནྲི་ཧྲཱིཿསོགས་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པར་བསྒོམས་ཤིང་། དམ་ཡེ་འཕྲོ་འདུའི་གསལ་བ་གསུམ་ལྡན་གྱི་ངང་ནས་བཟླས་པ་ལ་འབད། ཐུན་བསྡུ་བ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཆོད་བསྟོད་སོགས་བསྙེན་པའི་དུས་ལྟར་བྱ། དམ་ཡེ་དཀྱིལ་འཁོར་གདོད་ནས་དབྱེར་མེད་རྟོགས་པའི་ཚུལ་གྱིས་ཧཱུྃ་ཞེས་བརྗོད་པས་རང་བཞིན་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་བསྟིམ་ནས་གསལ་ཞིང་བརྟན་པར་བྱའོ། །རྗེས་ཀྱི་བྱ་བ་ཚོགས་མཆོད་སོགས་སྔར་བསྙེན་པའི་དུས་ལྟར་བྱ་བ་ཉིད་དེ། དེ་ནས་ལས་སྦྱོར་འཕྲིན་ལས་བཞི་སྒྲུབ་ནི། གཞུང་ལས་ལས་སྦྱོར་བཞི་ལ་རང་གསལ་ཞིང་༔ བདག་གཞན་ཕྲིན་ལས་ཨེ་མ་ཧོ༔ ཞེས་པའི་དོན་སྒྲུབ་པ་ཇི་ཙམ་བྱེད་པའི་ཡུན་དང་བསྟུན་ཏེ། དཔེར་ན་བསྙེན་སྒྲུབ་ཟླ་གཅིག་ཙམ་བྱེད་ཚེ་ཞག་བཅུ་བཞིར་སྒྲུབ་པ་བྱས་པ་ཞག་ཉེར་བརྒྱད་སོང་ནས་ལྷག་མ་ཞག་བཞི་ཡོད་པའི་ཞག་གསུམ་ལས་བཞི་ཞག་གཅིག་སྒྲུབ་པ་ཆེན་པོ་དངོས་གྲུབ་ལེན་པ་མཛད་ན་འགྲིགས་ཤིང་དེ་ལས་མཚམས་རྒྱུན་རིང་ཐུང་ཇི་ལྟར་བྱེད་ཀྱང་དེས་འགྲོས་ཀྱིས་ཤེས་པར་བྱས་ལ། དེ་ཡང་འཕྲིན་ལས་བཞི་རེ་རེ་ལ་ཞག་གསུམ་ལྔ་བདུན་སོགས་གྲངས་བགོས་ནས་བྱེད་པའམ་ཡང་ན་ཐོ་རང་རྒྱས་པ། སྔ་ཐུན་ལ་ཞི་བ། དགོང་ཐུན་ལ་དབང་། སྲོད་ལ་དྲག་པོ་རྣམས་བཟླས་པ་དང་སྐུ་མདོག་ལས་བཞིའི་སྔགས་བདེ་མཆོག་ལྟར་རམ་ཡང་ན་ཟབ་ལམ་ཐུགས་རྗེ་ཆེན་པོ་ལྟར་ཞི་བ་ལ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ་མཱ་ར་ཡ་ཕཊ༔ ཅེས་བཏགས་ཏེ་བཟླ། ཐུན་བཞི་ཐུན་མཚམས་ཀྱི་བྱ་བ་སོགས་སྔར་བསྙེན་པའི་དུས་དེ་ཉིད་གཞིར་བཞག་ལས་གསར་སྤྲོས་གཞན་མེད། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་གྲུབ་ནས། གསུམ་པ་སྒྲུབ་པ་ཆེན་པོ་དངོས་གྲུབ་ལེན་པའི་ཚུལ་ནི། སངས་གྲོལ་རྒྱུའི་ཉིན་མཆོད་གཏོར་གསར་པ་རྒྱ་ཆེར་བཤམས་ཤིང་ཚེ་འབྲང་ཚེ་རིལ་བདུད་རྩི་སོགས་དངོས་གྲུབ་ཀྱི་རྫས་གཞན་དག་ཀྱང་ཅི་འབྱོར་བཀོད། བཟླས་པའི་འཛབ་ཁང་ཕྱེ་བའི་བདག་མདུན་ལས། འཕྲོ་འདུའི་སྐབས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་སོགས་འཕྲོས་ནས་རང་གི་གནས་ལྔར་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ཁྱད་པར་འཆི་མེད་ཚེའི་བྱིན་བཅུད་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་བསྙེན་སྔགས་ཀྱི་ཤམ་བུར་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྷི་ཕ་ལ་ཧཱུྃ༔ ཞེས་བཏགས་ཏེ་བཟླས་པ་དང་དམིགས་པ་ནན་གྱིས་བྱ། དེ་ནས་སང་གྲོལ་རྒྱུའི་ཐོར་ཐུན་ལ་ཚེ་བཅུད་བསྡུ་བའི་དམིགས་པ་དང་འཛབ་བཅས་སྔོན་ལྟར་བགྱིས་པའི་ཐུན་མཇུག་ཏུ་མཆོད་བསྟོད་ཙམ་བྱས་ལ་ཚེ་འགུགས་མི་འདོན་བཀའ་གཏེར་ཚོགས་ཀྱི་ལྷག་མ་ཡན་དཀྱུས་ལྟར་བྱས་ལ་རྒྱས་པར་གྲུབ་ན་བདག་འཇུག་ལེན་ཏེ་དབང་ཆོག་ལྟར་ལ་དམིགས་པ་ནི་བདག་ཉིད་དམ་ཚིག་པ་དབང་ལེན་པ་པོ་སློབ་མའི་ཚུལ་དང་དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་པ་དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་གྱི་ཚུལ་ལྟར་ཤེས་པར་བྱས་ལ་དབང་རྫས་རྣམས་རང་གི་གནས་ལྔར་གཏུག །བདག་འཇུག་མི་ལེན་ན་ཚེ་འགུགས་འདོན་ལ་བསྙེན་སྔགས་ཤམ་བུ་བཅས་བཟླ་བཞིན་པས་སྒྲུབ་རྫས་རྣམས་རང་གི་གནས་ལྔར་གཏུག་ལ་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་ཁྱད་པར་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་དམིགས་འདུན་རྩེ་གཅིག་བྱ་ཞིང་སྒྲུབ་རྫས་བུམ་ཆུ་འཐུང་ཞིང་ཚེ་རྫས་གཏོར་ཟན་དང་དངོས་གྲུབ་ཀྱི་རྫས་ལ་རོལ། ཚོགས་ལ་རོལ། ལྷག་མ་རྒྱ་ཆེར་བཏང་། བཀའ་གཏེར་བསྐུལ། ཆད་བསྟན་བཏང་། གཏོར་གཞོང་བྲོ་བརྡུང་བཅས་པ་དང་དབྱངས་གསལ་ཡིག་བརྒྱ་རྣམས་ལན་གསུམ་བརྗོད་ལ། ཏིང་འཛིན་ཉམས་དང་སོགས་ཅེས་པས་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ་སྟེ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱ། རྟེན་མེད་ན་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་ཞིང་བསྡུ་རིམ་བྱ། དཀྱིལ་འཁོར་རྡུལ་ཚོན་ཡིན་ན་ཆུར་གཤེགས། མཐའ་རྟེན་བསྔོ་སྨོན་གྱིས་རྒྱས་གདབ་ཅིང་ཤིས་པ་བརྗོད་པ་སོགས་རྒྱས་པར་བྱའོ། །སླར་ཡང་རྗེས་ཆོག་ཚོགས་འཁོར་རྒྱས་པར་བྱ་ཞིང་རྒྱལ་པོ་བཞིར་གཏོར་མ་ཕུལ་ནས་གཤེགས་སུ་གསོལ་ཞིང་ཐོ་ལེན་པ་སོགས་དང་མཚམས་གྲོལ་ནས་བག་གསེང་བ་སོགས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །སངས་རྒྱས་གཉིས་པའི་ཐུགས་བཅུད་གདམས་པའི་ཕུལ། །འཆི་མེད་སྒྲུབ་པའི་ལམ་བཟང་རྨད་བྱུང་བ། །མི་ཤིག་ཕྱག་རྒྱས་བཏབ་པའི་ཟབ་གཏེར་སྒོ། །འབྱེད་མཁས་གཏེར་ཆེན་མཆོག་དེ་སྙིང་ནས་དྲན། །གང་གི་ཐུགས་བསྐྱེད་ཀྱིས་དྲངས་གདམས་པའི་མཛོད། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་རྒྱ་མཚོ་ལས། །ཉེར་ཐོན་དངོས་གྲུབ་འདོད་པ་ཀུན་འཇོ་བའི། །ཟབ་མོའི་གདམས་པ་འདི་མཚུངས་གཞན་ན་མེད། །དེ་ཕྱིར་དང་པོའི་ལས་ཅན་འཇུག་བདེའི་སྐྱེས། །བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་འདི། །རིག་འཛིན་བླ་མའི་བཀའ་བཞིན་རྒྱལ་ཁམས་པ། །ངག་བློ་རྒན་པོའི་བློ་མཚོ་ལས་བྱུང་མོད། །ཚུལ་འདིར་འབད་པ་ལས་བྱུང་ལེགས་བྱས་དེས། །མགོན་ཁྱོད་བསྐལ་བརྒྱར་ཞབས་པད་བརྟན་པ་དང་། འགྲོ་ཀུན་འཆི་བདག་གཡུལ་ལས་རྣམ་རྒྱལ་ནས། །འཆི་མེད་གདོད་མའི་མགོན་པོ་ཉིད་གྱུར་ཅིག །ཅེས་པ་འདི་མཆོག་སྤྲུལ་རིན་པོ་ཆེའི་བཀས་བསྐུལ་བ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་དང་མི་འགལ་བར་རང་བློས་གང་དཔོག་ཙམ་ཞིག་བྲིས་ཏེ་ཕུལ་བས་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག །ཨ་ཡུ་སིདྡྷི་མངྒཾ་ལ་བྷ་ཝནྟུ།། །།

རིག་བདག་བླ་མ་རྡོ་རྗེ་སེམས་དཔའི་སྐོར།

རྡོར་སེམས་མཆོད་བསྟོད་ཆོ་ག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོར་སེམས་མཆོད་བསྟོད་ཆོ་ག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ མཆོད་བསྟོད་ཆོ་གའི་རིམ་པ་ཞིག༔ མ་འོངས་འགྲོ་བའི་དོན་ཉིད་དུ༔ པདྨ་བདག་གིས་འགོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས༔ བདག་གཞན་དོན་གཉིས་བསྒྲུབ་འདོད་པས༔ དཀྱིལ་འཁོར་རྫས་དང་ཡོ་བྱད་རྣམས༔ དབང་དང་སྒྲུབ་གཞུང་ལས་སྦྱོར་སོགས༔ གང་འདོད་བཞིན་དུ་སྟ་གོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་བྱང་རིམ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་དུ་འགྲོ་བ་ནི༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་དང་༔ མཆོད་རྫས་བྱིན་བརླབ་བསྐྱེད་རིམ་སྟེ༔ སྔོན་དུ་འགྲོ་བའི་ལས་ཁྲིགས་བཞི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད༔ འཛབ་ཀྱི་ལས་སྦྱོར་རྣམ་པ་དྲུག༔ དངོས་གཞིའི་ལས་ཁྲིགས་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་བསྔོ་སྨོན་བསྐྱེད་རིམ་བསྡུ༔ རྫོགས་རིམ་ཆོས་ཉིད་ལམ་ཁྱེར་བཞིས༔ རྗེས་ཀྱི་ལས་ཁྲིགས་རྫོགས་པར་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བའི་མཆོད་རྫས་རྣམས༔ ཨཱོཾ་གྱིས་དངོས་འཛིན་བག་ཆགས་སྦྱངས༔ ཨཱཿཡིས་ཟག་མེད་བདུད་རྩིར་བསྒྱུར༔ ཧཱུྃ་གིས་འདོད་ཡོན་ལོངས་སྤྱོད་སྤེལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱ་ཧཱུྃ་སྭཱ་ཧཱ༔ ཏིང་འཛིན་ལྷ་ཡི་བསྐྱེད་རིམ་ནི༔ ཨཱོཾ་མ་ཧཱ་ཤུ་ཛྙཱ་ན་སྭ་བྷ་ཝ་དྷརྨཱ་དྷརྟུ་ཧཱུྃ༔ འཁོར་འདས་ཆོས་རྣམས་ཡེ་ནས་སྟོང་༔ སྤྲོས་བྲལ་བློ་འདས་དེ་བཞིན་ཉིད༔ ཀུན་ཁྱབ་བརྩེ་བའི་ངང་ཉིད་ལས༔ རང་བྱུང་ཡེ་ཤེས་ཡི་གེ་ལྔ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿབྷྲུྃ༔ ཡོངས་སུ་གྱུར་པའི་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ ཐུགས་སྲོག་ཧཱུྃ་ཡིག་ཡོངས་གྱུར་པས༔ རིགས་བདག་སྟོན་པ་རྡོ་རྗེ་སེམས༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པྲོག་ཞུ་དབུ་བརྒྱན་རྡོ་རྗེ་གཡས༔ ཐུགས་ཀར་གཏོད་པའི་ཚུལ་དུ་བསྣམས༔ དར་ལྗང་སྟོད་གཡོགས་དྲིལ་བུ་གཡོན༔ འགྱིང་ཚུལ་ལྡན་པའི་སྐུ་ལ་བརྟེན༔ སྤྱན་གཉིས་འཛུམ་པའི་མདངས་དང་ལྡན༔ སྣ་ཚོགས་དར་དང་རུས་པས་བརྒྱན༔ ལོངས་སྤྱོད་རྫོགས་སྐུའི་གཟི་འོད་འབར༔ འོད་ལྔ་འཁྲུག་པའི་ཀློང་དུ་བཞུགས༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་ན༔ མདངས་ལྡན་པདྨ་འདབ་མ་བཞི༔ ཤར་ཕྱོགས་པདྨ་ཉི་ཟླའི་སྟེང་༔ བྷུདྡྷ་རྡོར་སེམས་སྐུ་མདོག་མཐིང་༔ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ རཏྣ་རྡོར་སེམས་སྐུ་མདོག་སེར༔ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ པདྨ་རྡོར་སེམས་སྐུ་མདོག་དམར༔ བྱང་ཕྱོགས་པདྨ་ཉི་ཟླའི་སྟེང་༔ ཀརྨ་རྡོར་སེམས་སྐུ་མདོག་ལྗང་༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རང་རྟགས་ཕྱག་མཚན་བསྣམས༔ གཡོན་པས་དྲིལ་བུ་སྐུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ སྣང་ལ་རང་བཞིན་མེད་པར་གསལ༔ ཕྱི་རིམ་མུ་ཁྱུད་རྡོར་ཕྲེང་དང་༔ འོད་ཟེར་འབར་བའི་ཀློང་རུམ་དུ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་དང་༔ ལཱ་སེ་དཀར་མོ་སེམས་མའི་ཚོགས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མ་ལུས་པ༔ རྡོ་རྗེ་རིགས་ཀྱི་ངོ་བོར་གསལ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གསུམ༔ འཕྲོས་པས་སྐུ་གསུམ་ཞིང་ཁམས་ནས༔ བསྐྱེད་པའི་ལྷ་ཚོགས་སྤྱན་དྲངས་བསྟིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ལྷ་ཚོགས་སྤྱན་འདྲེན་ཞིང་༔ དྲི་བཟང་སྤོས་དང་རོལ་མོ་འཁྲོལ༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ འོག་མིན་སྟུག་པོ་བཀོད་པ་ནས༔ བྷུདྡྷ་རྡོར་སེམས་འཁོར་དང་བཅས༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་མངོན་པར་དགའ་བ་ནས༔ བཛྲ་རྡོར་སེམས་འཁོར་དང་བཅས༔ མེ་ལོང་ཡེ་ཤེས་དབྱིངས་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ལྷོ་ཕྱོགས་དཔལ་དང་ལྡན་པ་ནས༔ རཏྣ་རྡོར་སེམས་འཁོར་དང་བཅས༔ མཉམ་ཉིད་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཆེན་པོ་ནས༔ པདྨ་རྡོར་སེམས་འཁོར་དང་བཅས༔ སོར་རྟོགས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ བྱང་ཕྱོགས་ལས་རབ་རྫོགས་པ་ནས༔ ཀརྨ་རྡོར་སེམས་འཁོར་དང་བཅས༔ བྱ་གྲུབ་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ ཕྱོགས་བཅུའི་ནམ་མཁའི་ཁྱོན་བཀང་སྟེ༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཅོད་པན་དར་དཔྱངས་པུ་རུ་རུ༔ ཕྱག་ཞབས་གདུ་བུ་སི་ལི་ལི༔ འོད་དང་ཟེར་དུ་སྤུངས་སེ་སྤུང་༔ སྐུ་ཡི་རྣམ་འགྱུར་ལིངས་སེ་ལིང་༔ སྒྲ་དང་རོལ་མོ་དི་རི་རི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ གུ་རུ་བཛྲ་ས་ཏྭ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་ལྷུན་གྲུབ་གཞལ་ཡས་དབུས༔ ཉི་ཟླ་པདྨའི་གདན་ཁྲི་ལ༔ རྒྱལ་བ་རྒྱ་མཚོ་རྡོ་རྗེ་སེམས༔ མ་ལུས་འཁོར་བཅས་བཞུགས་སུ་གསོལ༔ གུ་རུ་བཛྲ་ས་ཏྭ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཏེ༔ མ་འགག་རང་གསལ་ལོངས་སྤྱོད་རྫོགས༔ མཁྱེན་བརྩེ་བླ་མེད་འགྲོ་བའི་མགོན༔ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་པཱུ་ཙ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བླ་མེད་མཆོག་གི་མཆོད་ཡོན་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་ཚོགས་ཀྱིས་མཆོད༔ བཛྲ་ཨརྒཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ མཛོད་འཛིན་བླ་མེད་རྡོ་རྗེ་སེམས༔ ལོངས་སྤྱོད་རྫོགས་སྐུའི་མཚན་དཔེས་སྤྲས༔ བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད༔ གསུང་དབྱངས་དྲུག་ཅུ་ཆོས་ཀྱི་དབྱངས༔ འགག་མེད་ནམ་མཁའི་ཁྱོན་བཀང་སྟེ༔ འགྲོ་བའི་གཏི་མུག་རྨོངས་པ་སེལ༔ རྣམ་རོལ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཁྱེན་དང་བརྩེ་བའི་ཡེ་ཤེས་ཀྱིས༔ སྤྲུལ་པ་བྱེ་བ་དུང་ཕྱུར་འགྱེད༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ ཕ་རོལ་ཕྱིན་ལ་ཕྱག་འཚལ་བསྟོད༔ འཛབ་དགོངས་ལས་གཞུང་སོ་སོར་གསལ༔ དངོས་གཞིའི་ལས་རིམ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་དཔལ་གྱི་ལྷ༔ མེ་ལོང་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་དཔལ་གྱི་ལྷ༔ མཉམ་ཉིད་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་དཔལ་གྱི་ལྷ༔ སོར་རྟོགས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ དོན་ཡོད་གྲུབ་པ་བཀྲ་ཤིས་དཔལ་གྱི་ལྷ༔ བྱ་བ་གྲུབ་པའི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྣམ་པར་སྣང་མཛད་བཀྲ་ཤིས་དཔལ་གྱི་ལྷ༔ ཆོས་དབྱིངས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་ཀུན་ནས་བཀྲ་ཤིས་འབྱུང་བའི་ལྷ༔ དུས་གསུམ་སངས་རྒྱས་བཀྲ་ཤིས་དཔལ་གྱི་ལྷ༔ སྐུ་གསུམ་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བསྔོ་སྨོན་ནི༔ ཧཱུྃ་ཧྲཱི༔ བསོད་ནམས་ཡེ་ཤེས་རྣམ་དག་དགེ་བའི་ལས༔ བྱས་དང་བྱེད་འགྱུར་གཞན་ལ་ཡི་རང་སོགས༔ བདག་གཞན་དགེ་རྩ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག༔ བསྐྱེད་རིམ་བསྡུ་བ་ནི༔ ཧཱུྃ་ཧྲཱི༔ སྣང་སྟོང་ཡེ་ཤེས་རོལ་པ་ལྷ་རུ་ཤར༔ གཟུང་འཛིན་སྤྲོས་བྲལ་ངོ་བོ་ཉིད་ཀྱི་ངང་༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ ལྷ་སྐུ་ཐུགས་སྲོག་ས་བོན་དམིགས་མེད་ཡལ༔ རྫོགས་རིམ་ནི༔ ཧཱུྃ་ཧྲཱི༔ སྣ་ཚོགས་རྐྱེན་དང་ཚོགས་དྲུག་སྣང་སེམས་རིག༔ དབྱིངས་རིག་ཆོས་དབྱིངས་སྤྲོས་བྲལ་སྐྱེ་མེད་ཨཱ༔ དུས་གསུམ་འགག་མེད་ཁྱབ་བརྡལ་ཀློང་ཡངས་སུ༔ མ་བཅོས་སྤྲོས་མེད་བྱང་ཆུབ་ཉིད་དུ་གནས༔ ཨཱ་ཨཱ༔ རྗེས་ཀྱི་ལས་ཁྲིགས་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ རྡོར་སེམས་མཆོད་གཞུང་ལས་རིམ་འདི༔ པདྨས་བཀོད་དེ་གཏེར་དུ་སྦས༔ མ་འོངས་ང་སྤྲུལ་ལས་ཅན་བུ༔ ཟབ་མོའི་ཆོས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོ་རྗེ་སེམས་དཔའི་དབང་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་དབང་ཆོག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ སྨིན་བྱེད་སློབ་མ་གྲོལ་བའི་ཐབས༔ དབང་ཆོག་པདྨ་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི༔ བཀྲ་ཤིས་ཤིང་བྱིན་ཆགས་པའི་སར༔ སྟེགས་བུ་སྐྱང་ནུལ་ལེགས་པར་བྱས་པའི་ཁར༔ ཚངས་ཐིག་གདབ༔ པདྨ་འདབ་བཞི་མཚམས་ལ་མཛེས་ཚོན་བྱ༔ མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱི་དྲ་བས་བསྐོར་བ་འབྲི༔ དབུས་སུ་མཉྫའི་ཁྲིའུ་ཁར་བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པ་བཤམས་ལ་བུམ་རྫས་འགོད༔ ཤར་དུ་རྡོ་རྗེ༔ ལྷོར་པྲོག་ཞུ༔ ནུབ་ཏུ་དྲིལ་བུ༔ བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཤམས༔ འབྲས་སམ་དཀར་མོའི་ནས་ཕྱེ་ལ་དཔལ་གཏོར་ཟླུམ་པོ་རྒྱན་ལྡན་ཙཀ་ལིས་བརྒྱན་པ་འགོད༔ མཐར་མཆོད་པ་སྤྱི་འགྲོས་ལྟར་བཤམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བསྙེན་སྒྲུབ་དབང་གི་སློབ་དཔོན་གྱི་སྟ་གོན་སྔོན་དུ་སོང་ནས༔ གཉིས་པ་སློབ་མ་འཇུག་པའི་སྔོན་འགྲོ་ནི༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་དབུལ༔ སྐྱབས་སེམས་གཞུང་ལྟར་འབོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི༔ འདིའ་ིརྗེས་ཟློས་མཛོད༔ ཧཱུྃ༔ ཧེ་རུ་ཀཿདང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ བླ་མས་དྲི་བ་ནི༔ ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི་ལན་དུ༔ ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས༔ ཧོ༔ རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ ཞེས་བརྗོད༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་ཀྱི་དངོས་གཞིའི་དབང་བསྐུར་བ་ནི་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དང་ལྔ་ལས༔ དང་པོ་རིགས་བདག་རྡོ་རྗེ་སེམས་དཔའི་སྐུའི་དབང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཨཱོཾ༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ སྐལ་ལྡན་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་རྡོ་རྗེ་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བྷུདྡྷ་བཛྲ་ས་ཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ གཉིས་པ་གསུང་གི་དབང་ནི༔ དྲིལ་བུ་དར་དམར་གྱི་ཅོད་པན་དང་བཅས་པ་མགྲིན་པར་བཞག་ལ༔ ཨཱཿ ཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགགས་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ས་ཏྭ་ཧཱུྃ༔ ཝཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱི་ཅོད་པན་དང་བཅས་པ་སྙིང་གར་བཞག་ལ༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཅོད་པན་དང་བཅས་པ་སྤྱི་བོར་སྐོན༔ སྭཱ༔ སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པར༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དུང་ཆོས་ལག་ཏུ་བཞག་ཅིང་ངག་ཏུ་བླུད༔ ཧཱ༔ རབ་འབྱམས་རྒྱལ་དང་རྒྱལ་བའི་འཕྲིན་ལས་ཚོགས༔ སྣ་ཚོགས་སྣང་བ་ལས་བཞི་ལྷུན་གྱིས་གྲུབ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་བརྟེན་གཏོར་མས་བརྒྱུད་པའི་བྱིན་རླབས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དག་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་པ་ལ་དབང་ཞིང་༔ འབྲས་བུ་སྐུ་ལྔའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ༔ ཞེས་བརྗོད༔ མེ་ཏོག་གཏོར༔ ཤིས་པ་བརྗོད༔ དབང་ཡོན་འབུལ་ཞིང་དགའ་སྟོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྡོ་རྗེ་སེམས་དཔའི་དབང་མཆོག་འདི༔ རྩོད་ལྡན་ཡང་མཐའ་བཞི་བཅུའི་མར་འགྲིབ་ལ༔ སྐལ་ལྡན་འགྲོ་འདུལ་གླིང་པ་དང་ཕྲད་ནས༔ སྨིན་གྲོལ་ཆོས་ཀྱིས་འགྲོ་ཀུན་འདྲེན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོ་རྗེ་སེམས་དཔའི་གསང་སྒྲུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་གསང་སྒྲུབ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སྔོན་སྦྱངས་ལས་འཕྲོ་ཆོས་ལ་སྤྱད༔ ད་ལྟ་དུས་གསུམ་སངས་རྒྱས་ཀུན༔ གྲོགས་པོར་བསྟེན་ཞིང་གླེང་མོ་བྱེད༔ ཁྱད་པར་རིགས་བདག་རྡོ་རྗེ་སེམས༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོག༔ ཐུགས་བསྐྱེད་སྨོན་ལམ་གཅིག་པའི་མཐུས༔ རྡོར་སེམས་གསང་སྒྲུབ་པདྨས་བཀོད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་དབེན་ཞིང་དྭངས་ལ་མཐོ་བ༔ གངས་རི་བརྟན་ཆགས་ཡོད་པ་ཞིག་གི་གནས་སུ་ཕྱིན་ལ༔ བདེ་བའི་གདན་ལ་སྐྱིལ་ཀྲུང་བཅའ༔ རླུང་རོ་འབུད༔ རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ་ཞིང་སྐྱབས་སེམས་རྣམས་སྤྱི་མཐུན་ལྟར་བརྗོད༔ དེ་ནི་སྔོན་འགྲོའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་ཏིང་འཛིན་ནི༔ ཨཱོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་པས་ཕྱི་ནང་སྣོད་བཅུད་དང་བཅས་པ་ཐམས་ཅད་སྟོང་པར་བསམ༔ སྟོང་པའི་ངང་ལས་སྐད་ཅིག་གི་པདྨ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་དཀར་ལ་འཚེར་བ་གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསམ༔ འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡི་གེ་ཨཱོཾ་ཨཱཿཧཱུྃ་གསུམ་གྱིས་རྣམ་པར་བསྡུས༔ སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་ཆུ་ལས་ཉ་འཕར་བ་ལྟར་པདྨ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ༔ རིགས་རྣམས་ཀུན་འདུས་ཀྱི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ༔ སྐུ་མདོག་ཤེལ་བུམ་འོ་མས་གང་བ་ལྟར་དཀར་ལ་འཚེར་བ༔ ཞལ་གཅིག་སྤྱན་གཉིས་བྷུདྡྷའི་བལྟ་སྟངས་ཅན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཚུལ་གྱིས་བསྣམས་པ༔ ཕྱག་གཡོན་རྡོ་རྗེས་མཚན་པའི་དྲིལ་བུ་དཀུར་བརྟེན་པ༔ དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་བུ་བཅིངས་པ་ལ་པྲོག་ཞུ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ དར་སྔོ་ལྗང་གི་སྟོད་གཡོག་གསོལ་བ༔ དར་དམར་པོའི་ཤམ་ཐབས་དཀྲིས་པ༔ ཕྱག་གདུབ་དང་༔ ཞབས་གདུབ་དང་༔ མགུལ་ཆུན་དང་༔ དཔུང་རྒྱན་དང་༔ སེ་མོ་དོ་དང་༔ མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཕྲེང་དུ་མས་བརྒྱན་པ༔ དར་སྣ་ཚོགས་ཀྱི་ཅོད་པན་འཕུར་བ༔ འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་སྐུ་གཡོན་འགྱིང་གི་སྒེག་ཉམས་སུ་བཞུགས་པ༔ སྣང་ལ་སྟོང་པ༔ སྟོང་ལ་སྣང་བ༔ སྣང་སྟོང་དབྱེར་མེད་ཀྱི་ཆ་ལས་གྲུབ་པ༔ དར་དཀར་པོའི་གུར་ཕུབ་པ་ལྟ་བུ་ཞིག་ཏུ་གསལ་བར་བསྒོམས༔ དེ་ལྟར་གསལ་བའི་སྤྱི་བོ་དང་༔ མགྲིན་པ་ཐུགས་ཀ་རྣམས་སུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས༔ འོག་མིན་ལྟུག་པོ་བཀོད་པའི་ཞིང་ཁམས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་བྱོན༔ བསྐྱེད་པའི་སྐུ་དང་གཉིས་མེད་དུ་གྱུར་པར་བསམས་ལ༔ ཡིད་ཀྱིས་མཆོད་བསྟོད་འབུལ་ཞིང་ཡི་དམ་ལྷའི་ཏིང་ངེ་འཛིན་ལ་དར་གཅིག་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ཉིད་རིགས་འདུས་རྡོ་རྗེ་སེམས༔ འོད་སྣང་སྐུ་ཡི་ཐུགས་ཀར་ཟླ་དཀྱིལ་ལ༔ ཐུགས་སྲོག་ཧཱུྃ་ལ་གཟུངས་ཀྱི་སྔགས་འབྲུ་རྣམས༔ འོད་ཟེར་དཀར་པོའི་རྟར་ཞོན་གཡས་སུ་འཁོར༔ འོད་ཀྱི་ཕྲེང་ཐག་གཡོན་དུ་འཁོར་བ་ལས༔ ཐབས་ཤེས་ངོ་བོ་དབྱེར་མེད་ཡེ་ཤེས་ལྔའི༔ འོད་ཟེར་ལྔ་པོ་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ འཁོར་འདས་ལྷ་དང་འགྲོ་བ་ཀུན་ལ་ཕོག༔ རྒྱལ་བ་མཆོད་ཅིང་སེམས་ཅན་ལས་སྒྲིབ་སྦྱངས༔ བདག་དང་མར་གྱུར་འགྲོ་བ་སེམས་ཅན་རྣམས༔ རིགས་བདག་མགོན་པོ་དེ་དང་གཉིས་མེད་བསམས༔ སྨོན་འཇུག་སེམས་བསྐྱེད་ངར་ལྡན་དབྱངས་སྙན་པོས༔ བདེ་གཤེགས་ཀུན་འདུས་ཡིག་བརྒྱ་འདི་ལྟར་བརྗོད༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏིཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ༔ སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཞེས་བཟླ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་གསང་བླ་མེད་བདེ་གཤེགས་ཀུན་འདུས་པའི༔ གསང་བའི་སྙིང་པོ་ཡི་གེ་བརྒྱ་པ་འདི༔ སྟོང་ཙམ་བཟླས་ན་ལས་ཀྱི་སྡིག་པ་འདག༔ ཁྲི་ཙམ་བཟླས་ན་མི་དགེ་བཅུ་འདག་ཅིང་༔ འབུམ་དུ་བཟླས་ན་མཚམས་མེད་ལྔ་ཡང་བྱང་༔ དེ་ལས་མང་ན་སྐལ་ལྡན་སྐྱེས་བུ་དེ༔ རིགས་བདག་མགོན་པོ་མངོན་འགྱུར་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་རྩོད་ལྡན་བཞི་བཅུའི་ཡང་མཐའ་ལ༔ སུམ་བཅུ་ཁ་རལ་སྐྱེ་འགྲོར་བདེ་བ་མེད༔ སྟེང་འོག་བར་གསུམ་ལྷ་མིན་ལྟར་དུ་འཁྲུག༔ མཐའ་མི་བོད་ལྷུང་བོད་རྣམས་མཐའ་ལ་འབྲོས༔ བཙན་རྫོང་བརྩིགས་པ་རང་གི་བཙོན་ཁང་འགྱུར༔ སེར་སྣས་བསགས་པའི་ནོར་རྫས་དགྲ་ཡིས་སྤྱོད༔ དགེ་བཤེས་མཁན་པོ་ཆོས་རྗེ་ཞབས་དྲུང་ཟེར༔ མི་དགེ་བཅུར་སྤྱོད་དགེ་བཅུའི་བཤད་པ་རྒྱག༔ སོ་ནམ་དམག་འདྲེན་ལས་སུ་གསོད་གཅོད་བརྩོན༔ བསྟན་འཛིན་ཡིན་ཞེས་བསྟན་པ་ཐབས་ཀྱིས་བསྣུབས༔ ཆོས་མཛད་དགེ་སློང་དགེ་ཚུལ་དགེ་བསྙེན་ཟེར༔ སྡེ་དགོན་ཚོང་འདུས་ཐམས་ཅད་བཙུན་པས་འགེངས༔ པཎྜི་ཏ་དང་རབ་འབྱམས་དཀའ་བཅུའི་མིང་༔ མང་ཇས་ཉོ་ཞིང་གྲུབ་མཐའ་སུ་མཁས་ཆེ༔ སྐྱེ་བོར་མནའ་མེད་སྒོམ་ཆེན་བན་བཙུན་རྣམས༔ སྲོག་ལས་དམར་གཡོས་མནར་མེད་རང་གིས་སྒྲུབ༔ མི་ལུས་ལན་གཅིག་རྙེད་པའི་འབྲས་བུ་ལ༔ མནར་མེད་ངན་སོང་བསྒྲུབ་པ་ཡ་རེ་ཆ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དུས་ཆོས་འཁོར་གཉན་པོའི་ཤར་གྱི་ཕྱོགས༔ མདོ་ཁམས་གླིང་ནས་ང་ཡི་སྤྲུལ་པ་འབྱུང་༔ ཏེ་སེའི་གངས་ནས་ཟབ་མོའི་གཏེར་འདི་འདོན༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་རུ༔ ང་སྤྲུལ་བུ་དེས་སྒྲུབ་པ་འདི་བྱས་ནས༔ འཛམ་གླིང་སྐྱེ་འགྲོ་ལན་གཅིག་ངན་སོང་ཁེགས༔ བོད་ཡུལ་མངའ་རིས་དབུས་དང་ཁམས་གསུམ་དུ༔ སྒྲུབ་པ་འདི་ཉིད་ལན་གསུམ་སྒྲུབས་ཤིག་བུ༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་༔ རིག་འཛིན་པདྨ་ང་ཡི་སེམས་བསྐྱེད་དང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱི་སྨོན་ལམ་གྱིས༔ རྩོད་ལྡན་འགྲོ་བའི་སྒྲིབ་གཉིས་འདག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་ཀུན་འདུས་པའི་སྒྲུབ་པ་འདི་ཉིད་ལ༔ བརྩོན་འགྲུས་དྲག་པོས་བདར་ཤ་བཅད་གྱུར་ན༔ བྱིན་རླབས་ཐོབ་དང་དངོས་གྲུབ་བརྙེས་པའི་རྟགས༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ ཞལ་མཇལ་གསུང་ཐོས་ངོ་སྤྲོད་འཐོབ་སོགས་འབྱུང་༔ གཞན་ཡང་མཆོད་རྟེན་གངས་རི་གོས་དཀར་གྱོན༔ ཁྲུས་བྱས་འོ་མ་འཐུང་དང་ཤེལ་བུམ་རྙེད༔ རྣག་ཁྲག་ཟགས་དང་དུང་བུས་རོལ་མོ་འཁྲོལ༔ དགེ་བའི་ལྟས་བཟང་རིགས་བདག་སེམས་དཔའ་གྲུབ༔ སེམས་བསྐྱེད་ལྡན་པས་ལས་སྦྱོར་གཞན་དོན་སྒྲུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོར་སེམས་སྒྲུབ་པའི་ལག་ལེན་དང་ལས་སྦྱོར་དམིགས་པའི་གབ་ཐིག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་སྒྲུབ་པའི་ལག་ལེན་དང་ལས་སྦྱོར་དམིགས་པའི་གབ་ཐིག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྷ་མཆོག་རྡོ་རྗེ་སེམས་དཔའ་ཡི༔ སྒྲུབ་པ་ཉམས་ལེན་མན་ངག་མཆོག༔ མ་འོངས་བུ་ཡི་དོན་ཕྱིར་དུ༔ པདྨ་བདག་གིས་ལེགས་པར་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས༔ སྟེགས་བུ་གྱེན་ཐུར་དུ་ཁྲུ་གང་པ་དཀར་འཇམ་མཁྲེགས་པར་བཟོས༔ དྲི་བཟང་གིས་ཆག་ཆག་གདབ༔ ཚངས་ཐིག་དང་བཅས་པདྨ་འདབ་མ་བཞི་ལ་མུ་ཁྱུད་ཡོད་པ༔ རྡོ་རྗེའི་ཕྲེང་བས་བསྐོར་བ་བྲི༔ ཤར་སྔོ༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ པད་ཚབ་རྣམས་མཛེས་ཚོན་བྱ༔ མུ་ཁྱུད་དམར་པོ༔ རྡོར་ཕྲེང་དཀར་པོ་བྱའོ༔ དེའི་དབུས་སུ་ཁྲིའུ་ཁར་བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པའི་ནང་དུ་དྲི་བཟང་གི་བུམ་སྨན་གདབ༔ ཀུ་ཤ་དང་སྒྲོ་མདོངས་མེ་ལོང་ལ་རྡོར་སེམས་ཀྱི་སྐུ་ག་བུར་གྱི་ཆུས་བྲིས་པ་གཟུག༔ བུམ་པའི་མདུན་དུ་བྷུདྡྷ་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱིས་བརྒྱན་པ་བཞག༔ རིན་འབྱུང་རྡོ་རྗེ་སེམས་དཔའི་ངོ་བོ་ལྷོ་རུ་པྲོག་ཞུ་ཅོད་པན་དང་བཅས་པ་བཞག༔ སྣང་མཐའ་རྡོ་རྗེ་སེམས་དཔའི་ངོ་བོ་ནུབ་ཏུ་དྲིལ་བུ་དར་དམར་གྱིས་བརྒྱན་པ་བཞག༔ ཀརྨ་རྡོ་རྗེ་སེམས་དཔའི་ངོ་བོ་བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཞག༔ མཐར་ཨརྒྷཾ་སོགས་མཆོད་པ་བཤམས༔ དེ་ནི་དཀྱིལ་འཁོར་སྒྲུབ་རྫས་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྐྱེད་རིམ་ལྷའི་རྣལ་འབྱོར་ནི༔ དཀྱིལ་འཁོར་མི་དམིགས་པ་སྟོང་པར་བསམས༔ སྟོང་པའི་ངང་ལས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་སུ་བུམ་པ་བྷྲུཾ་ལས་གཞལ་ཡས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གསང་སྒྲུབ་ལྟ་བུར་བསྐྱེད་ལ༔ དེའི་ཤར་གྱི་པད་འདབ་ལ་སངས་རྒྱས་རྡོར་སེམས་མཐིང་ག༔ ལྷོའི་པད་འདབ་ལ་རིན་འབྱུང་རྡོར་སེམས་སེར་པོ༔ ནུབ་ཀྱི་པད་འདབ་ལ་པདྨ་རྡོར་སེམས་དམར་པོ༔ བྱང་གི་པད་འདབ་ལ་ཀརྨ་རྡོར་སེམས་ལྗང་གུ༔ དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་ཐམས་ཅད་དྲིལ་བུ་འཛིན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་ལོངས་སྤྱོད་རྫོགས་སྐུའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྤྱན་གཉིས་ཟིམ་བུས་གཙོ་བོའི་ཐུགས་ཀར་གཟིགས་པ༔ འོད་དང་གཟི་བརྗིད་དཔག་ཏུ་མེད་པ་འཕྲོ་བ༔ པདྨ་དང་ཉི་ཟླའི་གདན་ལ་བཞུགས་ཤིང་འཛུམ་པའི་མདངས་དང་ལྡན་པ༔ གསལ་བའི་འོད་དང་ལྡན་པ༔ དགྱེས་པའི་ཉམས་དང་ལྡན་པ༔ ལོངས་སྐུའི་ཆས་དང་ལྡན་པ༔ ཆོས་སྐུའི་ངོ་བོ་དང་ལྡན་པ༔ སྤྲུལ་སྐུའི་མཁྱེན་བརྩེ་དང་ལྡན་པ༔ སྣང་སྟོང་རང་འོད་ཀྱི་སྐུ་ཅན་ཡེ་ཤེས་ཀྱི་འོད་ལྔ་འཁྲུག་པའི་ཀློང་དུ་བཞུགས་པར་བསམས༔ དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དང་ཐུགས་ཀར་རང་རང་གི་ས་བོན་ཧཱུྃ་ཨཱོཾ་སྭཱ་ཨཱཾཿཧཱ་རྣམས་ཀྱིས་མཚན་པའི་མཐར་གཟུངས་དང་ཉེ་སྙིང་རྣམས་ཀྱིས་མཚན་པ༔ འོད་ཀྱི་ཕྲེང་ཐག་ལ་ཞོན་པ༔ སྔགས་འབྲུ་རྣམས་ཀྱི་རང་སྒྲ་དིར་དིར་སྒྲོག་ཅིང་སྔགས་འབྲུ་གཡས་དང་འོད་ཟེར་གཡོན་དུ་འཁོར་བར་བསམས༔ སློབ་མ་འཇུག་ཅིང་དབང་བསྐུར་ན༔ ཉེ་སྙིང་རྣམས་ལ་སྟོང་ཕྲག་རེ༔ གཟུངས་ལ་བརྒྱ་བཟླས་ལས་ལ་འཇུག༔ ཉི་ཟླ་འཁོར་ལོ་མཐོང་གྲོལ་གསུམ༔ ཆུ་བོ་མྱོང་གྲོལ་ལས་སྦྱོར་བཞི༔ བསྒྲུབ་ན་གཙོ་བོའི་ཉེ་སྙིང་ལ༔ ཁྲི་ཚོ་ལྔ་དང་གཞན་བཞི་ལ༔ ཁྲི་ཚོ་རེ་རེ་གཟུངས་རིང་ལ༔ བརྒྱ་བཟླས་རང་གཞུང་ལས་བཞིན་སྦྱོར༔ དེ་ནི་དམིགས་པའི་གབ་ཏིག་ཡིན༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོར་སེམས་ལས་མཐའ་མཐོང་གྲོལ་འཁོར་ལོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་མཐོང་གྲོལ་འཁོར་ལོ་ཡོད༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ སྨོན་འཇུག་སེམས་ཀྱི་གཞི་བླངས་ནས༔ རྡོར་སེམས་བསྒྲུབ་པའི་རྣལ་འབྱོར་པས༔ ལས་སྦྱོར་འགྲོ་དོན་འདི་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས༔ མཐོང་གྲོལ་འཁོར་ལོ་འདི་ལྟར་འབྲི༔ ཡར་ངོའི་བཟའ་སྐར་བཟང་པོ་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ མདུན་གྱི་ནམ་མཁར་བཞུགས་པ་ལ༔ ཕྱོགས་བཅུའི་རྒྱལ་བས་བསྐོར་བ་དམིགས༔ རྩེ་གཅིག་ངང་ནས་འདི་སྐད་བརྗོད༔ ཀྱེ་མ་ཀྱེ་མ་འགྲོ་བའི་མགོན༔ ཐུགས་རྗེ་ཆེར་ལྡན་བདག་གི་སྐྱབས༔ སྡུག་བསྔལ་རྒྱ་མཚོའི་འགྲོ་དྲུག་ཏུ༔ བྱིས་པའི་བདག་སོགས་འགྲོ་བ་ཀུན༔ བླ་མེད་བྱང་ཆུབ་འཐོབ་དོན་དུ༔ མཐོང་གྲོལ་འཁོར་ལོ་བདག་གིས་འབྲི༔ ཁྱེད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ མགོན་པོ་ཐུགས་རྗེ་ཆེར་ལྡན་པས༔ ཀུན་རྫོབ་མཚན་མའི་རྫས་འདི་རྣམས༔ ཡེ་ཤེས་རྫས་སུ་བྱིན་གྱིས་རློབས༔ ཞེས་བརྗོད་དེ༔ ནམ་མཁའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རང་དང་འཁོར་ལོའི་རྫས་རྣམས་ལ་ཐིམ་པར་བསྒོམ༔ གསོལ་འདེབས་ལན་མང་དུ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དར་རས་ཤོག་བུ་གང་འཛོམ་ལ་གད་བདར་ལེགས་པར་བྱས་ཏེ༔ རབ་རིན་པོ་ཆེ་གསེར་དངུལ༔ འབྲིང་མཚལ་དང་རྒྱ་སྣག༔ ཐ་ནའང་རིན་ཆེན་བརྡར་བའི་སྣག་ཚས་འཁོར་ལོ་མུ་ཁྱུད་བརྒྱད་དུ་བསྐོར་ལ༔ ལྟེ་བ་ལ་རྡོ་རྗེ་སེམས་དཔའི་སྐུ་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་འོད་ལྔས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཕྱོགས་བཞིར་རིགས་བཞིའི་རྡོ་རྗེ་སེམས་དཔའ་བཞི་བྲི༔ མཚམས་བཞིར་རྡོ་རྗེ་ཕྱེད་པ་བཞི་འབྲི༔ ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་སྒྲུབ་གཞུང་དང་མཐུན་པར་བྱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་འོད་ཕྲེང་ལྔས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་གཟུངས་སྔགས་ཡི་གེ་བརྒྱ་པ་འདི་ལྟར་བྲི༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏི་ཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ༔ སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ ཨཱཾཿཔདྨ་ས་ཏྭ་ཧཱུྃ༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཨཱོཾ་བྷུདྷ་ས་ཏྭ་ཧཱུྃ༔ རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་སེམས༔ མཐོང་ཐོས་འགྲོ་བ་སེམས་ཅན་གྱི༔ ལས་ཀྱི་སྒྲིབ་པ་སྦྱོང་དུ་གསོལ༔ ཅེས་པ་རྣམས་དང་༔ གཟུངས་སྔགས་ཕན་ཡོན་ཆེ་བ་དག་གིས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ བདག་དང་འགྲོ་དྲུག་མ་ལུས་པ༔ བླ་མ་རིགས་ལྔ་རྡོར་སེམས་ཀྱིས༔ མཁའ་སྤྱོད་གནས་སུ་འདྲེན་དུ་གསོལ༔ བདེ་བ་ཅན་དུ་འདྲེན་དུ་གསོལ༔ མངོན་པར་དགའ་བར་འདྲེན་དུ་གསོལ༔ པདྨ་འོད་ན་འདྲེན་དུ་གསོལ༔ རིགས་དྲུག་མངལ་ཁ་དགག་ཏུ་གསོལ༔ སྡུག་བསྔལ་རྒྱ་མཚོ་སྐེམ་དུ་གསོལ༔ མ་རིག་སྒྲིབ་པ་གསལ་དུ་གསོལ༔ མེ་ལོང་ཡེ་ཤེས་སྩལ་དུ་གསོལ༔ མཉམ་ཉིད་ཡེ་ཤེས་སྩལ་དུ་གསོལ༔ སོར་རྟོག་ཡེ་ཤེས་སྩལ་དུ་གསོལ༔ བྱ་གྲུབ་ཡེ་ཤེས་སྩལ་དུ་གསོལ༔ ཆོས་དབྱིངས་ཡེ་ཤེས་སྩལ་དུ་གསོལ༔ མཐོང་བར་གྱུར་པའི་འགྲོ་བ་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཀཱ་ཡ་སིདྡྷི་ཨཱོཾ་ཨཱོཾ༔ ཝཀྐ་སིདྡྷི་ཨཱཿཨཱཿ ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿཧྲཱི༔ ཞེས་པ་རྣམས་དང་༔ གཞན་ཡང་འདོད་གསོལ་འདི་ལྟར་བྲི༔ ཀྱེ་མ་འགྲོ་བ་མགོན་མེད་མགོན༔ སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་པས༔ བདག་ཅག་འགྲོ་དྲུག་སེམས་ཅན་རྣམས༔ མ་རིག་འཁྲུལ་པའི་ལས་ཀྱིས་ཁྱེར༔ ཁྱེད་ཀྱི་ཐུགས་རྗེའི་གྲུ་ཆེན་གྱིས༔ ལས་དང་ཉོན་མོངས་སྡུག་བསྔལ་ལས༔ ད་ལྟ་ཉིད་དུ་འདྲེན་པར་མཛོད༔ མཐོང་ཐོས་གྱུར་པའི་འགྲོ་བ་རྣམས༔ དབྱིངས་ཀྱི་ཞིང་མཆོག་བླ་མེད་དུ༔ ཐུགས་རྗེའི་སྟོབས་ཀྱིས་འདྲེན་དུ་གསོལ༔ སྨོན་ལམ་སྟོབས་ཀྱིས་འདྲེན་དུ་གསོལ༔ ཅེས་འབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨ་དང་ཨཱ་ལི་ཀཱ་ལི་རྣམས་དང་༔ གཞན་ཡང་ཤིས་བརྗོད་འདི་ལྟར་བྲི༔ ཨཱོཾ་བདེ་ལེགས་སུ་གྱུར་ཅིག༔ ཕྱོགས་དུས་རྒྱལ་བ་མ་ལུས་པ༔ ཐུགས་རྗེའི་གྲུ་ཆེན་བླ་མེད་ཀྱིས༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སོགས༔ འགྲོ་དོན་རྒྱུན་མི་ཆད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འོད་ཟེར་ལྔ་ཡི་ཕྲེང་བས་བསྐོར༔ ཚོན་མཛེས་པར་བྱུག༔ ད་ལའི་དབུས་སུ་བུམ་པའི་ཁར་བཞག༔ གཞུང་མཐུན་ལྟར་བསྒྲུབ༔ ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་འཁོར་ལོ་ལ་ཐིམ་པར་བསམ༔ རབ་གནས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡིད་བཞིན་ནོར་གྱི་མཆོག༔ མཐོང་བས་གྲོལ་བའི་མན་ངག་འདི༔ བསིལ་བའི་ཚལ་གྱི་དུར་ཁྲོད་དུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ པདྨ་བདག་གིས་ལེགས་པར་ཞུས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ རིན་ཆེན་ས་ཡི་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སྨོན་ལམ་བཞག༔ ཟབ་ཆོས་འཁོར་ལོ་བདེ་མཆོག་གི༔ ཆོས་ཀྱི་ཆ་རྐྱེན་ཚང་ཕྱིར་དང་༔ མ་འོངས་སྐལ་ལྡན་སྐྱེས་བུ་ཡིས༔ འགྲོ་བ་ཐར་ལམ་འདྲེན་ཕྱིར་དུ༔ གངས་རིའི་རྒྱལ་པོ་ཏེ་སེར་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ མཐོང་བ་རྣམས་ཀྱང་གྲོལ་གྱུར་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མཐོང་གྲོལ་འཁོར་ལོ་འདི༔ ཚུལ་བཞིན་བྲིས་ཏེ་རྒྱ་ལམ་འགྲམ༔ གྲོང་ཁྱེར་ཆེན་པོའི་སྲང་མདོ་དང་༔ ཚོང་འདུས་ཆེན་པོའི་དབུས་དག་དང་༔ གནས་གཞི་ལྷ་ཁང་སྒོ་དག་དང་༔ དུད་འགྲོ་འཚོགས་པའི་མདོ་དག་དང་༔ གཅན་གཟན་འགྲིམ་པའི་སྒང་དག་དང་༔ མདོར་ན་འདུ་ཚོགས་གང་ཆེའི་སར༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེ་གཅིག་བསྡུས་འཁོར་ལོ་འདི༔ འབྱུང་བ་རྣམས་ཀྱིས་མི་འཇིགས་བྱ༔ གོང་དུ་སྨོས་པའི་ས་རུ་བཞག༔ བཀྲ་ཤིས་བརྗོད་ཅིང་བསྔོ་སྨོན་གདབ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ འཁོར་ལོ་རིན་ཆེན་འདི་ཉིད་ནི༔ མཐོང་བར་གྱུར་པའི་འགྲོ་བ་ཀུན༔ ངན་སོང་གསུམ་གྱི་སྒོ་ཁེགས་ནས༔ དག་པའི་ཞིང་དུ་མ་སྐྱེས་ན༔ པདྨ་བདག་གིས་མ་ཤེས་སོ༔ འཁོར་ལོ་མཐོང་ཚེ་མོས་གུས་བསྐྱེད༔ རྡོ་རྗེ་སེམས་དཔའ་དངོས་སུ་བསམས༔ ཡིག་བརྒྱ་འདོན་ཞིང་བཤགས་པ་འབུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་མཐའི་སྤྲང་བན་འགྲོ་འདུལ་གླིང་པ་ངས། །ཕ་ཡུལ་སྤངས་ནས་ཡངས་པའི་རྒྱལ་ཁམས་འགྲིམས། །རིག་འཛིན་ཆེན་པོའི་བྱིན་རླབས་སྙིང་ལ་ཐིམ། །མ་དང་མཁའ་འགྲོའི་ལུང་བསྟན་ཙ་རིར་ཐོབ། །གཏེར་གྱི་ཁ་བྱང་ཞིང་སྐྱོང་མཚོ་ནས་རྙེད། །བདེ་མཆོག་ཆོས་གཏེར་ཏེ་སེའི་གངས་ནས་ཐོན། །སྙིང་རུས་བསྐྱེད་དེ་མཁའ་འགྲོའི་བརྡ་ཡིག་ལས། །ཕུག་ནག་བདེ་བ་ཆེན་པོར་ཡི་གེར་ཕབ། །མངྒ་ལཾ།། །།

རྡོར་སེམས་ལས་མཐའ་འགྲོ་དོན་ཉི་མ་མཐོང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་འགྲོ་དོན་ཉི་མ་མཐོང་གྲོལ་བཞུགས་སོ༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས༔ གཞན་དོན་འགྲོ་ལ་སེམས་བསྐྱེད་ནས༔ ལས་སྦྱོར་རིམ་པ་འདི་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉི་མ་འཁོར་ལོའི་སྙིང་པོ་ལ༔ རྟེན་འབྲེལ་ཐབས་ཀྱི་སྔགས་དགོངས་ཀྱིས༔ འགྲོ་བ་ཀུན་སྒྲོལ་མན་ངག་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རིམ་པར་དབྱེ་སྟེ་པདྨས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་བཅའ་གཞིའི་རིམ་པ་ནི༔ དུས་བཟང་ཡར་ངོའི་གཟའ་སྐར་བཟང་པོ་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག་སྟེ༔ མེ་ལོང་ལ་རབ་གསེར༔ འབྲིང་མཚལ༔ ཐ་ནའང་རྒྱ་སྣག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུ་སྒྲུབ་གཞུང་དང་མཐུན་པར་བྲིས་པའི་གནས་གསུམ་དུ་ཡི་གེ་གསུམ་འགོད༔ མཐའ་མར་ཡི་གེ་བརྒྱ་པ་དང་འདོད་གསོལ་འདི་ལྟར་བྲི༔ ཨཱོཾ་ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་གི་གཟུགས༔ ཐུགས་རྗེ་ཉི་མའི་སྙིང་པོ་དང་༔ གཉིས་མེད་དབྱིངས་ནས་འགྲོ་ལ་གཟིགས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ ད་ལྟ་ཉིད་དུ་སྒྲོལ་བར་མཛོད༔ ཅེས་བྲི་ལྷག་ཆད་མེད་པར་བྱ༔ སྔོན་དུ་འགྲོ་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ འགྲོ་དོན་དམིགས་པའི་གབ་ཏིག་དང་༔ སྒྲུབ་གཞུང་བཞིན་དུ་ཉམས་སུ་བླང་༔ མེ་ལོང་དར་དཀར་དྲི་མེད་དྲིལ༔ བུམ་པའིསྟེང་དུ་བཞག་ལ་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ བསྙེན་སྒྲུབ་ཐེམས་ནས་ལས་ལ་སྦྱོར༔ ཆོ་འཕྲུལ་ཆེན་པོའི་གནམ་གང་ཉིན༔ མེ་ལོང་རྒྱལ་མཚན་རྩེ་ལ་གདགས༔ རང་ཉིད་ཁྲུས་བྱས་གོས་གསར་གྱོན༔ ཤར་ཕྱོགས་ནམ་མཁར་ཕྱག་འཚལ་ཏེ༔ མེ་ལོང་ནམ་མཁའི་ཉི་མ་གཉིས༔ རྣལ་འབྱོར་རང་དང་བཅས་པ་གསུམ༔ དབྱེར་མེད་ཐ་མི་དད་པ་ལ༔ རིགས་བདག་བླ་མ་རྡོ་རྗེ་སེམས༔ ཕྱོགས་དུས་སྐྱབས་གྱུར་ཀུན་གྱིས་བསྐོར༔ འོད་ཟེར་འཕྲོས་པས་འགྲོ་དྲུག་ཁྱབ༔ སེམས་ཅན་མ་ལུས་ཀུན་ལ་ཕོག༔ ཐུགས་རྗེའི་འོད་ཟེར་བྱིན་རླབས་ཀྱིས༔ བདག་དང་འགྲོ་དྲུག་མ་ལུས་པ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས༔ གཉིས་མེད་འབྲས་བུ་ཐོབ་པར་བསམས༔ འཁོར་འདས་གཉིས་མེད་ཡོངས་གྲོལ་གྱིས༔ ཁྱབ་བརྡལ་བློ་འདས་ངང་ཉིད་ལས༔ ཡི་གེ་བརྒྱ་པ་བརྒྱ་ཕྲག་དགུ༔ ལས་སྦྱོར་བཏགས་པ་བརྒྱ་ཕྲག་གཅིག༔ རྣལ་འབྱོར་ལྔ་གསུམ་བདུན་གྱིས་འདོན༔ གཙོ་བོར་བསྙེན་སྒྲུབ་ཐེམས་གལ་ཆེ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ སྒྲིབ་གཉིས་བག་ཆགས་བཅས་པ་རྣམས༔ མཐོལ་བཤགས་སྙམ་པའི་འདུན་པ་ཡིས༔ ལྟ་བའི་ཀློང་བཤགས་རཱུ་ཏྲའི་སྨྲེ་བཤགས་འདོན༔ རྗེས་སུ་བསྔོ་སྨོན་འདི་ལྟར་གདབ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ལྷག་པའི་ལྷ་མཆོག་འགྲོ་བའི་སྐྱབས༔ ཐུགས་རྗེའི་འོད་ཟེར་མཁའ་དབྱིངས་ཁྱབ༔ མཛད་པའི་ཕྲིན་ལས་ཉི་མ་ཤར༔ སྒྲིབ་གཉིས་བག་ཆགས་དབྱིངས་སུ་སྦྱངས༔ སྔགས་དང་ཏིང་འཛིན་རྟེན་འབྲེལ་རྫས༔ ལྷག་པའི་ལྷ་ཡི་ཐུགས་རྗེ་དང་༔ རྣལ་འབྱོར་བདག་གི་སེམས་བསྐྱེད་མཐུས༔ འོད་ཀྱིས་ཁྱབ་པའི་འགྲོ་བ་རྣམས༔ ཆོས་དབྱིངས་རྣམ་དག་ཕོ་བྲང་དུ༔ ཆོས་སྐུའི་སངས་རྒྱས་འཐོབ་པར་ཤོག༔ ངེས་པ་ལྔ་ལྡན་ཞིང་རྣམས་སུ༔ ལོངས་སྤྱོད་རྫོགས་སྐུར་ལྷུན་གྱིས་གྲུབ༔ མ་དག་འགྲོ་བའི་ཞིང་རྣམས་སུ༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཤོག༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ སྤྲུལ་པ་ཉི་མའི་ཟེར་བཞིན་གྱི༔ གང་ལ་གང་འདུལ་སྣ་ཚོགས་པས༔ འགྲོ་དྲུག་འཁོར་བ་དོང་སྤྲུག་ཤོག༔ ཅེས་མང་དུ་བརྗོད༔ དབྱངས་གསལ་བྱེད་དང་ཡེདྷརྨ་སོགས་འདོན༔ ཤིས་པ་བརྗོད༔ མེ་ཏོག་འཐོར༔ རྒྱལ་མཚན་མེ་ལོང་དང་བཅས་པ་ལྷར་གསལ་མཆོད་བསྟོད་འབུལ༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་བསྡུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཁྱད་པར་འཕགས་པའི་མན་ངག་འདི༔ ཡིད་བཞིན་ནོར་བུ་ལས་ཀྱང་ལྷག༔ ལྷ་མཆོག་རྡོ་རྗེ་སེམས་དཔའ་ལ༔ ལུང་ཞུས་མ་འོངས་འགྲོ་བའི་དོན༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

རྡོར་སེམས་་ལས་མཐའ་འགྲོ་དོན་ཟླ་བ་མཐོང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་འགྲོ་དོན་ཟླ་བ་མཐོང་གྲོལ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དུས་ཀྱི་ཐ་མ་རྩོད་ལྡན་ལ༔ ཆོས་ལ་མི་སྤྱོད་སྡིག་བཞིན་བསྒྲུབ༔ འབྲས་བུ་དམྱལ་ཁམས་སྡུག་རེ་བསྔལ༔ མི་ཚེ་ཡུད་ཙམ་སྐད་ཅིག་ལ༔ རྟག་འཛིན་འདི་ཕྱི་བརྗེ་རྣམས་འགྱོད༔ དེ་ཚེ་སྐྱེ་འགྲོ་ཐམས་ཅད་ནི༔ སྐྱབས་མེད་ངན་སོང་གླིང་གསུམ་འཁྱམས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ བྱ་སླ་དོན་ཆེ་ཚེགས་ཆུང་བའི༔ མཐོང་གྲོལ་ཟླ་བའི་འགྲོ་དོན་འདི༔ པདྨས་ཕྱི་རབས་དོན་དུ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཟླ་བ་མཐོང་གྲོལ་གྱི་འགྲོ་དོན་ལ་འཇུག་པར་འདོད་པའི་རྣལ་འབྱོར་པས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་ཉམས་སུ་བླང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་དུ་འགྲོ་བའི་རིམ་པ་ནི༔ སྐྱབས་སེམས་སྔོན་ཏུ་བཏང་ནས་ཁྲུས་བྱས་བདེ་བའི་གདན་ལ་འདུག་སྟེ༔ རབ་ཤེལ་འབྲིང་དངུལ་ཐ་ནའང་འོད་པོ་ཆེའི་མེ་ལོང་ལག་མཐིལ་ལྟར་སྙོམས་ཤིང་ཚད་དང་ལྡན་པ་ཞིག་ལ༔ ག་པུར་གྱིས་སྦྱངས་པའི་ཆུ་ནང་དུ་ཤེལ་ཀ་ར་ཚྭ་ཚོད་དང་༔ དུང་གི་ཕྱེ་མ་སྡོར་ཚོད་བཏབ་སྟེ༔ ལེགས་པར་བསྲུབས་པའི་ཁུ་བས་དཔལ་རྡོ་རྗེ་སེམས་དཔའ་སྒྲུབ་གཞུང་དང་མཐུན་པར་བྲི༔ སྐུའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའི་གཟུངས་སྔགས་དང་འདོད་གསོལ་འདི་ལྟར་བྲི་བར་བྱ༔ ཨེ་མ་ཧོ༔ ཐུགས་རྗེའི་རང་བཞིན་འགྲོ་བའི་དཔལ༔ སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས༔ བཅོ་ལྔའི་ཉ་རྒྱས་ཐུགས་རྗེའི་ཞལ༔ འོད་ཀྱིས་ཁྱབ་པའི་འགྲོ་བ་རྣམས༔ ངན་སོང་གསུམ་གྱི་སྒོ་ཁེགས་ནས༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ འགྲོ་བ་མ་ལུས་སྐྱེ་བར་ཤོག༔ ཅེས་བྲི་ལྷག་ཆད་མེད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ དམིགས་པའི་གབ་ཏིག་སྒྲུབ་གཞུང་བསྟུན༔ མེ་ལོང་དར་དཀའ་དྲིལ་བྱས་ནས༔ བུམ་པའི་སྟེང་བཞག་བསྙེན་ཚད་བསྐྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་ལས་སྦྱོར་ནི༔ ཆོ་འཕྲུལ་ཆེན་པོའི་བཅོ་ལྔ་ལ༔ མེ་ལོང་རྒྱལ་མཚན་རྩེ་ལ་གདགས༔ ཤར་ཕྱོགས་ནམ་མཁར་ཕྱག་འཚལ་ཏེ༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ བཅོ་ལྔའི་ཉ་རྒྱས་མེ་ལོང་དང་༔ རྣལ་འབྱོར་རང་དང་བཅས་པ་རྣམས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ སྒྲུབ་པའི་གཞུང་དང་མཐུན་པར་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་འཛབ༔ གཞུང་བཞིན་ཉམས་སུ་བླང་བར་བྱ༔ ཉ་རྒྱས་ཟླ་བའི་འོད་དང་ཟེར༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས༔ གཉིས་མེད་འཕྲོས་པས་འགྲོ་ལ་ཕོག༔ སྒྲིབ་གཉིས་བག་ཆགས་བཅས་པ་དག༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ རིགས་བདག་རྡོ་རྗེ་སེམས་དཔའ་དང་༔ གཉིས་མེད་འབྲས་བུ་ཐོབ་པར་བསམས༔ ཆོས་ཉིད་ཀ་དག་ཀློང་ཡངས་ངང་༔ གྲག་སྟོང་སྐྱེ་མེད་སྔགས་སྒྲ་ལྡིར༔ ཡི་གེ་བརྒྱ་པ་བརྒྱ་ཕྲག་བདུན༔ ལས་སྦྱོར་བཏགས་པ་བརྒྱ་ཕྲག་གཅིག༔ རྣལ་འབྱོར་སེམས་བསྐྱེད་ལྡན་པ་ཡིས༔ བཅོ་ལྔའི་ཟླ་བ་ཤར་ནུབ་བར༔ བསྙེན་སྒྲུབ་ཐེམས་པས་ལས་ལ་སྦྱོར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ལས་ཀྱི་ས་བོན་རྣམས༔ དག་པར་གྱུར་ཅིག་སྙམས་པ་ཡི༔ ངང་ནས་བསྔོ་སྨོན་འདི་ལྟར་བརྗོད༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས༔ ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལ༔ ཐུགས་རྗེའི་འོད་ཟེར་ཁམས་གསུམ་ཁྱབ༔ མ་དག་སེམས་ཅན་ལས་སྒྲིབ་སྦྱངས༔ ཏིང་འཛིན་སྔགས་དང་ཐུགས་རྗེའི་འཕྲུལ༔ བྱིན་རླབས་གཅིག་ཏུ་བསྡུས་པ་ཡི༔ བདེ་ཆེན་དག་པའི་ཞིང་ཁམས་སུ༔ རིགས་བདག་རྡོ་རྗེ་སེམས་དཔའ་དང་༔ གཉིས་སུ་མེད་པར་སངས་རྒྱས་ཤོག༔ ཅེས་བརྗོད་ལྟ་བའི་ཀློང་བཤགས་དང་༔ རཱུ་ཏྲའི་སྨྲེ་བཤགས་འདོན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་གཤེགས་བསྐྱེད་རིམ་བསྡུ༔ འཁོར་ལོ་རྒྱལ་མཚན་སྒྲུབ་ཁང་དུ་བཅང་ཞིང་༔ ལོ་གསུམ་ཆག་མེད་དུ་ཉི་ཟླ་མཐོང་གྲོལ་གྱི་འགྲོ་དོན་འདི་བཞིན་འགྲུབ་ན༔ འོད་ཀྱིས་ཕོག་པའི་འགྲོ་བ་རྣམས༔ མངོན་པར་དགའ་དང་བདེ་བ་ཅན༔ ལས་རབ་རྫོགས་དང་དཔལ་དང་ལྡན༔ སྟུག་པོ་བཀོད་སོགས་ཞིང་ལྔ་པོར༔ རིམ་གྱིས་སམ་ནི་ཅིག་ཅར་གྱི༔ དག་དང་མ་དག་སྣ་ཚོགས་ཀྱི༔ འགྲོ་བ་གང་དང་གང་ཡིན་ཀྱང་༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྐྱེ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོར་སེམས་ལས་མཐའ་འགྲོ་དོན་ཆུ་བོ་མྱོང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་འགྲོ་དོན་ཆུ་བོ་མྱོང་གྲོལ་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དུས་ཀྱི་སྙིགས་མ་རྩོད་ལྡན་དུས༔ མི་རྣམས་ཚེ་ཐུང་ནད་མང་ཞིང་༔ གློ་བུར་རྐྱེན་དང་བར་ཆད་མང་༔ ལར་ནི་ཆོས་བྱེད་ཉིན་སྐར་ཙམ༔ ཆོས་བྱེད་བསམས་ཀྱང་འགྲུབ་པར་དཀའ༔ དེ་དུས་འགྲོ་བ་སེམས་ཅན་རྣམས༔ མ་འབད་བཞིན་དུ་གྲོལ་བའི་ཐབས༔ ཁོ་བོ་རིག་འཛིན་པདྨས་བྲི༔ མ་འོངས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆུ་བོ་མྱོང་གྲོལ་ལས་སྦྱོར་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ རྣལ་འབྱོར་སེམས་བསྐྱེད་ལྡན་པ་ཡིས༔ སྐྱབས་སེམས་སྔོན་དུ་བཏང་བྱས་ནས༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ རྡོ་བ་མཛེས་འཇམ་མཁྲེགས་པའི་ངོས༔ སྟོན་པ་བཅོམ་ལྡན་རྡོ་རྗེ་སེམས༔ སྒྲུབ་པའི་གཞུང་དང་མཐུན་པ་ལ༔ ཞབས་གཉིས་པད་ཟླར་བཞེངས་བཞུགས་བྲི༔ ཡི་གེ་བརྒྱ་བའི་གཟུངས་དང་ནི༔ འདོད་གསོལ་འདི་ལྟར་བྲི་བར་བྱ༔ ཧཱུྃ་ཧྲཱི༔ བདེ་གཤེགས་ཀུན་འདུས་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་དབང་ཕྱུག་རྡོ་རྗེ་སེམས༔ འོད་ཀྱི་ཀློང་ནས་ཡེ་ཤེས་སྐུ༔ སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན༔ ཆད་མེད་མྱུར་དུ་འགྲོ་ལ་སྩོལ༔ སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱོངས༔ སྡིག་པར་གྱུར་དང་སྒྲིབ་པའི་ལས༔ ཐམས་ཅད་མ་ལུས་དག་པར་ཤོག༔ ལྷག་ཆད་མེད་པར་བྲིས་ནས་ཀྱང་༔ འབུར་དུ་དོད་པར་གཟོང་གིས་བརྐོ༔ དྲི་བཟང་སྨན་དང་ཚོན་གྱིས་བྱུག༔ ཆུ་ཡིས་མི་འཇིགས་ལ་རྩི་སྦྱོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་སྒྲུབ་པའི་ལས་གཞུང་ལྟར༔ འཁོར་ལོ་དྲི་མེད་དར་གྱིས་བཀབ༔ དཀྱིལ་འཁོར་དབུས་སུ་བཞག་སྟེ་བསྒྲུབ༔ དམིགས་པའི་གབ་ཏིག་ལག་ལེན་རྣམས༔ གཞུང་མཐུན་བཞིན་དུ་བསྒྲུབ་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་སྦྱོར་རིམ་པ་ནི༔ ཆུ་བོ་ཆེའམ་ཆུང་བ་དང་༔ ལུ་མ་དང་ནི་ལྟེང་ཀའམ༔ ཁྲུས་ཀྱི་རྫིང་བུ་གང་ཡང་རུང་༔ ཆུ་མིག་དབུས་སུ་རྡོ་སྒྲོམ་བཟོ༔ དེ་ནང་འཕགས་པ་བཞུགས་གསོལ་ཏེ༔ འབབ་ཆུས་སྐུ་ལུས་ཁྱབ་པར་བྱ༔ དཔྱིད་ཟླ་ར་བའི་ཚེས་གཅིག་ཉིན༔ ཡན་ལག་ལྔ་ལ་ཁྲུས་ཀྱང་རྒྱབ༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ཤར་ཕྱོགས་ནམ་མཁར་ཕྱག་ཀྱང་འཚལ༔ སེམས་བསྐྱེད་ངང་ནས་འདི་ལྟར་བསྒོམ༔ བདག་དང་མདུན་བསྐྱེད་བཅོམ་ལྡན་འདས༔ ཆུ་བོ་ཆེ་དང་བཅས་པ་གསུམ༔ དབྱེར་མེད་ཐ་མི་དད་པ་ལ༔ སྟོན་པ་རྡོ་རྗེ་སེམས་དཔའི་སྐུ༔ སྒྲུབ་པའི་གཞུང་དང་མཐུན་པར་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་འཛབ༔ གཞུང་དང་མཐུན་པར་བསྒྲུབ་པར་བྱ༔ སྔགས་འཁོར་ཏིང་འཛིན་དམིགས་པའི་མཐུས༔ འོད་ཟེར་ཐུགས་རྗེ་བདུད་རྩིའི་ཆུ༔ དབྱེར་མེད་འབབས་པའི་བྱིན་རླབས་ཀྱིས༔ འགྲོ་བའི་ལས་སྒྲིབ་དག་པར་བསམ༔ ཡི་གེ་བརྒྱ་པ་བརྒྱ་ཕྲག་བདུན༔ ལས་སྦྱོར་བཏགས་པ་བརྒྱ་ཕྲག་གཅིག༔ རྣལ་འབྱོར་བསྙེན་སྒྲུབ་ཐེམས་པས་བགྲང་༔ འགྲོ་དོན་སྨོན་ལམ་འདིལྟར་གདབ༔ ཧཱུྃ་ཧྲཱི༔ འགྲོ་བའི་མགོན་པོ་བཅོམ་ལྡན་འདས༔ སྟོན་པ་བླ་མེད་རྡོ་རྗེ་སེམས༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོ་ཧེ་རུ་ཀ༔ ཐུགས་རྗེའི་འོད་དུ་ཡ་ལ་ལ༔ བདུད་རྩི་ཆུ་དང་གཉིས་མེད་འདྲེས༔ མྱོང་དང་བཀྲུས་དང་བསྒྲལ་བ་སོགས༔ འགྲོ་བ་གང་དང་ཇི་སྙེད་རྣམས༔ གྲོལ་ནས་སངས་རྒྱས་ཐོབ་པར་ཤོག༔ ཅེས་སྨོན་ལམ་ཅི་མང་བརྗོད་དོ༔ སྐུ་དེ་ཡེ་ཤེས་སེམས་དཔའ་དང་༔ གཉིས་མེད་རྟག་པར་རྒྱུན་བཞུགས་ནས༔ འགྲོ་རྣམས་སྒྲོལ་བར་གྱུར་ཅིག་པའི༔ སེམས་བསྐྱེད་ངང་ནས་རབ་གནས་དང་༔ ཤིས་པ་བརྗོད་ཅིང་བརྟན་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་དུས་གསུམ་གསང་བ་འཛིན༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ པདྨ་འབྱུང་གནས་བདག་གིས་ཞུས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ ཏེ་སེའི་གངས་ལ་གཏེར་དུ་སྦས༔ རྩོད་ལྡན་དུས་ཀྱི་ཡང་མཐའ་ལ༔ འགྲོ་བ་སྡུག་བསྔལ་ལས་སྤྱོད་ཚེ༔ ང་སྤྲུལ་སྐྱེས་བུ་ཁམས་ནས་ཡོང་༔ ལན་གཅིག་དེ་ཡིས་འདི་རྙེད་ནས༔ སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཁམས་ཞིག་མདོ་མེད་སྨྱོན་པ་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་པའོ༔ ཁོ་བོ་སྤྲང་བན་འགྲོ་འདུལ་གླིང་། །སྔོན་ལས་དབང་གིས་ས་མཐར་ཁྱམས། །ཏེ་སེའི་གངས་ནས་ཟབ་གཏེར་རྙེད། །སྐལ་པ་མི་ངན་སྐལ་པ་བཟང་། །ཧ་ཧ། མངྒ་ལཾ།། །།

རྡོར་སེམས་ལས་མཐའ་རོ་སྲེག་ཆོ་ག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོར་སེམས་ལས་མཐའ་རོ་སྲེག་ཆོ་ག་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་ཡང་མཐའ་འགྲོ་བ་ཉོན་མོངས་རགས༔ ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་ཕྱིར༔ རོ་སྲེག་ཆོ་ག་པདྨ་བདག་གིས་འབྲི༔ ཕྱི་རབས་འགྲོ་བ་རྣམས་ལ་ཕན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྲེག་སྦྱང་ཆོ་གའི་རིམ་པ་འདི༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱིས་སྟོན༔ དང་པོ་སྔོན་དུ་འགྲོ་བའི་རིམ་པ་ནི༔ ས་རྒོད་རི་རྒོད་ཀླུ་གཉན་གཞི་བདག་སོགས༔ ལྷ་འདྲེ་གདུག་རྩུབ་ཀོ་ལོང་རགས་པའི་སར༔ སྲེག་སྦྱང་རོ་ཡི་ཆོ་ག་སྤང་བར་བྱ༔ ས་གཞི་དུལ་དང་གནས་གཞི་གྲོང་བརྡལ་ཁྲོད༔ གཉུག་མར་གནས་པ་དཀར་ཕྱོགས་ཅན་གྱི་སར༔ ས་ཡི་ཆོ་ག་བརྟག་སྦྱང་ལེགས་པར་བསྒྲུབ༔ འདོམ་གང་གྲུ་བཞི་དཀྱིལ་འཁོར་གཞུང་ལྟར་འབྲི༔ བུམ་པ་སྨན་རཀ་གཏོར་མ་སྟ་གོན་འགོད༔ དཀྱིལ་འཁོར་ཟུར་བཞིར་རྐང་སྟེགས་ཁྲུ་རེ་བཟོ༔ དེ་ལ་གདུང་བྲིས་གཡམ་པས་དྲ་ཕྱམ་བྱ༔ ཐོག་ཕུབ་རབ་ཏུ་མཁྲེགས་པར་བཟོས་པའི་སྟེང་༔ དེ་ཡི་དབུས་སུ་སྲེག་ཁང་ཕ་གུ་བརྩེགས༔ ནང་ཁོག་ཟླུམ་པོ་དབུས་ནི་གྲུ་གསུམ་བཅད༔ དབྱིབས་ནི་མཆོད་རྟེན་དག་གི་རྣམ་པར་བྱ༔ གྲུ་གསུམ་ནང་དུ་ཙན་དན་རྒྱ་ཤུག་ཤིང་༔ ཕྱི་མ་འདོམ་རེ་བར་མ་མདའ་རེ་ལ༔ ནང་མ་ཁྲུ་རེ་རབ་ཏུ་བརྩེགས་མཁས་བྱ༔ བདུན་ཚིགས་གནས་འདྲེན་ཚུལ་བཞིན་བྱས་ནས་ཀྱང་༔ དབང་བསྐུར་འདོད་ཡོན་བསྔོ་ཞིང་ལམ་སྟོན་ནོ༔ གཉིས་པ་དངོས་གཞིའི་སྲེག་སྦྱང་རིམ་པ་ནི༔ ཕུང་པོ་ཁྲུས་ཀྱིས་བཀྲུ་ཞིང་དྲི་བཟང་བྱུག༔ གནས་ཡིག་བྱིན་རླབས་བརྗོད་ཅིང་རྒྱས་གདབ་བོ༔ བཏགས་གྲོལ་འཁོར་ལོ་ཡིག་བརྒྱ་སྙིང་གར་གདགས༔ བླ་མ་མཆེད་ལྕམ་གང་ཟག་རོ་ཡིན་ན༔ ཆེད་དུ་དྲི་བཟང་སྨན་སྤོས་ཆེས་ཆེར་བྱུག༔ གུ་གུལ་བདུག་ཅིང་གཤེད་དབྲལ་རྣམ་ཤེས་དགུག༔ རས་དཀར་དྲི་མེད་མར་ཁུར་དྲངས་པས་དྲིལ༔ སྲེག་ཁང་དབུས་སུ་འཕོངས་དང་རྐང་པ་གཉིས༔ བརྟན་པར་བཞག་ཅིང་མདུན་དུ་ཅུང་ཟད་བཀུག༔ མེ་སྒོ་སྲེག་རྫས་དབུལ་བའི་བུ་ག་དང་༔ ཕྱོགས་ཕྱོགས་རླུང་གི་གསེང་རྣམས་བཞག་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་པུར་ཁང་མདུན་ཕྱོགས་སུ༔ ཕྱི་ནང་མཆོད་པ་ཚོགས་ཀྱི་འཁོར་ལོ་སོགས༔ སྲེག་རྫས་ལ་སོགས་གཞུང་དང་མཐུན་པར་བསགས༔ པུར་ཁང་དེ་ལ་ས་ཚོན་བཞི་ཡིས་བྱུག༔ བླ་མ་མཆེད་ལྕམ་གང་ཟག་ཁྱད་པར་ཅན༔ མཆོད་འོས་བསྟོད་འོས་དག་གི་གདུང་ཡིན་ན༔ པུར་ཁང་དེ་ལ་གདུགས་དང་བ་དན་དང་༔ འཕན་དང་རྒྱལ་མཚན་དག་གིས་མཛེས་པར་བྱ༔ ལས་བྱང་གཞུང་བསྲང་ཚོགས་ཀྱི་འཁོར་ལོ་བསྐོར༔ རང་ཉིད་རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ ཞལ་ནས་ཡི་གེ་བརྒྱ་པའི་གཟུངས་བཟླས་པས༔ འོད་ཀྱི་ཕྲེང་བ་གཟུངས་སྔགས་ཕུང་པོར་འཕྲོས༔ ཕུང་པོའི་གནས་ཡིག་ཐུགས་ཀའི་བཏགས་གྲོལ་ལས༔ སྔགས་འབྲུ་རང་གྲགས་འོད་ཀྱིས་འཁོར་འདས་ཁྱབ༔ འགྲོ་དྲུག་སེམས་ཅན་ལས་ཀྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་མཐུ་སྟོབས་བསྡུས༔ ཡེ་ཤེས་ལྔ་ཡི་རང་བཞིན་མེ་རུ་འབར༔ ཚེ་ལས་འདས་པས་འཁོར་བ་ཐོག་མེད་ནས༔ བསགས་པའི་སྒྲིབ་གཉིས་བག་ཆགས་བཅས་པ་རྣམས༔ རབ་ཏུ་བསྲེགས་ཤིང་རྣམ་པར་སྦྱང་བ་ཡི༔ མ་ཡེངས་ཏིང་འཛིན་ངང་ནས་རིགས་ལྔ་ཡི༔ ཡིག་བརྒྱའི་གཟུངས་སྔགས་བརྒྱ་སྟོང་ཁྲི་འབུམ་སོགས༔ སྐབས་དང་སྦྱར་བར་བཟླ་ཞིང་མཆོད་པས་མཆོད༔ བསྟོད་པའི་གོང་དུ་ཁྲིམས་ལྡན་དགེ་སློང་ནས༔ མེ་བླངས་མེ་སྒོ་ནས་སྦར་འདི་སྐད་བརྗོད༔ ཧཱུྃ༔ རང་བྱུང་ཡེ་ཤེས་ལྔ་དང་ལྡན་པའི་མེས༔ མ་རིག་ཉོན་མོངས་བག་ཆགས་བུད་ཤིང་སྲེག༔ སྐུ་ལྔ་ཡེ་ཤེས་རྣམ་པ་ལྔར་སྨིན་ཏེ༔ སེམས་ཅན་རྣམ་རྟོག་ཆོས་སྐུར་གསལ་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ་སྭ་ཧཱ༔ སྲེག་རྫས་ཞུན་མར་ཡུངས་ཀར་ཏིལ་དང་ནི༔ འབྲུ་མར་སྨན་དང་དར་ཟབ་རིན་ཆེན་ལྔ༔ འབྲུ་ལྔ་སྤོས་ལྔ་དྲི་བཟང་ཅི་འཛོམ་རྣམས༔ བླུགས་གཟར་བདུན་རེ་སྔགས་སྤེལ་དགང་གཟར་བླུགས༔ རོ་ཡི་སྙིང་གར་རྡོར་སེམས་རིགས་ལྔ་བསྐྱེད༔ བསྲེག་ཁང་མཆོད་པའི་བུག་པ་ནང་ནས་དབུལ༔ ཨཱོཾ་ཨགྣཱེ་ཡེ་སརྦ་པཱ་པཾ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་སརྦ་ཀརྨ་ཨ་ཝ་ར་ན་བྷི་ཤུདྡྷེ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ བསྟོད་པས་བསྟོད་ཅིང་རོལ་མོ་རྣམས་ཀྱང་འཁྲོལ༔ ཞི་ཁྲོ་བཀའ་བརྒྱད་གཞུང་གི་བསྐང་བཤགས་སམ༔ མར་མེའི་སྨོན་ལམ་ལ་སོགས་ཅི་མང་བརྗོད༔ གང་ཟག་ཁྱད་པར་ཅན་གྱི་རིགས་ཡིན་ན༔ ཕྱག་དང་སྐོར་བ་གསོལ་འདེབས་དད་གུས་བསྐྱེད༔ གདུང་སོགས་འབྱོན་པའི་རིགས་ལ་བསྲེག་མཁས་བྱ༔ སྐུ་གདུང་རིགས་ལྔ་འབྱོན་པའི་གང་ཟག་ལ༔ བར་གཅོད་དག་ནི་རྣམ་པ་གཉིས་ཡིན་ཏེ༔ མཁའ་འགྲོས་གདན་འདྲེན་ནག་པོའི་བར་ཆད་དོ༔ མཁའ་འགྲོའི་གདན་འདྲེན་བསྲུང་བར་བྱ་བའི་ཕྱིར༔ སྐུ་གསུང་ཐུགས་རྟེན་བྱིན་རླབས་ཁྱད་པར་ཅན༔ པུར་ཁང་ཁ་མ་ཕྱེ་བའི་བར་དུ་བཞག༔ ནག་ཕྱོགས་ཟ་འདྲེ་རྒྱལ་བསེན་སྒྲིབ་སྲིད་པས༔ སྡེ་བརྒྱད་སྒྲིབ་པའི་སྔགས་དམིགས་ཏིང་འཛིན་དང་༔ འཁོར་ལོ་ལ་སོགས་སྒྲིབ་ཤིང་དག་ལ་འབད༔ གསུམ་པ་རྗེས་ཀྱི་རིམ་པ་འདི་ལྟ་སྟེ༔ ཡེ་ཤེས་ལྷ་གཤེགས་དམ་ཚིག་རང་ལ་བསྡུ༔ ཆད་ཐོ་བསྟན་སྐྱོང་དལ་བསྡུ་བསྔོ་སྨོན་བྱ༔ འདི་ལྟར་བརྩམས་པས་གང་ཟག་རིགས་ཡིན་ན༔ ཐུགས་དགོངས་རྫོགས་ཤིང་ཡེ་ཤེས་མངོན་དུ་བྱེད༔ ཕལ་པ་མ་དག་འགྲོ་བ་གང་ཡིན་ཀྱང་༔ ལས་ཀྱི་བག་ཆགས་སྒྲིབ་པའི་ཚོགས་རྣམས་བྱང་༔ དེ་ཡི་ཕྱིར་ན་རིན་ཆེན་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་འགྲོ་བའི་དོན་བྱེད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའ་ིརྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །། ༄༅། །རྡོ་རྗེ་སེམས་དཔའི་དབང་བཤད་བཞུགས། ཉན་པ་བསྐུལ་ནས། ད་ལམ་ཁྱེད་རྣམས་ལ་ལྷག་པའི་ལྷ་མཆོག་སྟོན་པ་རྡོ་རྗེ་སེམས་དཔའི་དབང་བསྐུར་པའི་ཐོག་མར་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་འཁོར་འདས་ཀུན་གྱི་བླ་མ་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ། ཆོས་དྲུག་གི་རང་རྩལ་རྫོགས་ནས་སངས་རྒྱས་པའི་ཚེ། ཡེ་ཤེས་ལྔའི་རང་མདངས་ཀྱི་འཆར་སྒོ་མ་འགགས་པ་ལས། སྐུ་ལྔའི་སྟོན་པ་རང་རང་གི་རིགས་ལྔར་ཤར་བ་ཐབས་ཀྱི་ཡབ་དང་། སྟོང་པ་ཤེས་རབ་ཀྱི་ཡུམ་ཟུང་འཇུག་དཀྱིལ་འཁོར་གྱི་སྐུར་གསལ་བ་རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གཅིག་ཏུ་གསུངས་པའི་ནང་ནས། ད་ལམ་གསང་ཆེན་རིགས་གཅིག་ཞེས་རྒྱལ་བ་རྒྱ་མཚོ་དེ་ཐམས་ཅད་མངའ་དབང་གཅིག་ཏུ་འདུས་པའི་བདག་ཉིད་སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་ཉིད་ལ་ཡང་སྐུ་གསུམ་སྟེ། ཐོག་མའི་མགོན་པོ་ཆེན་པོའི་ཞེ་སྡང་རྣམ་པར་དག་པའི་རང་མདངས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ལས་རང་གསལ་བ་དེ་ནི་དབྱིངས་ལོངས་སྐུའམ་ཆོས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྒྱལ་བ་དེ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཕྱོགས་མངོན་པར་དགའ་བ་ཞེས་ཤེལ་ལས་གྲུབ་པའི་ཞིང་གི་དབུས་སུ་རིན་པོ་ཆེ་ཤེལ་གྱི་གཞལ་ཡས་ཁང་གིས་བརྒྱན་པ་ལ། ཆོས་ཀྱི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེས་ཡོངས་སུ་ཁྱབ་པར་བྲེས་པ་ན། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་རིགས་ཀྱི་འཁོར་བྱེ་བ་འབུམ་ཚོ་མང་པོ་རང་རང་གི་རིགས་ལྔའི་ཚོམ་བུ་མང་པོས་བསྐོར་ཞིང་བཞུགས་པ་འདི་ནི། རང་བཞིན་རྡོ་རྗེ་སེམས་དཔའམ་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེའི་རང་མདངས་སམ་བྱིན་རླབས་ཀྱི་རོལ་པ་ལས་རི་རབ་ཆེན་པོའི་བང་རིམ་གསུམ་པའི་བྱང་ཤར་གྱི་ནམ་མཁའ་ལ་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་བཞུགས་པ་འདི་ནི་སྟོན་པ་རྡོ་རྗེ་སེམས་དཔའམ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་སྐུ་གསུམ་འདུས་པའི་བདག་ཉིད་སྒྲུབ་པ་དབང་དང་བཅས་པའི་གདམས་པ་འདིའི་ལུང་བྱང་ཡང་། ཇི་སྐད་དུ། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སྔོན་སྦྱངས་ལས་འཕྲོ་ཆོས་ལ་སྤྱད༔ ད་ལྟ་དུས་གསུམ་སངས་རྒྱས་ཀུན༔ གྲོགས་པོར་བསྟེན་ཞིང་གླེང་མོ་བྱེད༔ ཁྱད་པར་རིགས་བདག་རྡོ་རྗེ་སེམས༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ ཐུགས་བསྐྱེད་སྨོན་ལམ་གཅིག་པའི་མཐུས༔ རྡོར་སེམས་གསང་སྒྲུབ་པདྨས་བཀོད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ཅེས་པ་ལྟར་ཕྱོགས་རེ་བའི་གང་ཟག་དག་གིས་བཀའ་ལ་རས་གཅོད་དང་གཟུ་ལུམ་དུ་བྱས་པའི་དྲི་མ་བྲལ་བར་སྐྱོན་དག་ཡོན་ཏན་རྫོགས་པའི་གུ་རུ་རིན་པོ་ཆེས་རྒྱུད་ལ་བརྟེན་པའི་བསྒྲུབ་ཐབས་འདི་མཛད་ནས། འགྲོ་དོན་དུས་བབས་ཀྱི་བར་དུ་མཁའ་འགྲོའི་གསང་མཛོད་དུ་བཀའ་རྒྱས་བཏབ་ཅིང་ཕྱི་མར་གྱུར་པ་ན་གསང་བའི་རྒྱ་འཁྲོལ་བའི་ལུང་ཡང་། ཇི་སྐད་དུ། མ་འོངས་རྩོད་ལྡན་བཞི་བཅུའི་ཡང་མཐའ་ལ༔ སུམ་ཅུ་ཁ་རལ་སྐྱེ་འགྲོར་བདེ་བ་མེད༔ སྟེང་འོག་བར་གསུམ་ལྷ་མིན་ལྟར་དུ་འཁྲུག༔ མཐའ་མི་བོད་ལྷུད་བོད་མི་མཐའ་ལ་འབྲོས༔ བཙན་རྫོང་བརྩེགས་པ་རང་གི་བཙོན་ཁང་འགྱུར༔ སེར་སྣས་བསགས་པའི་ནོར་རྫས་དགྲ་ཡིས་སྤྱོད༔ དགེ་བཤེས་མཁན་པོ་ཆོས་རྗེ་ཞབས་དྲུང་ཟེར༔ མི་དགེ་བཅུར་སྤྱོད་དགེ་བཅུའི་བཤད་པ་རྒྱག༔ སོ་ནམ་དམག་དང་ལས་སུ་གསོད་གཅོད་བརྩོན༔ བསྟན་འཛིན་ཡིན་ཞེས་བསྟན་པ་ཐབས་ཀྱིས་བསྣུབས༔ ཆོས་མཛད་དགེ་སློང་དགེ་ཚུལ་དགེ་བསྙེན་ཟེར༔ སྡེ་དགོན་ཚོང་དུས་ཐམས་ཅད་བཙུན་པས་འགེངས༔ པཎྜི་ཏ་དང་རབ་འབྱམས་དཀའ་བཅུའི་མིང་༔ མང་ཇས་ཉོ་ཞིང་གྲུབ་མཐའ་སུ་མཁས་ཆེ༔ སྐྱེ་བོ་མནའ་མེད་སྒོམ་ཆེན་བན་བཙུན་རྣམས༔ སྲོག་ལས་དམར་གཡོས་མནར་མེད་རང་གིས་བསྒྲུབ༔ མི་ལུས་ལན་གཅིག་རྙེད་པའི་འབྲས་བུ་ལ༔ མནར་མེད་ངན་སོང་བསྒྲུབ་པ་ཡ་རེ་ཆ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས་དེ་ལྟ་བུའི་ཚེ་འགྲོ་བ་འདྲེན་པའི་གུ་རུའི་རྒྱལ་ཚབ་སྤྲུལ་སྐུའི་ལུང་བྱང་ཡང་། ཇི་སྐད་དུ། དེ་དུས་ཆོས་འཁོར་གཉན་པོའི་ཤར་གྱི་ཕྱོགས༔ མདོ་ཁམས་གླིང་ནས་ང་ཡི་སྤྲུལ་པ་འབྱུང་༔ ཏེ་སེའི་གནས་ནས་ཟབ་མོའི་གཏེར་འདི་འདོན༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་རུ༔ ང་སྤྲུལ་བུ་དེས་སྒྲུབ་པ་འདི་བྱས་ན༔ འཛམ་གླིང་སྐྱེ་འགྲོ་ལན་གཅིག་ངན་སོང་ཁེགས༔ བོད་ཡུལ་མངའ་རིས་དབུས་དང་ཁམས་གསུམ་དུ༔ སྒྲུབ་པ་འདི་ཉིད་ལན་གསུམ་སྒྲུབས་ཤིག་བུ༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་༔ རིག་འཛིན་པདྨ་ང་ཡི་སེམས་བསྐྱེད་དང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱི་སྨོན་ལམ་གྱིས༔ རྩོད་ལྡན་འགྲོ་བའི་སྒྲིབ་གཉིས་འདག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ནས་མཁའ་འགྲོའི་གསང་མཛོད་དུ་སྦས་པ་གུ་རུ་རིན་པོ་ཆེའི་ལུང་བསྟན་དུས་བབས་ལྟར་རིག་འཛིན་ཉི་མ་གྲགས་པས་ཤིང་མོ་ཡོས་ལ་གདན་དྲངས་ཤིང་༔ ས་ཕོ་རྟ་ལོ་ལ་ཤོག་སེར་ལས་བསྒྱུར་བའི་གདམས་པ་ཟབ་མོ་བདག་གིས་ལེགས་པར་ཐོབ་པའི་དབང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་སོགས་གཞུང་ལྟར་བགྱི། །མངྒ་ལཾ།། །། ༄༅། །རྡོར་སེམས་བརྒྱུད་འདེབས་ཐུགས་རྗེའི་གྲུ་ཆེན་ཞེས་བྱ་བ་བཞུགས། ཁྱབ་བདག་དཔལ་ལྡན་ཀུན་བཟང་རྡོ་རྗེ་སེམས། །པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་དང་། །ལོ་ཆེན་ཀླུ་དབང་འགྲོ་འདུལ་གླིང་པ་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །རིག་པ་འཛིན་པ་བསོད་ནམས་བསྟན་འཛིན་དང་། །མཚུངས་མེད་དྲིན་ཅན་པདྨ་བཞད་པའི་སྡེ། །གང་གིས་རྗེས་བཟུང་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །ཐེག་མཆོག་ལམ་ཞུགས་དབང་བརྟུལ་ནོངས་པའི་ལས། །ཉམས་ཆག་རྟོག་སྒྲིབ་གྱུར་པ་སྦྱངས་པའི་ཐབས། །གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་ཡིས། །རང་གཞན་མཁའ་མཉམ་འགྲོ་སྒྲིབ་ཡོངས་དག་ཤོག །མ་དག་སྣོད་བཅུད་སྦྱང་བྱའི་སྒྲིབ་གཉིས་ཚོགས། །སྦྱོང་བྱེད་སྐུ་ལྔ་ཡིག་བརྒྱ་རིགས་ལྔའི་སྒྲ། །ལྷ་སྔགས་བདེ་ཆེན་ཐུགས་རྗེའི་བྱིན་རླབས་ཀྱིས། །དུག་ལྔ་ཡེ་ཤེས་ལྔ་རུ་སྨིན་པར་ཤོག །རང་སེམས་དག་པའི་འོག་མིན་ཞིང་ཁམས་སུ། །རང་རིག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །ཡེ་ཤེས་འོད་ལྔ་ཀུན་ནས་འཁྲིགས་པའི་དབུས། །རྟག་ཏུ་བཞུགས་པའི་ཞལ་མཇལ་གྲོལ་བར་ཤོག །ཅེས་བླ་མ་རྡོ་རྗེ་སེམས་དཔའི་བརྒྱུད་འདེབས་འདི་ནི་པདྨ་ཐེག་མཆོག་བསྟན་པའི་རྒྱན་མཚན་གྱིས་སྦྱར་བའོ།། །། ཨཱོཾ་སྭ་བྷ་ཝ༴སྟོང་པའི་ངང་ལས་བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ཁ་མཉམ་བཞག་དང་བཅས་པ་ཡབ་ཡུམ་གྱིས་ཕྱོགས་མཚམས་སུ་རིགས་ལྔའི་སངས་རྒྱས་དང་སྟེང་དུ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས། ཨཱོཾ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ་ཏིཥྛ་ལྷན། ཨརྒཾ་ནས་ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་སོགས་བསྟོད། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿཨ༔ འབུམ་ཕྲག་བཟླ། ཨོཾ་ཨ་བྷྱ་རྒྱ་ཏཾ་ཀེཾ། དཔལ་ལྡན་བླ་མ་དམ་པའི་ཐུགས་རྒྱུད་ལ་གནས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཟུངས་ཐག་བཟུང་སྟེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩི་བབ་པས་བུམ་པ་ཁེངས་པར་གྱུར། སྔགས་སྔར་བཞིན་བཟླ། ཧཱུྃ། ཡན་ལག་བརྒྱད་ལྡན་སོགས། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན༴དུང་ཞལ་ཕུལ། ཨཱ་ཨཱ༔ ཞེས་བརྗོད། ཡེ་ཤེས་པ་དབྱིངས་སུ་གཤེགས་དམ་ཚིག་པ་ཆུར་ཞུ་བར་གྱུར། བུམ་པ་སྤྱི་བོར་བཞག་ཏེ་བཀྲུ། ཨཱ༔ ལོ་གྲངས་བརྗོད། བུམ་པའི་ཆུ་དེ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་གྱུར་ཏེ་ཨཱ༔ དང་བཅས་པས་བཀྲུས་པས་དམྱལ་བར་སྐྱེ་བའི་ལས་དང་སྡིབ་སྒྲིབ་དག་པར་གྱུར། མགྲིན་པར་བྷྱ་ལོ་གྲངས། ཡི་དྭགས་སུ་སྐྱེ་བའི་ལས༴གསང་བར་རྒྱ་དགུ་བརྗོད། བྱོལ་སོང་དུ་སྐྱེ་བའི་ལས༴དཔྲལ་བར་ཏཾ་བཅུ་གཅིག་བརྗོད། ལྷར་སྐྱེ་བའི་ལས༴མཆན་གཡས་སུ་ཀེཾ་ཉི་ཤུ་བརྗོད། ལྷ་མིན་སྐྱེ་བའི་ལས༴སྙིང་ཀར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མང་པོ་བརྗོད། མིའི་གནས་སུ་སྐྱེ་བའི་ལས་དང་སྒྲིབ་པ་དག་པར་གྱུར། བསྔོ་སྨོན་བྱ།། །། ༄༅། །བླ་མ་རྡོ་རྗེ་སེམས་དཔའི་དབང་ཆོག་ཁྲིགས་སྡེབས་ཕན་བདེའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །རིགས་བརྒྱའི་དཀྱིལ་འཁོར་རྒྱ་མཚོ་མ་ལུས་པའི། །ཁྱབ་བདག་འཁོར་ལོའི་དབང་ཕྱུག་བདེ་བ་ཆེ། །གདོད་མའི་མགོན་པོ་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས། །གསང་ཆེན་རིགས་འདུས་རྡོ་རྗེ་སེམས་དཔའ་ཡི། །གདམས་པའི་སྒོ་ནས་སློབ་བུ་རྗེས་འཛིན་པའི། །སྨིན་བྱེད་དབང་ཆོག་དམ་པའི་ཞལ་ལུང་བཞིན། །འཁྲུལ་མེད་འཇུག་བདེའི་ཆོག་ཁྲིགས་འདིར་བྱའོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་ནི་ཁྲིགས་སུ་སྡེབས་ནས་བརྗོད་པར་བྱ་སྟེ། གཞུང་ལས། ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ སྨིན་བྱེད་སློབ་མ་གྲོལ་བའི་ཐབས༔ དབང་ཆོག་པདྨ་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི༔ བཀྲ་ཤིས་ཤིང་བྱིན་ཆགས་པའི་སར༔ སྟེགས་བུ་རྐྱང་ནུལ་ལེགས་པར་བྱས་པའི་ཁར་ཚང་ཐིག་གདབ༔ པདྨ་འདབ་བཞི་མཚམས་ལ་མཛེས་ཚོན་བྱ༔ མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱི་དྲྭ་བས་བསྐོར་བ་འབྲི༔ དབུས་དུ་མཉྫིའི་ཁྲིའུའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པ་བཤམ་ལ་བུམ་རྫས་འགོད༔ ཤར་དུ་རྡོ་རྗེ༔ རྩེ་ལྔ་པ་དར་སྔོན་གྱིས་བཅིངས་པ། ལྷོར་པྲོག་ཞུ༔ ནུབ་ཏུ་དྲིལ་བུ་དར་དམར་ཅན། བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཤམས༔ འབྲས་སམ་དཀར་མོའི་ནས་ཕྱེ་ལ་དཔལ་གཏོར་ཟླུམ་པོ་རྒྱན་ལྡན་ཙཀ་ལིས་བརྒྱན་པ་བཀོད༔ མཐར་མཆོད་པ་སྤྱི་འགྲོས་བཤམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་ལྟར་བྱ་ཞིང་གནས་སྐབས་རྐྱང་ནུལ་སྟེགས་ཀྱི་ཁར་འབྲུ་ཚོམ་ལྷ་གྲངས་དང་མཉམ་པ་བཀོད་པའི་ཁར་དབང་གཞུང་བཞིན་བཤམས་ཀྱང་རུང་ལ་གཞན་ཡང་ལས་བུམ་སྤོས་ཟེ་ཌཱ་དྲིལ་བགེགས་གཏོར་སོགས་ཚོགས་པར་བྱའོ། །དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བསྙེན་བསྒྲུབ་དབང་གི་སློབ་དཔོན་གྱི་སྟ་གོན་སྔོན་དུ་སོང་ནས༔ གཉིས་པ་སློབ་མ་འཇུག་པའི་སྔོན་འགྲོ་ནི༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་འབུལ༔ སྐྱབས་སེམས་གཞུང་ལྟར་འབོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་ལྟར་ལས་གཞུང་བསྲང་ཞིང་འཛབ་བསྙེན་གྱིས་བསྒྲུབ། མཆོད་བསྟོད་བྱས་ལ་བདག་འཇུག་རྫོགས་པར་ལེན་པའམ། ཡང་ན་བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམ་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་མེ་ཏོག་འཐོར་བ་དང་བཅས། ཨཱོཾ་བཛྲ་ས་མ་ཡ་ཨཱོཾ༔ ཨཱཿབཛྲ་ས་མ་ཡ་ཨཱ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྭཱ་བཛྲ་ས་མ་ཡ་སྭཱ༔ ཧཱ་བཛྲ་ས་མ་ཡ་ཧཱ༔ ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨཱོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨཱོཾ་བཛྲ་ས་མ་ཡ་ཧཱུྃ༔ ཨཱོཾ་བཛྲ་ས་མ་ཡ་སྟཾ༔ ཨཱོཾ་བཛྲ་ས་མ་ཡ་ཧོ༔ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ༔ དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ༔ ཨཱོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མར་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །བཀའ་གཏེར་མཆོད་ཅིང་ལས་བུམ་བསྒྲུབ་པ་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་དུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་མི་སྐྱོད་པས་དབུ་རྒྱན་པར་གྱུར། ཨོཾ་ཨརྒྷཾ༴སོགས་ཀྱིས་མཆོད༔ ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་ཆུ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླ་ཞིང་མཐར། ཁྲོ་བོ་བདུད་རྩི་འཁྱིལ་བས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བཟློག་པའི་འཕྲིན་ལས་མཛོད་ཅིག །ཞེས་གསོལ་བ་བཏབ་པས། ཁྲོ་བོ་གདན་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཞེས་བརྗོད། དེ་ནས་སློབ་བུ་རྣམས་གྲལ་དུ་འཁོད་མེ་ཏོག་བཀྱེ་བསྡུ་དང་། ལས་བུམ་གྱིས་ཁྲུས་ཆུ་སྦྱིན་སྟེ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉམས་ཆག་དྲི་མའི་ཚོགས་རྣམས་ཀུན། །བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བརྗོད། བགེགས་གཏོར་བཤམས། སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོ༔ ཨོཾ་སརྦ་བྷི་གྷ་ན་ཨ་ཀཪྵ་ཡ་ཛཿཛ༔ བགེགས་གཏོར་བསྐོར་ཞིང་དྲིལ་བུ་གསིལ་བ་དང་བཅས། ཨོཾ་སརྦ་བྷིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཥེ་སོགས་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེདཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ༔ སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དྲ་བ་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིགས་པའི་གུར་དུ་གྱུར་པའི་མོས་པ་མཛོད༔ བཛྲ་རཀྵཿརཀྵ༔ ཆོས་བཤད་ནི། འོ་ད་ལམ་ཁྱེད་རྣམས་ལ་ལྷག་པའི་ལྷ་མཆོག་སྟོན་པ་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་འཁོར་འདས་ཀུན་གྱི་བླ་མ་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་གཞི་ལས་འཕགས་པ་རང་ངོར་སྣང་བ་བྱེ་བྲག་ཕྱེད་པ་ཕྱེད་ཐོག་ཏུ་གྲོལ་བ་གཞན་ལས་མ་བྱུང་བ་རང་སར་གནས་པ་སྟེ་ཆོས་དྲུག་གི་རང་རྩལ་རྫོགས་ནས་སངས་རྒྱས་པའི་ཚེ་ཡེ་ཤེས་ལྔའི་རང་མདངས་ཀྱིས་འཆར་སྒོ་མ་འགགས་པ་ལས། སྐུ་ལྔའི་སྟོན་པ་རང་རང་གི་རིགས་ལྔར་ཤར་བ་ཐབས་ཀྱི་ཡབ་དང་། སྟོང་པ་ཤེས་རབ་ཀྱི་ཡུམ་ཟུང་འཇུག་དཀྱིལ་འཁོར་གྱི་སྐུར་གསལ་བ་རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གཅིག་ཏུ་གསུངས་པའི་ནང་ནས་ད་ལམ་གསང་ཆེན་རིགས་གཅིག་ཞེས་རྒྱལ་བ་རྒྱ་མཚོ་དེ་དག་ཐམས་ཅད་མངའ་དབང་གཅིག་ཏུ་འདུས་པའི་བདག་ཉིད་སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་ཉིད་ལ་ཡང་སྐུ་གསུམ་སྟེ། ཐོག་མའི་མགོན་པོ་ཆེན་པོའི་ཞེ་སྡང་རྣམ་པར་དག་པའི་རང་མདངས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ལས་རང་གསལ་བ་དེ་ནི་དབྱིངས་ལོངས་སྐུའམ་ཆོས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྒྱལ་བ་དེ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཕྱོགས་མངོན་པར་དགའ་བ་ཞེས་ཤེལ་ལས་གྲུབ་པའི་ཞིང་གི་དབུས་སུ་རིན་པོ་ཆེ་ཤེལ་གྱི་གཞལ་ཡས་ཁང་གིས་བརྒྱན་པ་ལ། ཆོས་ཀྱི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེས་ཡོངས་སུ་ཁྱབ་པར་བྲིས་པ་ན། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་རིགས་ཀྱི་འཁོར་བྱེ་བ་འབུམ་ཚོ་མང་པོ་རང་རང་གི་རིགས་ལྔའི་ཚོམ་བུ་མང་པོས་བསྐོར་ཞིང་བཞུགས་པ་འདི་ནི། རང་བཞིན་རྡོ་རྗེ་སེམས་དཔའ་འམ་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེའི་རང་མདངས་སམ་བྱིན་རླབས་ཀྱི་རོལ་པ་ལས་རི་རབ་ཆེན་པོའི་བང་རིམ་གསུམ་པའི་བྱང་ཤར་གྱི་ནམ་མཁའ་ལ་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་བཞུགས་པ་འདི་ནི་སྟོན་པ་རྡོ་རྗེ་སེམས་དཔའ་འམ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་སྐུ་གསུམ་འདུས་པའི་བདག་ཉིད་སྒྲུབ་པ་དབང་དང་བཅས་པའི་གདམས་པ་འདིའི་ལུང་བྱང་ཡང་ཇི་སྐད་དུ། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སྔོན་སྦྱངས་ལས་འཕྲོ་ཆོས་ལ་སྤྱད༔ ད་ལྟ་དུས་གསུམ་སངས་རྒྱས་ཀུན༔ གྲོགས་པོར་བསྟེན་ཞིང་གླེང་མོ་བྱེད༔ ཁྱད་པར་རིགས་བདག་རྡོ་རྗེ་སེམས༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ ཐུགས་བསྐྱེད་སྨོན་ལམ་གཅིག་པའི་མཐུས༔ རྡོར་སེམས་གསང་སྒྲུབ་པདྨས་བཀོད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ཞེས་པ་ལྟར་ཕྱོགས་རེ་བའི་གང་ཟག་དག་གིས་བཀའ་ལ་རས་ཆོད་དང་གཟུ་ལུམ་དུ་བྱས་པའི་དྲི་མ་བྲལ་བར་སྐྱོན་དག་ཡོན་ཏན་རྫོགས་པའི་གུ་རུ་རིན་པོ་ཆེས་རྒྱུད་ལ་བསྟེན་པའི་སྒྲུབ་ཐབས་འདི་མཛད་ནས་འགྲོ་དོན་དུས་བབས་ཀྱི་བར་དུ་མཁའ་འགྲོའི་གསང་མཛོད་དུ་བཀའ་རྒྱས་བཏབ་ཅིང་ཕྱི་མར་གྱུར་པ་ན་གསང་བའི་རྒྱ་ཁྲོལ་ལུང་ཡང་། ཇི་སྐད་དུ། མ་འོངས་རྩོད་ལྡན་བཞི་བཅུའི་ཡང་མཐའ་ལ༔ སུམ་ཅུ་ཁ་རལ་སྐྱེ་འགྲོ་བདེ་བ་མེད༔ སྟེང་འོག་བར་གསུམ་ལྷ་མིན་ལྟར་དུ་འཁྲུག༔ མཐའ་མི་བོད་ལྷུད་བོད་མི་མཐའ་ལ་འབྲོས༔ བཙན་རྫོང་བརྩེགས་པ་རང་གི་བཙོན་ཁང་འགྱུར༔ སེར་སྣས་བསགས་པའི་ནོར་རྫས་དགྲ་ཡིས་སྤྱོད༔ དགེ་བཤེས་མཁན་པོ་ཆོས་རྗེ་ཞབས་དྲུང་ཟེར༔ མི་དགེ་བཅུ་སྤྱད་དགེ་བཅུའི་བཤད་པ་རྒྱག༔ སོ་ནམས་དམག་དང་ལས་སུ་གསོད་གཅོད་བརྩོན༔ བསྟན་འཛིན་ཡིན་ཞེས་བསྟན་པ་ཐབས་ཀྱིས་བསྣུབས༔ ཆོས་མཛད་དགེ་སློང་དགེ་ཚུལ་དགེ་བསྙེན་ཟེར༔ སྡེ་དགོན་ཚོང་འདུས་ཐམས་ཅད་བཙུན་པས་གང་༔ པཎྟི་ཏ་དང་རབ་འབྱམས་བཀའ་བཅུའི་མིང་༔ མང་ཇས་ཉོ་ཞིང་གྲུབ་མཐའ་སུ་མཁས་ཚེ༔ སྐྱེ་བོ་མནའ་མེད་སྡོམ་མེད་བན་བཙུན་རྣམས༔ སྲོག་ལས་དམར་གཡོས་མནར་མེད་རང་གིས་བསྒྲུབ༔ མི་ལུས་ལན་གཅིག་རྙེད་པའི་འབྲས་བུ་ལ༔ མནར་མེད་ངན་སོང་བསྒྲུབ་པ་ཡ་རེ་ཆ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས། དེ་ལྟ་བུའི་ཚེ་འགྲོ་བ་འདྲེན་པའི་གུ་རུའི་རྒྱལ་ཚབ་སྤྲུལ་སྐུའི་ལུང་བྱང་ཡང་༔ ཇི་སྐད་དུ༔ དེ་དུས་ཆོས་འཁོར་གཉན་པོའི་ཤར་གྱི་ཕྱོགས༔ མདོ་ཁམས་གླིང་ནས་ང་ཡི་སྤྲུལ་པ་འབྱུང་༔ ཏེ་སེའི་གནས་ནས་ཟབ་མོའི་གཏེར་འདི་འདོན༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་རུ༔ ང་སྤྲུལ་བུ་དེས་སྒྲུབ་པ་འདི་བྱས་ན༔ འཛམ་གླིང་སྐྱེ་འགྲོ་ལན་གཅིག་ངན་སོང་ཁེགས༔ བོད་ཡུལ་མངའ་རིས་དབུས་དང་ཁམས་གསུམ་དུ༔ སྒྲུབ་པ་འདི་ཉིད་ལན་གསུམ་སྒྲུབས་ཤིག་བུ༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་༔ རིག་འཛིན་པདྨ་ང་ཡི་སེམས་བསྐྱེད་དང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱི་སྨོན་ལམ་གྱིས༔ རྩོད་ལྡན་འགྲོ་བའི་སྒྲིབ་གཉིས་འདག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། མཁའ་འགྲོའི་ཡི་གེར་བཏབ་ནས། མཁའ་འགྲོའི་གསང་མཛོད་དུ་སྦས་པ། གུ་རུ་རིན་པོ་ཆེས་ལུང་བསྟན་དུས་བབས་ལྟར། རིགས་འཛིན་ཉི་མ་གྲགས་པས་ཤིང་མོ་ཡོས་ལ་གདན་དྲངས་ཤིང་ས་ཕོ་རྟ་ལོ་ལ་ཤོག་སེར་ལས་བསྒྱུར་པའི་གདམས་ཟབ་གང་དེའི་སྒོ་ནས་དབང་བསྐུར་བྱ་བ་སྐབས་སུ་བབས་པ་སྟེ། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་བདག་ཉིད་དཀྱིལ་འཁོར་པའི་ལྷ་དང་དབྱེར་མེད་དུ་བལྟས་ཏེ་རིག་པའི་མེ་ཏོག་དོར་བ་སོགས་གོང་དུ་གྲུབ་པ་ཡིན༔ ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཞེས་བརྡ་སྤྲད་དེ། གཉིས་པ་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི༔ དེའང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་ཀྱི་གཙོ་བོ་རིགས་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་བཟློས་གྱིས༔ ཧཱུྃ༔ ཧེ་རུ་ཀཿདང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ བླ་མས་དྲི་བ་ནི༔ ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི༔ ལན་དུ༔ ཀྱཻ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས༔ འོ་རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ ཞེས་བརྗོད༔ ཅེས་གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་གྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱ་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ གསུམ༔ དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས་སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་གསུངས་པས་ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ༔ གསུམ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུས་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས། དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ནས་ཐུན་མོང་མ་ཡིན་པའི་རྒྱུད་སྦྱོང་བ་དབང་གི་སྣོད་དུ་རུང་བར་བྱ་ཕྱིར༔ ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ༴སོགས་ལས་བུམ་ཁ་རྒྱན་གྱིས་ཆུ་གཏོར། ཁྱེད་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུྃ་དཀར་པོ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་སྣང་སྟོང་ཟུང་འཇུག་ཡེ་ཤེས་འོད་ལྔ་འཁྲུག་པའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་བླ་མ་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་འོག་མིན་ཆོས་ཀྱི་དབྱིངས་དང་། ཤར་ཕྱོགས་མངོན་པར་དགའ་བ་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་ཀྱི་རྣམ་པར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། ཧཱུྃ་ཧྲཱི༔ འོག་མིན་སྟུག་པོ་བཀོད་པ་ནས༔ བུདྡྷ་རྡོར་སེམས་འཁོར་དང་བཅས༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་མངོན་པར་དགའ་བ་ནས༔ བཛྲ་རྡོར་སེམས་འཁོར་དང་བཅས༔ མེ་ལོང་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ལྷོ་ཕྱོགས་དཔལ་དང་ལྡན་པ་ནས༔ རཏྣ་རྡོར་སེམས་འཁོར་དང་བཅས༔ མཉམ་ཉིད་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཆེན་པོ་ནས༔ པདྨ་རྡོར་སེམས་འཁོར་དང་བཅས༔ ་སོར་རྟོགས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ བྱང་ཕྱོགས་ལས་རབ་རྫོགས་པ་ནས༔ ཀརྨ་རྡོར་སེམས་འཁོར་དང་བཅས༔ བྱ་གྲུབ་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ ཕྱོགས་བཅུ་ནམ་མཁའི་ཁྱོན་བཀང་སྟེ༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཅོད་པཎ་དར་དཔྱངས་པུ་རུ་རུ༔ ཕྱག་ཞབས་གདུ་བུ་སི་ལི་ལི༔ འོད་དང་ཟེར་དུ་སྤུངས་སེ་སྤུང་༔ སྐུ་ཡི་རྣམ་འགྱུར་ལིངས་སེ་ལིང་༔ སྒྲ་དང་རོལ་མོ་དི་རི་རི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿགུ་རུ་བཛྲ་ས་ཏྭ་ས་མ་ཡ་ཛཿཛ༔ སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཡེ་ཤེས་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་གྱི་དངོས་གཞིའི་དབང་བསྐུར་བ་ནི་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་ལྔ་ལས༔ དང་པོ་རིགས་བདག་རྡོ་རྗེ་སེམས་དཔའི་སྐུའི་དབང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཨཱོཾ་༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ སྐལ་ལྡན་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་རྡོ་རྗེ་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བུདྡྷ་བཛྲ་ས་ཏྭ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ གཉིས་པ་གསུང་གི་དབང་ནི༔ དྲིལ་བུ་དར་དམར་གྱི་ཅོད་པཎ་དང་བཅས་པ་མགྲིན་པར་བཞག་ལ༔ ཨཱཿཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགགས་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾ་པདྨ་ས་ཏྭ་ཧཱུྃ་ཝཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱི་ཅོད་པཎ་དང་བཅས་པ་སྙིང་གར་བཞག༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཅོད་པཎ་དང་བཅས་པ་སྤྱི་བོར་བཀོན་ལ༔ སྭཱ༔ སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པར༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ་རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དུང་ཆོས་ལག་ཏུ་གཏད་ཅིང་ངག་ཏུ་བླུད༔ ཧཱ༔ རབ་འབྱམས་རྒྱལ་དང་རྒྱལ་བའི་ཕྲིན་ལས་ཚོགས༔ སྣ་ཚོགས་སྣང་ལ་ལས་བཞི་ལྷུན་གྱིས་གྲུབ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱཿཀརྨ་ས་ཏྭ་ཧཱུྃ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་གཏོར་མའི་དབང་བརྒྱུད་པའི་བྱིན་རླབས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏོར་དབང་གི་མཚམས་སྦྱོར་ནི། གཏོར་མ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། ཐུགས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་བ། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་རིགས་བདག་རྡོ་རྗེ་སེམས་དཔའ་སྐུ་ལྔའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་སློབ་མ་འདིའི་རྒྱུད་ལ་བྱིན་གྱིས་རློབས་ཤིག །ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ས་ཏྭ་ཧཱུྃ་སརྦ་བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་དག་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས་བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ལ་དབང་ཞིང་འབྲས་བུ་སྐུ་ལྔའི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཞེས་བརྗོད། མེ་ཏོག་འཐོར༔ ཤིས་པ་བརྗོད༔ དབང་ཡོན་ཕུལ་ཞིང་དགའ་སྟོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས། ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་དཔལ་གྱི་ལྷ༔ མེ་ལོང་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་དཔལ་གྱི་ལྷ༔ མཉམ་ཉིད་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་དཔལ་གྱི་ལྷ༔ སོར་རྟོགས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ དོན་ཡོད་གྲུབ་པ་བཀྲ་ཤིས་དཔལ་གྱི་ལྷ༔ བྱ་བ་གྲུབ་པའི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྣམ་པར་སྣང་མཛད་བཀྲ་ཤིས་དཔལ་གྱི་ལྷ༔ ཆོས་དབྱིངས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་ཀུན་ནས་བཀྲ་ཤིས་འབྱུང་པའི་ལྷ༔ དུས་གསུམ་སངས་རྒྱས་བཀྲ་ཤིས་དཔལ་གྱི་ལྷ༔ སྐུ་གསུམ་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད། དེ་ལྟར་རྡོ་རྗེ་སེམས་དཔའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ༴དེ་དག༴གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ༴ཁྱེད་ལ༴ཁྱེད་ཀྱི༴ཆ་ཤས༴དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་ནམས༴ཐོབ་ནས༴སྐྱེ་རྒ༴སྲིད་པའི༴རིན་ཆེན་དགེ༴རྟག་ཏུ༴རང་གཞན༴ཆོས་རྔ༴སོགས་བརྗོད། བཀའ་གཏེར་བསྐུལ་ཞིང་གཏོར་མ་འབུལ་བ་སོགས་ཆོ་གའི་མཇུག་བསྐྱང་བར་བྱའོ། །ཨེ་མ་རྡོ་རྗེ་སེམས་དཔའི་དབང་ཆོག་འདི༔ རྩོད་ལྡན་ཡང་མཐའ་བཞི་བཅུའི་མར་འགྲིབ་ལ༔ སྐལ་ལྡན་འགྲོ་འདུལ་གླིང་པ་དང་འཕྲད་ནས༔ སྨིན་གྲོལ་ཆོས་ཀྱིས་འགྲོ་ཀུན་འདྲེན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །༈སྐྱེ་དགུའི་སྡིག་ལྟུང་ཞེས་པའི་དུག་ཅན་དག །འཁྲུད་བྱེད་གདམས་པའི་ལག་ལེན་ལམ་གསུམ་འགྲོ། །རྣམ་འདྲེན་དྲང་སྲོང་ཆེ་དེའི་ཞལ་སྒོ་ལས། །བདག་བློ་སྐལ་ལྡན་ཤིང་རྟས་ཉེར་དྲངས་མོད། །ཚུལ་འདིའི་ལག་ལེན་འཆོལ་བའི་ཤྭ་སྦུད་ཀྱིས། །དབང་བཞིའི་ཆུ་བོ་རྙོགས་དང་ལྷན་ཅིག་ཏུ། །སོམ་ཉིའི་རོལ་ཁུང་གསར་པ་མང་གཏོད་པའི། །རྩིང་ཆོས་གྱ་གྱུར་རྒྱུ་བའི་ཚུར་ལ་འཕྱར། །འདིར་འབད་དགེ་བས་སྒྲིབ་གསུམ་མུན་པའི་དཔུང་། །ཟ་བའི་ཉི་མ་སྟོབས་སུ་འཇོ་བ་དེས། །འགྲོ་བའི་ལས་ཉོན་འཐིབས་པོ་ཀུན་བསལ་ནས། །སྐུ་བཞིའི་སྣང་བ་མཆོག་ལ་སྤྱོད་གྱུར་ཅིག །ཅེས་པའང་རྣམ་འདྲེན་དམ་པ་འགྱུར་མེད་བློ་ལྡན་གྱིས་བསྐུལ་བ་དང་དུ་བླངས་ཏེ་རང་དང་སྐལ་མཉམ་བློ་དམན་འགའ་ལ་ཕན་པར་སྲིད་ན་སྙམས་པའི་ལྷག་བསམ་དག་པས་རྨོངས་བན་ཝཱ་གིནྡྲ་མ་ཏིས་མཚམས་སྦྱོར་རྣམས་བླ་མ་མཆོག་གི་སྩལ་བ་དང་དབང་བཤད་གཏེར་སྟོན་གྱིས་མཛད་པ་བཅས་གཞུང་དང་ལག་ལེན་ཁྲིགས་སུ་སྡེབས་པདགེ། །།

རྡོར་སེམས་ལས་མཐའ་རོ་སྲེག་ཉེས་ཀུན་དག་བྱེད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོར་སེམས་ལས་མཐའ་རོ་སྲེག་ཉེས་ཀུན་དག་བྱེད་ཡོད། ན་མོ་གུ་རུ་བཛྲ་ས་ཏྭ་ཡ། རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ནི། །གཅིག་ཏུ་བསྡུས་པ་ཁྱབ་བདག་རྡོ་རྗེ་སེམས། །དབྱེར་མེད་བླ་མ་སྐུ་བཞིའི་བདག་ཉིད་ཅན། །གུས་པས་འདུད་དོ་བྱིན་གྱིས་བརླབ་ཏུ་གསོལ། །འདིར་དཔལ་རྡོ་རྗེ་སེམས་དཔའི་ཆོས་བཀའ་འདི་ཉིད་ཀྱི་དབང་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བའི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། གཞན་དོན་དུ་ཕུང་པོ་བསྲེགས་ཏེ་སྡིག་སྒྲིབ་ཞི་བར་འདོད་པས། ཇི་སྐད་དུ། གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ས་རྒོད་རི་རྒོད་ཀླུ་གཉན་ས་བདག་སོགས༔ ལྷ་འདྲེ་གདུག་རྩུབ་ཀོ་ལོང་རགས་པའི་སར༔ སྲེག་སྦྱངས་རོ་ཡི་ཆོ་ག་སྤང་བར་བྱ༔ ཞེས་དེ་ལྟ་བུའི་རི་གཉན་སོགས་མ་ཡིན་པར་རྩ་བ་ལས། ས་གཞི་དུལ་དང་གནས་གཞི་གྲོང་བརྡལ་ཁྲོད༔ གཉུག་མར་གནས་པ་དཀར་ཕྱོགས་ཅན་གྱི་སར༔ ས་ཡི་ཆོ་ག་བརྟག་སྦྱངས་ལེགས་པར་སྒྲུབ༔ ཞེས་པ་བཞིན་རྒྱས་པར་ས་བརྟག་སྦྱངས་སོགས་སྒྲུབ་ཁོག་ཞིག་ནས་འབྱུང་བ་བཞིན་དང་། དེ་ལྟར་མ་ལྕོགས་ཤིང་ལོང་མེད་ཚེ། མདོར་བསྡུས་པར་བྱེད་ན། སྟེགས་གཙང་མའི་ཁར་རིན་པོ་ཆེའི་སྣོད་དུ། དཀར་གཏོར་རྒྱན་ལྡན་རིན་ཆེན་འབྲུ་སྨན་ཕུད་དང་བཅས་པ་ཆབ་ཀྱིས་སྦྲན་ལ། རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨཱོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ས་བདག་གནས་བདག་ཞིང་སྐྱོང་ཀླུ་ལ་སོགས་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་བཞུགས་པར་བསམས༔ ཨཱོཾ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར། ཨཱོཾ་ཨཱཿཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུ་པཎ་ན་ཏྭད་ཏ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ལན་གསུམ་གྱིས་བསྔོ། ཨཱོཾ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར། ཨཱོཾ་ཨརྒྷཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ༔ ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་མཆོད། དྲིལ་གསིལ་དང་བཅས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། རིག་པ་འཛིན་པ་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་ཏེ་རང་གནས་སུ་གཤེགས་པར་གྱུར་པར་བསམས་ལ་ས་བླང་། དེ་ནས་ལག་པ་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ། ཨཱོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་ཞིང་རྡོ་རྗེ་གསུམ་གྱིས་ས་ཡི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་གྱུར། ཅེས་དང་ཡི་གེ་བརྒྱ་པ་ཉེར་གཅིག་བཟླས་ཏེ། ཀུན་རྫོབ་ཀྱིས་སྦྱང་བ་དང་། ས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དུ་མོས་པར་གྱུར་པ་ནི་དོན་དམ་པའི་སྦྱང་བའོ། །རྩ་བ་ལས། འདོམ་གང་གྲུ་བཞི་དཀྱིལ་འཁོར་གཞུང་ལྟར་བྲིས༔ བུམ་པ་སྨན་རཀ་གཏོར་མ་སྟ་གོན་འགོད༔ དཀྱིལ་འཁོར་ཟུར་བཞིར་རྐང་སྟེགས་ཁྲུ་རེ་བཟོ༔ དེ་ལ་གདུང་བྲེས་གཡམ་པས་དྲ་ཕྱམ་བྱ༔ ཐོག་ཕུབ་རབ་ཏུ་མཁྲེགས་པར་བཟོས་པའི་སྟེང་༔ དེ་ཡི་དབུས་སུ་སྲེག་ཁང་ཕ་གུས་བརྩིགས༔ ནང་ཁོང་ཟླུམ་པོ་དབུས་ནི་གྲུ་གསུམ་བཅད༔ དབྱིབས་ནི་མཆོད་རྟེན་དག་གི་རྣམ་པར་བྱ༔ གསུངས་པ་ལྟར་ཐབ་སྟེགས་གྲུ་བཞི་པ། དྲི་བཟང་དང་བ་བྱུང་གིས་བྱུག་པའི་ཁར། ཚངས་ཟུར་གྱི་ཐིག་གདབ། མཐེབ་སྲིན་གྱིས་ཐིག་སྐུད་བཟུང་ནས་གྲུ་མོའི་རྩེར་འཐེན་པ་དེའི་ཕྱེད་ཁྲུ་ཕྱེད་དུ་བྱས་ནས། དབུས་ནས་ཟླུམ་པོར་བསྐོར་བའི་ཕྱི་ནས་སོར་བཞི་བསྐོར། ཡང་དེའི་རྒྱབ་སོར་བཞི་བསྐོར། དེ་རྒྱབ་ཕྱོགས་བཞིའི་ཟླུམ་པོའི་ཕྱི་ནས་སོར་གཉིས། དེའི་སྟེང་ནས་ཟུར་བཞིར་ཐིག་སྐུད་འཐེན་ནས་གྲུ་བཞིར་གདབ། གྲ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ་རྡོ་རྗེ་ནང་དུ་ཕྱོགས་པར་བྱ། དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་དཀར་པོ་སོར་བརྒྱད་པས་མཚན་པ་དང་། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲི། ཚོན་ཐམས་ཅད་དཀར་པོ་ལ་དམར་པོ་དང་སྔོན་པོས་བཅད་བྱས་པའམ། ཡང་ན་ཕྱོགས་བཞིའི་པད་འདབ་ཕྱོགས་མདོག །མཚམས་བཞི་མཛེས་ཚོན། རྡོ་རྗེའི་ཕྲེང་བ་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོ་བཞིའམ་བརྒྱད་ལ་སོགས་པ་འགོད། སྟེགས་བུར་འདྲི་དཀའ་བར་བྱུང་ན་དར་རམ་ཤོག་བུར་བྲིས་ནས་སྟེགས་བུར་བཀབས་པས་དགོས་དོན་འགྲུབ་ཅིང་། རྩ་བར་ཐོག་འབུབ་པར་གསུངས་པས་དེ་བཞིན་བྱ་ཞིང་འགྲུབ་དཀའ་ན་དཀྱིལ་འཁོར་གང་ལ་བྲིས་ཀྱང་དེ་སྟེང་གོས་དར་ལ་སོགས་པས་ཞལ་ཁེབས་བྱས་པའི་ཐབ་ཀྱི་མཐའ་ནས་པུར་ཁང་གྲུ་བཞིར་རྒྱར་ཁྲུ་དོ། དཔང་སུ་མཐོ་གང་སོགས་ཕ་གུ་དང་། རྡོ་ལ་སོགས་པས་ཇི་ཙམ་མཚམས་པ། དེ་སྟེང་མཆོག་གི་བླ་མ་ཆོས་འབྲེལ་ཡོད་པར་སེང་ཁྲི། བ་གམ། བུམ་པ་བྲེ། ཆོས་འཁོར་གདུགས་སོགས་མཆོད་རྟེན་ལྟ་བུ། རབ་བྱུང་ལ་དབྱིབས་མཆོད་རྟེན་དཀར་པོ། རྒྱལ་པོ་ལ་སྔོན་པོ་གཙུག་ཏོར་ལྟ་བུ། དགེ་བསྙེན་ལ་དམར་པོ་པདྨ་ཁ་སྦྱར་བའི་དབྱིབས། བློན་པོ་ལ་དཀར་པོ་ཟ་མ་ཏོག་ལྟ་བུ། ཕལ་པ་ལ་གྲུ་བཞི་བ་ཁ་ཁྱེར་ཅན། ཐ་མལ་པ་ཕོ་ལ་སེར་སྐྱ་གདན་ཁྲི་ལྟ་བུ། མོ་ལ་སྔོ་སྐྱ་བིལ་འབྲས་ལྟ་བུ། བྱིས་པར་དམར་སེར་ལྷུང་བཟེད་ལྟ་བུ། ཡང་ན་སྤྱི་རུ་མྱང་འདས་མཆོད་རྟེན་ལྟ་བུ་གང་འགྲུབ་བྱེད། ཕྱོགས་རེར་སྒོ་ཆུང་རེ་རླུང་སྒོ་ལྟ་བུ་འཇོག་པའམ་ཡང་ན་མདུན་ངོས་སུ་བུད་ཤིང་འཇུག་པའི་བུ་ག་ཆེ་བ་དེས་ཀྱང་ཡོང་མོད། སྙིང་གའི་ཐད་དུ་རྫས་འབུལ་བའི་བུག་པ་དང་སྟེང་ཕྱོགས་སུ་དུད་ཁུང་བཞག །ཕྱིར་མི་འགྱེལ་བའི་ཐབས་སུ་དྲེས་མའམ་ཐག་པ་ལྟ་བུས་བསྡོམས་ཤིང་ཞལ་བ་བྱས་པའི་ཕྱི་ངོས་སུ་མདོག་སོ་སོའམ། དཀར་རྩི་བྱུག །མཆོག་གི་པུར་ཁང་ལ་ཕྱོགས་བཞིར་རྒྱལ་མཚན་ལོགས་བཞིར་བ་དན་འཕན་ལ་སོགས་པར་མཛེས་པར་བྱ། རྩ་བ་ལས། གྲུ་གསུམ་ནང་དུ་ཙན་དན་རྒྱ་ཤུག་ཤིང་༔ ཕྱི་མ་འདོམ་གང་བར་མ་མདའ་རེ་ལ༔ ནང་མ་ཁྲུ་རེ་རབ་ཏུ་བརྩིགས་མཁས་བྱ༔ མེ་སྒོ་སྲེག་རྫས་འབུལ་བའི་བུ་ག་དང་༔ ཕྱོགས་ཕྱོགས་རླུང་གི་གསེང་རྣམས་བཞག་པར་བྱ༔ ཞེས་དང་། བྱང་ཆོག་གཞུང་ནས་འབྱུང་བ་བཞིན། གནས་འདྲེན་སོགས་ལམ་བསྟན་ཡན་སོང་ནས༔ རོ་མལ་ནས་ཕྱུངས་ཏེ། བགེགས་གཏོར་བཏང་དྲག་སྔགས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་ཅིང་གཤེད་ཕྲལ། རྣམ་ཤེས་འགུགས། །ཁྲུས་ཀྱིས་བཀྲུ། སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབ། ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཧེ་ཏུན་ཧཱུྃ་ཕཊ༔ ཨཱོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ དྲི་བཟང་གིས་བྱུག །རས་མར་ཁུས་སྦགས་པས་དྲིལ། སྟོད་གཡོགས་སྨད་གཡོགས་དཀྲིས་བཏགས་གྲོལ་རྫས་ལྡན་གནས་ཡིག་སོགས་རྒྱས་པར་བྱ༔ མ་འབྱོར་ན་བསྡུས་པར་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། མིག་གཉིས་སུ་ཀྵིཾ་ཀྵིཾ། རྣ་བ་གཉིས་སུ་ཛིཾ་ཛིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾལྟེ་བར་སཾ། སྙིང་གར་ཡིག་བརྒྱ་དང་། བཏགས་གྲོལ་རྫས་ལྡན། གསེར་དངུལ་མཚལ་སྣག་ཚ་དྲི་བཟང་སོགས་ཀྱིས་ལཉྩ། ཝརྟུ་དབུ་ཆེན་སོགས་འབྱོར་བ་དང་བསྟུན་པར་གནས་སོ་སོར་འགོད་ཅིང་། ཐབ་ཀྱི་ནང་དུ་ཅུང་ཟད་རྒུ་བར་བཞག་པའི་མདུན་ངོས་སུ། ཤུག་པ་སོགས་ཤིང་ཕྲ་བ་དང་། རྒྱབ་རྣམས་སུ་སྦོམ་པས་གཅེར་ཞིང་རོ་དང་པུར་ཁང་གི་བར་སྟོང་པར་མ་སོང་ཞིང་། ནང་དམ་ན་འབར་བར་མྱུར་ཞིང་། འོག་ཏུ་ལྕགས་སྒྱེད་སོགས་ཡོད་ན་དང་དེ་མིན་རྐང་སྟེགས་རྡོ་ཆུང་ངུ་དཔངས་སུ་མཐོ་གང་མཐའ་སྐོར་གཉིས་དང་། མཇུག་སྟེགས་ལྕགས་སམ་རྡོ་མདུང་མེ་ཐུབ་པ་དང་། ལག་འོག་མཆན་ཁུང་དུ་རྡོ་ལྕགས་ནར་མོ་སོགས་ཀྱིས་དམ་པར་བྱས། དམུ་ཆུ་དང་ཚོན་པོའི་ཞུན། རྒས་འཁོག་དར་མ་རྒུན་ཤིའི་རྒྱུས་པ་དང་བྲལ་བ་སོགས། ཚིག་དཀའ་བར་འོག་ཏུ་མར་ནག་གམ་མར་ཁུ་ཚིག་མ་དང་། བུད་ཤིང་མར་ཁུས་སྦགས་པ་སོགས་བྱས་ན་སླ་བར་བཤད། རིང་བསྲེལ་སོགས་འབྱོན་པའི་རིགས་ལ་སྡེ་བརྒྱད་སྒྲིབ་ཤིང་དང་། སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་འཇོག་པ་དང་། སྔོན་དུ་དམ་སེལ་ཡོད་པའི་རིགས་དང་སྡིག་ཅན་སོགས་མི་མང་བར་མི་བྱ་ཞིང་། བསྲེག་ཚོད་རན་པ་དང་། གསང་བ་ལྟ་བུ་བྱེད་ཅིང་། མཆོག་གི་གདུང་ཡང་དག་པའི་བླ་མ་དམ་པ་ཡིན་ན་དྲི་བཟང་གི་བུམ་ཆུས་བཀྲུ་ཞིང་ཕྱི་བ་དང་དྲི་བཟང་གིས་ཁྱབ་པར་བྱུག་ཅིང་། རས་དཀར་དྲི་བཟང་དང་མར་ཁུ་དྲངས་པས་དཀྲི། གནས་ཡིག་དང་ཡིག་བརྒྱ་བཏགས་གྲོལ་འགོད་རྗེས་ཆོས་གོས་དང་དབུ་རྒྱན་སོགས་ཀྱིས་བརྒྱན་ཅིང་ཁྲིའི་སྟེང་དུ་བཞག་ནས། གདུང་དེ་ཉིད་རྡོར་སེམས་གཙོ་རྐྱང་དུ་བསྐྱེད། སྤྱན་འདྲེན་མཆོད་བསྟོད་སོགས་སོང་རྗེས། པུར་ལ་གཟུངས་ཐག་བཏགས་ནས་ཡིག་བརྒྱ་སོགས་བཟླ་ཞིང་། དེ་ནས་སློབ་དཔོན་རྡོར་དྲིལ་འཛིན་པས་སྣ་དྲངས་ཏེ་རོལ་མོ་མཆོད་པ་དང་བཅས་པས་གདན་དྲངས་ཤིང་། ཐབ་ནང་དུ་བཞུགས་པའི་ཐུགས་ཀར་གཙོ་རྐྱང་ངམ་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ལ་པུར་གྱི་ཡེ་ཤེས་པ་དང་གཅིག་ཏུ་བསྲེས་ལ་མཆོད་བསྟོད་བཟླས་པ་བྱ། དེ་ནས། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀ་ཆོས་ཀྱི་དབྱིངས་སུ་གཤེགས་གསོལ་བྱེད། དེ་ལྟར་མ་བྱས་ནས་པུར་བཞུས་ན་ཉེ་བའི་མཚམས་མེད་དུ་འགྱུར་ཉེན་ཆེ། མཆོག་ལ་གནས་འདྲེན་ལམ་བསྟན་སྦྱང་སོགས་མི་དགོས་ཤིང་མེ་དང་པུར་དང་བླ་མ་དཀྱིལ་འཁོར་གྱི་ལྷ་དང་ཐ་མི་དད་པར་དད་གུས་ཀྱི་སྒོ་ནས་རྗེས་འཇུག་གི་འགྲོ་བ་ཚོགས་རྫོགས་པའི་ཕྱིར་དུ་སྲེག་རྫས་རྣམས་མཆོད་པའི་ཚུལ་དུ་ཕུལ་བས་ཆོག །དེ་ཙམ་མ་ཡིན་པའི་བླ་མ་དགེ་བཤེས་ལ་སོགས་པ་རྣམས་ལ་ནི། ཕུང་པོ་དེ་ཉིད་བུད་ཤིང་དང་སྲེགས་རྫས་ཀྱི་ཚུལ་དང་། རྣམ་པར་ཤེས་པའི་ངོ་བོ་རེ་ཞིག་ཏིང་ངེ་འཛིན་གྱིས་བཀུག་ནས། དེ་ཉིད་དཀྱིལ་འཁོར་གྱི་ལྷར་མོས་ལ་སྦྱིན་སྲེག་བྱས་པས་ཕན་ཆེ། གང་ཟག་མཆོག་གི་གདུང་ཡིན་ངེས་མ་གཏོགས་གང་རུང་ལ་ཆེ་དྲེགས་ཀྱིས་མཆོག་གི་གདུང་ལྟར་མི་རུང་ངོ་། །ཐ་མལ་པ་རྣམས་ལ་བདག་བསྐྱེད་དང་མེ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཚེ་འདས་ཀྱི་རྣམ་ཤེས་དང་སྡིག་སྒྲིབ་བཀུག་སྟེ། རྣམ་ཤེས་རང་གི་མདུན་དུ་དཀྱིལ་འཁོར་ལ་ཕྱོགས་ཏེ་འཁོད་ཅིང་། སྡིག་སྒྲིབ་སྲེག་རྫས་དང་རོ་ལ་ཐིམ་ནས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ། གསང་གནས་རྐང་མཐིལ་རྣམས་སུ། ཨ་དཀར། སུ་ལྗང་། ནྲི་སྔོ་སྐྱ། ཏྲི་དམར་ནག །པྲེ་སེར་སྐྱ། དུ་ནག་པོ་རྣམས་འགྲོ་དྲུག་ཏུ་སྐྱེ་བའི་ལས་ཉོན་བག་ཆགས་དང་བཅས་པ་རྣམས་ཡེ་ཤེས་ཀྱི་མེས་དག་པར་བསམ་ཞིང་ཕུང་པོ་མཉམ་དུ་བུད་ཤིང་དང་སྲེག་རྫས་ཀྱི་ཚུལ་དུ་སྲེག་པར་བྱེད་དོ། །བདག་དང་ལྷ་མཆོད་རྫས་མེ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས། དམིགས་ཡུལ་ལ་ཐིམ་པས། དེའི་སྡིག་སྒྲིབ་ཉེས་པ་རྣམས་སེལ་བར་བསམ་མོ། །སློབ་དཔོན་གྱིས་ཇི་ལྟར་འཚམས་པར་བདག་བསྐྱེད་ཀྱི་མཆོད་གཏོར་དང་། གཡོན་དུ་མདུན་བསྐྱེད་མེ་ལྷ་དང་ཡེ་ཤེས་པའི་མཆོད་པ་གཏོར་མ་རྣམས་ཚར་གཉིས། གཡས་སུ་སྲེག་རྫས་ཡམ་ཤིང་། མར་ཁུ། ཏིལ་ནག །ཞོ་ཟན། འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ །རིན་པོ་ཆེ། སྨན་སྣ། དར་སྣ། སྤོས། དྲི་བཟང་། ཡུངས་དཀར་སོགས་ཐམས་ཅད་ཚང་ཞིང་། གཙང་བ་རྣམ་པར་དག་པ་དང་ཁྱད་པར་མར་ཁུ། ཏིལ་ནག་མང་བར་དགོས། གཞན་རྣམས་འབྱོར་བ་དང་བསྟུན། མདུན་དུ་རྡོར་དྲིལ་ལས་བུམ། ནང་མཆོད། དགང་བླུགས་རྣམས་བཤམས། གཞན་ཡང་རླུང་གཡབ། བུད་ཤིང་། ཐབ་ལ་འགོད་རྒྱུའི་ཀུ་ཤ །ཡམ་ཤིང་ལ་དྲི་བཟང་དང་སྦྲང་རྩིས་བྱུག །རྫས་གཞན་རྣམས་ལ། འོ་མ་ཛཱ་ཏི། གུར་གུམ། ཙན་དན་དཀར་པོ་སོགས་ཀྱི་ཕྱེ་མ་བཏབ་པའི་དྲི་བཟང་གིས་ཁྱབ་པར་བྲན། སྔོན་འགྲོ་ནས་བཟུང་བདག་བསྐྱེད་རྫོགས་པར་བསྒོམ་ཞིང་། ཉེ་སྙིང་ཡིག་བརྒྱ་སོགས་གང་མང་བཟླ་ཞིང་མཐར་མཆོད་བསྟོད་བསྡུས་པ་བྱ། ལས་བུམ་ནང་དུ་དྲི་བཟང་གི་ཆུ་དང་བཅས་པ་འགོད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི། སྤྱི་བོར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨཱོཾ་ཨརྒྷཾ་སོགས་ཀྱིས་མཆོད། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་མཚལ་བསྟོད། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད། སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླ་ཞིང་། མཐར། ཁྲོ་བོ་བདུད་རྩི་འཁྱིལ་བས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་གསོལ་བ་བཏབ་པས་ཁྲོ་བོ་གདན་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་འབག་བཙོགས་ཉེས་སྐྱོན་མཐའ་དག་ཞི་ཞིང་འཕྲིན་ལས་གང་འདོད་འབྱུང་བའི་མཐུ་དང་ལྡན་པར་གྱུར། ནང་མཆོད་ལ། སརྦ་པཉྩ་ཨ་མྲྀ་ཏའི་སྔགས་ཉེར་གཅིག་གིས་བདུད་རྩིར་བྱིན་རླབས་བྱ་བ་རྣམས་གོང་དུ་གྲུབ་པར་བྱས་ནས། པུར་ཁང་སློབ་དཔོན་ཉེ་བའམ། རིང་ན་རྫས་རྣམས་མཆོད་གཡོག་པས་འབུལ་བ་སོགས་སྟབས་དང་མཐུན་པར་བྱེད་ཅིང་། གཞན་དག་དགེ་བའི་རྒྱབ་དཔུང་དཀོན་མཆོག་ལ་མཆོད་པ། དམུ་ལྟོ་བར་སྦྱིན་གཏོང་བྱིས་པར་ཟན་འགྱེད། རྒྱལ་བའི་བཀའ་སྒྲོགས་པ། ན་རག་བསྐང་བཤགས། ཐོས་གྲོལ་དང་། བཏགས་གྲོལ་འདོན་པ་སོགས་དགེ་བའི་རིགས་གང་འགྲུབ་རྣམས་འདི་སྐབས་བྱུང་ན་ཕན་པ་ཆེ་བར་བཤད་པས་གང་འགྲུབ་བྱེད་ཅིང་། ལར་ཤི་ནས་ཞག་ཕྱེད་དང་བཞི་མ་སོང་བར། བསྲེག་པ་བསྐྱེལ་བ་ཆུར་དོར་བ་སོགས་མི་རུང་བས་དེ་བཞིན་བྱ་དགོས། དེ་ནས་དངོས་གཞི་ལ་སློབ་དཔོན་རྣམས་ཆས་གོས་དཀར་པོ་དང་རིགས་ལྔ་དར་དཔྱངས་སོགས་ཀྱིས་བརྒྱན་ཅིང་། འཇམ་པའི་སྟན་ལ། བྱིན་པ་གཡས་པར་བྱིན་པ་གཡོན་པ་བཞག་ནས་པུས་མོ་གཉིས་སྨད་པ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་ཏེ་འཁོད་ནས། འདི་ནས་བཟུང་སྟེ་མཇུག་མ་རྫོགས་ཀྱི་བར་ལག་པ་རྡོར་དྲིལ་དང་མ་བྲལ་བ། ངག་ཆོ་གའི་ཚིག་དང་མ་བྲལ་བ། སེམས་བསྐྱེད་པའི་རིམ་པ་དང་མ་བྲལ་བར་བཟའ་བཏུང་དང་སྨྲ་བ་གཞན་བཅད་དེ། བྱམས་པ་དང་སྙིང་རྗེའི་སེམས་དང་། སྦྱིན་སྲེག་གི་འཁོར་གསུམ་ཐམས་ཅད་དེ་ཁོ་ནར་ཅི་ཡང་མ་གྲུབ་པར་ངེས་པ་བསྐྱེད་དེ། བདག་དང་། ལྷ་དང་། མཆོད་སྦྱིན་གྱི་རྫས་དང་ཐབ་དང་དགང་བླུགས་ལ་སོགས་པ་རྣམས་སྒྱུ་མ་ལྟར་ཤར་བའི་ངང་ནས་སྦྱིན་སྲེག་བྱེད་པར་གལ་ཆེ་བར་གསུངས་པས། ཡང་ཡང་དེའི་དྲན་པ་གསོ་ཞིང་། ཆོ་ག་ལ་འཇུག་པར་བྱའོ། །རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ། ཨཱོཾ་མ་ཧཱ་བཛྲ་ཧཱུྃ༔ གིས་རྡོ་རྗེ་གསོར། ཨཱོཾ་བཛྲ་གྷནྜེ་ཧཱུྃ་གིས་དྲིལ་བུ་གསིལ། མཆོད་རྫས་བྱིན་གྱིས་བརླབ་པ་ནི་ལས་བུམ་གྱི་ཆུས་བསང་། བདུད་རྩིས་བྲན་ལ། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨཱོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་རིན་པོ་ཆེ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ། འདོད་ཡོན་ལྔ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་གང་བར་གྱུར། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། པ་དྱཾ༴པུཥྤེ༴དྷཱུ་པེ༴ཨཱ་ལོ་ཀེ༴གྷནྡྷེ༴ནཻ་ཝི་ཏྱེ༴ཤཔྟ་ཨཱཿཧཱུྃ༔ སྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུ། ཡམ་ཤིང་ལ། ཨཱོཾ་ཨཱཿསྭཱ་ཧཱ༔ ཞུན་མར་ལ། ཨཱོཾ་ཤྲིཾ་སྭཱ་ཧཱ༔ འབྲུ་རྣམས་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ རྫས་གཞན་རྣམས་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་སྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཨཱོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། དཔལ་འབར་རམ་དུ་བ་མེད་པའི་མེ། ལས་བུམ་གྱི་ཆུས་བསངས་ནས་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུྃ༔ རང་བྱུང་ཡེ་ཤེས་ལྔ་དང་ལྡན་པའི་མེས༔ མ་རིག་ཉོན་མོངས་བག་ཆགས་བུད་ཤིང་བསྲེག༔ སྐུ་ལྔ་ཡེ་ཤེས་རྣམ་པ་ལྔར་སྨིན་ཏེ༔ སེམས་ཅན་རྣམ་རྟོག་ཆོས་སྐུར་གསལ་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ་སྭཱ་ཧཱ༔ ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་བླུགས་གཟར་གྱི་མར་ཁུའི་ཐིགས་པས་གསོ། ཨཱོཾ་བཛྲ་ས་ཏྭ་ཨཱ༔ ཞེས་བཟླས་པའི་ཀུ་ཤ །ཨཱོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལ་སྐྱེས་པ་འདབ་མའི་སྙིང་། །བདག་གི་གེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ༔ ཞེས་པས་ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་སྒྲུབ་པོའི་གཡོན་ཐབ་ཀྱི་གཡས་སུ་རྩ་བ་ཐབ་ཀྱི་མདུན་དང་རྩེ་མོ་རྒྱབ་ཏུ་བསྟན་པ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་རྩེ་མོ་ཕྱོགས་པར། སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་བཀྲམ། ཐབ་དབུས་སུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུས་ཧ་ཅང་མི་རིང་བར་གཡོགས་པར་བྱའོ། །ལས་བུམ་གྱི་ཆུས་ཐབ་གཡས་སྐོར་དུ་བསང་། ཨཱོཾ་བཛྲ་ཨ་མྲྀ་ཏ་སོགས། ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ། མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རམ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་པ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ༔ ཧཱུྃ་གིས་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཨཱོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་ཨགྣེ་ཡེ་ཨ་ཀཪྵ་ཡ་ཛ༔ ཞེས་པས་སྤྱན་དྲངས། ལས་བུམ་གྱི་ཆུ་འཐོར་ཞིང་། ལས་སྔགས་བརྗོད་པས་ཕྱི་འབྲང་གི་བགེགས་བསྐྲད། ཨཱོཾ་ཨགྣཱེ་ཡེ་དཱེ་ཝ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱས་མཆོད་ཡོན་དང་། པཱ་ཏྱཾ། ཞེས་ཞབས་བསིལ་ཕུལ། ཨཱོཾ་ཨགྣཱེ་ཡེ་ས་མ་ཡ་སྟཱཾ། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར་པར་བསམས་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་དང་། མར་ཁུ་བླུག་གཟར་བདུན་གྱིས་དགངས་པའི་དགང་གཟར་གྱི་ཟག་མཆུ་ལས་བབ་པའི་མར་ཁུ་བདུད་རྩིའི་དྭངས་མ་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་བི་ཤུདྡྷ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱོཾ་ཨགྣཱེ་ཡེ་སརྦ་པཱ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། མ་མ་སརྦ་ཀརྨ་ཨ་ཝ་ར་ན་བི་ཤུདྡྷོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་དུ་འབུལ། ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་པྲ་བརྟག །ཨཱོཾ་ཨགྣཱེ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨཱོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་སྲེག་རྫས་རྣམས་རིམ་པ་བཞིན་འབུལ་བ་ལས། ཡམ་ཤིང་ལ། ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞོ་ཟན། ཨཱོཾ་སརྦ་སམ་བྷ་དེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། འབྲས། ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ༴སོ་བ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ནས། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ། ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ལ། ཨཱོཾ་བཛྲ་གྷསྨ་རི་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། དཱུརྦ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འབུལ། གཞན་ཡང་སྲེག་རྫས་ཅི་འབྱོར་བ་འབྲུ་སྣ་ལ་སོགས་ཐམས་ཅད་ལ། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། རྫས་རྣམས་ལན་བདུན་རེ་འབུལ། དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ལ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་སྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཨཱོཾ་བཛྲ་ཛྭ་ལ་རཾ་གྱིས། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། སྔ་མ་བཞིན་དུ། ལས་བུམ་གྱི་ཆུས་མེ་བསངས་ཏེ། ཨཱོཾ་ཨཱཿཧཱུྃ་ཕྱི་ནང་གསང་བའི་མཆོད་རྫས་རྣམས། ཞེས་སོགས་ཀྱིས་དཀྱིིལ་འཁོར་ལྷའི་མཆོད་པ་བྱིན་བརླབ་བྱ། བདུད་རྩི་འཐོར། དེ་ནས། ཧཱུྃ། རབ་འབར་མེ་ཡི་དབུས་ཉིད་དུ། །བྷྲཱུཾ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་༔ ཞེས་པ་ནས། ཕ་རོལ་ཕྱིན་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་ཚང་བར་བརྗོད་ནས། དེ་ནས། རང་ཉིད་རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ ཞལ་ནས་ཡི་གེ་བརྒྱ་པའི་གཟུངས་བཟླས་པས༔ འོད་ཀྱི་ཕྲེང་བ་གཟུངས་ཐག་ཕུང་པོར་འཕྲོས༔ ཕུང་པོའི་གནས་ཡིག་ཐུགས་ཀའི་བཏགས་གྲོལ་ལས༔ སྔགས་འབྲུ་རང་གྲགས་འོད་ཀྱིས་འཁོར་འདས་ཁྱབ༔ འགྲོ་དྲུག་སེམས་ཅན་ལས་ཀྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་མཐུ་སྟོབས་བསྡུས༔ ཡེ་ཤེས་ལྔ་ཡི་རང་བཞིན་མེ་རུ་འབར༔ ཚེ་ལས་འདས་པའི་འཁོར་བ་ཐོག་མེད་ནས༔ བསགས་པའི་སྒྲིབ་གཉིས་བག་ཆགས་བཅས་པ་རྣམས༔ རབ་ཏུ་བསྲེག་ཅིང་རྣམ་པར་སྦྱོང་བ་ཡི༔ མ་ཡེངས་ཏིང་འཛིན་ངང་ནས་བཟླས་པ་བྱ། རིགས་ལྔའི་ཡིག་བརྒྱ་བདུན་རེ་བརྗོད་ཅིང་༔ མཆོད་བསྟོད་བསྡུས་པ་ཞིག་བྱ། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཞེས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བ་ཁ་སྦྱར་བ་ལན་གསུམ་དུ་འབུལ་ཞིང་། ཨཱོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡཱ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ་སུཙྪ་མེ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཨཱོཾ་བཛྲ་ས་ཏྭ་ཨཱཿསརྦ་པཱ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་སརྦ་ཀརྨ་ཨ་ཝ་ར་ན་བི་ཤུདྡྷེ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཡམ་ཤིང་ལ༔ ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། འགྲེས་ཤེས་པར་བྱའོ། །ཏིལ་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཞོ་ཟན་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། འབྲས་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། སོ་བ་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ནས་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། སྲན་མ་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། གྲོ་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། དཱུརྦ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཀུ་ཤ་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། འབྲུ་སྣ་དར་སྣ་སྨན་སྣ་སོགས་ལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། རྫས་སྔགས་སྤེལ་ཚིག་དང་བཅས་པ་རྣམས་ཉེར་གཅིག །ལྔ་བཅུ་བརྒྱ་རྩ་སོགས་རྒྱས་བསྡུས་ཕུང་པོ་ཚིག་ཚོད་དང་སྦྱར་ནས་ཤེས་པར་བྱ་ཞིང་ཡུངས་ཀར་ཐབ་ཏུ་འབུལ་ལ། ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས། ཡིག་བརྒྱ་བརྗོད། ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། དེ་ནས་དགང་བླུགས་གསུམ་གོང་བཞིན་འབུལ། གཏང་རག་ཏུ། ཨཱོཾ་བཛྲ་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ༔ དེ་བཞིན་དུ། པཱདྱཾ། པཥྤེ། དྷུ་པེ། ཨཱ་ལོ་ཀེགྷན་དྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱཿཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཏེ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ མཁྱེན་བརྩེ་བླ་མེད་འགྲོ་བའི་མགོན༔ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ༔ ཡིག་བརྒྱ་བརྗོད་ཅིང་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བླུགས་གཟར་གྱི་མར་ཁུ་དགང་། ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ་དགང་བླུགས་ལན་གསུམ་ཕུལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ ཡམ་ཤིང་ལ། ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞོ་ཟན་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ལ། ཨཱོཾ་བཛྲ་པུཥྟ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ་ལ། ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་སྣ་སྨན་སྣ་ལ་སོགས་ཐམས་ཅད་ལ། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ རྫས་སྔགས་རྣམས་ལན་གསུམ་གྱི་ཕུལ་རྗེས། ཨཱོཾ་ཨགྣཱེ་ཡེ་ཨརྒྷཾ་ནས། ཤཔྟའི་བར་མཆོད། ཨཱོཾ་ཨགྣཱེ་ཡེ་ཨཱོཾ་ཨ་ཀཱ་རོ་མུ་ཁམ་སརྦ་དྷརྨ་ཎཾ། ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གཏོར་མ་འབུལ་ལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྡིག་སྒྲིབ་ཞི་བའི་འཕྲིན་ལས་མཛོད། །ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས། །བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་སྤྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨཱོཾ་ཨགྣཱེ་ཡེ་གཙྪ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། རྩ་བ་ལས། དེ་ལྟར་བརྩམས་པས་གང་ཟག་རབ་ཡིན་ན༔ ཐུགས་དགོངས་རྫོགས་ཤིང་ཡེ་ཤེས་མངོན་དུ་བྱེད༔ ཕལ་པ་མ་དག་འགྲོ་བ་གང་ཡིན་ཀྱང་༔ ལས་ཀྱི་བག་ཆགས་སྒྲིབ་པའི་ཚོགས་རྣམས་བྱང་༔ ཞེས་གསུངས། མཆོག་གི་གདུང་ལ། བསྙེན་པའི་དུས་སུ། འོད་ཀྱི་འཕྲེང་བ་གཟུངས་ཀྱི་ཐག་པར་བརྒྱུད༔ གདུང་གི་གནས་ཡིག་ཐུགས་ཀའི་བཏགས་གྲོལ་ལས༔ སྔགས་འབྲུ་རང་གྲགས་སོགས་དང་། སེམས་ཅན་རྣམས་ཀྱི་འཁོར་བ་ཐོག་མེད་ནས༔ ཞེས་པ་རྣམས་འགྲེས་ཤེས་པར་བྱ་ཞིང་། ཆོས་འབྲེལ་མེད་པའི་མི་ཞིག་གིས་ཞབས་ཏོག་གི་ཚུལ་དུ་མེ་སྦར་ལ། དཔལ་ལྡན་བླ་མ་དགོངས་སུ་གསོལ། ཞེས་པས་མགོ་དྲངས་དགོས། དགང་བླུགས་ཕུལ་བའི་མཇུག །འཕྲིན་ལས་གསོལ་སྐབས། དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། རྫས་རྣམས་འབུལ་སྐབས། ཡམ་ཤིང་། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་འབྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཏིལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་སྡིག་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞོ་ཟན། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། འབྲས། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། སོ་བ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ནས། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། གྲོ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། དཱུརྦ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ །ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་རྣམས་དང་། ཁྱད་པར་བསྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཡུངས་དཀར་ཐབ་ཏུ་འབུལ་སྐབས་དྲང་སྲོང་ཆེན་པོ་སོགས་ནས། མེར་བྱིན་གྱིས་བརླབས་ཏེ། དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་མི་མཐུན་པའི་ཚོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་མེ་ལྷ་འདས་ལྷ་སོ་སོར་བྱ་དགོས་ཤིང་འདས་ལྷའི་སྐབས་དྲང་སྲོང་ཆེན་པོ་སོགས་མི་དགོས་སོ། །འདས་ལྷའི་དུས་སུ་ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ རྫས་སྔགས་ཀྱི་གོང་དུ་རིགས་འགྲེས་སོ། །གཞན་ཡང་ཆོས་འབྲེལ་མེད་པའི་བླ་མར། དགེ་བའི་བཤེས་གཉེན་དམ་པ་ཞེས་དང་། རྟོགས་པ་མངོན་དུ་གྱུར་པ་ལ། གྲུབ་པའི་དབང་ཕྱུག་དམ་པ་ཞེས་དང་། བླ་མ་བྱིང་ལ་ཡོངས་འཛིན་དམ་པ་ཞེས་དང་། དཔོན་རིགས་ལ། དཔོན་ཆེན་དམ་པ་ཞེས་དང་། ཕལ་བར། ཚེ་འདས་སོགས་རྫས་འབུལ་དུས་སོ་སོར་སྦྱར་ཤེས་པར་བྱའོ། །མཆོག་གི་གདུང་ལ། སྦྱིན་སྲེག་གྲུབ་ནས། དྲི་བཟང་ཆུས་མེ་གཞིལ་ཏེ། སྟེང་འོག་བར་གསུམ་གྱི་བུག་པ་རྣམས་ལ་རྡོ་རྗེ་རྒྱ་གྲམ་རེ་རེ་དང་། ཕྱོགས་བཞིར་རྒྱལ་ཆེན་བཞིའི་གཟུགས་དང་བཅས་པས་བསྡམས། ཉི་མ་གསུམ་མམ་བདུན་ལ་སོགས་པར་མཆོད་པ་དང་ཁྲུས་གསོལ་སོགས་བྱེད་ཅིང་། ལར་སྦྱིན་སྲེག་གི་སྐབས་དང་མཇུག་རྣམས་སུ་ཕྱག་སྐོར་གསོལ་འདེབས་ལ་སོགས་བྱེད་ཅིང་། བྱིན་རླབས་རྟེན་རྣམས་འབྱོན་པའི་རིགས་ལ་བྱིན་འབེབས་སོགས་བྱེད། དེ་ནས་པུར་ཁང་ཕྱེ་ནས། གདུང་རུས་ལ་རྟེན་བཞེངས་ལ་སོགས་བྱེད་པ་དང་། ཐལ་སོལ་ས་རྡོ་རྣམས་ལམ་གྱི་བཞི་མདོ་ལ་སོགས་པར་མཆོད་རྟེན་བྱའོ། །ཚུལ་འདི་ནི་གང་ཟག་མཆོག་ཡིན་ངེས་ལ་བྱ་ཡི། ཕལ་པ་ལོངས་སྤྱོད་འཁོར་འབངས་དང་སྙན་གྲགས་ཙམ་ལ་བརྟེན་ནས། དམ་པ་མཆོག་ཏུ་རློམ་པ་ལ་ནི་འདི་ལས་སྦྱོང་ཚུལ་སྔ་མ་ཉིད་ཀྱིས་རྣམ་སྨིན་ལ་ཕན་པར་སེམས་སོ། །དེང་སང་གང་ཟག་ཕལ་པ་བླུན་དད་ཀྱིས་མཆོག་གི་བྱ་བ་བྱེད་པ་ནི་སྒྲིབ་པའི་གཉེན་པོ་ཡང་སྒྲིབ་པ་ཉིད་དུ་འགྱུར་རོ། །དེ་ལྟར་ལྷ་ཡེ་ཤེས་པ་གཤེགས་སྐབས་སྐྱེས་ཆེན་དམ་པ་རྣམས་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་གཤེགས་གསོལ་གྱི་སྐབས། འོག་མིན་ཆོས་དབྱིངས་ལ་སོགས་པར་འབྱོན་བཞིན་ལ་ཐུགས་དམ་གསལ་འདེབས་སུ་འགྱུར་བ་དང་། དེ་མིན་རྣམས་ཀྱང་ཡེ་ཤེས་པ་དང་དབྱེར་མེད་པའི་རྣམ་པར་དག་པའི་ཞིང་རྣམས་སུ་ཐོགས་པ་མེད་པར་གཤེགས་པའི་མོས་པ་བརྟན་པོ་བྱ། ཕུང་པོ་ལྷར་བསྐྱེད་པ། མཆོད་རྫས་སུ་བྱ་བ་དང་། གཞལ་ཡས་ཁང་དུ་བསྐྱེད་ནས་རྣམ་ཤེས་བཀུག་པ་ལྷར་བསྐྱེད་པ་དང་དཀྱིལ་འཁོར་གྱི་ཁྱམས་སུ་བཀུག་ནས། མགྲོན་ཐབས་སུ་བྱེད་པ་དང་རྣམ་ཤེས་སྤར་ནས་རོ་བུད་ཤིང་གི་ཚུལ་དུ་བྱེད་པ་སོགས་ཕྱག་སྲོལ་མི་འདྲ་བ་མང་ཡང་གཙོ་བོ་གོང་བཤད་བཞིན་གང་ཟག་མཆོག་དམན་ཁྱད་འབྱེད་པ་དང་། མཆོག་རྣམས་ལ་ལྷ་དང་དབྱེར་མེད་དུ་མཆོད། འབྲིང་རྣམས་ཕུང་པོ་གཞལ་ཡས་ཁང་དང་བུད་ཤིང་གང་རུང་ལ་རྣམ་ཤེས་ལྷར་བསྐྱེད་ནས་མཆོད་ཅིང་མཐར་ཡེ་ཤེས་པ་གཤེགས་པ་ནི་རྣམ་ཤེས་སྤར་བ་ཡིན། ཐ་མལ་པར་སྡིག་སྒྲིབ་སྦྱོང་ཐབས་སྦྱིན་སྲེག་བྱ་བ་བཤད། དེ་ལྟར་སྦྱིན་སྲེག་ཚར་ནས་ཐ་མལ་པ་མེ་མ་ཤིའི་བར་དུ་བཞག་ཅིང་། ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་མེ་བསད་པ་དང་། གང་ལྟར་ཀྱང་རྡོ་རྗེ་བརྡུ་བའི་ཕྱག་རྒྱས་ཨཱོཾ་སཾ་ཧཱ་ར་ན་ཧཱུྃ་ཕཊ༔ ཅེས་རུས་པ་རྣམས་བསྡུ། ཐལ་བ་དང་སོལ་བ་བཅས་པ་ཆུ་བོར་དོར། རུས་པར་སྭཙྪ་འདེབས་ན་རུས་ཆོག་བྱ་བ་ནི། བ་བྱུང་དང་དྲི་ཞིམ་གྱི་ཆུ་ཐོགས་ཏེ། རུས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདཀར་པོ་བསམ་ལ། དེ་ལས་བྱུང་བའི་བདུད་རྩིས་ཆུས་ཚེ་འདས་ཀྱི་སྡིག་པ་སྦྱང་བར་བསམ་ཞིང་ངན་སོང་སྦྱོང་བའི་སྔགས་གང་འགྲུབ་དང་། ཡིག་བརྒྱ་སོགས་ཨཱོཾ་བཛྲ་པྲ་མར་དྷ་ན་ཡ་སྭཱ་ཧཱ༔ ཞེས་བརྗོད་ཅིང་དྲི་ཞིམ་པོའི་ཆུས་རུས་བུ་རྣམས་བཀྲུས། དེ་ནས་བསྐམ་ལ་ཞིབ་པར་བརྡུངས་ཏེ་འཇིམ་པ་དང་བསྲེས་ལ་ས་བྱིན་བརླབ་ནས་བཟུང་སཙྩ་འདེབས་པའི་ཆོ་ག་ལྟར་སྔགས་དང་མི་འཁྲུག་པའི་གཟུངས་ཡིག་བརྒྱ་སོགས་གཟུངས་ཕན་ཡོན་ཆེ་བ་རྣམས་བརྗོད་པ་དང་རབ་གནས་བྱེད་ཅིང་རྒྱ་མཚོའི་ཆུ་ཀླུང་དུ་བཏང་ན་སེམས་ཅན་དམྱལ་བ་སོགས་ནས་ཐར་བར་འགྱུར་རོ། །ཅེས་རྒྱུད་ལས་གསུངས་སོ། །དེ་ལྟར་གཏེར་ཆེན་ཉི་མ་གྲགས་པའི་གཏེར་བྱོན་རྡོ་རྗེ་སེམས་དཔའི་ཆོས་སྐོར་ལ་རོ་སྲེག་ཆོ་ག་བྱུང་བ་ལས་གཞུང་རྩ་བར་ས་བོན་ཙམ་ལས་མ་གསུངས་འདུག་པས་ལག་ལེན་ལ་འདེབས་ཕྱིན་ཁ་འགེངས་དགོས་པར་གཞུང་རྩ་བ་ལ་གཞི་བྱས། གཞན་པའི་ཕུང་པོ་སྲེག་སྦྱོང་གི་རིགས་གསར་རྙིང་རྣམས་དང་གོ་བསྟུན་ནས་ཁ་གསབ་དགོས་པ་རྣམས། རིགས་མཐུན་གཞན་ནས་བླང་བ་དང་བཅས་རྒྱས་བསྡུས་འཚམས་པར་དཔེ་བཀླག་པས་དོན་འགྲུབ་པར་བྱས་ཏེ་བཀོད་པའོ། །གཏེར་ཁ་འདི་ཉིད་ཀྱི་གཏེར་བྱོན་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ཟབ་ལམ་ཐུགས་རྗེ་ཆེན་པོ་རྣམས་ལའང་དཀྱིལ་འཁོར་དང་ལྷ་སྔགས་རྣམས་བསྒྱུར་བ་མ་གཏོགས་གཞན་ཆིངས་རྣམས་འདི་ལྟར་བྱ་ན་ཡང་འགྲུབ་པར་འཚལ་ལོ། །དེ་ལྟར་རྡོར་སེམས་གཞུང་ལས་སྲེག་ཆོག་གི། རྩ་བ་ཉུང་འདུས་ཙམ་ལས་མ་གསུངས་ཕྱིར། །ཀླག་ཆོག་དཀྱུས་སུ་བསྡེབ་པ་དགོས་ཞེས་པ། །གཡོར་པོའི་སྔགས་འཆང་ལ་སོགས་མོས་ལྡན་འགས། །ནན་ཏན་བསྐུལ་བའི་ངོ་མ་ལྡོག་པ་རུ། །བཀླག་བདེ་ཁྲིགས་སུ་བཀོད་པ་འདི་དག་ལ། ཉེས་འགལ་བླ་མ་ལྷ་ལ་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་སྒྲིབ་གཉིས་ཡོད་དོ་ཅོག །དག་ནས་རྣམ་མཁྱེན་ཐོབ་པའི་རྒྱུ་རུ་བསྔོ། །སརྦ་མངྒ་ལཾ་གྱི་མཐའ་རྒྱས་ཤོག །།

རྡོ་རྗེ་སེམས་དཔའི་གསོན་བྱང་གི་ཆོ་ག་གཏན་བདེའི་ལམ་རིམ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས། རྡོ་རྗེ་སེམས་དཔའི་གསོན་བྱང་གི་ཆོ་ག་གཏན་བདེའི་ལམ་རིམ་བཞུགས། རྩ་གསུམ་ཀུན་འདུས་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་བླ་མ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །དེ་ཡང་རྡོ་རྗེ་སེམས་དཔའ་འདི་ཉིད་ཀྱི་ཆོ་གའི་ཡན་ལག་བཤད་པ་ལ། སྐལ་ལྡན་རྗེས་སུ་འཛིན་པ་གསོན་བྱང་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཤོག་བུར་གུར་གུམ་གྱིས་དེའི་གཟུགས་བརྙན་འབྲི་བའམ་མ་གྲུབ་ན། མིང་བྱང་ཙམ་གྱིས་ཆོག །སྙུག་མར་འཛུག་པ་དང་། ཁེབས་སོགས་ཚུལ་མཐུན་བྱེད་པ་དང་། ཁྲུས་བུམ། ཁྲུས་རས། སྦྱང་ཆས། བྲབ་རྫས། འདོད་ཡོན་གྱི་ཆས་སོགས་འོག་ཏུ་དགོས་པ་རྣམས་ཚོགས་པར་བྱེད་ཅིང་། དབང་དང་འབྲེལ་ན་བཤམ་བཀོད་དབང་བཞིན་བྱེད་པ་ནི། ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ སྨིན་བྱེད་སློབ་མ་གྲོལ་བའི་ཐབས༔ དབང་ཆོག་པདྨ་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་བཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི༔ བཀྲ་ཤིས་ཤིང་བྱིན་ཆགས་པའི་སར༔ སྟེགས་བུ་རྐྱང་ནུལ་ལེགས་པར་བྱས་པའི་ཁར་ཚངས་ཐིག་གདབ༔ པདྨ་འདབ་བཞི་མཚམས་ལ་མཛེས་ཚོན་བྱ༔ མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱི་དྲྭ་བས་བསྐོར་བ་འབྲི༔ དབུས་སུ་མཉྫིའི་ཁྲིའུ་ཁར་བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པ་བཤམས་ལ་བུམ་རྫས་འགོད༔ ཤར་དུ་རྡོ་རྗེ། ལྷོར་པྲོག་ཞུ། ནུབ་ཏུ་དྲིལ་བུ། བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཤམས། འབྲས་སམ་དཀར་མོའི་ནས་ཕྱེ་ལ་དཔལ་གཏོར་ཟླུམ་པོ་རྒྱན་ལྡན་ཙ་ཀླིས་བརྒྱན་པ་འགོད༔ མཐར་མཆོད་པ་སྤྱི་འགྲོས་ལྟར་བཤམས༔ བདག་བསྐྱེད་ཀྱི་མཆོད་གཏོར་གོང་ལྟར་ལ༔ སྔོན་འགྲོ་སྐྱབས་སེམས་ནས་བཟུང་ཆོ་གའི་གཞུང་བསྲང་། བསྙེན་པ་བརྒྱ་སྟོང་གི་མཐར་མཆོད་བསྟོད་སོགས་བྱས་ལ་རྒྱས་པར་བྱེད་ན་དབང་དང་འབྲེལ་བར་བྱ་ཞིང་། བསྡུ་ན་གསོན་བྱང་རྐྱང་པས་འགྲུབ་བོ། །དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲི་ལས་ཚེ་དང་ལྡན་པ། འདི་ཞེས་པའི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། པར་བསམས། གཉིས་པ་རྣམ་ཤེས་དགུགས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་། སྙིང་ཁའི་ཧཱུྃ་གི་འོད་ཟེར་ཀྱིས་རྣམ་ཤེས་བཀུག་པར་བསམས་ཞིང་༔ ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུང་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཚེ་དང་ལྡན་པ་ཆེ་གེ་མོའི་རྣམ་པར་ཤེས་པ་དེ་ཉིད་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་གང་ན་གནས་ཀྱང་སྐད་ཅིག་གི་འདིར་མཆིས་པར་གྱུར་ཅིག །ཨཱོཾ་བཛྲ་ཨཱ་ཀཪྵ་ཡ་ཛ༔ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ ཞེས་པས་སྡིག་པ་བཀུག་ནས། ཛ་ཧཱུྃ་བཾ་ཧོ༔ རྣམ་ཤེས་ཨཱཿདཀར་པོའི་རྣམ་པ་རྟེན་ལ་བསྟིམས་བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྷྲི་ཧྣ་ཨི་དམ་བྷ་ལིངྟ་སྭཱ་ཧཱ༔ ཞེས་པ་གསུམ་གྱིས་ཞི་བ་ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞིའི་ལན་གསུམ་གྱིས་ཕྱེད་མ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུང་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཚེ་དང་ལྡན་པ་ཆེ་གེའི་གནས་སྐབས་ཚེ་སྲོག་ལ་བར་དུ་གཅོད་ཅིང་མཐར་ཐུག་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་གུ་གུལ་བདུག །ཡུངས་དཀར་གྱིས་བྲབ་དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོའི་སྦྱང་བའོ། །སྡིག་པ་སྦྱང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་དང་ལྡན་པ་ཆེ་གེ་མོ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན་སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང་། ཏིལ་གཡས་གཡོན་གྱི་མེར་བསྲེག་ཆུར་དོར། ཨོཾ་སརྦ་པཱ་པམ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་བར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་ཡིག་བརྒྱ་དང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏཱིཪྻ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཅེས་སོགས་དང་། ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ཏེ་བྱེ་ཡུངས་གིས་བྲབ་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ་མོ༔ ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར༴ཞེས་ནས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །སྐལ་ལྡན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ན་སྭཱ་ཧཱ༔ ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་བུམ་པར་བླུག་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །སྐལ་ལྡན་སྒྲིབ་པ་དག་གྱུར་ཅིག །ཅེས་པས་ཡིག་བརྒྱ་བཟླ་ཞིང་བཀྲུ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམ་རང་བཞིན་ཆུ། ཚུལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །སྲུང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བྱམས་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །ཏིང་འཛིན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཡེ་ཤེས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཞེས་སོ་སོའི་གཟུང་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱའོ། །དུག་སྦྱང་བ་ནི། བུམ་ཆུ་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དམ་པའི་ཆོས་ལ་དུག་མི་མངའ། །ཆོས་ཀྱི་བདེན་པས་དུག་སྦྱང་ངོ་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱང་ངོ་། །འབྱུང་བ་སོ་སོས་བྱབ་ཅིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། མཱ་མ་ཀཱི་ཡི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །ཅེས་དུག་སྦྱངས་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་དང་ལྡན་པ་རྣམས་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམས། སྤྲོ་ན། མཆོག་གསུམ་ཡི་དམ་ཆོས་སྐྱོང་སོགས་ཀྱི་ཕྱག་རྣམས་བརྗོད་པ་དང་། བསྡུ་ན། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །རིགས་དྲུག་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྡིག་པས་བཅིང་བ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །ངན་འགྲོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཅེས་ལན་གསུམ་གྱི་རྗེས་སུ་དབང་བསྐུར་བ་ནི། མཎྜལ་འབུལ། སྐྱབས་སུ་འགྲོ་བ་ནི། ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་སྒྲུབ་པར་སེམས་བསྐྱེད་དོ༔ གཉིས་པ་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི། འདི་ཡི་རྗེས་ཟློས་མཛོད༔ ཧཱུྃ་ཧེ་རུ་ཀ་དང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ བླ་མས་དྲི་བ་ནི༔ ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི་ལན་དུ༔ ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས། འོ་རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ ཞེས་བརྗོད༔ བསྡུ་ན༔ བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ཡི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ཞེས་པས་སྡོམ་པ་བཟུང་ཡེ་ཤེས་པ་དབབ། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ཁྱད་པར་གྱི་དངོས་གཞིའི་དབང་བསྐུར་བ་ནི་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དང་ལྔ་ལས༔ དང་པོ་རིགས་བདག་རྡོ་རྗེ་སེམས་དཔའི་སྐུའི་དབང་ནི༔ བུམ་པ་སློབ་མའི་སྤྱིར་བོར་བཞག་ལ། ཨཱོཾ༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ སྐལ་ལྡན་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་ཡེ་ཤེས་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བུདྡྷ་བཛྲ་ས་ཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ གཉིས་པ་གསུང་གི་དབང་ནི༔ དྲིལ་བུ་དར་དམར་གྱི་ཅོད་པཎ་དང་བཅས་པ་མགྲིན་པར་བཞག་ལ༔ ཨཱ༔ ཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགག་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ས་ཏྭ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱི་ཅོད་པཎ་དང་བཅས་པ་སྙིང་ཁར་བཞག་ལ༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཅོད་པན་དང་བཅས་པ་སྤྱི་བོར་བསྐོན༔ སྭཱ་སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པ༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དུང་ཆོས་ལག་ཏུ་བཞག་ཅིང་ངག་ཏུ་བླུད༔ ཧཱ་རབ་འབྱམས་རྒྱལ་དང་རྒྱལ་བའི་ཕྲིན་ལས་རྫོགས༔ སྣ་ཚོགས་སྣང་ལ་ལས་བཞི་ལྷུན་གྱིས་གྲུབ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་བརྟེན་གཏོར་མས་བརྒྱུད་པའི་བྱིན་རླབས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དག་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ལ་དབང་ཞིང་༔ འབྲས་བུ་སྐུ་ལྔའི་གོ་འཕང་འཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ ཞེས་བརྗོད༔ མེ་ཏོག་གཏོར༔ མཎྜལ་འབུལ། འདོད་ཡོན་བསྔོ་བ་ནི། དམིགས་ཡུལ་རྡོ་རྗེ་སེམས་པའི་སྐུ་བསྐྱེད་མདུན་དུ་བཟའ་གཏུང་སྣ་ཚོགས་བཤམ༔ རཾ་ཡཾ་ཁཾ༔ འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༔ བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ༴ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ༔ ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག༔ རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས༔ རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ཨཱོཾ་བཛྲ་ས་ཏྭ་པཉྩ་ཀཱ་མ་གུ་ན་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་བརྗོད་བྱང་བུ་བསྲེག་པ་ནི། ཆོ་ག་ཞག་སྦྲེལ་དུ་བྱེད་ན། དུས་ཐ་མའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བ་སྐལ་ལྡན་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་བར་བསམ་ལ་མེ་སྦར་ཞིང་། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །སྐལ་ལྡན་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བརྒྱའི་མཐར། ཨགྣེ་ཡེ་ཛྭ་ལ་རཾ། ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་བར་བྱའོ། །ཞེས་གསུངས་བཞིན་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་པ་བསྲེག་སྦྱངས་བྱས་རྗེས་རྣམ་ཤེས་ཚེ་སྲོག་གི་རྟེན་བཅས་ཕུང་ཁམས་སྐྱེ་མཆེད་རྣམས་ལ་བསྟིམ་ནས་ཚེ་འགུགས་བཀྲ་ཤིས་བརྗོད་པ་བྱེད་པ་ནི་འགལ་བ་མེད་དམ་བསམ་པ་དང་། གང་ལྟར་ཡང་ཆོ་གའི་མཇུག་ཆོག་ལ་སོགས་པ་དང་། བྱང་ཐལ་ལ་སྭཙྪ་འདེབས། ཡིག་གེ་བཅུ་པ་བཟླ་བཞིན་ཐུགས་རྗེ་ཆེན་པོའི་ལས་ཚོགས་ཆོས་ལོངས་སྤྲུལ་གསུམ་གྱི་དམིགས་པའི་སྤྲོ་བསྡུ་རབ་གནས་དང་བཅས་པ་སོང་རྗེས། ཆུ་ཀླུང་ཆེན་པོར་དོར་ན་ཕན་ཡོན་ཆེན་པོ་ཡོང་བ་སྦྱོང་རྒྱུད་ལས་གསུངས་པ་བཞིན་བྱ་བར་རིགས་སོ། །དེ་ཡང་རིག་འཛིན་བཞད་པའི་རྡོ་རྗེ་གསང་ཡེའི་གནས་ལུང་མཇུག་ཏུ། འདི་དག་ནི་གཤིན་པོའི་དབང་དུ་བྱས་པ་ཡིན་གྱིས། གསོན་པོ་ལ་བྱེད་པར་སྤྲོ་ན། ཚེ་འདས་ཞེས་པའི་མིང་སྐལ་ལྡན་དུ་བསྒྱུར་ཞིང་། རྟེན་བསྐྱེད་དང་རྣམ་ཤེས་འགུགས་པར་ཡོད་དེ། བགེགས་སྦྱང་བ་མན་ཆད་བཤད་མ་ཐག་པ་ལྟར་ལ། བྱང་བུའི་དོད་དུ་སྐྲ་སེན་བསྲེག །ཡང་ན་ཕུང་པོ་རྙིང་པའི་སྙིགས་མ་ཉིད་བསྲེག་པར་མོས་པ་ཙམ་གྱིས་རུང་ཞིང་། བསྒྲུབ་བྱ་དངོས་སུ་མེད་ན་སྔར་བཤད་པ་ལྟར་མིང་གཟུགས་བྱང་བུའི་རྟེན་མིང་རུས་མཐུན་པ་སོགས་བྱ་ཞིང་གཤིན་པོ་དང་རིགས་འདྲེས། ཡང་དེ་ཉིད་ལས་འདི་དག་ནི་གཤིན་པོ་ཁོ་ནར་བྱེད་པའི་དབང་དུ་བགྱིས་ཏེ་བཤད་མོད། གསོན་པོར་བགྱིས་ན་ཤིན་ཏུ་ལེགས་ཤིང་སྟོབས་ཆ་ེབས་ཚིག་འཕྲད་བསྒྱུར་བ་སོགས་དམིགས་བསལ་བྱེད་འོས་རྣམས་མཁའ་སྤྱོད་སྣང་བའི་ལྷན་ཐབས་སུ་བཤད་པ་ལྟར་བགྱིས་པས་ཆོག་གསུངས་པ་དང་། བཱཻ་རོའི་ཡང་སྲིད་རིག་འཛིན་ཆེན་པོ་གཏེར་བདག་གླིང་པའི། རྡོར་སེམས་གནས་ལུང་ལས། སྐབས་འགའ་ཞིག་ཏུ་གསོན་པོའི་སྒྲིབ་སྦྱོང་ལ་ཡང་གནས་ལུང་གི་ཆོ་ག་འདི་ཉིད་སྦྱར་བར་བྱེད་མོད། ཆོ་ག་དང་སྦྲེལ་བར་སྤྲོ་ན། དམིགས་བྱ་གམ་དུ་ཡོད་པ་ལ་ནི་རྟེན་བསྐྱེད་པ་དང་། རྣམ་ཤེས་དགུགས་པ་དོར་ལ་དེ་ཕྱིན་གྱི་བགེགས་སྦྱང་བ་ནས་ལམ་སྦྱང་བསྟན་གྱི་བར་ཚེ་འདས་ཞེས་པ་རྣམས་སྐལ་ལྡན་དུ་བསྒྱུར་ཅིང་གཞན་སྤྱིར་ནི་གསོན་པོར་དམིགས་ཡུལ་ཉིད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཁོ་ན་སྐབས་དེའི་སྒྲིབ་སྦྱོང་གི་ངོ་བོ་ཡིན་པས་དེ་ལྟར་བྱས་པས་འགྲུབ་ལ་འོན་ཀྱང་གནས་ལུང་གི་ཆོ་གའི་ཆིངས་སྔ་མ་ཁོ་ནས་ཤེས་པར་འགྱུར་བ་དང་། བྱང་བུ་སྲེག་པའམ། དམིགས་བྱའི་སྐྲ་སེན་སོགས་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་པ་བསྲེག་སྦྱང་བྱ། དམིགས་ཡུལ་ས་ཕྱོགས་གཞན་དུ་གནས་པ་ཡིན་ན་ནི་དམིགས་རྟེན་བྱང་བུ་བཤམ་པ་དང་། བསྐྱེད་འགུགས་མཐར་སྲེག་པ་སོགས་ཀྱང་བཤད་མ་ཐག་པ་ལྟར་བྱའོ། །འགའ་ཞིག་གིས་འདི་ལྟར་མ་རུངས་པར་སེམས་པ་དག་མཆིས་མོད་དེ་ལྟ་ན་དགྲ་བོའི་ལིངྒར་རྣམ་ཤེས་བཀུག་ནས་དབྱེ་བ་སོགས། མངོན་སྤྱོད་ཀྱི་ལས་རབ་འབྱམས་རྒྱལ་བས་རྒྱུད་སྡེ་རྣམས་ན་གསུངས་པ་དོན་མེད་དུ་ཐལ། གསོན་པོའི་རྟེན་ཅན་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། དེས་གནོད་བྱེད་དུ་འགྱུར་ན་འདིར་དམིགས་བྱ་གསོན་པོ་དངོས་དང་། དེའི་རྟེན་ལ་རྣམ་ཤེས་བཀུག་ཅིང་སྡིག་སྒྲིབ་སྦྱང་བ་དང་དབང་བསྐུར་བ་སོགས་ཕན་བྱེད་ཀྱི་ཆོ་གས་ཕན་པར་མི་འགྱུར་བའི་ངེས་པ་ཅི་ཞིག་ཡོད། ཕན་གནོད་ཀྱི་བསམ་པ་དང་ཐབས་སོ་སོའི་འབྲས་བུ་ཐམས་ཅད་མཁྱེན་པས་བསྟན་པའི་ཕྱིར། དེས་ན་ཆོ་ག་འདི་ལྟ་བུ་སྒྲུབ་པར་གླན་ཀ་མི་བྱ་སྟེ་ཆོས་དང་མཐུན་པའི་རྒོལ་བ་མི་འཇུག་པའི་ཕྱིར་དང་། གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བ་སོགས། དེ་དང་མཐུན་པར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་སྦྱིན་བདག་གི་གཟུགས་འབྲི་མིང་ཡིག་སོགས་མཚན་བྱང་ཇི་ལྟ་བ་ལ་རྣམ་ཤེས་འགུགས་པ་སྦར་བ་མི་བྱེད་པར་སྦྱིན་བདག་གི་སྡིག་སྒྲིབ་ནད་གདོན་འགུགས་བསྟིམ་དང་སྤར་ཆོག་ཟས་གཏད་སོགས་བཞག་ནས་སྡིག་སྒྲིབ་ནད་གདོན་གྱི་ངོ་བོ་ཡེ་ཤེས་ཀྱི་མེར་བསྲེག་པ་དང་། གཞན་མའི་དུག་སྦྱང་བ་དབང་བསྐུར་བ་སོགས་གཤིན་བྱང་ལྟར་བྱེད་ཚུལ་རི་ཆོས་སུ་གསུངས་པ་ལྟར་རོ། །དེ་ལྟར་གཏེར་ཆེན་༧ཉི་གྲགས་སྤྲུལ་སྐུ་༧པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཉིད་ཀྱིས། ཡུལ་གྲུ་བྱིང་དང་ཁམས་ཕྱོགས་ལ་བླ་མར་འབུལ་བ་རེ་བྱེད་ནས། གསོན་བྱང་རང་ཟེར་མཁན་མང་བ་སོགས་ལ་ཉེར་མཁོ་གལ་ཆེར་འདུག་པས། གསོན་བྱང་འདོན་ཆོག་མ་ཞིག་གྱིས་ཞེས་བཀའ་ཡི་གནང་བ་བསྩལ་བ་སྤྱི་བོར་བཅིངས་ཏེ། རིག་འཛིན་ཆེན་པོ་གཏེར་བདག་གླིང་པའི་གཏེར་བྱོན་རྡོར་སེམས་གནས་ལུང་དང་། གསང་བདག་ཟློས་གར་རྗེ་དྲུང་སྤྲུལ་པའི་སྐུའི་གསང་བའི་གནས་ལུང་ལས་གསུང་བ་སོགས། སྐྱེས་ཆེན་རྣམས་ཀྱི་གསུང་ལ་འགྱུར་བ་མེད་པར་གཞིར་བཞག་སྟེ། སྨིན་གླིང་གཏེར་ཁའི་རྡོར་སེམས་གནས་ལུང་དེ་ཉིད། གཏེར་ཁ་འདི་ཡི་རྡོར་སེམས་སུ་ཚིག་ཕྲད་དང་གསོན་པོར་འབྱིན་འཇུག་བགྱིས་ཏེ་རང་བཟོས་ལྷད་མེད་པར། དམ་པ་དེ་རྣམས་ཀྱི་རྗེས་སུ་བཟུང་བའི་རི་ཁྲོད་པ་སྐལ་བཟང་དབང་ལྡན་གྱིས་ཟིན་བྲིས་སུ་བྱས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།

བླ་མ་རྡོ་རྗེ་སེམས་དཔའི་སྒོ་ནས་ཚེ་འདས་སྒྲིབ་སྦྱོང་སྐལ་བཟང་མྱུར་ལམ།

བླ་མ་རྡོ་རྗེ་སེམས་དཔའི་སྒོ་ནས་ཚེ་འདས་སྒྲིབ་སྦྱོང་སྐལ་བཟང་མྱུར་ལམ་ཞེས་བྱ་བ་བཞུགས། རིགས་བརྒྱའི་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །དབྱེར་མེད་ཞབས་ཀྱི་འདབ་བརྒྱ་འཛུམ་བཞད་པ། །ཡན་ལག་མཆོག་གི་རྒྱན་དུ་རྟག་བཞུགས་ནས། །འགྲོ་ལ་ཕན་དང་བདེ་བའི་མཆོག་སྩོལ་ཅིག །འདིར་རྡོ་རྗེ་སེམས་དཔའི་སྒོ་ནས་གཤིན་པོ་ལ་ཕན་གདགས་པའི་ཆོ་ག་ཇི་ལྟར་འཚམས་པའི་བློ་རིམ་དང་སྦྱར་བ་ལ། ཕུང་པོ་ལ་སྦྱངས་པ་དང་། མིང་བྱང་ལ་བརྟེན་བདུན་ཚིགས་བྱ་ཚུལ་རྫོགས་པ་ཆེན་པོ་བཅུ་བདུན་རྒྱུད་ཀྱི་རྫོགས་པ་རང་བྱུང་དབང་གི་ཏནྟྲ་ལས་བྱུང་བ་ལྟར་བཀོད་པ་ནི། དང་པོ་ལ། ཚེ་འདས་ཀྱི་གཟུགས་ཕུང་གི་མདུན་དུ་མཎྜལ་ཁྲུ་དོ་པ་ལ་སོགས་པ་བྱས་ཏེ། གུར་གུམ་ལ་སོགས་པ་དྲི་བཟང་པོས་ཆག་ཆག་བཏབ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་དབུས་སུ་རིན་པོ་ཆེའམ་རྫ་ཡིན་ན་ས་དཀར་གྱིས་བསྒྱུར་བའི་བུམ་པ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པའི་ནང་དུ་ཆུ་གཙང་མ་བུམ་རྫས་དང་བཅས་པས་བཀང་བའི་ཕྱོགས་བཞིར་མཚལ་ལམ་ལྡོང་རོས་ཀྱིས་ཨ་བཞི་བྲིས་པ་བཞག་ལ། བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ཁ་མཉམ་བཞག་དང་བཅས་པ་ཡབ་ཡུམ་གྱི་ཕྱོགས་མཚམས་སུ་རིགས་ལྔའི་སངས་རྒྱས་དང་། སྟེང་དུ་བླ་མ་བརྒྱུད་པ་རྣམས་བསམ་ལ། སྐད་ཅིག་གིས་སྤྱན་དྲངས་ཏེ་བསྟིམ་ནས། ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་དང་ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱ་བ་ལ། བར་བར་དུ་ཨཱོཾ་ཨཱཿབྷྱ་རྒྱ་ཏཾ་ཀེཾ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་གཟུངས་ཐག་ནས་བཟུངས་ཏེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩི་བབས་པས་བུམ་པ་ཁེངས་པར་བསམས་ལ། མཆོད་པ་དང་བསྟོད་པ་ཅི་ཤེས་པས་བསྟོད་དེ། མཐར་ཨ་ཨ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུར་ཞུ་བར་བསམས་ལ། བུམ་པ་དེ་རོའི་སྤྱི་བོར་བཞག་སྟེ། ཨ་ལོ་གྲངས་ཙམ་བརྗོད་ནས། བུམ་པའི་ཆུ་དེ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་དམིགས་ལ་ཨ་དང་བཅས་པས་བཀྲུས་པས་སྒྲིབ་པ་དག་པར་བསམས་ཏེ་ཨ་མང་དུ་བརྗོད་པས། དམྱལ་བའི་གནས་ནས་འདྲོངས་པར་ངེས་སོ། །དེ་ནས་བུམ་པ་མགྲིན་པར་བཟུང་ལ། བྷྱ་ལོ་གྲངས་ཀྱིས་བཀྲུས་པས་ཡི་དྭགས་ནས་འདྲོངས་སོ། །དེ་ནས་བུམ་པ་གསང་གནས་སུ་བཟུང་ལ། རྒྱ་དང་རླུང་གི་བསྲེ་བ་བསྡོམས་པས་བྱོལ་སོང་ལས་འདྲོངས་སོ། །དེ་ནས་བུམ་པ་མཆན་ཁུང་དུ་བཟུང་ཀེཾ་བརྗོད་ནས་བཀྲུས་པས་ལྷ་མིན་ནས་འདྲོངས་སོ། །དེ་ནས་བུམ་པ་སྤྱི་བོར་བཟུང་ལ་ཏཾ་བརྗོད་ནས་བཀྲུས་པས་ལྷའི་གནས་ནས་འདྲོངས་སོ། །དེ་ནས་ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྗོད་ཅིང་བུམ་པ་སྙིང་ཁར་བཟུང་ནས་བཀྲུས་པས་མིའི་སྐྱེ་གནས་ངན་པ་སྦྱངས་ཏེ། མི་ལུས་རིན་པོ་ཆེར་དྲངས་ནས་ཚེ་དེས་ཐར་པའི་སྐལ་ཅན་དུ་འདྲོངས་སོ། །དེ་ལྟར་ཞག་གསུམ་མམ་ལྔ་འམ་བདུན་དུ་བྱས་ནས། ཕུང་པོ་བསྲེགས་སམ་བསྐྱལ་ན་ལྷ་མི་ཁྱད་པར་ཅན་ནམ་རྣམ་པར་གྲོལ་བའི་རྟགས་ནམ་མཁའ་ལ་མི་འབྱུང་མི་སྲིད་པའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་པའི་ཚེ། །ཟག་པར་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞག་ནས་ནི། །ཡི་གེ་ཡི་ནི་འབྲུ་ཉིད་དང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་ནས་སྟོངས་ནས་ནི། །དེ་ཡི་རྟག་ཏུ་དེ་བཞིན་ནོ། །ཡི་དྭགས་རྟགས་དང་ལྡན་པ་ལ། །ཡི་གེ་བྷྱ་ཡི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་བདུན། །ལྕེ་ཡི་སྟེང་དུ་བྷྱ་བཞག་སྟེ། །ཤེས་པའི་ངོ་བོ་དེ་ཡིས་བསྡུ། །དེ་བཞིན་བུམ་པ་ཁ་ཡི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། ཡི་དྭགས་གནས་རྣམས་སྟོང་ནས་ནི། །མི་དེ་ཡང་ནི་དེ་ལྷག་གོ། བྱོལ་སོང་རྟགས་དང་སུ་ལྡན་པ། །ཡི་གེ་རྒྱ་ཡི་སྦྱོར་བ་ཡིས། །འདི་ཡི་གནས་རྣམས་སྦྱང་བར་བྱ། །དབུགས་དང་བཅས་ཏེ་ལན་གྲངས་དགུ། །མཚན་མ་རྒྱ་ཡིས་བཏབ་ནས་ནི། ཤེས་པ་རྣམས་ནི་སྟོང་པ་ཡིས། །ཡང་ཡང་རླུང་དང་བཅས་པས་འཕང་། དེ་བཞིན་བུམ་པ་མཚན་མའི་སྟེང་། ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །བྱོལ་སོང་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྷག་གོ། གང་ཞིག་ལྷ་ཡི་རྟགས་བྱུང་ན། །ཡི་གེ་ཏཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་ཡང་། །བཅུ་གཅིག་ལྡན་པས་ཤེས་པ་སྦྱང་། །སྤྱི་བོར་ཡི་གེ་ཏཾ་ཞེས་བསམ། །ཤེས་པ་ཟག་མེད་མིག་ཏུ་དྲངས། །དེ་བཞིན་བུམ་པ་སྤྱི་བོའི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ནས། །ལྷ་ཡི་གནས་རྣམས་སྟོང་ནས་ནི། དེས་ནི་མི་ཡི་སྐྱེ་གནས་འཐོབ། ལྷ་མིན་རྟགས་དང་སུ་ལྡན་པ། །ཡི་གེ་ཀེཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་ཉི་ཤུའི་གྲངས། །མཆན་ཁུང་ཉིད་ནི་གཡས་སུ་ཡང་། །ཡི་གེ་ཀེཾ་ནི་མཁས་པས་བཞག །ཤེས་པས་མཉམ་པ་ཆེན་པོར་སྤྲོ། །དེ་བཞིན་བུམ་པ་མཆན་ཁུང་སྟེ། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ལྷ་མིན་གནས་རྣམས་སྟོངས་ནས་ནི། །དེ་ཡང་མི་ཡི་སྐྱེ་གནས་འཐོབ། །དེ་ལྟར་རྗེས་སུ་གཟུང་བ་ཡིས། །རིམ་པའི་གནས་རྣམས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་རྙེད། །མི་དེའི་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་རྣམས་སྦྱོངས། །གལ་ཏེ་དབུགས་དང་བྲལ་བ་ལ། །ཕུང་པོའི་གནས་སུ་བུམ་པ་ཡིས། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དེ་ཡང་ཐེ་ཚོམ་མི་ཟའོ། །ཅེས་སོ། དེ་ཡང་མ་ཤི་བ་ལ་རྟགས་དྲུག་བྱུང་བ་དེ་གནས་དེ་དག་གི་ཡི་གེ་བསམ་ལ་དབུགས་ཀྱིས་སྟེང་དུ་དྲངས་ན་གོང་དུ་འདྲོངས་པས་བུམ་པ་མི་དགོས་ལ། ཤི་ནས་རོའི་གནས་སུ་ཡི་གེ་དེ་དག་བསམས་ཏེ་བུམ་པས་བཀྲུས་པས་འདྲོངས་པ་ཡིན་ནོ། །དེའང་གནས་གཞན་དུ་སྐྱེས་ཟིན་ནའང་ཆོ་གའི་བྱིན་རླབས་ཀྱིས། དམྱལ་བ་ལ་སོགས་པ་དེ་དག་གི་ཚེའི་ཚད་ནི་རྨི་ལམ་དུ་རྨིས་པ་ཙམ་གྱིས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་ཟད་ནས་མིའི་གནས་སུ་སྐྱེའོ། །འོ་ན་འགྲོ་བའི་གཙོ་བོ་ལྷ་མ་ཡིན་ནམ་ཞེ་ན་འགྲོ་བའི་གཙོ་བོ་མི་ཡིན་ཏེ་མིའི་རྟེན་ལ་འབད་ན་ཚེ་གཅིག་གིས་ཐར་པ་རྙེད་ཅིང་གོང་ནས་གོང་དུ་གནས་འདམ་དུ་ཡོད་ལ། ལྷ་རྣམས་ནི་གོང་ནས་འོག་དུ་ལྷུང་བ་དང་ཚེ་གཅིག་གིས་ཐར་པ་མི་ཐོབ་པ་དང་། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ལ་སོགས་པའི་ཡང་རྟེན་མ་ཡིན་པས། ཐུན་མོང་གི་དགེ་བ་ཁྱད་པར་ཅན་ཡང་མི་འགྲུབ་ན་མཆོག་དགེ་བསམ་མི་ཁྱབ་པ་ལྟ་ཅི་སྨོས་ཏེ། ཉེས་པ་ཡང་ལྷ་བསད་ན་ལྟུང་བྱེད་ཀྱི་ཆ་ཤས་སྦོམ་པོ་ལས་མི་སྐྱེད་ལ། །མི་བསད་ན་ཕམ་པ་འབྱུང་བའི་ཕྱིར་རོ། །དེས་ན་མིའི་ལུས་ནི་འགྲོ་བའི་གཙོ་བོ་ཞེས་བྱའོ། །གཉིས་པ་རོ་མེད་པའི་འོག་ཏུ་བདུན་ཚིགས་ཇི་ལྟར་བྱ་བའི་རིམ་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་པོ་མེད་པ་ན། དེ་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང་། བདུན་པའི་ཚེ་ན་ཆོ་གས་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཅེས་གསུངས་པས། སྤྲོས་པ་ལ་དགའ་བས་རྫོགས་པ་རང་བྱུང་ནས་བཤད་པ་ལྟར་རིགས་དྲུག་གི་མཎྜལ་དང་། གནས་འདོན་དང་། ཟས་གཏད་ལ་སོགས་པ་བྱ་ལ། སྤྲོས་པ་མེད་པ་རྣམས་ཀྱིས་གོང་གི་ཆོ་ག་དེ་ཉིད་ཀྱིས་བྱ་སྟེ། དེའང་སྦྱིན་བདག་གི་འབྱོར་བས་རིམ་པ་རབ་འབྲིང་ཐ་གསུམ་ལས་ཐ་མས་གོང་གི་རིགས་དྲུག་གནས་དྲངས་པའི་ཆོ་ག་ཞག་གཅིག །འབྲིང་གིས་བདུན། རབ་ཀྱིས་བདུན་ཕྲག་བདུན་དུ་བྱའོ། །དང་པོ་མཎྜལ་དང་བུམ་པ་བཤམས་པ་དང་། བདག་དང་བུམ་པའི་ལྷ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་སྟེ་བཟླས་པ་བྱ་བ་དང་། དེ་ལ་མཆོད་ཅིང་བསྟོད་པ་དང་། ཤི་བ་དེའི་མིང་བྱང་བཀྲུ་ཞིང་ལས་རྒྱུ་འབྲས་དང་ཐེག་པ་ཆེན་པོའི་ཆོས་མང་དུ་བཤད་པ་དང་། ལམ་སྦྱང་བསྟན་བྱའོ། །དེ་ལ་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་འབར་བའི་མེ་ཏོག་ལྟར། །རྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །ཅེས་པ་ལ་སོགས་པའམ། ཆོས་འདིའི་སྒོ་མཐོང་བ་ཡིན་ན། བསྟན་བུ་ཚར་ཅི་འགྲུབ་ཅིག་བརྗོད་དོ། །ལམ་སྦྱང་བ་ནི། བར་དོའི་ཆོས་མདོར་བསྡུས་ཤིག་བརྗོད་པའམ། ཐུན་མོང་པ་ལ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། མཐོང་བའི་ལམ་དང་སྒོམ་པའི་ལམ། བླ་ན་མེད་པ་ཁྱད་པར་ལམ། བྱང་ཆུབ་བར་ཆད་མེད་པའི་ལམ། ལམ་ལྔ་དག་ལ་བརྟེན་ནས་ནི། འཕགས་པའི་ལམ་དེར་སྒྲོད་པར་ཤོག །ཅེས་པ་དང་། ལམ་བསྟན་ཡང་། པདྨ་འདམ་གྱིས་མ་གོས་ལྟར། སྲིད་གསུམ་དྲི་མས་མ་གོས་ལྟའི། །སྲིད་པའི་པདྨོ་ལས་བྱུང་བའི། བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་ལ། འདིར་ཞུགས་པ་་རྣམས་ལ་སྐུ་གསུམ་གྱི་ལམ་བསྟན་པར་བྱ་སྟེ། རྫོགས་པ་རང་བྱུང་ལས། ཧོ་རིག་པ་དབང་གི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་ལས་འདས་པ་འདི་ལ་གཤེད་བྱེད་པ་དང་སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ་ཚེ་ལས་འདས་པ་ཆེ་གེ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས། མངོན་པར་དགའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྐུའི་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེར་སྐུའི་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་སྐུའི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་པ་ཞིག་ཡོད་ཀྱིས། དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་སྟོན་པ་དེ་ལ་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེ་ན་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེར་འཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་འཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་དེ་དེ་ན་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་མཐུ་སྟོབས་ཀྱི་དབང་ཞུས་ལ། བདུད་དང་ཉོན་མོངས་པའི་སྟོབས་ཟིལ་གྱིས་གནོན་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་ན། བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ་སྤྱན་རས་གཟིགས་དབང་ཕྱུག་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་འཇིགས་པར་མ་བྱེད་པར། བཅོམ་ལྡན་འདས་དེ་ལ་རྫུ་འཕྲུལ་གྱི་དབང་ཞུས་ལ་ཐུགས་རྗེ་ཕྱོགས་བཅུར་མཛད་ཅིང་ཀ་དག་གི་སར་བཞུད་ཅིག །ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་འཇམ་པའི་མགོན་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་སྤྱན་ཁོང་དུ་ཆུད་པར་བྱེད་པའི་དབང་ཞུས་ལ། སྣང་སྲིད་ཀྱི་ཆོས་ཐམས་ཅད་བཤད་ཅིང་ཀ་དག་གི་སར་བཞུད་ཅིག །ནུབ་བྱང་གི་འཇིག་རྟེན་ན་ཞིང་ཁམས་ཡིད་འཁྲུག་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་ཀྱིས། དེ་ན་བཅོམ་ལྡན་འདས་མི་འཁྲུག་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པའི་དབང་ནོས་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་དེ་ལ་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱིས་དབང་དེ་ནོས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །འོག་གི་ཕྱོགས་ན་ཞིང་ཁམས་མི་གཡོ་བ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འོད་སྲུང་ཆེན་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་དེ་ལ་རང་རིག་མངོན་པར་སྣང་བ་ཞེས་བྱ་བའི་དབང་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་བཞུད་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྔངས་པ་ཞིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་སྔངས་མ་འཇིགས་མ་སྐྲག་པར་སོང་ཞིག །ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེར་སེང་གེའི་འདུག་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །མངོན་པར་དགའ་བ་ཞེས་བྱ་བའི་ཚལ་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་མཐའ་ཡས་ཀྱི་ཕུག་སེང་གེ་སྒྲ་སྒྲོག་ཞེས་བྱ་བ་ན། འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་སོངས་ཤིག །དེ་འདས་པའི་ཕྱི་རོལ་ན། སངས་རྒྱས་མར་མེ་མཛད་བཟང་པོ་ཞེས་བྱ་བ་རྒྱན་འོད་ཀྱི་ཕུང་པོ་དང་ལྡན་པ་ཡོད་དོ། །དེ་ཁྱོད་ལ་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དེ་མཐོང་བའི་དུས་སུ་སྐུའི་འདུལ་བའི་ཆོས་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །རིགས་ཀྱི་བུ་ཆོས་ཆེན་པོ་སྣང་བའི་ཐུགས་རྗེ་འདས་པའི་ཕ་རོལ་ན། རང་རིག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་ལྟ་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །རིག་པ་འདུས་མ་བྱས་ཀྱི་སྣང་བ་ཞེས་བྱ་བ་ན། ཆོས་ཉིད་སྟོང་པ་གསལ་བ་ཆེན་པོའི་གནས་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ན། ཤིན་ཏུ་སྐྱི་བུང་བ་ཞིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོངས་ཤིག །དེ་འདས་པའི་ཕ་རོལ་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ལ་སྣང་བར་འགྱུར་གྱིས། དེ་མཐོང་བའི་དུས་སུ་སྐུ་གསུམ་དབྱེར་མི་ཕྱེད་པའི་ཆོས་སྟོན་པར་འགྱུར་རོ། །ཆོས་ཀྱི་སྐུ་སྐྱེ་འགག་ཐམས་ཅད་དང་བྲལ་བས་བསྟན་པས་སྐུ་གསུང་ཐུགས་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱི་སྐུ་བརྟན་པར་གྱིས་ཤིག །གསུང་བརྟན་པར་གྱིས་ཤིག །ཐུགས་བརྟན་པར་གྱིས་ཤིག །རིག་པ་བརྟན་པར་གྱིས་ཤིག །དེས་ནི་སྐྱེ་བ་མེད་པར་ཐལ་ལོ། །དེ་སྐད་ཅེས་ལམ་བསྟན་པར་བྱའོ། །ཞེས་གསུངས་པ་བཞིན་བརྗོད་ནས། བསྔོ་བ་དང་སྨོན་ལམ་དང་། ཤིས་པ་བརྗོད་ལ་ལས་ཀྱི་རྗེས་བསྡུའོ།། །། ཡང་ན། གནས་ལུང་གི་ཆོ་ག་གཞན་མཐུན་ལྟར་བྱ་བར་འདོད་ན། རྡོར་སེམས་ཀྱི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་གང་ཡིན་ཡང་། ལྟེ་བ་ཟླུམ་དཀར་གྱི་ཕྱི་པད་འདབ་བརྒྱད་ལས། ཕྱོགས་བཞིའི་འདབ་མ་ཕྱོགས་མདོག་དང་མཚམས་བཞིར་མཛེས་ཚོན། དེའི་ཕྱི་མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱིས་བསྐོར་བ་བྲིས་པའམ། ཡང་ན་འབྲུ་ཚོམ་ལྔ་པའི་དབུས། མཉྫིའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་སྐུ་གཟུགས་དང་བཅས་འགོད། རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱིས་བརྒྱན་པ་ཤར། དངོས་སམ་བྲིས་པའི་དབུ་རྒྱན་ཅོད་པཎ་ལྡན་པ་ལྷོ། དར་དམར་གྱི་མགུལ་ཆིངས་ལྡན་པའི་དྲིལ་བུ་ནུབ། ག་བུར་སོགས་དྲི་བཟང་གི་ཆུས་གཏམས་པའི་དུང་ཆོས་བྱང་། དབང་གཏོར་དཀར་ཟླུམ་པད་འདབ་ཅན་རྒྱན་ལྡན་ཙཀླིས་བརྒྱན་པ། མཐའ་བསྐོར་དུ་སྨན་རཀ་མཆོད་པ་སྤྱི་ལྟར་དང་། བཀའ་གཏེར་སྲུང་གི་གཏོར་མ་ཡང་བཤམས། དཀྱིལ་འཁོར་གྱི་མདུན་ལ་སོགས་པར། ཚེ་འདས་ཀྱི་གཟུགས་དང་མིང་བྱང་བྲིས་པ་སོགས་དམིགས་རྟེན་བཞག །སྦྱང་བའི་ཆས་སྒྲིབ་སྦྱོང་བྲབ་རྫས་ཟས་གཏད་སོགས་དགོས་ཆ་རྣམས་ཚང་བར་བྱས་ལ། འཕྲིན་ལས་ཀྱི་གཞུང་བསྲང་སྔོན་དུ་འགྲོ་བས། དང་པོ་རྟེན་བསྐྱེད་པ་ནི། དམིག་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲི་ལས་ཚེ་འདས་ཉིད་གསོན་དུས་ཀྱི་རྣམ་པ་ཇི་ལྟ་བར་བསམས། གཉིས་པ་རྣམ་ཤེས་འགུགས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། རང་ཉིད་ལྷ་ཡི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཀྱིས་ཚེ་འདས་ཀྱི་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་ཞེས་བགྱི་བའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་། སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨ་ནྲི་སུ་ཏྲི་པྲེ་དུ་ཛ༔ བཛྲ་ཨ་ཀཪྴ་ཡ་ཛ༔ ཞེས་རྣམ་ཤེས་དང་། སརྦ་པཱ་པཾ་ཨ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོ༔ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ་མོ། །གསུམ་པ་བགེགས་སྦྱང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨཱོཾ་སརྦ་བིགྣཾ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱ༔ སརྦ་ཏདྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྣ་ཨེ་དཾ་བྷ་ལིངྟ་སྭཱ་ཧཱ༔ གསུམ་ཀྱིས་ཞི་བ། ཏིང་ལོ་ཆང་བུ་བསྐོར་ཞིང་། ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྷྲྀཧྣ་གྷྲྀཧྣ་ཧཱུྃ༔ གྷྲཱྀཧྣ་པ་ཡ་གྷྲྀཧྣ་པ་ཡ་ཧཱུྃ༔ ཨ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛཱ་ཀྲོ་ཏ་ཡ་ཧཱུྃ་ཕཊ༔ གསུམ་གྱིས་ཞི་དྲག་ཕྱེད་མ། བདེན་སྟོབས་གོང་བཞིན་བརྗོད་ནས། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་སུ་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་དང་ཚེ་ལས་འདས་པའི་གཟུགས་བཟུང་ནས་འབྲེལ་བ་ཤུལ་དུ་མཆིས་པ་རྣམས་ལ་གནོད་པར་བྱེད་པ་དང་། རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་སྐྱེ་བ་ཕྱི་མ་བདེ་བ་དང་ལེགས་པའི་ལམ་ལ་བར་དུ་གཅོད་པའི་ལོག་འདྲེན་དྲི་ཟ་འཆི་ཀ་མའི་སེམས་ལ་ཉེ་བར་འཁོར་བ་ཞེས་བྱ་བའི་རིགས་དང་། དྲི་ཟ་ཁྱབ་བྱེད་དང་། དྲི་ཟ་དཔག་མེད་དང་། གནོད་སྦྱིན་སྨྲ་འདོད་དང་། འབྱུང་པོ་ཝ་ར་ཧི་མེད་ཀུན་རྟོག་ཅེས་བྱ་བའི་རིགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་འཚེའི་བསམ་པ་ཞི་ནས་རང་རང་གི་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཨཱོཾ་སུམྦྷ་ནི་སོགས། དྲག་སྔགས་བརྗོད་གཏོར་མ་རྒྱང་རིང་དུ་དོར། གུ་གུལ་གྱིས་དུད་པས་བདུག །ཡུངས་ཐུན་གྱིས་བྲབས། བཞི་པ་སྡིག་པ་སྦྱོང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་། གཡས་སུ་མེ། གཡོན་དུ་ཆུ་བཞག །ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་དེ་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་ཤིང་དག་པར་བསམ་ཞིང་། ཏིལ་གཡས་གཡོན་གྱི་མེར་བསྲེགས་ཆུར་དོར་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བྷ་སྨཱི་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབས། ལས་ཀྱི་རླུང་དབང་དུ་བྱེད་པའི་ཕྱིར། ཡིག་བརྒྱ་དང་ཨཱོཾ་ད་ཧ་ད་ཧ་སརྦ་ན་རཀྐ་ཏི་ཧེ་ཏུན་ཧཱུྃ་ཕཊ༔ ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏི་ཧེ་ཏུན་ཧཱུྃ་ཕཊ༔ ཨཱོཾ་མ་ཐ་མ་ཐ་སརྦ་ཏཱིཪྻ་ཀ་ཏི་ཧེ་ཏུན་ཧཱུྃ་ཕཊ༔ ཞེས་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླ་ཞིང་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། །ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་བྱ་ཞིང་། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀ་ཡ་བི་ཤྭ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་བུམ་པར་བླུགས། མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། བཀྲ་ཤིས་བུམ་པའི་གཞལ་ཡས་སུ༔ དཀྱིལ་འཁོར་ལྷ་ཚོགས་གསལ་བྱས་ནས༔ སྔགས་དང་ཕྱག་རྒྱའི་འཕྲོ་འདུ་ཡིས༔ ཚེ་འདས་སྡིག་སྒྲིབ་དག་གྱུར་ཅིག༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ཡིག་བརྒྱ་བཟླ་ཞིང་བཀྲུ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོ་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཡིག་བརྒྱ་དང་། ཀཾ་ཀ་ནི་སོགས་གཟུངས་བཟླ་ཞིང་རོལ་མོ་འཁྲོལ་ཞིང་ཁྲུས་བྱའོ། །དྲུག་པ་དུག་སྦྱང་བ་ནི། བུམ་ཆུས་མིང་བྱང་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། བཅོམ་ལྡན་དགེ་འདུན་དུག་མི་མངའ། དགེ་འདུན་བདེན་པས་དུག་བཅོམ་མོ། །འབྱུང་བ་སོ་སོས་བྱབས་ཤིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱན་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །མ་མཱ་ཀི་ཡི་བྱིན་རླབས་ཀྱིས། ཚེ་འདས་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་འབྱུང་བའི་ནང་དུ་ཐིམ་པར་གྱུར་ཅིག །འབྱུང་བ་རྣམ་པར་དག་པ་ཡུམ་བཞིའི་ངང་དུ་སངས་རྒྱས་པར་གྱུར་ཅིག །བདུན་པ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་ཕྱག་འཚལ་ལོ། །དང་པོ་མེ་ཏོག་ཕོག་པ་སོགས། །དཀྱིལ་འཁོར་ལྷ་རྣམས་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད། རིགས་ལྔ་རྒྱལ་བ་ལ་ཕྱག་འཚལ། །ཡེ་ཤེས་སྒྱུ་མའི་སྐུར་བསྟན་པ། །སེམས་དཔའ་སེམས་མ་ལ་ཕྱག་འཚལ། །ཕྱོགས་བཅུའི་བགེགས་རིགས་མ་ལུས་འདུལ། །ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་བསལ་བ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲགས་པས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་དཔལ་དབྱངས་ལ་བདག་ཉིད་ཀྱི། །བདག་གི་ལུས་འདི་འབུལ་བར་བགྱི། ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསྐྱབ་ཏུ་གསོལ། ཞེས་དང་། བླ་མ་རྒྱལ་བ་སྲས་བཅས་ལ། །ཚེ་འདས་གུས་པས་ཕྱག་འཚལ་ལོ། །སྡིག་སྦྱང་དབང་བསྐུར་ལམ་བསྟན་ནས། །མྱུར་དུ་སངས་རྒྱས་ཐོབ་བྱིན་རློབས། །བརྒྱད་པ་དབང་བསྐུར་བ་ནི། ཁྲུས་བྱ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ཧཱུྃ༔ ཧེ་རུ་ཀཿདང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ། ལན་སྦྱིན་པ་ནི། ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི་ལན་དུ། ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས༔ ཧོཿ རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ གསུམ། སེམས་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་སྒྲུབ་པར་སེམས་བསྐྱེད་དོ༔ གསུམ། ཡེ་ཤེས་དབབ་པ། ཨཱོཾ་མ་ཧཱ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་ཉི་ཟླ་པདྨའི་སྟེང་དུ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་པར་བསྒོམ་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ཤིང་ཐིམ་པར་བསམ་ལ། ཧཱུྃ་ཧྲཱི༔ འོག་མིན་འཐུག་པོ་བཀོད་པ་ནས༔ སོགས་སྤྱན་འདྲེན་བརྗོད། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ དངོས་གཞི་དབང་བསྐུར་བ་ནི། ཨཱོཾ༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ ཚེ་འདས་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་རྡོ་རྗེ་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བྷུདྡྷ་བཛྲ་ས་ཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དྲིལ་བུ་མགྲིན་པར་བཞག་ལ། ཨཱ༔ ཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགགས་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾ༔ པདྨ་ས་ཏྭ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་སྙིང་ཁར་བཞག །ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་སྤྱི་བོར་གཏུག །སྭ༔ སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པར༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ དུང་ཆོས་ལག་ཏུ་བཞག་ལ། ཧཱ༔ རབ་འབྱམས་རྒྱལ་དང་རྒྱལ་བའི་འཕྲིན་ལས་ཚོགས༔ སྣ་ཚོགས་སྣང་ལ་ལས་བཞི་ལྷུན་གྱིས་གྲུབ༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ཏེ། རྩ་བརྒྱུད་བླ་མའི་མཚན་བཤད་དང་སྡིག་སྒྲིབ་སྦྱོང་བ་དང་དག་ཞིང་དུ་སྐྱེ་བའི་སྨོན་ལམ་བརྗོད། དེ་ལྟར་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ལ་དབང་ཞིང་༔ འབྲས་བུ་སྐུ་ལྔའི་གོ་འཕང་འཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ ཤིས་པ་བརྗོད་མེ་ཏོག་འཐོར། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པས་དམ་ཚིག་དང་སྡོམ་པ་བསྲུང་སྙམས་པའི་མོས་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དབང་ཐོབ་པའི་གཏང་རག་གི་མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། དགུ་པ་ཟས་གཏད་པ་ནི། ཚེ་ལས་འདས་པ་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་མདུན་དུ། བཟའ་བཏུང་སྣ་ཚོགས་པ་བཤམས་པར་ཆབ་དང་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་བསམ་ལ། ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་བཅས་ཏེ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ལས་དང་སྨོན་ལམ་འབྲེལ་བ་ཡིས། །ཟས་གོས་ནོར་རྫས་ཐམས་ཅད་དང་། །འཇིག་རྟེན་འདས་དང་མ་འདས་པའི། །འདོད་ཡོན་མཆོད་པ་རྣམ་མང་པོ། །རྟག་ཏུ་མ་ཆགས་མ་ཐོགས་པ། །ལོངས་སྤྱོད་ཟད་པ་མེད་པ་ལ། །རང་དབང་དུ་ནི་སྤྱོད་པར་ཤོག །ཨཱོཾ་བཛྲ་ས་ཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏི་ཙྪ་ཧཱུྃ་སྭཱ་ཧཱ༔ ཞེས་བསྔོ། བཅུ་པ་ལམ་བསྟན་སྦྱང་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །བྱང་ཆུབ་སེམས་དཔར་ཁྱོད་གྱུར་ཏེ། །ཚོགས་སྦྱོར་མཐོང་དང་གོམ་པའི་ལམ། །བླ་མེད་ལམ་རྣམས་ཀུན་སྦྱངས་ཏེ། །ས་ལམ་འབྲས་བུ་བགྲོད་པར་ཤོག །འོག་མིན་ཞིང་མཆོག་དམ་པ་དེར། །མྱུར་དུ་སངས་རྒྱས་སར་ཕྱིན་ནས། །ཞིང་ཁམས་རྣམ་པར་དག་གྱུར་ཏེ། །ལོངས་སྤྱོད་རྫོགས་པར་དབང་ཐོབ་ཤོག །ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཨའི་གཟུགས་ཀྱི་རྣམ་པ་སྤྱི་བོ་ནས་འཐོན་འོག་མིན་གྱི་ཞིང་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་མོ། །བཅུ་གཅིག་པ་བྱང་བུ་བསྲེག་པ་ནི། ཆོ་ག་ཞག་སྦྲེལ་དུ་བྱེད་ན་ནུབ་ཐ་མའི་ཚེ། ཀོང་བུ་ཐབ་ཁུང་དུ་མེའི་ངོ་བོ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བར་ཚེ་འདས་ཀྱི་གཟུགས་ཕུང་མཆོད་རྫས་སུ་ཕུལ་བས་ཚོགས་རྫོགས་པར་བསམ་ལ། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་མེ་ནང་དུ། །མཆོད་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་དང་། རྟེན་འབྲེལ་རྒྱུ་ལས་བྱུང་བའི་ཕུང་པོ་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་མ་མ་སརྦ་སིདྡྷི་ཀུ་རུ་སྭཱ་ཧཱ༔ མ་མ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་ཀུ་རུ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དང་། ཡིག་བརྒྱ་ཀཾ་ཀ་ནི་ངན་སོང་སྦྱོང་བའི་སྔགས་སོགས་བརྗོད་ལ། དམིགས་རྟེན་མཚན་བྱང་སོགས་བསྲེག་གོ། ༈དེ་ནས་སཱཙྪ་གདབ་པའི་ཆོ་ག་ནི། བུམ་པ་དྲི་བཟང་གི་ཆུས་བཀང་བ་དག །འབྱོར་ན་བ་བྱུང་ལྔ་སྦྱོར་བ་སྣོད་སོ་སོར་བཤམས། བྱང་ཐལ་དང་རུས་བུ་གང་ཡིན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཨ་ཡིག་དཀར་པོས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་ཚེ་འདས་ཀྱི་སྡིག་སྒྲིབ་དག་པར་བསམ་ཞིང་། ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུས་བཀྲུས་ལ། ཞིབ་པར་སྦྱངས་ནས། བུམ་ཆུ་དང་བ་བྱུང་གིས་ས་སྤྱིན་པོ་དང་ལྷན་གཅིག་ཏུ་སྦྱར་བའི་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས། འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ། ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གན་རྐྱལ་གྱི་སྟེང་དུ་གཡས་པའང་། དེ་བཞིན་དུ་བྱས་པ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ། རྣམ་སྣང་གི་གཟུངས་རིང་ངམ། ཡང་ན། ཨཱོཾ་ཛཱི་ན་ཛཱིཀ་སྭཱ་ཧཱ། ཞེས་པ་ཉེར་གཅིག་དང་ཡིག་བརྒྱ་བཟླས་པས་བྱིན་གྱིས་བརླབས། ཨཱོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། བཟླས་པས་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་འཇིམ་པ་བཅད། ཨཱོཾ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བར་བསམ་ལ་འབི་འབི་བྱ། ཨཱོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམ་ལ་སྣུམ་བྱུག །ཨཱོཾ་དྷརྨ་དྷརྟུ་གཪྦྷེ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་འཇུག །ཨཱོཾ་བཛྲ་མུཏྒཱ་ར་ཨཱ་ཀོ་ཊཱ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམ་ལ་གདབ། ཨཱོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམ་ལ་གཟུངས་འཇུག་པའམ། མེད་ན་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་འདོན་པར་བྱ། ཨཱོཾ་དྷརྨཱ་ར་ཏེ་སྭཱ་ཧཱ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་གྲུབ་པར་བསམས་ཤིང་ཕྱིར་འདོན། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པའོ། །ཆོ་ག་དེ་ལྟར་ལྡན་པའི་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར་ཞེས་གསུངས། དེ་ནས་མཆོད་རྟེན་གདབ་པ་དེ་དག་ལ་སྔགས་ཀྱིས་སྒྲུབ་པ་ལ་བརྟེན་ནས་གཤིན་པོ་ལ་ཕན་གདགས་པར་འདོད་ན། སཱཙྪ་མང་ཉུང་གང་ཡིན་པ་དེ་དག་ལ་ཚོན་རྩི་སོགས་གསོལ་ནས་སྟེགས་ཀྱི་ཁར་ལེགས་པར་བཞུགས། མཐའ་བསྐོར་དུ་མཆོད་པ་ཅི་འབྱོར་བས་མཛེས་པར་བཤམས། བདག་བསྐྱེད་ཀྱི་མཆོད་པ་དང་གཏོར་མ་སོགས་ཚང་བ་དང་རྣམ་བུམ་བཅུད་ལྡན། རྟེན་ལ་འཐོར་རྒྱུའི་མེ་ཏོག་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། རང་ཉིད་གཅིག་པུའམ་སྒྲུབ་གྲོགས་དང་བཅས་པས། རྡོར་སེམས་ཀྱི་ཆོ་ག་གཞུང་བསྲང་ཡིག་བརྒྱ་དང་ཉེ་སྙིང་གི་བཟླས་པ་དང་དམིགས་པ་གཞུང་ལྟར། རྣམ་བུམ་དུ་རྡོར་སེམས་ཀྱི་ལྷ་ཚོགས་ཏིང་ངེ་འཛིན་གྱིས་བསྐྱེད་ཅིང་བུམ་བཟླས་བྱ་ཞིང་ལྷ་འོད་དུ་ཞུ་བས་བདུད་རྩིར་བསམས། དེ་ནས་རྟེན་བསྐྱེད་པ་ནི། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙ་ན་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །རིན་ཆེན་ལས་གྲུབ་མཆོད་རྟེན་གྱི། །བུམ་པའི་ནང་དབུས་པད་ཟླའི་སྟེང་། །ཧཱུྃ་ཡིག་ཡོངས་གྱུར་རྡོ་རྗེ་སེམས། །ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པྲོག་ཞུས་དབུ་བརྒྱན་རྡོ་རྗེ་གཡས༔ ཐུགས་ཀར་གཏོད་པའི་ཚུལ་དུ་བསྣམས༔ དར་ལྗང་སྟོད་གཡོག་དྲིལ་བུ་གཡོན༔ འགྱིང་ཚུལ་ལྡན་པའི་དཀུ་ལ་བརྟེན༔ སྤྱན་གཉིས་འཛུམ་པའི་མདངས་དང་ལྡན༔ སྣ་ཚོགས་དར་དང་རུས་པས་བརྒྱན༔ ལོངས་སྤྱོད་རྫོགས་སྐུའི་གཟི་འོད་འབར༔ འོད་ལྔ་འཁྲུགས་པའི་ཀློང་དུ་བཞུགས༔ དེཡི་ཕྱི་རིམ་ཕྱོགས་བཞི་ནས༔ མདངས་ལྡན་པདྨ་འདབ་མ་བཞི༔ ཤར་ཕྱོགས་པདྨ་ཉི་ཟླའི་སྟེང་༔ བུདྡྷ་རྡོར་སེམས་སྐུ་མདོག་མཐིང་༔ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ རཏྣ་རྡོར་སེམས་སྐུ་མདོག་སེར༔ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ པདྨ་རྡོར་སེམས་སྐུ་མདོག་དམར༔ བྱང་ཕྱོགས་པདྨ་ཉི་ཟླའི་སྟེང་༔ ཀརྨ་རྡོར་སེམས་སྐུ་མདོག་ལྗང་༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རང་རྟགས་ཕྱགས་མཚན་བསྣམས༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ སྣང་ལ་རང་བཞིན་མེད་པར་གསལ༔ ཕྱི་རིམ་མུ་ཁྱུད་རྡོར་ཕྲེང་དང་༔ འོད་ཟེར་འབར་བའི་ཀློང་རུམ་དུ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་དང་༔ ལ་སེ་དཀར་མོ་སེམས་མའི་ཚོགས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མ་ལུས་པ༔ རྡོ་རྗེ་རིགས་ཀྱི་ངོ་བོར་གསལ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གསུམ༔ འཕྲོས་པས་སྐུ་གསུམ་ཞིང་ཁམས་ནས༔ རྒྱལ་བ་སྲས་དང་བཅས་པའི་ཚོགས། །བདེ་གཤེགས་མཆོད་རྟེན་རང་བཞིན་ནི། །རྣམ་པ་དུ་མའི་གཟུགས་བརྙན་ཚོགས། །བསམ་གྱིས་མི་ཁྱབ་སྤྱན་དྲངས་ཐིམ། །སྤྱན་དྲངས་པ་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་ཟབ་མོའི་དཀྱིལ་འཁོར་ནས། །ཆོས་སྐུའི་གཟུགས་བརྙན་བྱང་ཆུབ་སེམས་ཀྱི་ངང་། །གླིང་བཞི་འདུལ་མཛད་མཆོད་རྟེན་ཆེན་པོ་བརྒྱད། །སྐུ་གདུང་རིང་བསྲེལ་མང་པོ་གཤེགས་སུ་གསོལ། བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཏ་ཐཱ་ག་ཏ་ཀ་ནི་ཀ་ས་མ་ཡ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ། སྐུ་གསུང་ཐུགས་ལྡན་མཆོད་རྟེན་བརྒྱད། །དཔལ་ཚོགས་བཀྲ་ཤིས་གཞལ་ཡས་འདིར། །གཟུགས་བརྙན་འདི་དང་གཉིས་མེད་པར། །འགྲོ་བའི་དོན་ཕྱིར་བཞུགས་སུ་གསོལ། །རཏྣ་ཀ་ནི་ཀ་ཡ་ཏ་ཐཱ་ག་ཏ་ས་མ་ཡ་ཏིཥྛ་ལྷན། ཨ་བེ་ཤ་ཡ་ཨ་ཨ། རྣམ་བུམ་ཐོགས་ལ་མེ་ལོང་ངོས་རྟེན་གྱི་གཟུགས་བརྙན་ཤར་བ་ལ་ཆུ་བཏིགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་གནང་བ་ཡིན། ཨཱོཾ་ཨཱཿཧཱུྃ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿ ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །རི་བོ་ལྟར་ནི་མཛེས་པ་ཡིས། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་སྐུ་ཁྲུས་གསོལ་བར་བགྱི། །ཙན་དན་གུར་རྒུམ་དྲི་བཟང་ཁྲུས་ཆབ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ་བ་ཡིས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་གྲོལ་དང་། །ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པར་ཤོག །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ ཀཱ་ཡ་བི་ཤྭ་དྷ་ན་སྭཱ་ཧཱ། མཆོདཔ་འབུལ་བ་ནི། ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྐྱེད་པའི། །ཡོན་ཆབ་བདུག་སྤོས་མེ་ཏོག་མར་མེ་དང་ལྷ། །དྲི་ཆབ་བཤོས་གཙང་མཉེས་པའི་ཡོ་བྱད་རྣམས། །འདོད་ཡོན་རྣམ་ལྔའི་ཚོགས་ཀྱང་མཆོད་པར་འབུལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་འབུལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ། རཱུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་སོགས། །ཞིང་ཁམས་རྒྱ་མཚོའི་མཎྜལ་ཇི་སྙེད་དང་། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །མཆོད་པའི་རྣམ་པ་མང་པོ་ཡོངས་སུ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པུ་ཙ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་དང་བསྟོད་པ་ནི། ཧཱུྃ་བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པས། །སྲིད་རྩེ་རིན་ཆེན་སྣ་ལྔའི་གཞལ་ཡས་ནས། །རིགས་ལྔའི་ཕྱག་རྒྱ་མཆོད་རྟེན་ལྔར་སྣང་བ། །རིགས་ཀྱི་མཆོད་རྟེན་རྣམས་ལ་ཕྱགས་འཚལ་བསྟོད། ཇི་ལྟར་ཨུ་དུམ་ཝ་རའི་མེ་ཏོག་ལྟར། །སངས་རྒྱས་མཛད་པ་མཐར་ཕྱིན་གྲུབ་པའི་རྟགས། །འཁོར་བ་ཟད་མེད་ཐར་ལམ་འདྲེན་པའི་གཙོ། །བླ་མེད་མཆོད་རྟེན་བརྒྱད་ལ་ཕྱག་འཚལ་བསྟོད། །རྣམ་དག་དབྱིངས་ཀྱི་བྱིན་རླབས་རྒྱལ་བའི་གསུང་། །མ་རིག་མུན་འཇོམས་ངེས་པར་རྒྱལ་བའི་གཞི། །སྤྲུལ་པའི་མཆོད་རྟེན་སྲེད་མཆོག་བསྐུར་བསྟིའི་གནས། །རིང་བསྲེལ་མཆོད་རྟེན་རྒྱལ་ལ་ཕྱག་འཚལ་བསྟོད། །སརྦ་དྷརྨཱ་ཀཱ་ཡཱ་ཨཱཏྨ་ནཱཾ་ན་མ༔ བཀྲ་ཤིས་ནི། རྣམ་སྣང་བཀྲ་ཤིས་ཆོས་དབྱིངས་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོར་སེམས་བཀྲ་ཤིས་མེ་ལོང་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རིན་འབྱུང་བཀྲ་ཤིས་མཉམ་ཉིད་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མཐའ་ཡས་བཀྲ་ཤིས་སོར་རྟོག་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དོན་གྲུབ་བཀྲ་ཤིས་ནན་ཏན་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞི་ཁྲོ་ཡོངས་རྫོགས་དངོས་གྲུབ་རྒྱ་མཚོའི་སྐུ༔ ཚེ་འདས་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དང་གཞན་ཡང་ཤིས་བརྗོད་ཅི་རིགས་པ་དང་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར་བར་བྱའོ། །དེ་ནས། བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་མཆོད་རྟེན་རྣམས་ཀྱི་བུམ་ནང་གི་ལྷའི་ཐུགས་ཀར་འཕྲོས་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་དང་ཁྱད་པར་དམིགས་ཡུལ་ཚེ་འདས་དེའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བསམ་ལ། ཡི་གེ་བརྒྱ་པའི་མཇུག་ཏུ། ཆེ་གེའི་སྡིག་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པ་འབུམ་ཕྲག་གཅིག་ཚང་བར་བཟླ་ཞིང་ཞག་ཅི་ཙམ་འཐོག་པ་དེའི་རིང་ལ་མཇུག་ཏུ་བདག་བསྐྱེད་ཀྱི་མཇུག་ཆོག་རྣམས་བྱ། གཞན་ཡང་དཀོན་མཆོག་མཆོད་པ་གསུང་རབ་ཀློག་པ་གོང་བཞིན་བདག་མདུན་གྱི་ཆོ་ག་དང་བཟླས་པ་འཇོག་མཚམས་མཆོད་བསྟོད་སྨོན་ལམ་སོགས་བྱ་ཞིང་འགྲོ་ལ་སྦྱིན་པ་གཏོང་བ་སོགས་དགེ་བའི་རིགས་ཅི་འགྲུབ་བྱའོ། །མཐར་སཱཙྪ་རྣམས་མཆོད་རྟེན་ནམ་ཁང་བུ་བརྩེགས་པའམ། །བྲག་ཕུག་སོགས་ཆུས་མི་འཇིགས་པའི་སར་མགོ་ཞབས་མ་ལོག་པར་བཞུགས་སུ་གསོལ། དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། གསང་འདུས་རྒྱུད་ལས། དེ་ནི་སྐུ་གསུམ་ལྷུན་གྱིས་གྲུབ༔ མ་གྲུབ་བར་དུ་འཁོར་ལོས་སྒྱུར༔ ཆོས་སྐྱོང་རྒྱལ་པོ་ཆེན་པོར་འགྱུར༔ ཅེས་དང་། རྒྱུད་གཞན་ལས་ཀྱང་། དེ་ནས་མཆོད་རྟེན་འབར་གྱུར་ཏམ། ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། དྲི་དང་བདུག་པ་འོད་ཀྱང་རུང་། །སྣང་ངམ་ཡང་ན་ངད་ལྡང་ངམ། །ལྷ་ལ་སོགས་པའི་རྣམ་པ་ནི། །སྣ་ཚོགས་པར་ནི་སྣང་གྱུར་ཏམ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང་། །མེ་ཏོག་ལ་སོགས་འདོར་བ་དང་། །དུང་དང་རྔ་ལ་སོགས་པའི་སྒྲ། །གླིང་བུ་པི་ཝང་ལ་སོགས་རྣམས། །ཞེས་དང་། དེ་ནས་དེ་ཡི་སྡིག་པ་ནི། དག་པ་ཉིད་དུ་ངེས་པར་མཐོང་། །ལྷ་ཡི་ལུས་ཀྱི་གཟུགས་གྱུར་ལ། །རང་གི་རྒྱུད་དུ་ངོ་ཤེས་འགྱུར། །ཞེས་འོད་དང་སྒྲ་དང་དྲི་བཟང་པོ་འཐུལ་བ་དང་དངོས་སུ་དགེ་བའི་མཚན་ལྟས་བཟང་པོ་མཐོང་བ་ནི་སྡིག་པ་བྱང་བའི་རྟགས་ཅི་རིགས་པ་དང་ཕན་ཡོན་ཆེན་པོ་འཐོབ་པར་གསུངས་སོ། །༈རྒྱུད་དང་མན་ངག་ཟབ་མོས་གཞན་དོན་ལ། །ཕན་པའི་ཐབས་ཚུལ་བྱ་སླ་ཚེག་མེད་པར། །འགྲུབ་བྱེད་གནས་ལུང་འཇུག་བདེར་སྤེལ་བ་འདིས། །སྲིད་འགྲོ་ངན་སོང་གནས་ནས་འདྲེན་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་ཚེ་འདས་ཀྱི་སྒྲིབ་པ་སྦྱོང་བྱེད་ཁྱད་པར་བ་དང་། སྤྱི་མཐུན་ལྟར་དང་། སྒྲིབ་སྦྱོང་སཱཙྪ་སྒྲུབ་ཆོག་དང་བཅས་པ་འདི་ནི་རིག་བྱེད་ཀྱི་ལམ་ལ་བློ་གྲོས་ཡངས་པ་བསྟན་འཛིན་རྒྱ་མཚོས་ཡང་ཡང་བསྐུལ་ངོར་རྫོགས་པ་རང་བྱུང་གི་རྒྱུད་ལས་བྱུང་བ་ལྟར་དང་གཏེར་ཁ་གོང་འོག་གི་བཀའ་བརྒྱད་དང་མཐུན་པར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་་གྱིས་བསྐལ་བཟང་ཕུན་ཚོགས་གླིང་གི་གཙུང་ལག་ཁང་ཆེན་པོར་བཀོད་པར་དགེ་ལེགས་འཕེལ། སརྦ་མངྒ་ལམ།། །། ༈རྡོར་སེམས་ཀྱི་གཏོར་དབང་གི་མཚམས་སྦྱོར་ནི། ཨཱོཾ་ཨཱཿཧཱུྃ་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུའི་དབང་པོ། རིག་འཛིན་ཉི་མ་གྲགས་པ། ཐུགས་སྲས་ཨོརྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་སོགས་རྩ་བརྒྱུད་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་རྡོ་རྗེ་སེམས་དཔའ་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་ཚེ་ལས་འདས་པ་འདི་ཉིད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། བར་དོའི་འཇིགས་སྐྲག་སྡུག་བསྔལ་ལས་སྐྱབས་ཏེ་དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ སརྦ་བ་ལིངྟ་ཨབྷི་ཥིཉྩ་ཧཱུྃ༔ ཞེས་པའང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་སོ། །༈གོང་དུ་སཱཙྪ་གདབ་དུས་དགོས་པ་རྣམ་སྣང་གཟུངས་རིང་ནི། ཨཱོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ཎ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀཾ་བུདྷཱ་ཡ། ཏདྱ་ཐ། ཨོཾ་སུ་ཀྵ་མེ་སུ་ཀྵ་མེ་ས་མ་ས་མ་ཡེ། ཤནྟེ། དཱནྟེ། ཨ་ས་མ་རོ་བེ། ཨ་ན་ལམྦེ། ཏ་རམྦེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ། ནི་རཱ་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་སྭཱ་ཧཱ། འདིར་སྒྲིབ་སྦྱོང་སཱཙྪ་སྒྲུབ་པའི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས་ཏེ་རུས་སྦྱོང་ཇི་ལྟར་བྱ་བའི་ཚུལ་དང་། སཱཙྪ་གདབ་བའི་ཚུལ་ལོ། །དང་པོ་ནི་སྦྱིན་སྲེག་གིས་སྦྱོང་གྲུབ་པའི་རུས་པ་རྣམས་རིན་པོ་ཆེའི་སྣོད་དུ་དྲི་བཟང་གིས་པདྨ་འདབ་བརྒྱད་བྲིས་པའི་ཁར་བཞག །དེའི་གོང་ཙམ་དུ་དཀྱིལ་འཁོར་མཆོད་པ་གཏོར་མ་སོགས་དང་། རྣམ་བུམ་བཅུད་ལྡན། འབྱོར་ན་བ་བྱུང་ལྔའི་སྣོད་དང་གུར་གུམ་སོགས་དྲི་ཆུའི་སྣོད་ཀྱང་བཤམ་ནས། སྔོན་འགྲོ་ནས་བཟུང་ལས་གཞུང་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་ཅི་རིགས་དང་། གཙོ་བོར་བུམ་པའི་ནང་དུ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་གསལ་ལ། གཟུངས་ཐག་བཟུང་ནས། ཡིག་བརྒྱ་འམ་ཡང་ན་ཉེ་སྙིང་འབུམ་ཕྲག་གཅིག་རང་ངམ་སྒྲུབ་གྲོགས་དང་ལྡན་པས་བཟླས་ལ་འཁོར་བཞིའི་ཡིག་བརྒྱ་དང་ཉེ་སྙིང་རྣམས་ཀྱང་ཇི་ལྟར་འོས་པར་བཟླ་ཞིང་ཁྲུས་སྔགས། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པའང་ཅུང་ཟད་བཟླའོ་མཆོད་བསྟོད། བཀའ་གཏེར་སོགས་དཀྱུས་བཞིན་བྱས་ནས། རྣམ་བུམ་ཐོགས་ཏེ། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བསམ། ཡིག་བརྒྱ་དང་ཉེ་སྙིང་བཟླ་ཞིང་བཀྲུ། མཐར་ཡིག་བརྒྱ་རིགས་ལྔ་ཉེ་སྙིང་བཅས་དང་། ཨཱོཾ་བཛྲ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་བཟླ་བས་ཀྱང་བཀྲུ་བའང་བཤད། དེ་ནས་ཁྲུས་བུམ་ཐོགས་ཏེ། འདི་ནི་སྦྱིན་པའི་རང་བཞིན་སོགས་ནས། གནས་ལུང་གཞུང་ལྟར་ཁྲུས་དང་ཡིག་བརྒྱ་སོགས་བཟླ་ཞིང་། འདོད་ཆགས་ཞེ་སྡང་སོགས་དང་། ས་འདི་དུག་གི་ཕ་ཡིན་ཏེ། །སོགས་ནས་གྱུར་ཅིག་གི་བར་བྱ་ཞིང་། མེ་ཏོག་འཐོར་ཞིང་ཤིས་བརྗོད་ཀྱང་བྱས་ཏེ། བཀའ་གཏེར་བསྐུལ་བ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བྱའོ། །དེ་ཡང་སྦྱོང་རྒྱུད་ལས། སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་ནས་བརྫིས་ནས་ནི། །ཞེས་གསུངས་པའི་དོན་ཏེ། རུས་སྦྱོང་ཇི་ལྟར་བྱ་བའི་ཚུལ་ལོ། །གཉིས་པ་སཱཙྪ་གདབ་པ་ནི། རུས་པ་རྣམས་ཤིན་ཏུ་ཞིབ་པར་བཏགས་ནས། སྔར་གྱི་བུམ་ཆུ་དང་དྲི་བཟང་བ་བྱུང་ལྔ་རྣམས་ས་སྤྱིན་པོའི་འཇིམ་པ་དང་སྦྱར་ལ། བྱིན་གྱིས་བརླབས་པ་ནི། འཇིམ་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཨཱོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་ཚར་གཅིག་བརྗོད་ཅིང་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་ནས་སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་འོད་དུ་ཞུ་ནས་འཇིམ་པ་ལ་ཐིམ། འཇིམ་པ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རིན་པོ་ཆེའི་ཕུང་པོར་གྱུར་པར་བསམས་ལ་ཡིག་བརྒྱའི་མཐར། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས། སཱཙྪ་ནང་དུའང་ཡིག་བརྒྱ་ཤམ་བུ་དང་བཅས་པའི་གཟུངས་མགོ་ནས་བསྒྲིལ་ཏེ་མགོ་འཇུག་མ་ལོག་པར་བཅུག་པའི་སཱཙྪ་གཅིག་ནས་ལྔའམ། བརྒྱ་རྩ་བརྒྱད་དང་། འབུམ་སོགས་གང་འགྲུབ་བཏབ་སྟེ། དེའང་སཱཙྪ་འདེབས་པའི་ཆོ་ག་བྱས་པའི་སྐབས་སུ་གསུངས་པ་དང་། གཞན་ཡང་ཡོད་མོད་ཀྱི། སྐབས་འདིར་ཡིག་བརྒྱ་ཁོ་ན་བཟླས་ཏེ་བཏབ་པས་ལག་ལེན་བདེ་ཞིང་ཆོག་ཅེས་མཁས་པ་དག་གིས་གསུངས་ཏེ། གཞུང་གཞན་ལས་ཀྱང་དེ་བཞིན་དུ་འབྱུང་ངོ་། །སཱཙྪ་བཏབ་གྲུབ་ནས་ཚོན་རྩི་གསོལ་ལ་སྟེགས་མཐོ་བར་བཞུགས་སུ་གསོལ་ཏེ། དེ་ཡང་རྒྱུད་ལས། ག་པུར་དྲི་ཡིས་བགོས་པ་ཡིས། །འཇིམ་པ་དང་ཡང་བསྲེས་ནས་ཀྱང་། །གཟུགས་སུ་བྱ་འམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །ཞེས་གསུངས་སོ། །སཱཙྪ་འདེབས་པའི་ཆོ་ག་སྟེ་སྦྱོར་བའི་རིམ་པའོ། །དངོས་གཞི་ལ་གསུམ། རབ་ཏུ་གནས་པ། སྒྲུབ་པ་དངོས། དེ་ལ་བཀུར་སྟིར་བྱ་བའོ། །དང་པོ་ནི། བླ་མ་མཁས་པ་དག་གིས། རབ་གནས་དང་སྒྲུབ་པ་གཅིག་ཏུ་འཁྲུལ་བར་མི་བྱའོ། །ཞེས་གསུངས་པས་སྔོན་དུ་རབ་གནས་ངེས་པར་བྱ་དགོས་པས། ཅུང་ཟད་རྒྱས་པར་བྱེད་སྤྲོ་ན། བདག་མདུན་དཀྱིལ་འཁོར་གཏོར་མ་དང་། བུམ་པ། མཆོད་པ། སྦྱང་ཆས་སོགས་ཚོགས་པར་བྱས་ལ། ལས་གཞུང་བསྙེན་པ་ལ་ཐུག་གི་བར་བཏང་ནས། བདག་མདུན་ཐུན་མོང་དང་། རྣམ་བུམ་ལ་དམིགས་པའི་བསྙེན་པ་ཅི་འགྲུབ་ཀྱིས་མཐར་མཆོད་བསྟོད་རྒྱས་པར་བྱ། དུང་ཞལ་གྱིས་མཆོད་ཡོན་ཕུལ། ལས་བུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྦྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཨཱོཾ་བིག་ནན་ཏ་ཀྲི་ཏ་ཧཱུྃ་ཕཊ༔ ཅེས་བཟླས་མཆོད་ཡོན་ཕུལ། ཁྲུས་བུམ་ཡོད་ན་དང་། མེད་ཀྱང་ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པའང་ཅི་རིགས་བཟླས། བཀའ་གཏེར་མཆོད། རྟེན་རྣམས་གཉིས་སྟེགས་ཀྱི་ཁར་བཀོད། གཏོར་མ་ཏིང་ལོ་ཆང་བུ་རྣམས་བྲན་ལ། ཨཱོཾ་སརྦ་བི་གྣཱན་སོགས་གསུམ་གྱིས་གཏོར་མ་དང་། ཨཱོཾ་སུམྦྷ་ནི་སོགས་ཀྱིས་ཏིང་ལོ་ཆང་བུ་བསྐོར་ཞིང་། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བདེན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུང་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱ་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མས་ལམ་རྒྱགས། ཆང་བུའི་ལམ་ཟས། ཏིང་ལོའི་ལམ་སྒྲོན་གྱིས་ལ་གནས་འདིར་མ་འདུག་པར་སོངས་ཤིག །གལ་ཏེ་མི་འགྲོ་ན། ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་བསྲེག་ཅིང་བརླག་པར་འགྱུར་བ་གདོན་མི་ཟའོ། །ཨཱོཾ་སུམྦྷ་ནི་སོགས་དྲག་སྔགས་བཟླ། རྟེན་ལ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ལ་གཏོར་མ་ཕྱིར་དོར་རོ། །སྡིག་པ་སྦྱོང་བ་ནི། གཡས་སུ་མེ། གཡོན་ཆུ། མདུན་དུ་ཏིལ་བཤམས་ལ། བདག་དང་སྦྱིན་པའི་བདག་པོའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་སྣ་བུག་ནས་འཐོན་སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ། དེ་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་ཤིང་དག་པར་བསམ་ལ། ཨཱོཾ་སརྦ་པ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཏིལ་མེ་ཆུར་དོར་ལ། བདག་དང་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐ་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུར་བླུགས་ལ་ཕྱིར་དོར། དེ་ནས་ཁྲུས་བྱ་བ་ནི། ལས་བུམ་ཐོགས་སྟེ། ཐོག་མར་རྟེན་བྱིན་རླབས་ཅན་མེ་ལོང་དུ་འཆར་བར་བྱས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྐུ་ཕྱི། ཆུ་དེ་བུམ་པར་བླུགས། ཁྲུས་བུམ་ལོགས་སུ་ཡོད་ན་དང་། མེད་ན་ལས་བུམ་གྱིས་ཆུས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱང་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། རྒྱ་ཆེའི་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་ཁྲུས་འདི་གསོལ་བར་བགྱི། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས་རྟེན་བསྐྱེད་པ་ནི། ལས་བུམ་གྱི་ཆུས་སཱཙྪ་རྣམས་ལ་གཏོར་ཞིང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ཨཱོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞབས་རྡོརྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྣམ་སྣང་ཡེ་ཤེས་པ་ཨཱོཾ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨཱོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་གི་ཕྱག་རྒྱ་ཅན། ཕྱག་འཚལ་རྣམ་པར་སྣང་མཛད་ལ། ཞེས་དང་། ཕྱག་བྱར་འོས་པ་ཐམས་ཅད་ལ། སོགས་ཀྱིས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རྡོ་རྗེའམ་གསེར་ཐུར་ཐོག་སྟེ་སྤྱན་དབྱེ་བའི་ཚུལ་བྱས་ལ། ཀུན་མཁྱེན་ཡེ་ཤེས་སྤྱན་ནི་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨཱོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པར་ཐོབ་སྟེ་སེམས་ཅན་ཀྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་ཅིང་སྤྱན་དབྱེ། ཨཱོཾ་ཨཱཿཧཱུྃ་ཏིང་ངེ་འཛིན་གྱིས་བསྐྱེད་པ་རྣམས་འོད་དུ་ཞུ་བ་ལས། མཆོད་རྟེན་སོ་སོའི་རྣམ་པར་གྱུར། ཞེས་རྟེན་བསྒྱུར་མེ་ཏོག་དང་བཅས་ཐལ་མོ་སྦྱར་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་འབྱུང་བ་བཞིས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་སོགས་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་ལན་གསུམ་གཏོར། སླར་ཡང་གོང་བཞིན་མཆོད་བསྟོད་དང་། ཡེ་དྷརྨཱ་ཅི་མང་དང་། ཉིན་མོ་བདེ་ལེགས་སོགས་ཤིས་བརྗོད་ཅི་རིགས་བྱ་བ་དང་བཅས་པ་ནི། རབ་ཏུ་གནས་པ་མདོར་བསྡུས་པའོ། །གཉིས་པ་སཱཙྪ་སྒྲུབ་པ་ནི། གཞུང་ལས་ཇི་ལྟར་འབྱུང་བཞིན་ཏེ། འོན་ཀྱང་ཉིན་གྲངས་འགར་བྱེད་ན། ཉིན་དང་པོ་དང་། ཉིན་གཅིག་མ་ལྟ་བུར་ཡང་། ཐོག་མར་རབ་གནས་བྱ་ཞིང་། དེ་ནས་སཱཙྪ་སྒྲུབ། ཉིན་རྗེས་མ་རྣམས་ལ་རབ་གནས་དོར། བདག་མདུན་བཀའ་གཏེར་མཆོད་པ་བཅས་གྲུབ་ནས་སཱཙྪ་སྒྲུབ་པ་ལ་འཇུག་གོ། །ཐུན་འཇོག་ཁར། མཆོད་པ་རྣམས་ཁ་གསོ། སྤྲོ་ན། ཡན་ལག་བརྒྱད་ལྡན་སོགས་ན་བསྟོད་པ་རྒྱས་པར་བྱ་ཞིང་། བསྡུ་ན། སརྦ་ཏ་ཐཱ་ག་སོགས་དང་། བསྟོད་པར་འོས་པ་སོགས་བྱས་ལ། ཉིན་རྗེས་མར། མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟར་བཞིན་དུ་གྱུར་ཅེས་བརྗོད་ཅིང་བསམ་མོ། སླར་ཡང་མཆོད་བསྟོད་བྱས་ལ། མཐོང་ཐོས་ཀྱི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་བརྗོད་མེ་ཏོག་ཀྱང་གཏོར་རོ། །བཀའ་གཏེར་བསྐུལ་བ་སོགས་རྗེས་ཆོག་དཀྱུས་བཞིན་བྱ་བ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་བསྒྲུབ་སྟེ། སྔགས་ཀྱི་གྲངས་ནི་རྒྱུད་ལས། སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང་། །འབུམ་ཕྲག་གཉིས་ཀྱིས་བར་དུ་བཟླས། །ཞེས་གྲངས་ངེས་ཅན་དུ་བསྟན་པ་ལྟར་རོ། །གལ་ཏེ་དེ་ཙམ་མ་གྲུབ་ནའང་ཇི་ཙམ་གྲུབ་པར་དེ་དང་མཚུངས་པའི་ཕན་ཡོན་འབྱུང་བ་གོར་མ་ཆག་གོ། །གསུམ་པ་བཀུར་སྟིར་བྱ་བའི་ཚུལ་ཡང་གཞུང་ལས་འབྱུང་བ་ལྟར་རོ། །ཕན་ཡོན་ནི། རྒྱུད་ལས། དེ་ནི་ངེས་པར་དམྱལ་གནས་ནི། །དེ་བྱས་བས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་སོགས་གསུངས་སོ། །སཱཙྪ་མ་ཐེབས་པའི་རུས་པ་དང་། སྦྱིན་སྲེག་བྱས་པའི་ཐལ་སོལ་སོགས་རྒྱ་མཚོར་འབབས་པའི་ཆུ་བོར་དོར་ན་ཕན་ཡོན་ཆེན་པོར་འབྱུང་བར་བཤད་དོ། །སྨྲས་པ། སྡིག་སྦྱོང་ཆོ་གའི་དག་བྱེད་ལམ་གསུམ་རྒྱུ། །རྣམ་འདྲེན་དྲང་སྲོང་ཞལ་སྒོ་ལས་བབས་གང་། །གཟུ་ལུམ་རྙོགས་མས་བསླད་ན་མི་རུང་སྙམ། །འཇུག་བདེའི་ཁྲིགས་སུ་བྱེད་པོ་ཝཱ་གི་ཤའོ། །ཅེས་སོ། །ཨཱོཾ་སྭ་སྟི། སྒྲིབ་པའི་མུན་སྟུག་དྲུང་འབྱིན་པའི། །གནས་ལུང་ཆོ་ག་ཉིན་མོར་བྱེད། །གཅིག་ལས་དུ་མར་འཆར་བའི་འཕྲུལ། །ལྷག་བསམ་སྟོན་ཟླ་ལྟར་དཀར་བས། །བསྒྲུབ་པའི་དགེ་དེས་ལུས་ཅན་ཀུན། །སྲིད་པའི་ཆུ་བོ་ལས་བརྒལ་ནས། །ཐར་མཆོག་བདུད་རྩི་རྟག་འཇོ་བའི། །གོ་འཕང་མཆོག་རྙེད་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༈བཀའ་སྒོོ་ནི༔ ཧཱུྃ་ཧྲཱི༔ རང་བྱུང་རིག་པ་དོན་གྱི་ཡེ་ཤེས་ལ། །མ་རིག་འཁྲུལ་བ་སྣང་སེམས་འཁྲུལ་བྱེད་འདྲེ། །སྒྲུབ་ལ་བར་དུ་གཅོད་བྱེད་བདུད་དང་བགེགས། །ལོག་པར་ལྟ་བའི་ཚོགས་རྣམས་ཕྱིར་དེངས་ཤིག །གནོད་བྱེད་འབྱུང་པོའི་ཚོགས་རྣམས་མཱ་ར་ཡ། མཚམས་གཅོད་ནི། ཧཱུྃ་ཧྲཱི། ཡེ་ནས་རྣམ་དག་རྡོར་སེམས་རྒྱལ་བའི་ཞིང་། །ཐུགས་རྗེའི་རང་བཞིན་ཁྲོ་ཚོགས་རླུང་ལྟར་འཚུབ། །མཚམས་གྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ། །རྡོ་རྗེ་འཁོར་ལོ་མེ་དཔུང་དམར་ནག་གཏམས། །སྲུངས་ཤིག་བཛྲ་རཀྵ་རཀྵ་ཧཱུྃ། མཐར་མཆོད་བསྟོད་གོང་ལྟར་བསྡུས་པའམ། ཚིག་རྒྱས་པར་སྤྲོ་ན་འདི་ལྟར། ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆུ༔ བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་གྱིས༔ རྒྱལ་བའི་མདུན་དུ་མཆོད་ཡོན་འདི་ཕུལ་བས༔ འགྲོ་ཀུན་ཞི་བདེ་ཕུན་སུམ་ཚོགས་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྤོས་དང་ཙན་དན་ལ་སོགས་སྦྱར་བ་ཡི༔ ལུས་ཀུན་ཚིམ་བྱེད་ཆུ་གཙང་དམ་པ་འདི༔ རྒྱལ་བའི་ཞལ་ལ་ཞལ་བསིལ་འདི་ཕུལ་བས༔ འགྲོ་ཀུན་གློ་བུར་དྲི་མ་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་རཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ༴ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་བ་ཡི༔ བྱང་ཆུབ་ཡན་ལག་མེ་ཏོག་མཛེས་པ་འདི༔ བསམ་གཏན་རང་བཞིན་རྒྱལ་བའི་དབུ་ལ་འབུལ༔ འགྲོ་ཀུན་མཚན་དང་དཔེ་བྱད་ཡོངས་རྫོགས་ཤོག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ༴ལྷན་ཅིག་སྐྱེས་དང་སྦྱར་དང་ཡོངས་གྱུར་པའི༔ རབ་ཏུ་ཚིམ་བྱེད་རྒྱལ་བའི་བདུག་སྤོས་འདི༔ ཤེས་རབ་རང་བཞིན་རྒྱལ་བའི་ཤངས་ལ་འབུལ༔ འགྲོ་ཀུན་ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པེ་པཱུ་ཛ༴ཙན་དན་གུར་གུམ་ཨ་གར་ལ་སོགས་པ༔ དྲི་ལྔ་རྣམ་དག་དྲི་ཞིམ་བྱུག་པ་འདི༔ ཐབས་ཀྱི་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ༔ འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ༴ཁ་དོག་དྲི་དང་རོ་བཅུད་ལྡན་པའི་ཟས༔ རོ་བརྒྱ་ལྡན་པའི་ཟས་སུ་བྱིན་རླབས་ཏེ༔ སྟོབས་ཀྱི་རང་བཞིན་རྒྱལ་བའི་ཞལ་དུ་འབུལ༔ འགྲོ་ཀུན་སྲེད་མེད་བུ་ཡི་མཐུ་ཐོབ་ཤོག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱ་པཱུ་ཛ༴དམར་གསལ་དག་ལ་གཙང་ཞིང་མཛེས་པ་ཡི༔ མི་ཤེས་གསལ་བྱེད་ཡེ་ཤེས་སྒྲོན་མེ་འདི༔ སྨོན་ལམ་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ༔ འགྲོ་ཀུན་སྤྱན་ལྔ་ཡོངས་སུ་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ༴པི་ཝང་གླིང་བུ་ཅང་ཏེ་ཀར་ཀོ་ཏ༔ དྲིལ་བུ་སིལ་སྙན་རོལ་མོ་ཆ་ལང་རྣམས༔ གླུ་གར་དབྱངས་ཀྱི་མཆོད་པ་ཇི་སྙེད་པ༔ ཚངས་པའི་དབྱངས་བཞིན་རྒྱལ་བའི་སྙན་ལ༴འགྲོ་ཀུན་ཟག་མེད་ཡེ་ཤེས་ཐོབ་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པཱུ་ཛ་མེ༴། རིན་ཆེན་བདུན་ནི། བདེ་བར་གཤེགས་པ་ཐམས་ཅད་ལ༔ འཁོར་ལོ་རིན་ཆེན་འདི་ཕུལ་བས༔ སྲིད་པའི་འཁོར་ལོ་རྒྱུན་བཅད་དེ༔ ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག༔ ཨཱོཾ་ཙཀྲ་རཏྣ་པཱུ་ཙ་ཧཱུྃ༔ བདེ་བར་གཤེགས་པ༴ནོར་བུ་རིན་ཆེན་འདི་ཕུལ་བས༔ བཀྲེས་ཤིང་ཕོངས་པ་རྒྱུན་བཅད་དེ༔ འབྱོར་བ་ཕུན་སུམ་ཚོགས་གྱུར་ཅིག༔ ཨཱོཾ་རཏྣ་པཱུ་ཙ་ཧཱུྃ༔ བདེ་བར་གཤེགས་པ༴བཙུན་མོ་རིན་ཆེན་འདི༴ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས༔ ཐབས་དང་ཤེས་རབ་འབྲེལ་གྱུར་ཅིག༔ ཨཱོཾ་ས་ཏྲི་རཏྣ་པཱུ༴བདེ་བར༴བློན་པོ་རིན་ཆེན་འདི༴བསམ་ཡས་བསྟན་པ་འཛིན་མཛད་པ༔ ཡོན་ཏན་ཐམས་ཅད་ལྡན་པར་ཤོག༔ ཨཱོཾ་མ་ཧཱ་རཏྣ་པཱུ༴བདེ་བར་གཤེགས༴གླང་པོ་རིན་ཆེན་འདི༴བླ་མེད་ཐེག་པར་རབ་ཞོན་ནས༴ཐམས་ཅད་མཁྱེན་སར་བགྲོད་པར་ཤོག༔ ཨཱོཾ་ཧསྟི་རཏྣ༴བདེ་བར༴རྟ་མཆོག་རིན་ཆེན༴རྫུ་འཕྲུལ་གྱི་ནི་ཤུགས་ཐོབ་ནས༔ སངས་རྒྱས་ས་རུ་བགྲོད་པར་ཤོག༔ ཨཱོཾ་ཨ་ཤྭ་རཏྣ་པཱུ༴བདེ་བར་གཤེགས་པ༴དམག་དཔོན་རིན་ཆེན༴ཕས་ཀྱི་རྒོལ་བ་ཚར་བཅད་དེ༔ བསྙེམས་བྲལ་མཆོག་ནི་ཐོབ་པར་ཤོག༔ ཨཱོཾ་ཁཏྒ་རཏྣ་པཱུ་ཙ་ཧཱུྃ༔ འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན༔ ཕྱོགས་དུས་ཀུན་ནས་གཟུགས་མཆོག་ཅི་མཆིས་པ༔ མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན༔ བཞེས་ཤིང་བླ་མེད་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་རཱུ་པ་ཀཱ་མ་གུ་ན་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི༔ ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན༔ མོས་བློས་དཀྱིལ༴བཞེས་ཤིང་༴ཨཱོཾ་ཤཔྟ་ཀཱ་མ༴ཕྱོགས་དུས་ཀུན་ནས་ཙན་དན་སྦྲུལ་སྙིང་དང་༔ ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི༔ མོས་བློས༴བཞེས་ཤིང་༴ཨཱོཾ་གནྡྷེ་ཀཱ་མ༴ཕྱོགས་དུས་ཀུན་ནས་བཅུད་དང་རོ་ལྡན་པའི༔ ལུས་སེམས་རྟས་བྱེད་རོ་མཆོག་ཐམས་ཅད་ཀྱང་༔ མོས་བློས༴བཞེས་ཤིང་༴ཨཱོཾ་ར་ས་ཀཱ་མ༴ཕྱོགས་དུས་ཀུན་ནས་འཇམ་མཉེན་འཁྲིལ་ཆགས་པའི༔ རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ༔ མོས་བློས༴བཞེས་ཤིང་༴ཨཱོཾ་སྤཪྴེ་ཀཱ་མ༴བཀྲ་ཤིས་རྫས་བརྒྱད་ནི། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ དྲི་མེད་གསེར་ཉ་གཡུ་ཡི་གཤོག་པས་མཛེས༔ འདབ་བཟང་ངད་ལྡན་སྣ་ཚོགས་པདྨོའི་ཚལ༔ རིན་ཆེན་གཡས་འཁྱིལ་དཀར་ཟླུམ་སྒྲ་དབྱངས་ཅན༔ བདུད་རྩི་བུམ་པ་དཔག་བསམ་ཁ་རྒྱན་སྤྲས༔ ཡིད་བཞིན་གཏེར་འབྱུང་ཁོང་གསེང་དཔལ་བེའུ༔ མི་ནུབ་ཆོས་ཀྱི་རྒྱལ་མཚན་རབ་ཏུ་བརྟན༔ སྲིད་པའི་དྲ་བ་འཇོམ་བྱེད་འཁོར་ལོ་སྟེ༔ རྟེན་འབྲེལ་རྟགས་ཀྱི་བཀྲ་ཤིས་རྣམ་བརྒྱད་འདི༔ བདེ་གཤེགས་རྒྱལ་བ་སྲས་དང་བཅས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་ལ་དགོངས་ནས་ཀྱང་༔ འགྲོ་རྣམས་བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་སརྦ་སྭཱ་ཧཱ༔ བསྟོད་པ་ནི། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་ཐུགས༔ མི་གནས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ༔ ཐུགས་རྗེའི་དབང་གིས་འགྲོ་བ་སྒྲོལ་མཛད་པ༔ རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་བརྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་བསྟོད། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབ་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམས་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་བསྟོད། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་བསྟོད། ༈དབང་ལེན་ནི། ཀྱེ་མ་ཀྱེ་མ་གསང་ཆེན་དཀྱིལ་འཁོར་གཙོ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །ཁྱོད་ནི་བསྙེན་ཅིང་སྒྲུབ་ལ་དམ་བཅའ་ཐེམས། །འཛབ་དང་བཟླས་བརྗོད་ཏིང་འཛིན་མ་དག་འཁྲུལ། །རྩ་བ་སྐུ་གསུང་ཐུགས་དང་འགལ་བའི་ལས། །ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཅ་ིམཆིས་པ། །ཡེ་ཤེས་ཆེན་པོའི་ཀློང་དུ་མཐོལ་ཞིང་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོོལ། །ཨོཾ༔ ཡེ་ཤེས་སྐུ་ཡི་དཀྱིལ་འཁོར་རབ་འབྱམས་ནས། སྐྱེ་མེད་སྐུ་ཡི་རྣལ་འབྱོར་ལུས་ལ་སྩོལ། །ཨཱཾ༔ ཚངས་དབྱངས་དྲུག་ཅུ་གསུང་གི་དཀྱིལ་འཁོར་ནས། །འགགས་མེད་ཆོས་ཀྱི་སྒྲ་དབྱངས་ངག་ལ་སྩོལ། །ཧཱུྃ༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ཡངས་པ་ནས། །སྤྲོས་བྲལ་ཆོས་སྐུའི་ཡེ་ཤེས་སེམས་ལ་སྩོལ། །སྭཱ༔ ཡོན་ཏན་སྣ་ཚོགས་དགོས་འདོད་དཀྱིལ་འཁོར་ནས། །ཤེས་བྱའི་ཆོས་ཀུན་མ་འདྲེས་དངོས་གྲུབ་སྩོལ། །ཧཱ༔ འཕྲིན་ལས་འགྲོ་འདུལ་ཆེན་པོའི་དཀྱིལ་འཁོར་ནས། །རབ་འབྱམས་འགྲོ་བ་འདྲེན་པའི་དངོས་གྲུབ་སྩོལ། །མདོར་ན་བདག་གི་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བཟུང་མཛད་ཅིང་། །སྒྲིབ་བཞི་སྦྱངས་ནས་སྐུ་བཞིའི་གོ་འཕང་ལ། །བདེ་བླག་ཉིད་དུ་བགྲོད་པར་མཛད་དུ་གསོལ། །ཅེས་དངོས་གྲུབ་ལེན་ཚིག་འདི་ཉི་སྤྲུལ་རིན་པོ་ཆེས་སྦྱར་བའོ། །མངྒ་ལཾ། །༈ཉེས་བྱས་བཤགས་པ་དང་འདོད་དོན་གསོལ་བ་ནི། གང་ཡང་བདག་བློ་གཏི་མུག་པས། །ལས་བྱས་འདི་ལ་ཉེས་གྱུར་པ། །གང་དེ་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བདག་དང་རྒྱུ་སྦྱོར་བ་དམིགས་ཡུལ་གྱིས་མཚོན་སེམས་ཅན་རྣམས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས། བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཉེས་ལྟུང་སོ་ཐར་སེམས་བསྐྱེད་སྔགས་ཀྱི་བསྲུང་སྡོམ་རྩ་བ་དང་ཡན་ལག་གི་དམ་ཚིག་ལས་འགལ་ཉམས་འདས་རལ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། བྱང་ཞིང་དག་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་ཡིད་བཞིན་དུ་རྩལ་དུ་གསོལ། སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་རྒྱ་མཚོ་དང་། བདུད་ཀྱི་ཞགས་པ་དང་། གཤིན་རྗེའི་འཇིགས་པ་དང་། བར་དོའི་འཇིགས་སྐྲག་ཐམས་ཅད་ལས་བསྒྲལ་ཏེ། སྡིག་སྒྲིབ་ཉེས་ལྟུང་སྦྱང་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་པ་དང་གོང་མ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་འཕེལ་ཞིང་རྫོགས་པར་མཛད་དུ་གསོལ། འཇིག་རྟེན་གྱི་རྒུད་པ་ཞི་ཞིང་སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་མཛད་དུ་གསོལ། བདག་དང་ཡོན་བདག་རྣམས་ཀྱི་རླུང་མཁྲིས་བད་ཀན་ལ་སོགས་པ་ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཞི་བར་མཛད་དུ་གསོལ། གཞན་ཡང་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པ་རྨི་ལྟས་མཚན་མ་ངན་པ་གཞན་གྱི་བསམ་སྦྱོར་ངན་པ། དུས་མ་ཡིན་པའི་འཆི་བ་ལ་སོགས་པ་བཟློག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་འཕེལ་བ་དང་། དཔལ་དང་འབྱོར་བ་རྒྱས་པར་མཛད་དུ་གསོལ། ཞེས་མཆོད་བསྟོད་འདོད་དོན་གསོལ་བ་འདི་རྣམས་བཀའ་གཏེར་གཞན་ནས་བླངས་ཏེ་པདྨའི་མིང་ཅན་གྱིས་བཀོད་པའོ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་ཕུན་སུམ་ཚོགས་པར་བཤམས་ཏེ་བསངས་ཆུ་གཏོར་ལ༔ ཚོགས་འཁོར་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་མཆོག་གི་ལོངས་སྤྱོད་གཞལ་ཡས་ཚོགས༔ མ་རིག་བསྒྲིབས་འཁྲུལ་འབག་རྩོག་མིང་མེད་ཀྱང་༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རྃ་ཡྃ་ཁྃ་གིས་ཉེས་སྐྱོན་དབྱིངས་སུ་སྦྱངས༔ ཡི་གེ་གསུམ་གྱིས་ཟག་མེད་བདུད་རྩིར་བསྒྱུར༔ རྃ་ཡྃ་ཁྃ༔ ལན་གསུམ་དང་༔ ཚོགས་རྫས་ལ་སྨན་རཀ་གི་ཟེགས་མ་འཐོར་ཅིང་༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་མམ་གང་མང་གིས་བྱིན་གྱིས་བརླབས༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རྒྱལ་བའི་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་རྡོར་སེམས་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བླ་མེད་རྫས༔ རྒྱལ་བ་ཡོངས་འདུས་རྡོར་སེམས་ལྷ་ཚོགས་ལ༔ གཉིས་མེད་གུས་པ་ཆེན་པོས་འབུལ་ལགས་ན༔ རྣམ་དག་ཐུགས་ཀྱི་ཀློང་དུ་བཞེས་སུ་གསོལ༔ གུ་རུ་བཛྲ་ས་ཏྭ་ས་པཱ་རི་ཝ་ར་སརྦ་ག་ཎ་ཙཀྲ་པཱུ་ཙ་ཁ་ཧི༔ བསྐང་བཤགས་ནི༔ ཧཱུྃ་ཧྲཱི༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉེན་པོ་བསྐང་༔ རྩ་བརྒྱུད་བླ་མ་ཡི་དམ་རྡོ་རྗེ་སེམས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་རྟོག་སྒྲིབ་མ་ལུས་མཐོལ་ལོ་བཤགས༔ བཤགས་པ་ནི༔ ཧཱུྃ་ཧྲཱི༔ རང་རིག་ཆོས་སྐུ་ཉོན་མོངས་དབང་གིས་སྒྲིབ༔ མ་རྟོགས་རྨོངས་པའི་ཁམས་སུ་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་པའི་ལས་ཉོན་བག་ཆགས་རྣམས༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཡིག་བརྒྱ་བརྗོད༔ བསྒྲལ་ལས་ནི༔ ཧཱུྃ་ཧྲཱི༔ ལས་མཛད་དབང་ཆེན་པདྨ་ཁྲོ་བོའི་རྒྱལ༔ རུ་ཊ་འདུལ་མཛད་དམར་ནག་ཕུར་པ་འདྲིལ༔ ཟ་གསོད་ཕོ་ཉ་མང་པོ་སྐར་ལྟར་འཁྲུགས༔ ཉོན་མོངས་བར་ཆད་སྒྲོལ་བའི་དུས་ལ་བབ༔ ཨོཾ་ཧྱ་གྷྲི་ཝ་བཛྲ་ཀྲོ་ཏཱ་ཀི་ལི་ཀཱི་ལཱ་ཡ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ་ཧྲཱི༔ མ་རིག་རུ་ཊ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ༔ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱོང་པའི་ཕྱིར༔ ཁྲོ་བོ་ཁྲོ་མོ་སྤྲུལ་དང་ཡང་སྤྲུལ་བཅས༔ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་བསྟབས༔ ཁ་རྃ་ཁ་ཧཱི་ཁ་ཧཱི༔ ལྷག་མ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བཅས་བཞིན༔ དཀྱིལ་འཁོར་སྐྱོང་པའི་བཀའ་སྡོད་སྲུང་མའི་ཚོགས༔ ལྷག་མའི་ཞལ་ཆབ་བདུད་རྩིའི་ལོངས་སྤྱོད་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུ་ཙིཥྟ་བྷ་ལིངྟ་ཁཱ་ཧི༔ ཆད་མདོ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་བར་དང་ཐ་མ་རྩོད་ལྡན་དུས༔ ཀུན་བཟང་སྣང་མཐའ་རྡོར་སེམས་པད་འབྱུང་གིས༔ གཡར་དམ་ཕོག་པའི་བཀའ་སྐྱོང་དམ་ཅན་ཚོགས༔ གཏོར་མ་འདི་བཞེས་རྣལ་འབྱོར་ཕྲིན་ལས་བསྒྲུབ༔ བར་ཆད་འབྱུང་པོ་མཐའ་ཡི་དམག་དཔུང་བཟློག༔ བསྟན་མ་ནི༔ ཧཱུྃ་ཧྲཱི༔ བསྟན་མ་སྐྱོང་མཛད་མ་སྲིང་མཁའ་འགྲོའི་ཚོགས༔ ཁྱེད་རྣམས་བདག་ཉིད་པདྨ་ཐོད་ཕྲེང་དང་༔ སློབ་མ་རྗེ་འབངས་རིག་པ་འཛིན་རྣམས་ཀྱིས༔ བཀའ་བསྒོས་དམ་ཚིག་རྡོ་རྗེ་སྤྱི་བོ་བཞག༔ ངག་ཏུ་བདུད་རྩི་བྲན་དུ་སྲོག་སྙིང་ཕུལ༔ སྔོན་གྱི་ཐ་ཚིག་གཉེན་པོ་དུས་འདིར་དགོངས༔ བཤལ་ཆུའི་གཏོར་མ་བཞེས་ལ་ཕྲིན་ལས་སྒྲུབས༔ བླ་མེད་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ མ་མ༔ ཏང་ཏང་༔ ཏིང་ཏིང་༔ ལང་ལང་༔ ལིང་ལིང་༔ ཁ་ཧཱི་ཁ་ཧཱི༔ གཏོར་མནན་ནི༔ ཧཱུྃ་ཧྲཱི༔ ཉོན་མོངས་རྒྱུ་དྲུག་རྐྱེན་བཞིའི་ཚོགས༔ མ་རིག་གིས་སྐྱེད་བག་ཆགས་རྣམས༔ རང་བྱུང་རིག་སྟོང་རི་རབ་འོག༔ བཞི་རྫོགས་བར་མཚམས་མེད་པར་མནན༔ ཨོཾ་ཨཱཿཧཱུྃ༔ ལམ་སྟཾ་བྷ་ཡ་ནན༔

འཇམ་དབྱངས་དཀར་པོའི་སྐོར།

འཇམ་དབྱངས་དཀར་བོའི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དབྱངས་དཀར་བོའི་སྒྲུབ་ཐབས་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བླ་མ་བདེ་མཆོག་འཁོར་ལོ་ཡི༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་དོན༔ འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཤིག༔ བདག་ཉིད་པདྨས་བརྗོད་པར་བྱ༔ ཕྱི་རབས་ཉམས་སུ་ལོངས་ཤིག་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་དུ་སྟོན༔ དང་པོ་སྔོན་དུ་འགྲོ་བ་ནི༔ དབེན་པའི་གནས་སུ་གཞི་བདག་ལ༔ དཀར་གཏོར་ཕུལ་ཏེ་བདེན་སྟོབས་བརྗོད༔ མེ་ཏོག་དཀར་པོ་སྐྱེ་བའམ༔ བྲག་དཀར་བེའུ་ལ་སོགས་པའི༔ ཁ་དོག་དཀར་ཞིང་མཛེས་པའི་སར༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ བདེ་བར་གཤེགས་པའི་བཀའ་རྣམས་ལ༔ རབ་འབྱམས་གཅིག་ཤེས་ཀུན་གྲོལ་གྱི༔ གོ་བས་ཆོས་ཉིད་དོན་རྟོགས་ཕྱིར༔ འཇམ་དཔལ་དཀར་པོའི་ཏིང་འཛིན་བསྐྱེད༔ བསམ་པའི་འདུ་ཤེས་དྲག་པོ་ཡིས༔ རྩེ་གཅིག་ངང་ནས་འདི་སྐད་བརྗོད༔ ཧཱུྃ་ཧྲཱི༔ ཆོས་རྣམས་སྟོང་དང་སྙིང་རྗེ་ངང་༔ བདག་མེད་བློ་འདས་ཆེན་པོར་གསལ༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སེམས་ཉིད་རང་བྱུང་སྙིང་པོ་ཆེ༔ ས་བོན་ཡི་གེ་ཨཱཿདཀར་པོ༔ ཡན་ལག་བརྒྱད་ལྡན་རྒྱ་མཚོ་དཀར༔ རབ་འཁྱིལ་དབུས་ན་པད་སྡོང་ལྗང་༔ ཟླ་བའི་དཀྱིལ་འཁོར་སྟེང་དུ་བསྒོམ༔ ཨཱཿདཀར་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རྗེ་བཙུན་འཇམ་དཔལ་དབྱངས༔ ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ལ༔ གཡོན་པས་ཨུཏྤལ་མེ་ཏོག་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་འོད་ཉམས་འཁྱུག༔ ལོངས་སྤྱོད་རབ་རྫོགས་ཅོད་པན་འཕུར༔ དབུ་སྐྲ་ཐོར་ཅོག་རིན་ཆེན་བརྒྱན༔ འོད་དཀར་ཟླ་བའི་རྒྱབ་ཡོལ་མཛེས༔ འཛུམ་ཉམས་བཞད་མདངས་མུ་ལེར་བསྒོམ༔ དཔྲལ་བར་ཨཱོཾ་དང་མགྲིན་པར་མཱུཾ༔ ཐུགས་སྲོག་ཡི་གེ་ཨཱཿདཀར་པོ༔ འོད་ཟེར་དཀར་པོ་གྲངས་མེད་པ༔ འཕྲོས་པས་འོག་མིན་དབྱིངས་དང་ནི༔ རི་བོ་རྩེ་ལྔའི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་རང་འདྲ་བ༔ བུ་ཡུག་འཚུབ་པ་ལྟ་བུར་བྱོན༔ དམ་ཚིག་སེམས་དཔར་གཉིས་མེད་ཐིམ༔ སྤྱན་འདྲེན་གསལ་འདེབས་འདི་ལྟར་བརྗོོད༔ ཧཱུྃ་ཧྲཱི༔ རང་བཞིན་དབྱིངས་དང་གཞལ་ཡས་ནས༔ སྐུ་མཆོག་འཇམ་དཔལ་གཤེགས་སུ་གསོལ༔ ཁྱད་པར་རི་བོ་རྩེ་ལྔ་ནས༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་ཅིང་༔ འགྲོ་བའི་སྐྱབས་དང་མགོན་མཆོག་ཆེ༔ བདག་གིས་དད་པས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨཱོཾ་མཉྫུ་ཤྲཱི་བཛྲ་ས་མ་ཡ་ཛ༔ བརྟན་པར་བཞུགས་ཚིག་བྱ་བ་ནི༔ ཧཱུྃ་ཧྲཱི༔ ཡན་ལག་བརྒྱད་ལྡན་རྒྱ་མཚོ་དང་༔ པད་སྡོང་ལྗང་སེར་ཟླ་བའི་སྟེང་༔ ཐུགས་རྗེའི་མངའ་བདག་འཇམ་དཔལ་དབྱངས༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་མཉྫུ་ཤྲི་ས་མ་ཡཱ་ཏིཥྛ་ལྷན༔ གུས་པས་ཕྱག་མཆོད་བརྗོད་ཚིག་ནི༔ ཧཱུྃ་ཧྲཱི༔ ལྷག་པའི་ལྷ་མཆོག་ཐུགས་རྗེའི་དཔལ༔ འདྲེན་པའི་གཙོ་བོ་འཇམ་དཔལ་དབྱངས༔ མ་རིག་མུན་སེལ་སྒྲོན་མེའི་མཆོག༔ ཕྱག་འཚལ་རྡོ་རྗེ་འཇམ་དབྱངས་ལ༔ ཨཱོཾ་མཉྫུ་ཤྲི་ཨ་ཏི་པུ་ཧོཿཔྲ་ཏི་ཙྪཧོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་ཚིག་ནི༔ ཧཱུྃ་ཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ མེ་ཏོག་དང་ནི་དྲི་ཞིམ་སྤོས༔ མུན་སེལ་ཉི་ཟླ་མར་མེའི་མདངས༔ དྲི་མཆོག་ལྔ་ལྡན་བྱུག་པ་དང་༔ འབྲུ་བཅུད་རྐྱེན་སྦྱར་ཞལ་ཟས་བཤོས༔ ཏིང་ཏིང་ཤགས་སོགས་རོལ་མོའི་སྒྲ༔ འགྲོ་བའི་དོན་དུ་འབུལ་ལགས་ན༔ ཐུགས་རྗེའི་དབང་གིས་བཞེས་སུ་གསོལ༔ ཨཱོཾ་མཉྫུ་ཤྲི་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ༔ བསྟོད་པ་དབྱངས་ཀྱིས་འདི་ལྟར་བརྗོད༔ ཧཱུྃ་ཧྲཱི༔ སྔོན་འདས་བསྐལ་པ་མང་པོའི་གོང་རོལ་ནས༔ ཡང་དག་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཀྱང་༔ འགྲོ་བའི་སྐྱབས་དང་བསྟན་པའི་རྩ་ལག་ཏུ༔ མྱ་ངན་མི་འདའ་རྟག་པར་རྒྱུན་དུ་བཞུགས༔ གུས་པས་ཕྱག་འཚལ་འཇམ་དབྱངས་རྡོ་རྗེ་ལ༔ ཁྱོད་ཀྱི་སྐུ་མཆོག་འོད་དཀར་འཆང་བ་ཡིས༔ མ་རིག་མུན་པའི་ཚོགས་རྣམས་འཇོམས་པའི་ལྷ༔ ཤེས་དང་ཤེས་བྱའི་སྒྲིབ་གཉིས་སྦྱོང་བྱེད་པ༔ གུས་པས་ཕྱག་འཚལ་འཇམ་དབྱངས་རྡོ་རྗེ་ལ༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ རིན་ཆེན་རྒྱན་ཆ་དར་གྱི་ཅོད་པན་འཕུར༔ མཆོག་སྦྱིན་ཕྱག་རྒྱ་རྡོ་རྗེ་སྐྱིལ་ཀྲུང་ཅན༔ གུས་པས་ཕྱག་འཚལ་འཇམ་དབྱངས་རྡོ་རྗེ་ལ༔ སྒྲུབ་པ་འཛབ་ཀྱི་རིམ་པ་ནི༔ ཧཱུྃ་ཧྲཱི༔ སྣང་སྟོང་དབྱེར་མེད་ཟུང་འཇུག་རྡོ་རྗེའི་སྐུ༔ འོད་སྣང་ལས་གྲུབ་མགོན་པོ་འཇམ་དཔལ་དབྱངས༔ ཐུགས་ཀར་ཟླ་དཀྱིལ་ཨཱཿལ་སྔགས་ཀྱིས་བསྐོར༔ འོད་ཟེར་འཕྲོས་པས་དུས་གསུམ་རྒྱལ་བ་མཆོད༔ མཁྱེན་བརྩེ་བསྡུས་ཏེ་བདག་དང་འགྲོ་ལ་ཐིམ༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བསམས༔ རྩེ་གཅིག་ངང་ནས་སྙིང་པོ་འདི་ལ་འབད༔ ཨཱོཾ་ཝ་ཀྱེ་དེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཐུན་སྐབས་མཆོད་པས་མཆོད༔ བསྟོད་པས་བསྟོད༔ རྗེས་སུ་བསྔོ་སྨོན་འདི་ལྟར་བརྗོད༔ ཧཱུྃ་ཧྲཱི༔ ཐུགས་རྗེའི་མངའ་བདག་འཕགས་མཆོག་འཇམ་དཔལ་དབྱངས༔ བསྒོམ་བཟླས་མཆོད་བསྟོད་ཕུལ་བའི་བསོད་ནམས་ཀྱིས༔ བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ༔ རྗེས་སུ་བཟུང་ནས་དྲན་དང་རྟོགས་པ་ཡི༔ ཏིང་ངེ་འཛིན་ལ་རང་དབང་མཆོག་ཐོབ་ནས༔ སྲིད་ཞིའི་མགོན་པོ་ཁྱོད་དང་དབྱེར་མེད་ཤོག༔ བྱང་སེམས་ཁྱོད་ཀྱི་ཐུགས་རྗེའི་མཐུ་ལྟ་བུས༔ མར་གྱུར་སེམས་ཅན་བདག་གིས་སྒྲོལ་བར་ཤོག༔ ཅེས་བརྗོད་བསྐྱེད་རིམ་བསྡུ༔ རྫོགས་རིམ་དུས་གསུམ་ཁྱབ་བརྡལ་ཀློང་ཡངས་བློ་འདས་ཆེན་པོར་སྤྱོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་འགྲོ་འདུལ་གླིང་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

འཇམ་དབྱངས་དཀར་པོའི་དབང་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དབྱངས་དཀར་པོའི་དབང་ཆོག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་སྒོར་ཞུགས་པའི་གང་ཟག་དང་༔ ལྷ་འདྲེ་མི་གསུམ་མི་དགེར་སྤྱོད༔ དེ་ཡི་དབང་གིས་གྲིབ་ཀྱིས་ནོན༔ ཆོས་དང་གང་ཟག་ཡ་བྲལ་ཏེ༔ རྒྱལ་བའི་བཀའ་ལ་གོ་བ་མེད༔ གསར་རྙིང་ཟེར་ཞིང་གྲུབ་མཐའ་རྩོད༔ བཀའ་གཏེར་ཟེར་ཏེ་ཁྱད་དུ་གསོད༔ ཤཱཀྱའི་བསྟན་པ་རྟགས་ཀྱིས་འཛིན༔ བཀའ་ལ་རིས་གཅོད་གཟུ་ལུམ་བྱེད༔ གང་ཟག་བདག་འཛིན་ཆོས་དང་བསྲེ༔ ས་མིང་ཆོས་ཀྱི་གྲུབ་མཐའ་འཛིན༔ བྱང་སེམས་སྤྲུལ་པ་མང་འབྱུང་ཡང་༔ བདུད་སྤྲུལ་རྣམས་ཀྱིས་འཕུང་དཀྲུག་བརྩོམ༔ དམ་སེལ་སློབ་དཔོན་སློབ་མས་བཀྲོང་༔ མི་དགེའི་ལྟས་ངན་བོད་དུ་སྡང་༔ ཀྱེ་མ་བསྐལ་པའི་ཡང་མཐའ་ལ༔ ཆོས་དང་གང་ཟག་རྒྱལ་བསྟན་དོན༔ བཀའ་བསྟན་གོ་བས་ཉམས་ལེན་ཕྱིར༔ འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་༔ ལག་ལེན་དབང་དང་གསུམ་དུ་ཕྱེ༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ལས་སྦྱོར་དག་དང་རྣམ་པ་བཞི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དབང་གི་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་སྟེ༔ སྔོན་འགྲོར་སྟ་གོན་རྣམ་པ་གསུམ༔ དངོས་གཞི་སྨིན་གྲོལ་དབང་ལྔ་དང་༔ རྗེས་ནི་བསྔོ་སྨོན་དབང་དམ་བསྲུང་༔ ལས་རིམ་གསུམ་གྱིས་དབང་ཆོག་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབེན་ཞིང་དངས་ལ་མཐོ་བའི་སར༔ སྟེགས་བུ་དཀར་འཇམ་མཁྲེགས་པར་བཟོ༔ ཚངས་པའི་ཐིག་གདབ་པད་འདབ་བཞི༔ རྡུལ་ཚོན་དཀའ་པོ་དག་གིས་བརྒྱན༔ པད་འཚབ་བཞི་ལ་མཛེས་ཚོན་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བཀྲ་ཤིས་རྟགས་བརྒྱད་མཛེས་པར་བྲི༔ ཕྱི་རིམ་འོད་ལྔའི་ཕྲེང་བས་བསྐོར༔ སྒོ་རྫོགས་གྲུབ་ན་ཐིག་ཚོན་རྣམས༔ ཁྱམས་ཆེན་མན་ཆད་སྤྱི་དང་མཐུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དབུས་བུམ་པ་མཚན་ལྡན་ནང་༔ སྨན་བཏབ་མགུལ་ཆིངས་དཀར་པོས་བརྒྱན༔ ཁ་རྒྱན་གཟུངས་ཐག་རྡོ་རྗེས་སྤྲས༔ མདུན་དུ་དུང་དང་རྒྱབ་ཏུ་ནི༔ མེ་ལོང་དར་སྣ་ལྔས་བརྒྱན་དགོད༔ གཡས་སུ་མཚན་བརྗོད་སྒྲུབ་ཡིག་དང་༔ གཡོན་དུ་རལ་གྲི་ཅོད་པན་བཅས༔ ཞི་བའི་ཟླུམ་གཏོར་དཀར་པོ་དང་༔ རྣམ་ལྔའི་མཆོད་པ་དག་ཀྱང་བཤམས༔ དེ་ནི་དཀྱིལ་འཁོར་དབང་རྫས་ཀྱི༔ སྟ་གོན་ལག་ལེན་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་མདུན་སྐད་ཅིག་དྲན་རྫོགས་ངང་༔ སྒྲུབ་གཞུང་བཞིན་དུ་ཉམས་སུ་བླང་༔ ཁྲི་འབུམ་བསྙེན་པ་སྐབས་དང་སྦྱར༔ སློབ་དཔོན་དབང་བསྒྲུབ་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་ལ་མོས་ཤིང་དམ་ཚིག་གཙང་༔ བརྩོན་འགྲུས་ཆེ་ཞིང་བསྒྲུབ་ལ་བརྩོན༔ ཚེ་འདི་བློས་བཏང་སྐྱེས་བུ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་དབུལ་ཞིང་སྐྱབས་སེམས་དང་༔ སྤྱི་འགྲོས་ཡན་ལག་བདུན་པ་འབོགས༔ སློབ་མ་འཇུག་པའི་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་སྨིན་གྲོལ་དབང་ལྔའི་དོན༔ གསོལ་བ་འདེབས་པའི་རིམ་པ་ནི༔ བླ་མ་དབང་རྫས་ལྷ་དང་ཞིང་༔ མངོན་སུམ་ལྟ་བུར་གསལ་གདབ་ལ༔ རྩེ་གཅིག་ངང་ནས་གསོལ་འདེབས་ནི༔ ཨེ་མ་བླ་མ་ཆོས་ཀྱི་རྗེ༔ འགྲོ་བའི་མགོན་པོ་འཇམ་དཔལ་དབྱངས༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ མེ་ཏོག་མཐོར་ཞིང་བརྟན་པར་བསམས༔ ཏིཥྛ་བཛྲ་བརྗོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཀྱིལ་འཁོར་དབུས་ནས་བུམ་པ་བླངས༔ སློབ་མའི་མགོར་བཞག་བུམ་དབང་སྦྱིན༔ ཧཱུྃ་ཧྲཱི༔ མཚན་ལྡན་བུམ་པ་བཀྲ་ཤིས་ལྷ་ཡི་སྐུ༔ རིགས་བདག་འཇམ་དཔལ་དབྱངས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ལུས་ལ་དབང་བསྐུར་བས༔ སྨིན་གྲོལ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱཀྱེ་དྷེ་ཝི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དཀྱིལ་འཁོར་ཤར་ནས་དུང་དཀར་བླངས༔ མགྲིན་པར་བཞག་ལ་གསུང་དབང་སྦྱིན༔ ཧཱུྃ་ཧྲཱི༔ བཀྲ་ཤིས་མཛེས་ལྡན་གཡས་འཁྱིལ་ཆོས་ཀྱི་དུང་༔ མགོན་པོ་འཇམ་དབྱངས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ སྨིན་གྲོལ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱཀྱེ་དྷེ་ཝི་ཝཱཀྐ་ཨབྷི་ཥིཉྩ་ཨཱ་ཨཱ༔ དཀྱིལ་འཁོར་ལྷོ་ནས་པོ་ཏི་བླངས༔ སྙིང་གར་བཞག་ལ་ཐུགས་དབང་བསྐུར༔ ཧཱུྃ་ཧྲཱི༔ ཞི་བ་ཆགས་བྲལ་བཀྲ་ཤིས་པོ་ཏི་འདི༔ རྗེ་བཙུན་འཇམ་དབྱངས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་སེམས་ལ་དབང་བསྐུར་བས༔ སྨིན་གྲོལ་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱཀྱེ་དྷེ་ཝི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དཀྱིལ་འཁོར་ནུབ་ནས་མེ་ལོང་བླངས༔ ཡོན་ཏན་དབང་བསྐུར་ལྟེ་བར་བཞག༔ ཧཱུྃ་ཧྲཱི༔ བཀྲ་ཤིས་མེ་ལོང་དུས་གསུམ་གསལ་འགྲིབ་མེད༔ བྱང་སེམས་ཆོས་དབྱིངས་ཡོན་ཏན་གཉིས་མེད་དཔལ༔ སྐལ་ལྡན་ཁྱོད་ཀྱི་ལྟེ་བར་དབང་བསྐུར་བས༔ སྨིན་གྲོལ་ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱཀྱེ་དྷེ་ཝི་རཏྣ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ དཀྱིལ་འཁོར་བྱང་ནས་རལ་གྲི་བླངས༔ འཕྲིན་ལས་དབང་བསྐུར་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ཤེས་རབ་རལ་གྲི་མཁྱེན་རྩེ་ནུས་མཐུ་ལྡན༔ ཀུན་སྒྲོལ་རྒྱལ་བའི་འཕྲིན་ལས་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ སྨིན་གྲོལ་འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེཝི་ཀརྨ་ཨ་བྷི་ཥིཉྩ་ཧཱ་ཧཱ༔ ཟླུམ་གཏོར་ལྷར་གསལ་སྤྱི་བོར་བཞག༔ བརྒྱུད་པའི་བྱིན་རླབས་བཀའ་གཏད་བྱ༔ བཀྲ་ཤིག་རྟགས་བརྒྱད་མཐའ་བརྟན་སྦྱིན༔ དངོས་བཞིའི་དབང་གི་ལས་རིམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་སྐུ་དང་བཟླས་པ་སྔགས༔ རྫོགས་རིམ་བརྗོད་མེད་ཁྱབ་བརྡལ་གསུམ༔ ནམ་ལངས་ཞི་བའི་དུས་དག་ཏུ༔ བརྒྱ་སྟོང་བསྙེན་པ་ཆག་མེད་བྱ༔ དམ་ཚིག་གསང་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྔོ་སྨོན་ལ་སོགས་གཞུང་བཞིན་བརྗོད༔ དབང་ཡོན་ལུས་ངག་བླ་མའི་བྲན༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་ང་བུ་ལས་འཕྲོ་ཅན༔ དབང་འདི་ཐོབ་པའི་སྐྱེས་བུ་དེས༔ བདེ་གཤེགས་ཀུན་གྱི་བྱིན་རླབས་འཐོབ༔ སྨིན་ཅིང་གྲོལ་བས་དོན་གཉིས་འགྲུབ༔ སྐལ་ལྡན་རྣམས་ལ་སྤེལ་མཁས་བྱ༔ སྐལ་མེད་རྣམས་ལ་ས་མ་ཡཱ༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ ལྷ་བཙན་ཁྱོད་ཀྱིས་གཏེར་འདི་འཚོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྲོ་འདུལ་གླིང་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཏེ། ཁམས་སྲིང་མོ་རྫོང་ཕག་མོ་ནག་མོའི་ཐུགས་ཀྱི་སྒྲུབ་གནས་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

འཇམ་དབྱངས་དཀར་པོ་སྒྲུབ་པའི་ལག་ལེན་དམར་ཁྲིད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དབྱངས་དཀར་པོ་སྒྲུབ་པའི་ལག་ལེན་དམར་ཁྲིད་བཞུགས༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འཇམ་དབྱངས་དཀར་པོ་སྒྲུབ་པ་ཡི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ སྟ་གོན་ལག་ལེན་དམར་འཁྲིད་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ས་གཞི་བྱིན་ཆེ་ཞིང་ཉམས་དགའ་བ༔ ཤེས་པ་དྭངས་ཤིང་མེ་ཏོག་དཀར་པོ་སྐྱེ་བའི་གླིང་པདྨ་ཁ་བྱེ་བ་ལྟ་བུར༔ སྒྲུབ་ཁང་ཡང་ཁ་དོག་དཀར་པོ་བྱ་ཞིང་༔ གོས་གདན་ལ་སོགས་པ་རྣམས་ཀྱང་དཀར་པོ་འཆང་༔ ཤ་ཆང་སྒོག་པ་ལ་སོགས་སྤང་༔ བུད་མེད་ལ་མི་སྤྱོད༔ ཚངས་སྤྱོད་དང་རྒྱུན་ཞུགས་ཀྱི་འདུལ་ཁྲིམས་མཁན་ཡིན་ན་སྒྲུབ་པ་ལ་འཇུག་ཁ་གསོ་སྦྱོང་བླང་༔ སྐྱེ་བོ་ཕོ་མོ་ཡིན་ན་བསྙེན་གནས་ཀྱི་སྡོམ་པ་བླངས་ཏེ༔ སྒྲུབ་པ་ལ་ཞུགས་ནས་མ་གྲོལ་གྱི་བར་དུ༔ ནང་རེ་བཞིན་ཡན་ལག་ལྔ་ཁྲུས་རེ་བྱེད༔ ཆོས་སྤྱོད་གཞན་རྣམས་སྤང་ཞིང་སྐབས་སྐབས་སུ་མཚན་བརྗོད་དང་༔ འཇམ་དཔལ་གྱིས་དམ་བཅས་པའི་གཟུངས་རྣམས་བརྗོད༔ རྐང་པ་ཡང་རྡོ་རྗེ་སྐྱིལ་ཀྲུང་དང་སེམས་དཔའི་སྐྱིལ་ཀྲུང་འཕྲུལ་འཁོར་གྱི་གནད་དུ་ཆེ་བས༔ དེ་ལྟར་མ་བྲལ་བར་བྱ༔ ལུས་ངག་ཡིད་གསུམ་ཞི་དུལ་གྱི་སྤྱོད་ལམ་ལ་སྤྱད༔ ངག་ཚིག་གཞན་དང་མ་འདྲེས་པར་སྨྲར་བཅད༔ དེ་ནི་སྔོན་འགྲོ་གནས་དང་སྒྲུབ་ཁང་ལུས་ངག་གི་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་རྫས་སྟ་གོན་ནི༔ གནས་ཁང་སྐྱང་ནུལ་ལེགས་པར་བྱས་ཏེ༔ སྟེགས་བུ་དཀར་འཇམ་མཁྲེགས་པ་གྱེན་ཐུར་དུ་ཁྲུ་གང་བ་ཞིག་བརྩིགས༔ བ་ར་དཀར་མོའི་འོ་མས་ཆག་ཆག་གདབ༔ ཙན་དན་དཀར་པོ༔ ག་པུར༔ སྤོས་དཀར་གསུམ་སྦྱངས་པའི་ཆུས་བྱུག༔ ཚངས་པའི་ཐིག་གདབ་ཅིང་སྟེགས་བུ་ཆ་གསུམ་དུ་བགོས་ལ༔ ལྟེ་བའི་ཆ་ལ་པདྨ་དཀར་པོ་འདབ་མ་བརྒྱད་པ་འབྲི༔ པད་ཚབས་རྣམས་ལྗང་གུར་བྱ༔ མུ་ཁྱུད་སྔོན་པོ་ལ་མེ་ཏོག་དཀར་པོ་ཕྲེང་བས་བརྒྱན་པ་འབྲི༔ བར་གྱི་ཆ་ལ་ཆུ་རིས་རྒྱ་མཚོར་དཀར་པོས་བཅད་རྒྱབ་པ་འབྲི༔ མཐའི་ཆ་ལ་དུང་དང་༔ ཉ་དང་༔ གླང་པོ་ཆེ་དང་༔ ངང་པ་དང་༔ ངུར་སེར་དང་༔ ནེ་ཙོ་དང་༔ ཁུ་བྱུག་དང་༔ རལ་གྲི་དང་༔ པོ་ཏི་དང་༔ རྒྱལ་མཚན་དང་༔ གདུགས་དང་༔ མེ་ཏོག་གི་ཕྲེང་བ་དང་༔ འཁོར་ལོ་དང་༔ དཔལ་བེའུ་དང་༔ དཔག་བསམ་གྱི་ཤིང་དང་༔ ཉི་མ་དང་༔ ཟླ་བ་དང་༔ མེ་ལོང་ལ་སོགས་པའི་རི་མོ་མཛེས་ཚོན་གྱིས་འབྲི༔ དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ཁར་དངུལ་ལམ་ཁ་དོག་དཀར་པོའི་བུམ་པ་མཚན་ལྡན་གྱི་ནང་དུ༔ ཁྱེའུ་བཀྲ་ཤིས་མིང་རུས་ལེགས་ཤིང་ཕ་མ་འཛོམ་པས་གཙང་ཆབ་ཀྱི་ཆུ་བླང་༔ བུམ་པའི་སུམ་ཆ་དཀང་༔ བུམ་རྫས་སྤྱི་མཐུན་ལྟར་བཏབ༔ མགུལ་ཆིངས་ཡང་དཀར་པོ་བྱ༔ འབྲས་བུ་ཅན་གྱི་ཤིང་ངམ་བ་ལུ་དཀར་པོས་ཁ་བརྒྱན༔ གཟུངས་ཐག་རྡོ་རྗེ་ལ་ཁ་དོག་དཀར་པོའི་སྐུད་པ་བཏགས་ལ་བུམ་པར་བརྒྱན༔ དུང་ཆོས་ནང་དུ་འོ་མ་ལ་ག་པུར་བཏབ་པ་བླུགས་ཏེ་བུམ་པའི་ཁར་བཞག༔ བུམ་པའི་གཡས་སུ་དུང་དཀར་བཞག༔ གཡོན་དུ་མཚན་བརྗོད་ཀྱི་པོ་ཏི་བཞག༔ རྒྱབ་ཏུ་མེ་ལོང་བཞག༔ མདུན་དུ་མཎྜལ་གྱི་སྟེང་དུ་འབྲས་གྲོ་རྒྱ་སྲན་གསུམ་གྱི་ཚོམ་བུ་བཀོད་དེ་བཞག༔ མཐའ་སྐོར་དུ་རྣམ་ལྔ་བཤམས༔ དེ་ནི་སྒྲུབ་རྫས་སྟ་གོན་ནོ༔ ས་མཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞི་ལ༔ སྒྲུབ་པ་པོ་བདེ་བའི་གདན་ལ་འདུག༔ སྐྱབས་སེམས་བརྗོད་པ་ནི༔ ཧཱུྃ་ཧྲཱི༔ སྐྱབས་གྱུར་ངོ་བོ་བླ་མེད་དཀོན་མཆོག་གསུམ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ འགྲོ་དྲུག་མ་རིག་སྒྲིབ་པ་བསལ་བའི་ཕྱིར༔ འཇམ་དབྱངས་དཀར་པོའི་སྒོམ་བཟླས་ཉམས་སུ་ལེན༔ མཆོད་རྫས་དང་སྒྲུབ་རྫས་རྣམས་བྱིན་གྱིས་བརླབ་པ་ནི༔ མཆོད་རྫས་དང་དཀྱིལ་འཁོར་རྣམས་སྤོས་ཆུས་འཐོར་ཞིང་༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་པས་དངོས་པོར་གྱུར་པའི་ཆོས་ཐམས་ཅད་སྟོང་པར་བསམས༔ སྟོང་པའི་ངང་ལས་རྣམ་པར་དག་པའི་ཞིང་ཁམས་དཀར་ལ་འཚེར་བ་གསལ་ལ་འབར་བ་ཞིག་ཏུ་གྱུར༔ ཞིང་ཁམས་དེའི་དབུས་སུ་རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་རྒྱ་ཆེ་ལ་དཔངས་མཐོ་བ༔ མཛེས་པ་ལྟ་ན་སྡུག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཕྲེང་དུ་མས་བརྒྱན་པ་ཞིག་གི་དབུས་སུ༔ རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ༔ ཆུ་དང་བཅུད་ཀྱིས་བལྟམས་པ༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ༔ གཟུངས་ཐག་རྡོ་རྗེ་ལ་ས་བོན་གྱིས་མཚན་པ༔ དུང་ཆོས་ཀྱི་ནང་དུ་དམ་ཚིག་སེམས་དཔའ་དང་བཅས་པ་གསལ༔ གཡས་སུ་དུང་དཀར་པོ་ལ་ཨཱ་ལིས་མཚན་པར་གྱུར༔ གཡོན་དུ་པོ་ཏི་ལ་ཀཱ་ལིས་མཚན་པར་གྱུར༔ རྒྱབ་ཏུ་མེ་ལོང་ལ་ཡེ་ཤེས་ལྔའི་རྣམ་པ་ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿརྣམས་ཀྱིས་མཚན་པར་གྱུར༔ མདུན་དུ་མེ་ཏོག་གི་ཚོམ་བུ་ལ་མཱུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་མཆོད་པའི་ལྷ་མོ་རྣམས་སུ་གསལ༔ དེའི་མཐའ་སྐོར་རྣམས་སུ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་རྣམས་དང་༔ བཀྲ་ཤིས་པའི་རྟགས་བརྒྱད་རྣམས་ལ་འོད་ཟེར་གྱི་མདངས་དང་རོ་བཅུད་ཀྱི་ནུས་པ་ལྡན་པ༔ བྱ་ཚོགས་ཡིད་དུ་འོང་བ་མང་པོས་སྐད་སྙན་སྒྲོག་པ༔ གླང་པོ་ཆེ་ས་ལ་རབ་བརྟན་ལ་སོགས་པ་རིན་པོ་ཆེ་དང་ལྡན་པའི་དུད་འགྲོ་མང་པོས་རྩེད་འཇོ་འཁྲབ་པ༔ ཡིད་དུ་འོང་ཞིང་དྲི་ཞིམ་པའི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པར་བསམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་གྱི་དངོས་གཞི་ཏིང་འཛིན་དམིགས་པའི་འཕྲུལ་འཁོར་ནི༔ བདག་དང་དཀྱིལ་འཁོར་ཐ་དད་མེད་པ་མགོན་པོ་འཇམ་དབྱངས་སུ་གསལ་བའི་བསྐྱེད་རིམ་ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་གསལ་ཞིང་བསྒོམ༔ དེ་ལྟར་བསྐྱེད་རིམ་དང་ལྡན་པའི་ཐུགས་ཀའི་སྔགས་ཕྲེང་ཨ་ལི་ཀཱ་ལིའི་རྣམ་པར་བདག་བསྐྱེད་ཀྱི་ཞལ་ནས་འཐོན༔ གཟུངས་ཐག་ལ་བརྒྱུད་དེ་སོང་༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་དམ་གྱི་བརྒྱུད་བསྐུལ༔ འོད་ཟེར་དཔག་ཏུ་མེད་པར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་་མཁྱེན་བརྩེ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས༔ བདག་དང་མདུན་བསྐྱེད་ལ་ཐིམ༔ སྒྲིབ་པ་གཉིས་དག༔ ཚོགས་གཉིས་རྫོགས༔ སྐུ་དང་ཡེ་ཤེས་མངོན་དུ་གྱུར་པར་བསམས་ཏེ༔ སྙིང་པོ་འདི་ལ་འབུམ་ཕྲག་བཅུ་བགྲང་བར་བྱའོ༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ དེ་ལྟར་བརྩོན་འགྲུས་ལྡན་པ་ཡིས༔ ཉམས་སུ་བླངས་པའི་སྐལ་ལྡན་ལ༔ རྟགས་ཀྱི་རིམ་པ་འདི་ལྟར་འོང་༔ ཉི་མ་ཟླ་བར་ཞོན་པ་དང་༔ གདན་དུ་གཏིང་དང་ནམ་མཁར་འཕུར༔ འོ་མ་བཏུང་དང་ཆུ་དཀར་བཀྲུས༔ གོས་དཀར་གྱོན་དང་མེ་ཏོག་བཏུས༔ རལ་གྲི་རྙེད་དང་གངས་རིར་འཛེག༔ མཆོད་རྟེན་བསྐོར་དང་རོལ་མོ་དཀྲོལ༔ ཕྱི་དང་ནང་གི་རྟགས་ཡིན་པས༔ འཇམ་དཔལ་དབྱངས་ཀྱི་བྱིན་རླབས་འཐོབ༔ རྒྱལ་བའི་བཀའ་ལ་གོ་བ་ཐེབས༔ མ་འདྲེས་ཆོས་རྣམས་སོ་སོར་འབྱེད༔ འཛིན་དང་སྤོབས་པ་མཐའ་ཡས་ཤིང་༔ ཕ་རོལ་རྒོལ་བའི་སྟོབས་ལྡན་འགྱུར༔ བསོད་ནམས་འཕེལ་ཞིང་ཚེ་མཐར་ཕྱིན༔ སྙན་དང་གྲགས་པས་ས་སྟེང་ཁྱབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་མཆོག་གི་རྟགས་གསུམ་ནི༔ ཞལ་མཇལ་གསུང་ཐོས་དྲི་བཟང་འཐུལ༔ རབ་དངོས་འབྲིང་ཉམས་ཐ་ན་འང་༔ རྨི་ལམ་ནང་དུ་བྱུང་གྱུར་ན༔ གང་ཟག་དེ་ནི་འཕགས་པའི་སྐུ༔ འཇམ་དཔལ་དབྱངས་དང་གཉིས་སུ་མེད༔ དེ་ཚེ་སྐལ་ལྡན་སྐྱེས་བུ་ལ༔ ཡ་མ་ཟུང་གི་མངོན་ཤེས་འཆར༔ མཐོང་ཐོས་དྲན་རེག་ཆོས་ལ་འཛུད༔ སྐྱེ་བ་མེད་པ་ཆོས་ཀྱི་སྐུ༔ བླ་མ་མེད་ཀྱང་རང་ངོ་འཕྲོད༔ ཆོས་དང་ཆོས་མིན་སྣ་ཚོགས་ཀྱི༔ ཐོག་མཐའ་བར་གསུམ་ཀུན་མཁྱེན་ཞིང་༔ བླང་དོར་བྲལ་བའི་གདེང་རྙེད་ནས༔ མཆོག་གི་དངོས་གྲུབ་ཚེ་འདིས་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་སྟ་གོན་ནི༔ སྒྲུབ་རྫས་དཀྱིལ་འཁོར་བཅའ་གཞི་རྣམས༔ དམ་མེད་ཐ་མར་མི་མཐོང་བྱ༔ གསང་ཞིང་སྤྱད་ན་དངོས་གྲུབ་མྱུར༔ ཞི་བའི་སྦྱིན་སྲེག་ཅི་མང་འདེབས༔ ནམ་ལངས་ཞི་བའི་དུས་དག་ཏུ༔ ལྷར་གསལ་ལས་སྦྱོར་ཤམ་བུ་འདི༔ གདགས་ཏེ་སྙིང་པོ་བརྒྱ་ཚར་བགྲང་༔ སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ བསྔོ་སྨོན་སྒྲུབ་པའི་གཞུང་ལྟར་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་འབྱུང་༔ འཕགས་པ་རིགས་གསུམ་མགོན་པོ་དང་༔ གཉིས་སུ་མེད་ཅིང་ཐ་མི་དད༔ ར་གཱ་རཀྟའི་གནས་མཆོག་ཏུ༔ ལྷག་པའི་ལྷ་མཆོག་འདི་བསྒྲུབས་པས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༔ ཕྱི་རབས་འགྲོ་བའི་དོན་བསམས་ནས༔ འཇམ་དཔལ་རྒྱུད་ལུང་མང་དུ་ཞུས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ ཇི་སྙེད་གཏེར་ཁ་འགའ་ལ་སྦས༔ ཁྱད་པར་འཕགས་པའི་གདམས་པ་འདི༔ མཚོ་རྒྱལ་ཀླུ་དབང་གཉིས་ལ་སྦྱིན༔ སྤེལ་བར་ཕངས་ནས་ཏེ་སེར་སྦས༔ མ་འོངས་རྩོད་ལྡན་ཡང་མཐའ་ལ༔ མི་རྣམས་བཞི་བཅུ་ཁ་རལ་ཏེ༔ སུམ་ཅུར་ཉེ་བའི་དུས་དག་ཏུ༔ གར་དབང་འགྲོ་འདུལ་གླིང་པ་ཞེས༔ ཐུགས་ཀྱི་སྲས་ཤིག་ཁམས་ནས་འོང་༔ འགྲོ་བ་འདྲེན་པའི་སྐྱེས་བུ་དེས༔ ཏེ་སེའི་གངས་ནས་གཏེར་འདི་འདོན༔ འགྲོ་དོན་སྟོད་ཀྱི་ཕྱོགས་སུ་འབྱུང་༔ ཆོས་བདག་བུ་ལ་འཕྲོད་གྱུར་ན༔ བསྟན་པ་ཉི་མ་ཤར་བ་འདྲ༔ ཞེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས༔ བདེ་མཆོག་འཁོར་ལོའི་ཆོས་སྐོར་དུ་ཏེ་སེའི་གངས་ལ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་རིག་འཛིན་འགྲོ་འདུལ་གླིང་པས་བཏོན་པའོ། །མངྒ་ལཾ།། །།

འཇམ་དཔལ་ལས་མཐའ་གསང་སྒྲུབ་མན་ངག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དཔལ་ལས་མཐའ་གསང་སྒྲུབ་མན་ངག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པ་རྩོད་ལྡན་དུས༔ འགྲོ་བས་མི་དགེ་སྣ་ཚོགས་སྤྱོད༔ བྱང་སེམས་སྐྱེས་བུ་ཐམས་ཅད་ལ༔ གྲིབ་ཀྱིས་ནོན་ནས་ཤེས་རབ་འགྲིབ༔ མཁྱེན་ལྡན་རིག་པའི་རྩལ་སྒོ་འགག༔ དེ་ཚེ་ལས་སྦྱོར་མན་ངག་འདི༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨ་རུ་གསེར་མདོག་སྐྱུ་རུ་ར༔ པི་པི་ལིང་དང་ཤིང་མངར་དང་༔ དུང་མོ་ཉུང་དང་ཐང་སྒྲོན་ཤིང་༔ དབང་ལག་ཅོང་ཞི་བྲག་ཞུན་གསུམ༔ འོད་ལྡན་སྤུན་གསུམ་ཀ་ར་དང་༔ བ་དཀར་འོ་མ་སྦྲང་རྩི་ཡི༔ རིལ་བུ་སྲན་མ་སྦོས་ཙམ་བསྒྲིལ༔ དར་དཀར་དྲི་མེད་ཁུག་མར་བླུགས༔ དཀྱིལ་འཁོར་དབུས་ཀྱི་བུམ་སྟེང་འགོད༔ རང་དང་མདུན་བསྐྱེད་རིལ་བུ་རྣམས༔ འཇམ་དཔལ་དབྱངས་ཀྱི་ཏིང་འཛིན་ནི༔ སྒྲུབ་པའི་གཞུང་ལྟར་བསྐྱེད་རིམ་གསལ༔ ཐུགས་ཀར་གསང་བ་ཡེ་ཤེས་ཡུམ༔ ལྷ་མོ་དབྱངས་ཅན་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཅན༔ གཡས་པས་ཨུཏྤལ་མེ་ཏོག་འཛིན༔ གཡོན་པས་འདོད་འབྱུང་བུམ་པ་བསྣམས༔ བྷ་ག་རྒྱས་ཤིང་ནུ་མ་འབུར༔ བདེ་བའི་ཉམས་དང་ལྡན་པ་ཡི༔ ཙིཏྟ་རིན་ཆེན་གཞལ་ཡས་དབུས༔ ཟླ་བའི་དཀྱིལ་འཁོར་གསལ་བའི་སྟེང་༔ ཨཱཿ་དང་མཱུཾ་གྱི་མཐའ་སྐོར་དུ༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཙཎྜ་གོ་མི་གསལ་བ་ལ་ཕྱེ་ཕྱེ་རང་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ སྙིང་པོ་ལས་སྦྱོར་དྲིལ་སྒྲུབ་འདི༔ ཞག་བདུན་བསྒྲུབ་པའི་སྲང་ལ་གཅུན༔ འོད་ཟེར་སྤྲོ་བསྡུའི་ཐུན་སྐབས་སུ༔ མཆོད་བསྟོད་ལ་སོགས་གཞུང་བཞིན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་བའི་དམ་རྫས་དེ༔ གཙང་བར་བཅང་ཞིང་རིམ་གྱིས་བཟའ༔ ཨ་ཧཾ་བདེ་བའི་འབར་འཛག་གིས༔ རྩ་གསུམ་འཁོར་ལོ་ཀུན་གང་ནས༔ བདེ་སྟོང་ཡེ་ཤེས་རྒྱས་པར་བསྒོམ༔ སྟེང་རླུང་མནན་ཞིང་འོག་རླུང་བསྡམས༔ ཉ་བཞི་གསུམ་གསུམ་དག་ཏུ་འཕུར༔ ཕོ་རྐེད་གཡས་གཡོན་གསུམ་གསུམ་བསྐོར༔ མགོ་བོ་བསྒྲིལ་ཞིང་བདུན་རྒྱབ་གཅུ༔ ལག་གཉིས་རྒྱབ་བདུན་བྲང་འཕུར་བརྡེག༔ ཁ་མིག་གདངས་བཙུམ་གསུམ་གསུམ་མཐར༔ འབེབས་ཆུང་རྒྱག་ཅིང་ཧ་སྤྲུག་བྱ༔ ཀ་དག་ངང་དུ་དར་གཅིག་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ནང་གསང་བའི་རྟེན་འབྲེལ་དེས༔ རྩ་མདུད་གྲོལ་ཞིང་བདེ་སྟོང་འབར༔ རིག་དང་མངོན་ཤེས་ཕྱོགས་མེད་འཆར༔ དཔའ་བོ་མཁའ་འགྲོ་གྲིབ་ལྟར་འགྲོག༔ ནད་གདོན་བགེགས་དང་བར་ཆད་ཞི༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ༔ ཚེ་བསོད་རྒྱས་ཤིང་བཀྲག་མདངས་འབར༔ མཁྱེན་རབ་རིག་པའི་རྩལ་ཆེན་གྱིས༔ འཁོར་འདས་ཆོས་རྣམས་ས་ལེར་གསལ༔ བདུན་གསུམ་ཟླ་གཅིག་ལོ་འབྲེལ་དུ༔ རབ་འབྲིང་ཐ་མའི་ཚུལ་གྱིས་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐམས་ཅད་མཁྱེན་པའི་པད་འབྱུང་ང་༔ སྒྲིབ་གཉིས་དག་ཅིང་མཁྱེན་གཉིས་རྒྱས༔ འཕགས་པའི་ཡུལ་ནས་བོད་དུ་འོངས༔ ལས་བཞི་རབ་འབྱམས་འཕྲིན་ལས་ཀྱིས༔ དུས་གསུམ་སེམས་ཅན་འགྲོ་དོན་སྐྱོང་༔ མཁྱེན་ལྡན་མཆོག་གི་གསང་སྒྲུབ་འདི༔ ད་ལྟ་རྗེ་བློན་རྣམས་ལ་གདམས༔ མ་འོངས་དོན་དུ་གཏེར་དུ་སྦས༔ བསྟན་འཛིན་སྐྱེས་བུའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་རྙེད། །མངྒ་ལཾ།། །།

འཇམ་དབྱངས་ལས་མཐའ་གསང་བའི་འཁོར་ལོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དབྱངས་ལས་མཐའ་གསང་བའི་འཁོར་ལོ་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ འཇམ་དབྱངས་སྒྲུབ་པའི་རྣལ་འབྱོར་པས༔ བསྟན་འགྲོའི་དོན་དུ་སེམས་བསྐྱེད་ནས༔ ལས་སྦྱོར་རིམ་པ་འདི་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྲོ་ག་འམ་ནི་ཤོག་བུ་ལ༔ འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བར་ཨཱཿཡིག་བྲིས་པའི་མཐར༔ ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་ཡང་དག་པའི་ཤེས་རབ་བསྐྱེད་དུ་གསོལ༔ པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་འབྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་འབྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྩིབས་བཞི་དག་ཏུ་བཅད་ནས་ཀྱང་༔ ཨཱོཾབཛྲ་ཝཱ་ཀྱེ་དྷེ་ཝཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་རཏྣ་ཝཱ་ཀྱེ་དྷེ་ཝཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་པདྨ་ཝཱ་ཀྱེ་དྷེ་ཝཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཀརྨ་ཝཱ་ཀྱེ་དྷེ་ཝཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་འབྲི་རྩིབས་མཆན་བཞི་ལ་ནི༔ མཆོག་གི་ཤེས་རབ་བསྐྱེད་དུ་གསོལ་ལོ༔ ཡང་དག་པའི་ཤེས་རབ་བསྐྱེད་དུ་གསོལ་ལོ༔ བློ་མྱུར་བའི་ཤེས་རབ་བསྐྱེད་དུ་གསོལ་ལོ༔ ཡིད་བརྟན་པའི་ཤེས་རབ་བསྐྱེད་དུ་གསོལ་ལོ༔ ཞེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ༔ ཀྵ༔ ཞེས་འབྲིི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཡེ་དྷརྨ༔ ཧེ་ཏུ་པྲ་བྷ་ཝ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ༔ ཧྱ་ཝ་དཏ༔ ཏེ་ཥཉྩ་ཡོ༔ ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་འབྲི་དེ་ཡི་ཕྱི་རིམ་དུ༔ བཀྲ་ཤིས་རྟགས་བརྒྱད་བྲིས་ནས་ཀྱང་༔ ལྟེ་བ་དཀར་དང་མུ་ཁྱུད་ལྗང་༔ རྩིབས་བཞི་སེར་པོ་རྩིབས་མཆན་དམར༔ དེ་ཡི་ཕྱི་རིམ་མཐིང་ག་སྟེ༔ དེ་ཡི་ཕྱི་རིམ་དམར་པོས་བྱུག༔ རྟགས་བརྒྱད་རང་མདོག་ཚོན་གྱིས་བསྒྱུར༔ བཟང་དྲུག་སྨན་དང་གུར་གུམ་དང་༔ ག་པུར་ཆུ་ཡིས་ལེགས་པར་བྱུག༔ ཆོ་གས་གཞུང་བསྲུང་རབ་གནས་བྱ༔ དར་དཀར་དྲིལ་ཏེ་ལུས་ལ་བཅང་༔ སྟོན་ཟླ་ར་བའི་བཅོ་ལྔ་ལ༔ ལོ་རེ་བཞིན་དུ་རབ་གནས་སྐྱོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གང་གིས་ལུས་ལ་བཅང་བའི་མི༔ མཁྱེན་རབ་འཇམ་དཔལ་དབྱངས་དང་མཉམ༔ བག་ཆགས་དང་ནི་ཤེས་བྱ་ཡི༔ སྒྲིབ་པ་ཐམས་ཅད་གཏན་ནས་བྱང་༔ འཁོར་འདས་མ་ལུས་ཐམས་ཅད་ལ༔ མཁྱེན་པ་གཉིས་ལྡན་ཤེས་རབ་འཐོབ༔ བླ་རྡོ་འདི་དང་སྒྲུབ་ཐབས་གཉིས༔ ཟུང་དུ་འཇུག་པར་སྤྱོད་པའི་མི༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ༔ ཚེ་འདི་ཉིད་ལ་མ་ཐོབ་ན༔ མཁྱེན་རབ་བློ་ལྡན་མཆོག་སྲེད་ང་༔ འཁྲུལ་བ་ཡིན་ནོ་རྗེས་འཇུག་བུ༔ མ་སྤེལ་སྙིང་གི་དཀྱིལ་དུ་སྦོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁམས་པ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ།། །།

འཇམ་དཔལ་ལས་མཐའ་ཐོར་བུ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དཔལ་ལས་མཐའ་ཐོར་བུ་ཡོད༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ འབྱུང་བཞིའི་བཅུད་འབྲི་ལུས་སྟོབས་ཉམས༔ ཆུ་རྣམས་བ་ཚ་ཅན་དུ་འགྱུར༔ དེ་ཡི་དབང་གིས་སྐད་མདངས་འཆོར༔ དབུགས་སྣ་ཐུང་ཞིང་དབྱངས་མི་ཐོན༔ ཙེར་དང་འགགས་དང་འཁྱིག་པ་ཡོང་༔ བཟླས་བརྗོད་བསྙེན་སྒྲུབ་སྒྲ་མི་དག༔ མཆོག་ཐུན་དངོས་གྲུབ་རིང་དུ་འགྱུར༔ དེ་ཚེ་ཟབ་པའི་མན་ངག་འདི༔ ཉམས་སུ་ལོངས་ཤིག་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨ་རུ་གསེར་མདོག་གཞི་བླངས་ལ༔ སྲོ་ལོ་དཀར་པོ་སྤང་རྒྱན་དཀར༔ ཅུ་གང་སུག་སྨེལ་ཤིང་མངར་དང་༔ རྟ་དང་བོང་བུ་མཛོ་མོ་ཡི༔ གྲེ་བ་གསུམ་དང་སྦྱར་ཏེ་འཐག༔ སྦོམ་པར་འདོད་ན་སུག་སྨེལ་གཙོ༔ ཕྲ་བར་འདོད་ན་སྲོ་ལོ་གཙོ༔ རིང་བར་འདོད་ན་ཅུ་གང་གཙོ༔ གསང་བར་འདོད་ན་ཤིང་མངར་གཙོ༔ རབ་ཏུ་སྦོམ་འདོད་གྲེ་མགོ་གཙོ༔ ཀ་རའི་རྟར་བསྐྱོན་རིལ་བུ་བསྒྲིལ༔ ནས་རྒན་ཆང་གིས་ཕུལ་ཏེ་ཟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་ཤུལ་ལས་དང་ཁ་ཚ་རུལ༔ རྗེན་གྱི་ཟས་དང་སྤོད་ལ་སོགས༔ བག་མེད་མི་སྤྱོད་དམ་ཚིག་ཡིན༔ རིལ་བུ་ཟླ་འབྲེལ་སུས་བསྟེན་པ༔ ཚངས་པའི་དབྱངས་ལྡན་དངོས་གྲུབ་འཐོབ༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་ལ༔ སེམས་ཅན་སྤྱི་ཡི་བསོད་ནམས་བྲི༔ མི་དགེ་སྤྱོད་པས་འབྱུང་པོ་དར༔ སྡེ་བརྒྱད་འཁྲུག་པས་ལོ་འབྲས་ལ༔ འབུ་སྲིན་གནོད་པ་བྱུང་བའི་ཚེ༔ སེམས་བསྐྱེད་ལྡན་པའི་སྐྱེས་བུ་ཡི༔ ཡི་དམ་སྔགས་དམིགས་ཏིང་འཛིན་དང་༔ ཡུལ་ལྷ་གཞི་བདག་སྲུང་མ་ལ༔ གཙང་གཏོར་ཕུད་མཆོད་བདེན་པ་བདར༔ རྫ་གསར་ནང་དུ་སྦང་མ་བླུགས༔ ཞིང་དཀྱིལ་ཁྲུ་གང་ས་བྲུས་བཞག༔ འབུ་ཡི་གནོད་པ་བཟློག་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་ལ༔ འགོ་བའི་ནད་རིགས་རླུང་ལྟར་འཚུབ༔ དེ་ཚེ་རྣལ་འབྱོར་རང་བསྲང་དུ༔ ཐོ་རངས་སྐར་མ་མ་ཡལ་གོང་༔ བརྒྱ་དང་རྩ་བརྒྱད་སྔགས་འདི་བཟླ༔ དྲི་ཆུ་བར་པར་བཏབ་སྟེ་འཐུང་༔ ཨཱོཾ་ནམ་ལིང་ཡེར་རྦད༔ འགོ་ནད་ཡམས་རིགས་ཀུན་ལས་རྒྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་ལ༔ དབང་པོའི་སྒོ་ཉམས་མིག་མི་གསལ༔ སེམས་བསྐྱེད་ལྡན་པའི་སྐྱེས་བུ་ཡིས༔ སྐྱ་རིབ་སེལ་ཐབས་འདི་ལྟར་བྱ༔ ཨཱོཾ་ཏནྡྷེ་ཏནྡྷེ་ཧཱུྃ་ཕཊ༔ སྐྱ་རིབ་སོད༔ སྐྱ་ཐོག་སོད༔ སྐྱ་ལོང་ཅན་སོད༔ མིག་ཐན་ནག་པོ་སོད༔ རང་གི་ལྕེ་རྩེར་ཨ་དཀར་བསམས༔ ཕུག་རོན་དང་རུ་ཆུ་ནང་དྲངས༔ སྔགས་འདི་གདབ་ཅིང་མིག་ལ་བྱབ༔ རབ་རིབ་གནོད་པ་སེལ་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་ལ༔ དབྱར་དགུན་གོ་ལོག་སྒང་གཤོངས་ཆེ༔ ཆར་ཆུ་དུས་སུ་མི་སྙོམས་ཚེ༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ ཆར་པ་གཅོད་ན་འདི་ལྟར་བྱ༔ སྐྱེར་འབྲུ་རྟ་ཡི་སྒལ་ཚིགས་དང་༔ གླང་གི་རུས་པ་རྒྱ་ཚྭ་དང་༔ རྒྱམ་ཚྭ་ཁ་རུ་ཚྭ་དང་ནི༔ སྦལ་སྦྲུལ་ཤ་དང་མཛེ་ཅན་ཁྲག༔ བག་ཟན་སྦལ་གཟུགས་སྙིང་གར་བླུགས༔ གྲོ་ག་འམ་ནི་ཤོག་བུ་ལ༔ སྔགས་འདི་བྲིས་ལ་སྦལ་ཁོག་གཞུག༔ ནཱ་ག་ར་ཙ་རཾ་རཾ་ཛྭ་ལ་རཾ་རཾ༔ སརྦ་ནཱ་ག་ར་ཙ་ཁ་ཆར་བུ་ཡུག་གི་བདག་པོ་ཐམས་ཅད་ཀྱི་དོན་སྙིང་ལྔ་ལ་རཾ་རཾ༔ མེ་རི་ཤིག་ཏི་ཚལ་བ་རྦད་རྦད༔ ས་ལ་གྲུ་གསུམ་བྲུས་པའི་ནང་༔ སྦལ་གཟུགས་བཞག་ཅིང་གཡམ་པས་བཀབ༔ དུག་ཤིང་མེ་ནི་སྟེང་དུ་བཏང་༔ རང་ཉིད་སྲིད་པའི་ཁྱུང་དམར་བསྒོམ༔ བདེན་སྟོབས་བརྗོད་ལ་ཀླུ་རྣམས་དགུག༔ སྟེང་འོག་བར་གསུམ་ཐམས་ཅད་ནི༔ ལྕགས་བསྲེགས་ལས་གྲུབ་རི་ཀླུང་ཐང་༔ བསྐལ་པའི་མེ་ཆེན་འབར་བར་བསམས༔ ཨཱོཾ་ནཱ་ག་ར་ཛ་སྟམ་བྷ་ལི་ནན༔ སརྦ་ནཱ་ག་ར་ཙ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཏིང་འཛིན་གསལ་ཞིང་སྔགས་ཕུ་བྱ༔ དུས་མིན་ཁ་ཆར་གནོད་པ་བཟློག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་ལ༔ སྡེ་བརྒྱད་ཁ་རླུང་གཉན་ནད་འཕྱུར༔ སེམས་བསྐྱེད་ལྡན་པའི་སྐྱེས་བུ་ཡིས༔ སྔགས་འདི་བཟླས་ཤིང་བཏབ་པས་ཕན༔ ཨཱོཾ་ནག་པོ་རྡོ་སོད༔ རྩི་འབྲས་སོད༔ གཉན་རིགས་གནོད་པ་ཀུན་ལས་རྒྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་ལ༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ འགྲོ་བའི་སྲིན་ནད་སེལ་འདོད་ན༔ རང་ཁྲིའི་ས་དང་ཐབ་ཁུང་ས༔ སྒོ་ཡི་ཡ་ཐེམ་ས་གསུམ་པོ༔ ཐུར་མགོ་གང་ཙམ་ཆུ་ཁོལ་བཏབ༔ སྔགས་འདི་བརྒྱ་རྩ་བཏབ་སྟེ་འཐུང་༔ ཨཱོཾ་ཀྲོ་ལེ་ཀྲོ་ལེ་ཡེ་སྭཱ་ཧཱ༔ སྲིན་གྱི་གནོད་པ་ཀུན་ལས་རྒྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་དུས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ གཞན་ཕན་ཁྲག་གཅོད་འདི་ལྟར་བྱ༔ ཨཱོཾ་རུག་རུག་སྡུས་སྡུས་རག་རྦད་སྭཱ་ཧཱ༔ རྩ་ཆེན་ཆད་པའི་ཁྲག་ཀྱང་གཅོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ཀྱི་སྙིགས་མ་རྩོད་ལྡན་དུས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ རང་ཉིད་ཕག་ནག་སྙིང་ག་དཀར༔ གག་ལྷོག་ཟས་སུ་བཟའ་བར་བསྒོམ༔ སྔགས་ཆུ་གཏད་སྔགས་ལས་ལ་སྦྱོར༔ ནག་པོ་རྦད༔ འདུལ་བར་རྦད༔ མ་ཧཱ་བཛྲ་རྦད༔ ཐུམ་རིལ་སོད༔ ས་ལྷོག་གནོད་པ་ཀུན་ལས་རྒྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་ཉིད་པད་འབྱུང་གིས༔ ཡང་ཟབ་ཆོས་ཀྱི་ཁ་སྐོང་དུ༔ ལས་ཚོགས་ཁོལ་ཕྱུང་འདི་རྣམས་ཀྱང་༔ ཟིན་རིས་བྲིས་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ བདག་འདྲ་ཁམས་པ་ཉི་མ་གྲགས། ཨོ་རྒྱན་པདྨའི་བྱིན་བརླབས་ཐོབ། །ཟབ་མོའི་ལས་ཚོགས་འདི་རྣམས་ཀྱང་། །ཤོག་སེར་ལོགས་ནས་དག་པར་ཕབ། །མངྒ་ལཾ།། །།

འཇམ་དབྱངས་དཀར་པོའི་དབང་བཤད།

འཇམ་དབྱངས་དཀར་པོའི་དབང་བཤད་བཞུགས། ད་ལམ་ཁྱེད་རྣམས་ལ་མགོན་པོ་འཇམ་དཔལ་དབྱངས་དཀར་པོའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ལྷག་པའི་ལྷ་ཆེན་པོ་འདི་ནི་སྐུ་གསུམ་གྱི་སངས་རྒྱས་རྣམས་དང་དབྱེར་མེད་པ་ཞིག་ཡིན་ཀྱང་། ཐུགས་བསྐྱེད་ཀྱི་སྨོན་ལམ་རྒྱ་ཆེ་བས། ཁམས་གསུམ་གྱི་འཁོར་བ་དོང་ནས་མ་སྤྲུགས་ཀྱི་བར་དུ་ས་བཅུའི་མགོན་པོའི་ཚུལ་དུ་བཞུགས་ནས་གང་འདུལ་གྱི་འཕྲིན་ལས་བསམ་གྱི་མི་ཁྱབ་པས་འགྲོ་བའི་སྐྱབས་དང་མགོན་མཛད་པའི་ཆེ་བའི་ཡོན་ཏན་ནི་རྡོ་རྗེའི་ལྗགས་དང་ལྡན་པས་ཀྱང་བརྗོད་པར་དཀའ་སྟེ། །ཇི་སྐད་དུ། སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །མགོན་པོ་ས་བཅུའི་དབང་ཕྱུག་ཆེ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །སྲིད་པའི་དྲ་བ་མ་ལུས་གཅོད། །ཅེས་སོ། །དེ་ལྟ་བུའི་ལྷག་པའི་ལྷ་དེའི་དབང་སྒྲུབ་ཐབས་ཀྱི་རིམ་པ་འདི་ཡང་། རྟོག་གེ་མཁན་སོགས་ཀྱི་འདོད་ཆོས་ཀྱིས་བསླད་པ་མ་ཡིན་ཞིང་ཆེ་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སློབ་དཔོན་ཆེན་པོས་མཛད་པ་ཡིན། །ཇི་སྐད་དུ། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ བདེ་བ་ཅན་ན་བདེ་གཤེགས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀཽ་ཤར་བརྫུས་སྐྱེས་པདྨ་འབྱུང་༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོ་ཐ་མི་དད༔ ཅེས་གསུངས་པས་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་གོང་དུ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྨིན་གྲོལ་རྣམས་ལས་ལྡན་བོད་ཀྱི་རྗེ་འབངས་རྣམས་ལ་བཀའ་སྩལ་བའི་ཆ་ལག་ཏུ་གདམས་པ་ཟབ་མོ་འདི་མ་འོངས་དུས་ངན་གྱི་ཐ་མ་ལ་ཆོས་བཞིན་སྤྱོད་པའི་གང་ཟག་ཏུ་དགོངས་ལུང་འདི་ལྟར་གསུང་ནས་གནང་བ་སྟེ། ཇི་སྐད་དུ། མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་སྒོར་ཞུགས་པའི་གང་ཟག་དང་༔ ལྷ་འདྲེ་མི་གསུམ་མི་དགེ་སྤྱོད༔ དེ་ཡི་དབང་གིས་གྲིབ་ཀྱིས་ནོན༔ ཆོས་དང་གང་ཟག་ཡ་བྲལ་ཏེ༔ རྒྱལ་བའི་བཀའ་ལ་གོ་བ་མེད༔ གསར་རྙིང་ཟེར་ཏེ་གྲུབ་མཐའ་རྩོད༔ བཀའ་གཏེར་ཟེར་ཏེ་ཁྱད་དུ་གསོད༔ ཤཱཀྱའི་བསྟན་པ་རྟགས་ཀྱིས་འཛིན༔ བཀའ་ལ་རས་གཅོད་གཟུ་ལུམ་བྱེད༔ གང་ཟག་བདག་འཛིན་ཆོས་དང་བསྲེ༔ ས་མིང་ཆོས་ཀྱི་གྲུབ་མཐའ་འཛིན༔ བྱང་སེམས་སྤྲུལ་པ་མང་འབྱུང་ཡང་༔ བདུད་སྤྲུལ་རྣམས་ཀྱིས་འཕུང་དཀྲུག་རྩོམ༔ དམ་སེལ་སློབ་དཔོན་སློབ་མས་བཀྲོང་༔ མེ་དགེའི་ལྟས་ངན་བོད་དུ་སྡང་༔ ཀྱེ་མ་བསྐལ་པའི་ཡང་མཐའ་ལ༔ ཆོས་དང་གང་ཟག་རྒྱལ་བསྟན་དོན༔ བཀའ་བསྟན་གོ་བས་ཉམས་ལེན་ཕྱིར༔ འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་། ལག་ལེན་དབང་དང་གསུམ་དུ་ཕྱེ༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ལས་སྦྱོར་དག་དང་རྣམ་པ་བཞི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ ཞེས་དང་། གཏེར་དེ་འབྱིན་པའི་དུས་དང་གང་ཟག་གི་ལུང་ཡང་། །ཇི་སྐད་དུ། མ་འོངས་རྩོད་ལྡན་ཡང་མཐའ་ལ༔ མི་རྣམས་བཞི་བཅུ་ཁ་རལ་ཏེ༔ སུམ་ཅུར་ཉེ་བའི་དུས་དག་ཏུ༔ གར་དབང་འགྲོ་འདུལ་གླིང་པ་ཞེས༔ ཐུགས་ཀྱི་སྲས་ཤིག་ཁམས་ནས་འོང་༔ འགྲོ་བ་འདྲེན་པའི་སྐྱེས་བུ་དེས༔ ཏེ་སེའི་གངས་ནས་གཏེར་འདི་འདོན༔ འགྲོ་དོན་སྟོད་ཀྱི་ཕྱོགས་སུ་འབྱུང་༔ ཆོས་བདག་བུ་ལ་འཕྲོད་གྱུར་ན༔ བསྟན་པ་ཉི་མ་ཤར་བ་འདྲ༔ ཞེས་གསུངས་པ་རྣམས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ནས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ཏུ་མཁའ་འགྲོའི་གསང་མཛོད་དུ་སྦས་པ། གུ་རུ་སངས་རྒྱས་གཉིས་པའི་ལུང་བསྟན་དུས་བབས་ལྟར་དུ་ཁམས་པ་ཉི་མ་གྲགས་པ་ཞེས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྡོ་རྗེ་ཕུར་བའི་གྲུབ་ཐོབ་ཀླུའི་དབང་པོའི་སྐྱེ་མཐའ། སངས་རྒྱས་སོ་བདུན་པ་དྲག་པོ་ཆེན་པོ་ཞེས་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་བདུན་གྱི་སྐུ་ཚེ་དང་མཛད་འཕྲིན་གཅིག་ཏུ་བསྡོམས་པའི་ཚད་ཀྱིས་མཁའ་མཉམ་གྱི་འགྲོ་བའི་དོན་མཛད་པར་ལུང་བསྟན་པའི་རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས། བདག་གིས་ལེགས་པར་ཐོབ་པའི་དབང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་སོགས་ནས་གཞུང་བཞིན་བསྐུར། ཅེས་པ་འདི་ཡང་བློ་གྲོས་རྒྱ་མཚོའི་དོན་དུ་བྲིས། །མངྒ་ལཾ།། །།

བརྒྱུད་འདེབས་བྱིན་རླབས་མྱུར་འཇུག

འཇམ་དབྱངས་དཀར་པོའི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་ཞེས་བྱ་བ་བཞུགས། མཁྱེན་བརྩེའི་གཏེར་མཛོད་འཕགས་མཆོག་འཇམ་དཔལ་དབྱངས། །ངག་གི་འདོད་འཇོ་ཚངས་སྲས་དབྱངས་ཅན་མ། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད་དཔལ། །མཁའ་འགྲོའི་གཙོ་མོ་བདེ་ཆེན་རྒྱ་མཚོ་དང་། །སྐད་གཉིས་སྨྲ་བ་ལོ་ཆེན་ཀླུ་དབང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་གར་དབང་འགྲོ་འདུལ་གླིང་། །རིགས་ཆོས་སྲས་ཀྱི་ཐུ་བོ་བསོད་ནམས་མཚན། །གང་དེས་རྗེས་བཟུང་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྣོད་བཅུད་ཐམས་ཅད་འཇམ་དཔལ་དཀྱིལ་འཁོར་ལྷ། །གྲགས་པ་ཐམས་ཅད་གསུང་དབྱངས་དྲུག་ཅུའི་སྒྲ། །རྟོག་ཚོགས་ཐམས་ཅད་དག་པ་རང་གྲོལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བཀའ་གསང་དམ་ཚིག་གཉེན་པོའི་བྱ་ར་བ། །ཡེངས་མེད་མེལ་ཚེས་ཆོས་ལྡན་བསྲུང་སྐྱོབ་ཞིང་། །འགལ་བྱེད་དུས་ཀྱི་ཆད་པས་རླག་མཛད་པར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྩེ་གཅིག་ཤུགས་དྲག་མོས་པས་གསོལ་བཏབ་འབྲས། །བསྐལ་མང་སྦྱང་དཀའི་སྡིག་སྒྲིབ་ཉེས་ལྟུང་རྣམས། །བ་མོར་ཉིན་བྱེད་ཟེར་གྱིས་འཕོག་པ་བཞིན། །སྐད་ཅིག་ཉིད་ལ་བྱང་ཞིང་དག་གྱུར་ཅིག །མཆོག་དང་མྱུར་དང་བརྟན་པའི་ཤེས་རབ་དང་། །འཛིན་དང་གོ་ཡུལ་སྤོབས་པ་རྨད་བྱུང་བས། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་རྣམས་ལ། །ཐོགས་མེད་སྤྱོད་པའི་རྣམ་དཔྱོད་མཆོག་གྲུབ་ཤོག །སྒྲ་ཚད་བཟོ་དང་གསོ་བ་ནང་རིག་པ། །སྐར་རྩིས་སྙན་ངག་མངོན་བརྗོད་སྡེབ་སྦྱོར་དང་། །ཟློས་གར་ལ་སོགས་བཅུ་ཕྲག་རིག་པའི་ལམ། །འཁྲུལ་མེད་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པའི་ལས། །ཉིན་མཚན་གཡེལ་བ་མེད་པར་རབ་བརྩོན་ཞིང་། །མ་རྟོགས་ལོག་རྟོག་མེད་པ་རྣམ་དག་གིས། །རྒྱལ་བའི་བསྟན་པ་གསལ་བར་བྱེད་ནུས་ཤོག །མདོར་ན་གནས་སྐབས་མཐར་ཐུག་ཐམས་ཅད་དུ། །འཇམ་མགོན་ཁྱོད་ཀྱིས་བརྩེ་བས་རྗེས་འཛིན་ཞིང་། །བདག་གཞན་ཕན་བདེའི་རླབས་ཆེན་སྤྱོད་པ་ཡིས། །ལུས་ཅན་རྣམ་མཁྱེན་མཆོག་གི་གནས་ཐོབ་ཤོག །ཅེས་གཏེར་གསལ་འཇམ་དབྱངས་དཀར་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་ངག་དབང་མཆོག་ལྡན་དང་རྣམ་གྲོལ་སོགས་དོན་དུ་གཉེར་བ་དག་གིས་བསྐུར་བའི་ངོར། འཕགས་པ་འཇམ་དཔལ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དཀོན་མཆོག་བློ་བཟང་དཔལ་འབར་སོགས་དུ་མའི་མིང་ཅན་གྱིས་སྦྱར་བའོ། །མངྒ་ལཾ།། །།

འཇམ་དབྱངས་དཀར་པོའི་ཞི་བའི་སྦྱིན་སྲེག་ཤེས་རབ་སྣང་བ་རྒྱས་བྱེད།

འཇམ་དབྱངས་དཀར་པོའི་ཞི་བའི་སྦྱིན་སྲེག་ཤེས་རབ་སྣང་བ་རྒྱས་བྱེད་ཅེས་བྱ་བ་བཞུགས། བླ་མ་མགོན་པོ་འཇམ་དབྱངས་ལ། །གུས་པ་ཆེན་པོས་ཕྱག་འཚལ་ནས། །སྒྲིབ་གཉིས་བུད་ཤིང་མ་ལུས་པ། །སྲེག་བྱེད་ཆོ་ག་འདི་བརྩམ་མོ། །འདིར་འཇམ་དབྱངས་དཀར་པོའི་བསྙེན་པའི་ཁ་སྐོང་ངམ་ཡང་ན་ནད་གདོན་སྡིག་སྒྲིབ་ལ་སོགས་ཞི་ཕྱིར་སྦྱིན་སྲེག་བྱེད་པར་འདོད་ན། སྔོན་འགྲོ་བཅའ་ག །ཤོམ་རིམ་པ་དང་། དངོས་གཞི་ཆོ་ག །རྗེས་ཀྱི་བྱ་བའོ། །དང་པོ་བསྙེན་པའི་མཇུག་སོགས་ཡིན་ན་ས་ཆོག་མི་དགོས་ཤིང་། ས་ཆོག་དགོས་པའི་ཕྱོགས་ལ་རྒྱས་པར་ན། གཞུང་གཞན་ནས་བྱུང་བ་ལྟར་དང་། མ་འགྲུབ་ན་བསྡུས་པར་ལྷའི་རྣལ་འབྱོར་དང་ལྡན་པས་གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླས་པས། ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་ནི་དོན་དམ་གྱི་སྦྱང་བས་དག་པར་བྱས་ལ། སྟེགས་བུ་གྲུ་བཞི་པ་ངོས་རེ་ལ་ཁྲུ་དོ་པ་དཔངས་སུ་ཁྲུ་ཕྱེད་པ་དྲི་དང་བ་བྱུང་གིས་ཆག་ཆག་གདབ་པ་ལ། འབྱོར་ན་རྩིག་ཐབ་བྱེད་ན་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད། རྐོ་ཐབ་ལ་ཟབས་སུ་ཁྲུ་ཕྱེད་རྒྱར་ཁྲུ་གང་། གང་གི་ཚེ་ཡང་ཐབ་སྟེང་ནས་ཕྱིར་བསྐྱེད་པའི་མུ་རན་སོར་བཞི་པའི་རྒྱ་དང་དེའི་ཕྱི་ནས་ཁ་ཁྱེར་སོར་བཞི་པའི་རྒྱ་དཔངས་ཅན་ཅུང་ཟད་ནང་དུ་གཞོལ་བ། བྲི་ཐབ་ཀྱི་ཚེ་དཔངས་ཀྱི་ཆ་རྣམས་དོར་བ་མ་གཏོགས་ཐབ་དང་མུ་རན་ཁ་ཁྱེར་རྣམས་ཀྱི་རྒྱ་གོང་དང་འདྲའོ། །དེའི་ནང་དུ་ཆ་ཕྲན་གཅིག་གི་རྡོ་རྗེ་ཕྲེང་བའི་མུ་ཁྱུད་དང་དེ་ནང་དུ་པད་དཀར་འདབ་བརྒྱད་དེ་ནང་དུ་ལྟེ་བ་ཟླུམ་པོར་རྡོ་རྗེ་དཀར་པོ་སོར་བརྒྱད་པས་མཚན་པ་བྲི། མཆུ་ལ་འོད་དཀར་པོའི་རྣམ་པའི་མུ་ཁྱུད་ཅན་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། ཐབ་ཀྱི་ཕྱི་དང་སྟེགས་བུ་སོགས་དཀར་པོར་བསྒྱུར་ཞིང་ནང་དུ་བ་ལུའམ་འོམ་བུ་སོགས་ཞི་བར་ཤིས་པའི་བུད་ཤིང་ངམ་སྲོག་ཆགས་མེད་པའི་ལྕི་བ་རྣམས་ཐབ་ཀྱི་དཔངས་དང་མཉམ་པ་བརྩིགས་ལ་ནང་དུ་མེ་ཚང་ཏིང་ལོ་དང་བཅས་པ་བཞག །རང་གི་གཡས་སུ་སྲེག་རྫས་རྣམས་འཇིག་རྟེན་དང་འདས་ལྷའི་དབྱེ་བས་སྣོད་སོ་སོར་བྲེང་ཚར་གཉིས། གཡོན་དུ་འབྲས་གྲོ་རྒྱ་སྲན་གསུམ་གྱི་ཚོམ་བུ་དང་མཆོད་པ་རྣམ་ལྔ། འཇིག་རྟེན་པར་ཟླུམ་གཏོར་དཀར་པོ་དང་ཉེར་སྤྱོད་ཚར་གཅིག་བཅས། མཆོད་པ་རྣམས་ཁ་དོག་དཀར་པོར་བསྒྱུར་བ་དང་རང་གི་མདུན་དུ་རྡོར་དྲིལ་དགང་བླུགས་བསངས་ཆུ་སོགས་ཉེ་བར་མཁ་ོབ་རྣམས་དང་། མེ་ཡོལ་གངས་རི་འབབ་ཆུ་དང་བཾ་ཡིག་སོགས་བྲིས་པ་བཏང་། གཉིས་པ་ནི། རང་ཉིད་ཆས་གོས་དཀར་པོ་བགོ་ཞིང་། པདྨའི་སྐྱིལ་ཀྲུང་དང་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་སྨྲ་བ་བཅད་དེ་འདུག །བརྒྱུད་འདེབས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་བདག་བསྐྱེད་བཟླས་པ་མཐར་གྱི་མཆོད་བསྟོད་དང་ཉེར་བསྡུ་དང་བཅས་པ་བྱས་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ་བསངས་ཆུ་ལ་ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བརྒྱ་འམ་ཉེར་གཅིག་གིས་བྱིན་གྱིས་བརླབས། ཨཱོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་བླངས་ཏེ་སྙིང་གར་བཞག །ཨཱོཾ་བཛྲ་གྷནྡྷེ་ཨ༔ ཞེས་གཡོན་པས་དྲིལ་བུ་བླངས་ཏེ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་པས། རྡོར་དྲིལ་སྙིང་གར་འཁྱུད་རྒྱ་བཅས། མཆོད་སྲེག་གི་རྫས་རྣམས་ལ་བསང་ཆུ་གཡས་སྐོར་དུ་འཐོར་ཞིང་རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤ །པྟའི་བར་ལན་གསུམ་རེ་བརྗོད། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་སྲེག་རྫས་རྣམས་ལ་རེག་ནས། ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམ། ཡམ་ཤིང་ལ་ཨཱོཾ་ཨཱཿསྭཱ་ཧཱ། མར་ཁུ་ལ། ཨཱོཾ་ཤྲིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ། ཞོ་ཟན། དཱུརྦ་ཀུ་ཤ་རྣམས་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་སྦྱངས་ཏེ་སྟོང་བར་གྱུར། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་སྲེག་རྫས་སོ་སོའི་རྣམ་པར་གྱུར། ཨཱོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབ། དེ་ནས་དཔལ་འབར་སྦར་བ་ཐབ་ལ་གཡས་སུ་བསྐོར་ཞིང་། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཨཱོཾ་ཨགྣེ་ཛྭ་ལ་རཾ་ཞེས་མེ་ཚང་དུ་བཅུག་ལ། ཧཱུྃ་ཞེས་རླུང་གཡབ་ཀྱིས་མེ་སྦར། ཨཱོཾ་ཨགྣེ་ཡེ་སྭཱ་ཧཱ༔ ཞེས་བླུགས་གཟར་གྱིས་མར་ཁུའི་ཐིགས་པས་མེ་གསོ། ཨཱོཾ་བཛྲ་ས་ཏྭ་ཨཱ༔ ཞེས་བཟླས་པའི་ཀུ་ཤ་ཐོགས་ལ། ཨཱོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། དཀོན་མཆོག་གསུམ་པོ་མཉེས་བྱེད་པ། ས་ལས་སྐྱེས་པ་འདབ་མའི་སྙིང་། བདག་གི་བགེགས་རྣམས་ཐམས་ཅད་ནི། ཞི་དང་བཀྲ་ཤིས་མཛད་དུ་གསོལ། སྭཱ་ཧཱ་ཞེས་བརྗོད། ཀུ་ཤ་གཉིས་གཉིས་བསྡེབས་པ་རྣམས་དང་པ་ོརང་གི་གཡོན་ཕྱོགས་ཀྱི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཤར་བསྟན། དེ་ནས་ལྷོ་དང་ནུབ་དང་བྱང་དུ་བསྟན་པ་རྣམས་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་བཀྲམ་ཞིང་སླར་ཐབ་ཀྱི་སྟེང་དུ་ཀུ་ཤའི་ཆུན་པོ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བ་རྩེ་མོ་ཤར་བསྟན་ཀྱིས་གཡོག་གོ། དེ་ནས་ཐབ་ཏུ་བསང་ཆུ་འཐོར་ཞིང་། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལས་སྔགས་ཀྱིས་བསངས། ཨཱོཾ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཟླ་བ་ཆུ་ཤེལ་གྱི་རང་བཞིན་ཅན་དཀར་པོ་ཟླུམ་པོ་དྭངས་ཤིང་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་རཾ་ཡིག་ལས་བྱུང་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིལ་བ་སྦྱི་བླུགས་དང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་ཕྲེང་འཛིན་པ། དྲང་སྲོང་ཆས་ཅན་ར་སྐྱེས་ལ་ཞོན་པ་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་འཁོར་བཅས་སྤྱན་དྲངས་བར་བསམ་ཞིང་། ལག་གཡས་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཅིང་གཞན་གསུམ་བསྒྲེང་བ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱས་གཡབ་ཅིང་། ཨཱོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོདྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། ཨཱོཾ་ཨགྣེ་ཡེ་ཨ་ཀཪྵ་ཡ་ཛཿཛ༔ ཞེས་སྤྱན་དྲངས། ལས་སྔགས་དང་བསང་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། ཨཱོཾ་ཨགྣེ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ༔ མཆོད་ཡོན་དང་པཱ་ཏྱཾ་སྦྱར་བས་ཞབས་བསིལ་ཕུལ། ཨཱོཾ་ཨགྣེ་ཡེ་ས་མ་ཡཱ་སྟྭཾ། ཞེས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨཱོཾ་ཨགྣེ་ཡེ་ས་པཱ་རི་ཝ་ར་པུཥྤེ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཞེས་སྦྱར་བས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་བསྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་མེ་ལྷ་ཞལ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམ་ཞིང་། མཛུབ་མོ་བསྒྲེང་བའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ། ཨཱོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ། གཟར་བུ་གཉིས་ཁ་སྦྱར་ཏེ་ལག་གཉིས་པུས་མོའི་ནང་ལས་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨཱོཾ་ཨགྣེ་ཡེ་དཱེ་བྱ་དཱེ་བྱ་རུ་བི་ཤུདྡྷ་མ་ཧཱ་ཤྲི་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཚུལ་དེ་འདྲ་བ་ལན་གསུམ་ཕུལ་བས་མར་ཁུ་བདུད་རྩིར་དྭངས་པ་གསོལ་བས་མཉེས་པར་བསམ་མོ། །དེ་ནས་རྫས་གཞན་རྣམས་གྲངས་ཇི་ལྟར་རིགས་པ་སོ་སོའི་སྔགས་ཀྱིས་འབུལ་བ་ནི་ལག་གཡས་མཆོག་སྦྱིན་དང་མཐེབ་སྲིན་སྦྱར་བས་གཡས་བསྐོར་གྱི་རྣམ་པ་དང་བཅས། ཡམ་ཤིང་། ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨཱོཾ་ཨགྣེ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། སྡིག་པ་ཐམས་ཅད་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཡུངས་ཀར། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། བགེགས་ཐམས་ཅད་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། འོ་མ་ཞོ་དང་སྦྲང་རྩི་ལ་སོགས་པ། ཨཱོཾ་ཨཱཿསྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཤེས་རབ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་སྭཱ་ཧཱ། ཞོ་ཟན། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། འབྲས། ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། སོ་བ། ཨཱོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ནས། ཨཱོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། སྲན་མ། ཨཱོཾ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། གྲོ། ཨཱོཾ་བཛྲ་གྷསྨ་རི་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། ནད་མེད་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་སྭཱ་ཧཱ། དཱུརྦ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཀུ་ཤ །ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་དང་། སྲུང་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོ་སོའི་སྤེལ་ཚིག་རྒྱས་པ་དེ་ཉིད་ལ་མི་སྤྲོ་ན་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཁོ་ན་འདས་མ་འདས་ཐམས་ཅད་ལ་སྦྱར་བས་ཆོག །དེ་ནས་བླུགས་གཟར་གྱིས་མར་ཁུ་འབུལ་ཞིང་། ཨཱོཾ་བཛྲ་ཛྭ་ལ་རཾ། ཞེས་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། མེ་ཐབ་ལ་བསང་ཆུ་འཐོར་ཞིང་ལས་སྔགས་ཀྱིས་བསངས། ཧཱུྃ་ཧྲཱི༔ ཆོས་རྣམས་སྟོང་དང་སྙིང་རྗེའི་ངང་། བདག་མེད་བློ་འདས་ཆེན་པོ་གསལ༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཤུདྡྷོ྅་ཧཾ༔ ཐབ་དབུས་རང་བྱུང་སྙིང་པོ་ཆེ༔ ས་བོན་ཡི་གེ་ཨཱཿདཀར་པོ༔ ཡན་ལག་བརྒྱད་ལྡན་རྒྱ་མཚོ་དཀར༔ རབ་འཁྱིལ་དབུས་ན་པད་སྡོང་ལྗང་༔ ཟླ་བའི་དཀྱིལ་འཁོར་སྟེང་དུ་བསྒོམ༔ ཨཱཿདཀར་ཡོངས་སུ་གྱུར་པ་ལས༔ རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས༔ ཞེས་པ་ནས་བཟུང་བསྟོད་པ་དང་བཅས་པ་རྫོགས་པའི་མཐར། ཡེ་ཤེས་ཀྱི་ལྷ་ཞལ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་བསམས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་བཏགས་པ་དེ་དང་འདྲ་བ་ལན་གསུམ་གྱིས་ཕུལ་ནས། ཡམ་ཤིང་ལ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། སོགས་སྤེལ་ཚིག་རྒྱས་བསྡུས་གང་མོས་གོང་དུ་བཤད་པ་བཞིན་སྦྱར། མར་ཁུ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་ཨགྣེ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཡུངས་ཀར། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་སརྦ་ཨརྠ་ས་དྷ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། འོ་མ་ཞོ་སྦྲང་རྩི་ལ་སོགས་པར། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་ཨཱཿསྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞོ་ཟན། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། འབྲས། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། སོ་བ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ནས། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། སྲན་མ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། གྲོ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་བཛྲ་གྷསྨ་རི་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། དུར་ཝ། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཀུ་ཤ །ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཤན་ཏིང་ཀུ་རུ་སྭཱ་ཧཱདེ་འང་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་ཡིན་ན་བསྙེན་པའི་བཅུ་ཆའི་སྦྱིན་སྲེག་བྱ་དགོས་པས། དཔེར་ན་བསྙེན་པ་བྱེ་བ་གཅིག་ལ་སྦྱིན་སྲེག་འབུམ་ཚོ་གཅིག་དགོས་པ། ཏིལ་གྱི་སྔགས་རྫས་ཁོ་ན་ལ་གྲངས་གསོགས་དགོས་ཤིང་། བདག་གི་ཏིང་ངེ་འཛིན་མི་གསལ་བ་དང་སྔགས་ཆད་ལྷག་གི་ཉེས་པ་སོགས་སྡིིག་པ་དང་སྒྲིབ་པ་ཐམས་ཅད་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་འདི་བརྒྱ་ཕྲག་རེ་རེའི་མཚམས་དང་། འདས་མ་འདས་ཀྱི་སྲེག་རྫས་གཞན་རྣམས་ཀྱི་སྔགས་ལ་ཡང་སྦྱར་བར་བྱ་ཞིང་རྫས་གཞན་རྣམས་ཕྱོགས་གཅིག་ཏུ་བསྲེས་ནས་འབུལ་ན་ནི་སྔགས་དེ་དག་སྦྲེལ་ནས་ཚར་གཅིག་བརྗོད་པའི་མཐར་ཁ་སྐོང་ཏིལ་གྱི་སྔགས་རྫས་ལ་གྲངས་འཛིན་ནོ། དེ་ནས་རྫས་རྫོགས་རྗེས། ཨཱོཾ་ཨགྣེ་ཡེ་སྭཱ་ཧཱ་ཞེས་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས། ཨཱོཾ་ཝ་ཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སོགས་སྤེལ་ཚིག་སྦྱར་བས་དེ་འདྲ་བ་ལན་གསུམ་ཕུལ། ལས་བྱང་ནང་ལྟར་མཆོད་བསྟོད་གཏང་རག་གི་ཚུལ་དང་། གང་ཚེ་བལྟ་བར་འདོད་པ་དང་། ཅུང་ཟད་འདྲི་བར་འདོད་ན་ཡང་། མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། གེགས་མེད་པར་ནི་མཐོང་བར་ཤོག །ཞེས་དང་། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པར་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ༔ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ་མོ། །སླར་མེ་ལྷ་ལ་གཏང་རག་འབུལ་བ་ནི། བླུགས་གཟར་གྱིས་མར་ཁུ་དང་། ཨཱོཾ་བཛྲ་ཛྭ་ལ་རཾ། ཞེས་པའིསྔགས་ཀྱིས་མེ་གསོས་ནས། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། ཨགྣེ་བདུན་གྱིས་བཀང་བའི་དགང་བླུགས། དཱི་བྱ་སོགས་ཀྱིས་ལན་གསུམ་དང་། ཡམ་ཤིང་ནས་གཟུང་ཀུ་ཤའི་བར་གྱིས་རྫས་སོ་སོའི་སྔགས་ཀྱིས་འབུལ། མེ་ལྷའི་གཏོར་མ་བསང་སྦྱང་། ཨཱོཾ་ཨཱཿཧཱུྃ་ཧོཿ ས་བྱིན་གྱིས་བརླབས། ཨཱོཾ་ཨགྣེ་ཡེ་ས་པཱ་རི་ཝ་ར་ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བཏགས་པ་གསུམ་གྱིས་ཕུལ་ལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་འཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འཕྲིན་ལས་བཅོལ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། བདག་གིས་འདོད་པ་ཐམས་ཅད་སྒྲུབས། །ཡ་ཧི་གཙྪ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །རྗེས་ཀྱི་རིམ་པ་བསྔོ་སྨོན་ནི། ཧཱུྃ་ཧྲཱི༔ ཐུགས་རྗེའི་མངའ་བདག་འཕགས་མཆོག་འཇམ་དཔལ་དབྱངས༔ སྒོམ་བཟླས་མཆོད་བསྟོད་ཕུལ་བའི་སོགས་དང་། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཞེས་སོགས་ཀྱི་བཀྲ་ཤིས་བརྗོད། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དེ་ཉིད་ལོངས་ཡོད་ན་དཀྲུག་པ་དང་བརྡལ་བ་དང་འགོམ་པ་སོགས་མི་བྱ་བར་རང་ཞིར་འཇུག་ཅིང་། ལོང་མེད་ན་ཨ་ཀཱ་རོ་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་མེ་གཞིལ། ཐལ་བ་ཆུ་ཀླུང་ཆེན་པོར་དོར་བར་བྱ་ཞིང་། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཕགས་པ་འཇམ་དབྱངས་དཀར་པོའི་སྦྱིན་སྲེག་འདི་ནི་ཉེ་བར་མཁོ་བ་དག་ལ་ཕན་ཕྱིར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་མངྒ་ལཾ།། །།

འཇམ་དབྱངས་དཀར་པོའི་རྒྱུན་འཁྱེར་ཤེས་རབ་འཁོར་ལོ།

བླ་མ་བདེ་མཆོག་དབང་གི་འཁོར་ལོ་ལས་འཇམ་དབྱངས་དཀར་པོའི་རྒྱུན་འཁྱེར་ཤེས་རབ་འཁོར་ལོ་བཞུགས། །ན་མོ་གུ་རུ་མཉྫུ་ཤྲི་ཡེ། འཇམ་དབྱངས་དཀར་པོའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། སྟན་བདེ་བ་ལ་འཁོད་དེ། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྐྱེ་དགུའི་རྨོངས་པ་རྒྱུན་གཅོད་ཕྱིར། །ངག་གི་དབང་ཕྱུག་བསྙེན་ཅིང་བསྒྲུབ། །ཨཱོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། འཁོར་འདས་ཆོས་རྣམས་སྟོང་པའི་དབྱིངས། །དམིགས་མཚན་བྲལ་བའི་ངང་ཉིད་ལས། །མཚོ་དབུས་པད་སྡོང་གེ་སར་རྩེར། །ཟླ་སྟེང་རང་སེམས་ཡི་གེ་ཨཱ༔ དཀར་པོའི་འོད་ཀྱི་འཕྲོ་འདུ་ལས། །རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས། །དུང་མདོག་ཞལ་གཅིག་ཕྱག་གཉིས་པ། །གཞོན་ནུའི་ལང་ཚོ་ཞི་འཛུམ་སྒེག །ཕྱག་གཡས་མཆོག་སྦྱིན་གཡོན་ཐུགས་དཀར། །པད་དཀར་འཛིན་པ་སྙན་གཡོན་དྲུང་། །རྒྱས་སྟེང་ཤེར་ཕྱིན་གླེགས་བམ་བཞུགས། །སྣ་ཚོགས་དར་གྱི་ན་བཟའ་དང་། །རིན་ཆེན་བྱེ་བའི་རྒྱན་གྱིས་སྤྲས། །དབུ་སྐྲ་རལ་པའི་ཐོར་ཚུགས་ལ། །ནོར་བུ་འབར་བའི་རྩེ་ཕྲན་དང་། །དར་གྱི་ཅོད་པན་འཕུར་ལྡིང་གཡོ། །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ལྡན། །ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན། །སྐྱིལ་ཀྲུང་གིས་བཞུགས་བདེ་སྟོང་འཕྲོ། སྤྱི་མགྲིན་སྙིང་གར་ཨོཾ་མུཾ་ཨཱཿ། མཚན་པའི་འོད་ཀྱིས་ལྷ་སྤྱན་དྲངས། ཨོཾ་མགོན་པོ་འཁོར་བཅས་བརྩེ་བས་གཤེགས། །པདྨ་ཟླ་བའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་མཛྙཱ་ཤྲི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛནྟུ། ན་མོ་པུ་རུ་ཤ་ཡ་ཧོ༔ ཨརྒྷཾ་ནས་ཤཔྟ་པུ་ཙ་ཧོ༔ ཧཱུྃ། རླབས་ཆེན་སྤྱོད་པ་མཐར་སོན་ཅིང་། །བྱང་ཆུབ་བརྙེས་ཀྱང་བྱང་སེམས་ཚུལ། །རྨོངས་པའི་མུན་སེལ་འགྲོ་བའི་མགོན། །འཇམ་མགོན་ལྷག་པའི་ལྷ་ལ་བསྟོད། །བཟླས་པ་ནི། ཐུགས་དཀར་ཟླ་བ་ཨཱཿམཚན་པའི། །ཐ་མར་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །མཁྱེན་རབ་བསྡུས་ཏེ་བདག་ལ་བསྟིམ། །ཁམས་གསུམ་འཁོར་བའི་ལས་ཉོན་སྦྱངས། །ཐམས་ཅད་མཁྱེན་པའི་ས་ལ་བཀོད། །སྔགས་ཕྲེང་བར་མེད་འཁོར་བ་ཡིས། །མཁྱེན་པའི་ཡེ་ཤེས་རྒྱས་པར་གྱུར། །ཨོཾ་ཝཱ་ཀྱཻ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྷི་ཧཱུྃ༔ ཞེས་མི་ཚིག་གིས་བར་མ་ཆོད་པར་ཅི་ནུས་བཟླས་རྗེས། ཨོཾ་ཨཱརྱ་མཉྫཱུ་ཤྲི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་རྒྱས་ཤིང་། །འཇིག་རྟེན་གསུམ་གྱི་མུན་སེལ་པ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང་། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་གསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་གནང་བ་སྩལ་དུ་གསོལ། །ཞེས་འདོད་དོན་ལ་གསོལ་བ་གདབ་ཅིང་། སྣོད་བཅུད་རང་བཅས་འོད་དུ་ཞུ། །དམིགས་མེད་ཁྱབ་བརྡལ་ཀློང་དུ་བཞག །ཅི་ནུས་སུ་མཉམ་པར་བཞག་རྗེས། སླར་ཡང་ཀ་དག་བློ་འདས་ཀྱི། །རང་མདངས་འཇམ་དཔལ་གཞོན་ནུར་ཤར། །ཞེས་གསལ་གདབ་ཅིང་། ཐུགས་རྗེའི་མངའ་བདག་འཕགས་མཆོག་འཇམ་དཔལ་དབྱངས། །བསྒོམ་བཟླས་མཆོད་བསྟོད་ཕུལ་བའི་བསོད་ནམས་ཀྱིས། །བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེས་སུ་བཟུང་ནས་དྲན་དང་རྟོགས་པ་ཡི། །ཏིང་ངེ་འཛིན་ལ་རང་དབང་མཆོག་ཐོབ་ནས། །སྲིད་ཞིའི་མགོན་པོ་ཁྱོད་དང་དབྱེར་མེད་ཤོག །བྱང་སེམས་ཁྱེད་གྱི་ཐུགས་རྗེའི་མཐུ་ལྟ་བུས། །མར་གྱུར་འགྲོ་ཀུན་བདག་གིས་སྒྲོལ་བར་ཤོག །ཅེས་བསྔོ་སྨོན་གྱིས་རྒྱས་གདབ་བོ། །ཅེས་པ་འདི་ཡང་གཞོན་ནུ་སེངྒེས་ཡང་ཡང་བསྐུལ་བའི་ངོར། འཇམ་པའི་དབྱངས་ཀྱི་རྣལ་འབྱོར་འཇམ་དབྱངས་བློ་གྲོས་མཆོག་ལྡན་གྱིས་གཏེར་གཞུང་ལས་ཉུང་ངུར་བསྡུས་ཏེ། བྱང་དྷང་རྡོས་འཇོག་པོའི་བང་མཛོད་དུ་སྦྱར་བ་འདིས་ཀྱང་འགྲོ་བ་ཐམས་ཅད་ཀྱི་བློ་མུན་ཡོངས་སུ་འཇོམས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། མངྒ་ལཾ། །

འཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབ་པ་བློ་གསལ་མགུལ་རྒྱན།

འཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབས་པ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས། མཐའ་ཀླས་རྒྱལ་བའི་ཡེ་ཤེས་ཅིག་ཆར་དུ། །འགྲོ་བློའི་རྨོངས་པའི་མུན་པ་ཀུན་ཟ་བའི། །མཁྱེན་རབ་ཉི་མ་འབར་བའི་གདེངས་ཀ་ཅན། །བླ་མ་འཇམ་དཔལ་དབྱངས་དེར་གུས་བཏུད་ནས། །གང་གི་སྒོ་ནས་སློབ་བུ་རྗེས་འཛིན་པའི། །སྨིན་བྱེད་གདམས་ཟབ་ལག་ལེན་དུ་བསྟར་བ། །ལེགས་བཤད་རིན་པོ་ཆེ་ཡི་མགུལ་རྒྱན་གང་། །བསྐལ་བཟང་དགའ་བའི་སྐྱེས་སུ་འདིར་བྱའོ། །འདིར་རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་བྱིན་རླབས་དབང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་གཏེར་གཞུང་རྩ་བ་ལ། །མཚམས་སྦྱོར་ཁ་བསྐང་དང་། ལག་ལེན་ཁྲིགས་སུ་སྡེབས་ཏེ་འཇུག་བདེར་བཀོད་པ་ལ། དེ་ཡང་གཏེར་གཞུང་རྩ་བར། བཀའ་རྫོགས་པ་ཆེན་བོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དབྱངས་དཀར་པོའི་དབང་ཆོག་ཡོད། ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་སྒོར་ཞུགས་པའི་གང་ཟག་དང་༔ ལྷ་འདྲེ་མི་གསུམ་མི་དགེར་སྦྱོད༔ དེ་ཡི་དབང་གི་གྲིབ་ཀྱིས་ནོན༔ ཆོས་དང་གང་ཟག་ཡ་བྲལ་ཏེ༔ རྒྱལ་བའི་བཀའ་ལ་གོ་བ་མེད༔ གསར་རྙིང་ཟེར་ཞིང་སྒྲུབ་མཐའ་རྩོད༔ བཀའ་གཏེར་ཟེར་ཏེ་ཁྱད་དུ་གསོད༔ ཤཱཀྱའི་བསྟན་པ་རྟགས་ཀྱིས་འཛིན༔ བཀའ་ལ་རིས་གཅོད་གཟུ་ལུམ་བྱེད༔ གང་ཟག་བདག་འཛིན་ཆོས་དང་བསྲེ༔ ས་མིང་ཆོས་ཀྱི་གྲུབ་མཐའ་འཛིན༔ བྱང་སེམས་སྤྲུལ་པ་མང་འབྱུང་ཡང་༔ བདུད་སྤྲུལ་རྣམས་ཀྱིས་ཕོང་དཀྲུག་རྩོམ༔ དམ་སེལ་སློབ་དཔོན་སློབ་མས་བཀྲོང་༔ མི་དགེའི་ལྟས་ངན་བོད་དུ་སྡང་༔ ཀྱེ་མ་བསྐལ་པའི་ཡང་མཐའ་ལ༔ ཆོས་དང་གང་ཟག་རྒྱལ་བསྟན་དོན༔ བཀའ་བསྟན་གོ་བས་ཉམས་ལེན་ཕྱིར༔ འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་དང་༔ ལག་ལེན་དབང་དང་གསུམ་དུ་ཕྱེ༔ བདག་གཞན་དོན་གཉིས་སྒྲུབ་པའི་ཕྱིར༔ ལས་སྦྱོར་དག་དང་རྣམ་པ་བཞི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་དེ་ནས་དབང་གི་རིམ་པ་ནི༔ སྔོོན་འགྲོ་དངོས་གཞི་རྗེས་གསུམ་སྟེ༔ སྔོན་འགྲོར་སྟ་གོན་རྣམ་པ་གསུམ༔ དངོས་གཞི་སྨིན་གྲོལ་དབང་ལྔ་དང་༔ རྗེས་ནི་བསྔོ་སྨོན་དབང་དམ་བསྲུང་༔ ལས་རིམ་གསུམ་གྱིས་དབང་ཆོག་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབེན་ཞིང་དྭངས་ལ་མཐོ་བའི་སར༔ སྟེགས་བུ་དཀར་འཇམ་མཁྲེགས་པར་བཟོ༔ ཚངས་པའི་ཐིག་གདབ་པད་འདབ་བཞི༔ རྡུལ་ཚོན་དཀར་པོ་དག་གིས་བརྒྱན༔ པད་ཚབ་བཞི་ལ་མཛེས་ཚོན་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བཀྲ་ཤིས་རྟགས་བརྒྱད་མཛེས་པར་བྲི༔ ཕྱི་རིམ་འོད་ལྔའི་ཕྲེང་བས་བསྐོར༔ སྒོ་རྫོགས་གྲུབ་ན་ཐིག་ཚོན་རྣམས༔ ཁྱམས་ཆེན་མན་ཆད་སྤྱི་དང་མཐུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དབུས་བུམ་པ་མཚན་ལྡན་ནང་༔ སྨན་བཏབ་མགུལ་ཆིངས་དཀར་པོས་བརྒྱན༔ ཁ་རྒྱན་གཟུངས་ཐག་རྡོ་རྗེས་སྤྲས༔ མདུན་དུ་དུང་དང་རྒྱབ་ཏུ་ནི༔ མེ་ལོང་དར་སྣ་ལྔས་བརྒྱན་དགོད༔ གཡས་སུ་མཚན་བརྗོད་སྒྲུབ་ཡིག་དང་༔ གཡོན་དུ་རལ་གྲི་ཅོད་པན་བཅས༔ ཞི་བའི་ཟླུམ་གཏོར་དཀར་པོ་དང་༔ རྣམ་ལྔའི་མཆོད་པ་དག་ཀྱང་བཤམས༔ དེ་ནི་དཀྱིལ་འཁོར་དབང་རྫས་ཀྱི༔ སྟ་གོན་ལག་ལེན་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་སྟེགས་ཀྱི་ཁར་རས་བྲིས་སམ་ཚོམ་བུ་གང་ཡིན་ཡང་དབང་རྫས་གཞུང་ལྟར་ཚང་བར་བྱས་ལ་མཐའ་བརྟེན་བཀྲ་ཤིས་རྟགས་བརྒྱད་ཀྱི་ཙཀ་ལི་ཡང་བཀོད། གཞན་ཡང་སློབ་དཔོན་མདུན་དུ་ནས་ཟེ། སྤོས་ཐུན་སྣོད། ཌ་དྲིལ། ལས་བུམ། བགེགས་གཏོར། མཎྜལ་སོགས་ཚོགས་པར་བྱས་ལ། དེ་ཡང་གཞུང་ལས༔ བདག་མདུན་སྐད་ཅིག་དྲན་རྫོགས་དང་༔ སྒྲུབ་གཞུང་བཞིན་དུ་ཉམས་སུ་བླངས༔ ཁྲི་འབུམ་བསྙེན་པ་སྐབས་དང་སྦྱར༔ སློབ་དཔོན་དབང་བསྒྲུབ་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་ལ་མོས་ཤིང་དམ་ཚིག་གཙང་༔ བརྩོན་འགྲུས་ཆེ་ཞིང་བསྒྲུབ་ལ་བརྩོན༔ ཚེ་འདི་བློས་བཏང་སྐྱེས་བུ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་དབུལ་ཞིང་སྐྱབས་སེམས་དང་༔ སྤྱི་འགྲོས་ཡན་ལག་བདུན་པ་འབོགས༔ སློབ་མ་འཇུག་པའི་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར། བདག་མདུན་ཆོ་ག་གཅིག་གི་ཁོང་ནས་བསྐྱེད་སྒྲུབ་བཟླས་པ་བྱས་ཤིང་བདག་འཇུག་བླངས་ནས། ལས་བུམ་ནང་དུ་དྲི་བཟང་གི་ཆུ་དང་བཅས་པ་འགོད། །སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབ་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛ་ཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཨརྒྷཾ་པ་དྱཾ་པུཥྤེ་སོགས་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཡིས་མཆོད། ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླས་ཤིང་མཐར། ཁྲོ་བོ་འོད་དུ་ཞུ་ནས་བུམ་ཆུའི་རྣམ་པར་གྱུར། ཞེས་བསྐྱེད་བཟླས་གྲུབ་ནས། བཀའ་གཏེར་མཆོད། སློབ་མ་རྣམས་ཁྲུས་ནས་ཕྱུངས། གྲལ་དུ་འཁོད། བགེགས་གཏོར་གཏོང་ཞིང་བགེགས་བསྐྲད། བསྲུང་འཁོར་བསྒོམ་པ་རྣམས་སོང་ནས། སློབ་དཔོན་གྱིས་སྤྱི་དང་བྱེ་བྲག་གི། ཆོས་བཤད་ཇི་ལྟར་རིག་པ་བྱས་ཆོག་ལ། མདོར་བསྡུས་གཏེར་སྟོན་གྱིས་མཛད་པའི་དབང་བཤད་ནི། ད་ལམ་ཁྱེད་རྣམས་ལ་མགོན་པོ་འཇམ་དབྱངས་དཀར་པོའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ལྷག་པའི་ལྷ་ཆེན་པོ་འདི་ནི་སྐུ་གསུམ་གྱི་སངས་རྒྱས་རྣམས་དང་དབྱེར་མེད་པ་ཞིག་ཡིན་ཀྱང་། ཐུགས་བསྐྱེད་ཀྱི་སྨོན་ལམ་རྒྱ་ཆེ་བས། ཁམས་གསུམ་གྱི་འཁོར་བ་དོང་ནས་མ་སྤྲུགས་ཀྱི་བར་དུ་ས་བཅུའི་མགོན་པོ་ཚུལ་དུ་བཞུགས་ནས་གང་འདུལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་འགྲོ་བའི་སྐྱབས་དང་མགོན་མཛད་པའི་ཆེ་བའི་ཡོན་ཏན་ནི་རྡོ་རྗེའི་ལྗགས་དང་ལྡན་པས་ཀྱང་བརྗོད་པར་དཀའ་སྟེ། ཇི་སྐད་དུ། སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །མགོན་པོ་ས་བཅུའི་དབང་ཕྱུག་ཆེ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །སྲིད་པའི་དྲ་བ་མ་ལུས་གཅོད། །ཅེས་སོ། །དེ་ལྟ་བུའི་ལྷག་པའི་ལྷ་དེའི་དབང་སྒྲུབ་ཐབས་ཀྱི་རིམ་པ་འདི་ཡང་། རྟོག་གེ་མཁན་སོགས་ཀྱི་འདོད་ཆོས་ཀྱིས་བསླད་པ་མ་ཡིན་ཞིང་། ཆེ་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སློབ་དཔོན་ཆེན་པོས་མཛད་པ་ཡིན་ཏེ། ཇི་སྐད་དུ། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ བདེ་བ་ཅན་ན་བདེ་གཤེགས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་བརྫུས་སྐྱེས་པདྨ་འབྱུང་༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོ་ཐ་མི་དད༔ ཅེས་གསུངས་པའི་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་གོང་དུ༔ བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྨིན་གྲོལ་རྣམས་ལས་ལྡན་བོད་ཀྱི་རྗེ་འབངས་རྣམས་ལ་བཀའ་སྩལ་བའི་ཆ་ལག་ཏུ་གདམས་པ་ཟབ་མོ་འདི་མ་འོངས་དུས་ངན་གྱི་ཐ་མ་ལ་ཆོས་བཞིན་སྤྱོད་པའི་གང་ཟག་ཏུ་དགོངས་ལུང་འདི་ལྟར་གསུངས་ནས་གནང་བ་སྟེ། ཇི་སྐད་དུ། མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་སྒོར་ཞུགས་པའི་གང་ཟག་དང་༔ ལྷ་འདྲེ་མི་གསུམ་མི་དགེ་སྤྱོད༔ དེ་ཡི་དབང་གིས་གྲིབ་ཀྱིས་ནོན༔ ཆོས་དང་གང་ཟག་ཡ་བྲལ་སྟེ༔ རྒྱལ་བའི་བཀའ་ལ་གོ་བ་མེད༔ གསར་རྙིང་ཟེར་ཏེ་གྲུབ་མཐའ་རྩོད༔ བཀའ་གཏེར་ཟེར་ཏེ་ཁྱད་དུ་གསོད༔ ཤཱཀྱའི་བསྟན་པ་རྟགས་ཀྱིས་འཛིན༔ བཀའ་ལ་རིས་གཅོད་གཟུ་ལུམ་བྱེད༔ གང་ཟག་བདག་འཛིན་ཆོས་དང་བསྲེ༔ ས་མིང་ཆོས་ཀྱི་གྲུབ་མཐའ་འཛིན༔ བྱང་སེམས་སྤྲུལ་པ་མང་འབྱུང་ཡང་༔ བདུད་སྤྲུལ་རྣམས་ཀྱིས་ཕོང་དཀྲུག་རྩོམ༔ དམ་སེལ་སློབ་དཔོན་སློབ་མས་བཀྲོང་༔ མི་དགེའི་ལྟས་ངན་བོད་དུ་སྡང་༔ ཀྱེ་མ་བསྐལ་པའི་ཡང་མཐའ་ལ༔ ཆོས་དང་གང་ཟག་རྒྱལ་བསྟན་དོན༔ བཀའ་བསྟན་གོ་བས་ཉམས་ལེན་ཕྱིར༔ འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་༔ ལག་ལེན་དབང་དང་གསུམ་དུ་ཕྱེ༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ལས་སྦྱོར་དག་དང་རྣམ་པ་བཞི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ ཅེས་དང་༔ གཏེར་དེ་འབྱིན་པའི་དུས་དང་གང་ཟག་གི་ལུང་ཡང་། ཇི་སྐད་དུ། མ་འོངས་རྩོད་ལྡན་ཡང་མཐའ་ལ༔ མི་རྣམས་བཞི་བཅུ་ཁ་རལ་ཏེ༔ སུམ་ཅུར་ཉེ་བའི་དུས་དག་ཏུ༔ གར་དབང་འགྲོ་འདུལ་གླིང་པ་ཞེས༔ ཐུགས་ཀྱི་སྲས་ཤིག་ཁམས་ནས་འོང་༔ འགྲོ་བ་འདྲེན་པའི་སྐྱེས་བུ་དེས༔ ཏེ་སེའི་གངས་ནས་གཏེར་འདི་འདོན༔ འགྲོ་དོན་སྟོད་ཀྱི་ཕྱོགས་སུ་འབྱུང་༔ ཆོས་བདག་བུ་ལ་འཕྲོད་གྱུར་ན༔ བསྟན་པ་ཉི་མ་ཤར་བ་འདྲ༔ ཅེས་གསུངས་པ་རྣམས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ནས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ཏུ་མཁའ་འགྲོའི་གསང་མཛོད་དུ་སྦས་པ༔ གུ་རུ་སངས་རྒྱས་གཉིས་པའི་ལུང་བསྟན་དུས་བབས་ལྟར་དུ་ཁམས་པ་ཉི་མ་གྲགས་པ་ཞེས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཀླུའི་དབང་པོའི་སྐྱེ་མཐའ་སངས་རྒྱས་སོ་བདུན་པ་དྲག་པོ་ཆེན་པོ་ཞེས་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་བདུན་གྱི་སྐུ་ཚེ་དང་མཛད་འཕྲིན་གཅིག་ཏུ་བསྡོམས་པའི་ཚད་ཀྱིས། མཁའ་མཉམ་གྱི་འགྲོ་བའི་དོན་མཛད་པར་ལུང་བསྟན་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་སྤྱན་དྲངས་པའི་འཕགས་པ་འཇམ་དབྱངས་དཀར་པོའི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ་སྔོན་འགྲོ་སློབ་དཔོན་གྱི་བགྱི་འོས་རྣམས་ལེགས་པར་གྲུབ་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ་ཞེས་བརྡ་སྦྱར། དེ་ནས་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་འཕགས་མཆོག་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་ལུས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་པ་བསལ་ནས་བདག་འཛིན་གྱི་སྤྲོས་པ་གཅོད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཐོབ་ནས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱི༔ སྐྱབས་གྱུར་ངོ་བོ་བླ་མེད་དཀོན་མཆོག་གསུམ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ འགྲོ་དྲུག་མ་རིག་སྒྲིབ་པ་བསལ་བའི་ཕྱིར༔ འཇམ་དབྱངས་དཀར་པོའི་བསྒོམ་བཟླས་ཉམས་སུ་ལེན༔ ལན་གསུམ༔ ཡན་ལག་བདུན་པ་ཡང་རྒྱས་བསྡུས་གང་རུང་བྱས་ཆོག་མོད། འདིར་འཇུག་པ་བདེ་ཕྱིར་ཐུགས་རྗེ་ཆེན་པོ་ལྟར་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་བྱས་པས་འཐུས་སམ་སྙམ། ཡང་གཞུང་ལས། དངོས་གཞི་སྨིན་གྲོལ་དབང་ལྔའི་དོན༔ གསོལ་བ་འདེབས་པའི་རིམ་པ་ནི༔ བླ་མ་དབང་རྫས་ལྷ་དང་ཞིང་༔ མངོན་སུམ་ལྟ་བུར་གསལ་གདབ་ལ༔ རྩེ་གཅིག་ངང་ནས་གསོལ་འདེབས་ནི༔ ཞེས་པ་ལྟར། བླ་མ་མགོན་པོ་འཇམ་དཔལ་དབྱངས་མངོན་སུམ་དུ་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཆོས་ཀྱི་རྗེ༔ འགྲོ་བའི་མགོན་པོ་འཇམ་དཔལ་དབྱངས༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ མེ་ཏོག་འཐོར་ཞིང་བརྟན་པར་བསམ༔ ཏིཥྛ་བཛྲ་བརྗོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་ཡེ་ཤེས་དབབ་ཆོག་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་སྩལ་བ་འདི་ལྟར། ལས་བུམ་གྱི་ཆུ་འཐོར་ལ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཨཱ༔ དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་འཛུམ་ཉམས་བཞད་མདངས་ཅན་ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མེ་ཏོག་བསྣམས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་འོད་ཉམས་འཁྲུག་པ་དབུ་སྐྲ་ཐོར་ཚུག་རིན་ཆེན་རྒྱན་གྱིས་བརྒྱན་ཞིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཡོངས་སུ་རྫོགས་པ་འོད་དཀར་ཟླ་བའི་རྒྱབ་ཡོལ་ཅན་དུ་གསལ་བར་བསྒོམ། དེ་ལྟར་དུ་གསལ་བའི་སྤྱི་བོར་ཨཱོཾ་མགྲིན་པར་མཱུྃ་ཐུགས་ཀར་ཨཱཿས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་བླ་མ་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཡོན་ཏན་བརྩེགས་པའི་ཞིང་ཁམས་དང་རྒྱ་ནག་རི་བོ་རྩེ་ལྔ་ལ་སོགས་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་འཇམ་དཔལ་དབྱངས་རྟེན་བརྟེན་པ་དང་བཅས་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ནས། ཁྱེད་རང་ལྷར་གསལ་བ་ལ་མཚོ་ཆེན་པོ་ལ་ཆར་པ་བབས་པ་ལྟར་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། ཅེས་བརྗོད་སྤོས་རོལ་བཅས། ཧཱུྃ་ཧྲཱི༔ རང་བཞིན་དབྱིངས་དང་གཞལ་ཡས་ནས༔ སྐུ་མཆོག་འཇམ་དཔལ་གཤེགས་སུ་གསོལ༔ ཁྱད་པར་རི་བོ་རྩེ་ལྔ་ནས༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་ཞིང་༔ འགྲོ་བའི་སྐྱབས་དང་མགོན་མཆོག་ཆེ༔ བདག་གིས་དད་པས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨཱོཾ་མཉྫུ་ཤྲཱི་བཛྲ་ས་མ་ཡཱ་ཛ༔ ཞེས་དང་རྩ་སྔགས་མཐར་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱ༔ དྲག་ཏུ་བརྗོད་པས་བྱིན་དབབ། ཞེས་བྱོན་པའི་ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད། ཅེས་རྡོ་རྗེས་སྤྱི་བོར་རྒྱས་གདབ་ལ། ཏིཥྛ་བཛྲ་སོགས་བརྗོད་ལ་བརྟན་པར་བྱ༔ དེ་ནས་དབང་རྣམས་རིམ་པར་གཞུང་ལྟར་བསྐུར་བར་བྱ་སྟེ་གཞུང་ལས། དཀྱིལ་འཁོར་དབུས་ནས་བུམ་པ་བླངས༔ སློབ་མའི་མགོར་བཞག་བུམ་དབང་སྦྱིན༔ ཧཱུྃ་ཧྲཱི༔ མཚན་ལྡན་བུམ་པ་བཀྲ་ཤིས་ལྷ་ཡི་སྐུ༔ རིགས་བདག་འཇམ་དཔལ་དབྱངས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ལུས་ལ་དབང་བསྐུར་བས༔ སྨིན་གྲོལ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱཀྱེ་དྷེ་ཝི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དཀྱིལ་འཁོར་ཤར་ནས་དུང་དཀར་བླངས༔ མགྲིན་པར་བཞག་ལ་གསུང་དབང་སྦྱིན༔ ཧཱུྃ་ཧྲཱི༔ བཀྲ་ཤིས་མཛེས་ལྡན་གཡས་འཁྱིལ་ཆོས་ཀྱི་དུང་༔ མགོན་པོ་འཇམ་དབྱངས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ སྨིན་གྲོལ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿཨཱ༔ དཀྱིལ་འཁོར་ལྷོ་ནས་པོ་ཏི་བླངས༔ སྙིང་གར་བཞག་ལ་ཐུགས་དབང་བསྐུར༔ ཧཱུྃ་ཧྲཱི༔ ཞི་བ་ཆགས་བྲལ་བཀྲ་ཤིས་པོ་ཏི་འདི༔ རྗེ་བཙུན་འཇམ་དབྱངས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་སེམས་ལ་དབང་བསྐུར་བས༔ སྨིན་གྲོལ་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཙིཏྟ་ཨབྷིི་ཥིཉྩ་ཧཱུྃ་ཧཱུྃ༔ དཀྱིལ་འཁོར་ནུབ་ནས་མེ་ལོང་བླངས༔ ཡོན་ཏན་དབང་བསྐུར་ལྟེ་བར་བཞག༔ ཧཱུྃ་ཧྲཱི༔ བཀྲ་ཤིས་མེ་ལོང་དུས་གསུམ་གསལ་འགྲིབ་མེད༔ བྱང་སེམས་ཆོས་དབྱིངས་ཡོན་ཏན་གཉིས་མེད་དཔལ༔ སྐལ་ལྡན་ཁྱོད་ཀྱི་ལྟེ་བར་དབང་བསྐུར་བས༔ སྨིན་གྲོལ་ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཙིཏྟ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ དཀྱིལ་འཁོར་བྱང་ནས་རལ་གྲི་བླངས༔ འཕྲིན་ལས་དབང་བསྐུར་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ཤེས་རབ་རལ་གྲི་མཁྱེན་བརྩེ་ནུས་མཐུ་ལྡན༔ ཀུན་སྒྲོལ་རྒྱལ་བའི་འཕྲིན་ལས་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་འདི་སྦྱིན་པས༔ སྨིན་གྲོལ་འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཀརྨ་ཨ་དྷི་ཥིཉྩ་ཧཱ་ཧཱ༔ ཟླུམ་གཏོར་ལྷར་གསལ་སྤྱི་བོར་བཞག༔ བརྒྱུད་པའི་བྱིན་རླབས་བཀའ་གཏད་བྱ༔ བཀྲ་ཤིས་རྟགས་བརྒྱད་མཐའ་བརྟན་སྦྱིན༔ དངོས་གཞི་དབང་གི་ལས་རིམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པའི་དོན་གཏོར་མ་ཐོགས་ཏེ། ཨཱོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས། ཚངས་སྲས་ལྷ་མོ་དབྱངས་ཅན་མ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད། མཁའ་འགྲོ་བདེ་ཆེན་རྒྱ་མཚོ། སྐད་གཉིས་སྨྲ་བ་ལོ་ཆེན་ཀླུ་དབང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ། རྒྱས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་བ། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་སོགས་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་རྡོ་རྗེའི་སློབ་མ་འདིའི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག །ཁྱད་པར་དུ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་བློ་གྲོས་དང་སྤོབས་པ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། མཆོག་གི་ཤེས་རབ་བསྐྱེད་དུ་གསོལ། ཡང་དག་པའི་ཤེས་རབ་བསྐྱེད་དུ་གསོལ། བློ་མྱུར་བའི་ཤེས་རབ་བསྐྱེད་དུ་གསོལ། ཡིད་བརྟན་པའི་ཤེས་རབ་བསྐྱེད་དུ་གསོལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩལ་དུ་གསོལ། ཨཱོཾ་ཝཱ་གི་ཤྭ་ར་མཉྫུ་ཤྲཱི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བྷ་ལིངྟ་ཨ་ངྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ། ཅེས་གཏོར་མ་སྤྱི་བོར་བཞག་ལ་བྱིན་རླབས་བྱ། གཏོར་དབང་གི་མཚམས་སྦྱོར་འདི་ཁོ་བོས་གསར་དུ་བྲིས་པ་ཡིན། དེ་ནས་མཐའ་བརྟན་རྟགས་བརྒྱད་སྦྱིན་པ་ནི། ཙཀ་ལི་རྣམས་རིམ་པར་སྦྱིན་ཞིང་། ཧཱུྃ༔ རིན་ཆེན་གདུགས་མཆོག་རཏྣའི་ཡུ་བ་ཅན༔ འཁོར་བའི་ཚ་གདུང་འཇིགས་པ་སྐྱབས་སྦྱིན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་མཆོག༔ མཆོག་ཐུན་དངོས་གྲུབ་དགོས་འདོད་སྩོལ་བའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག་དེས་ཀྱང་༴ཨཱོཾ་མངྒ་ལ་མ་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་གསེར་གྱི་ཉ་མོ་འོད་བྱེད་འཁྱུག༔ སྒྲིབ་པ་ཀུན་བསལ་ཡེ་ཤེས་སྤྱན་ལྡན་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག་༴ཨཱོཾ་མངྒ་ལ་ལཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་ཡིད་འོང་མདངས་ལྡན་དྲི་བསུང་འཆང་༔ གསུང་དབྱངས་ཆོས་ཀྱིས་འགྲོ་བ་སྒྲོལ་བའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་རབ་དཀར་གཡས་འཁྱིལ་བཀྲ་ཤིས་དུང་༔ ཆོས་ཀྱི་སྒྲ་སྒྲོགས་ཆོས་ཀྱི་དོན་སྟོན་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་ཤམ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་གྱི་བེའུ་དཔལ་གྱི་ཐུགས་ཀྱི་མཆོག༔ ཐམས་ཅད་མཁྱེན་ལྡན་ཐོས་བསམ་མཐར་ཕྱིན་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་དཔལ་བེའུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་མཚན་བདུད་ཀྱི་གཡུལ་ལས་རྒྱལ༔ བསྟན་པ་མི་ནུབ་རྒྱས་པར་བྱེད་པའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུའི་དཔལ་དང་ལྡན༔ ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར་བའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་ཙཀྲ་ཨི་བྷི་ཥིཉྩ་ཧཱུྃ༔ ཞེས་དང་། གཞན་ཡང་ཤིས་བརྗོད་མེ་ཏོག་འཐོར་ཞིང་། ཨཱ༔ ཤེས་པས་སྲིད་ལ་མི་གནས་ཤིང་༔ སྙིང་རྗེས་ཞི་ལ་མི་གནས་པས༔ མྱ་ངན་འདས་དང་འཁོར་མི་གནས༔ འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་ཤོག༔ ཞེས་དང་། གཞོན་ནུའི་སྐུ་ལུས་འཆང་བ་པོ༔ ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ༔ འཇིག་རྟེན་གསུམ་གྱི་མུན་སེལ་བ༔ འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་ཤོག །ཞེས་དང་གཞན་ཡང་ཤིས་བརྗོད་ཅི་རིགས་པར་བྱའོ། །ཡང་གཞུང་ལས། བསྐྱེད་རིམ་སྐུ་དང་བཟླས་པ་སྔགས༔ རྫོགས་རིམ་དམིགས་མེད་ཁྱབ་བརྡལ་གསུམ༔ ནམ་ལངས་ཞི་བའི་དུས་དག་ཏུ༔ བརྒྱ་སྟོང་བསྙེན་པ་ཆགས་མེད་བྱ༔ དམ་ཚིག་གསང་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་དམ་ཚིག་གཞུང་ལྟར་ཕོག་ནས་གཞན་ཡང་སྤྱི་དང་བྱེ་བྲག་གི་བསྲུང་མཚམས་ལས་ནམ་ཡང་མི་འདའ་བར་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ཡང་གཞུང་ལས། བསྔོ་སྨོན་ལ་སོགས་གཞུང་བཞིན་བརྗོད༔ དབང་ཡོན་ལུས་ངག་བླ་མའི་བྲན༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་དུ་གཅེས་དང་ཡིད་འཐད་འབུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་འཛིན་པ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་གྱིས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་པར་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པར་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པས་འཇིག་རྟེན་མཛེས་པར་ཤོག །སོགས་བརྗོད་ཅིང་བསྔོ་བ་སྨོན་ལམ་གདབ། བཀའ་གཏེར་བསྐུལ་ཞིང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་བྱའོ། །མ་འོངས་ང་བུ་ལས་འཕྲོ་ཅན༔ དབང་འདི་ཐོབ་པའི་སྐྱེས་བུ་དེས༔ བདེ་གཤེགས་ཀུན་གྱི་བྱིན་རླབས་འཐོབ༔ སྨིན་ཅིང་གྲོལ་བས་དོན་གཉིས་འགྲུབ༔ སྐལ་ལྡན་རྣམས་ལ་སྤེལ་མཁས་བྱ༔ སྐལ་མེད་རྣམས་ལ་ས་མ་ཡཱ༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ ལྷ་བཙན་ཁྱོད་ཀྱིས་གཏེར་འདི་འཚོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྲོ་འདུལ་གླིང་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཏེ། ཁམས་སྲིང་མོ་རྫོང་ཕག་མོ་ནག་མོའི་ཐུགས་ཀྱི་སྒྲུབ་གནས་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། འཇམ་མགོན་བླ་མའི་བྱིན་རླབས་ཉིན་མོར་བྱེད། །གང་ལ་ལྷུང་གང་རྨོངས་མུན་ཆ་ཙམ་ཡང་། །གནས་པའི་གོ་སྐབས་ལྟ་ཅི་ཀུན་ཤེས་ཀྱི། །འོད་བརྒྱའི་སྣང་བྱེད་ཅིག་ཆར་སྦྱིན་མིན་ནམ། །དེ་ཕྱིར་ལམ་འདིར་དོན་གཉེར་ལྡན་གང་འགས། །འཁྲུལ་མེད་འཇུག་བདེའི་ལེགས་བཤད་རིན་ཆེན་སྐྱེས། །བློ་གསལ་མགུལ་བའི་རྒྱན་དུ་ལེགས་སྤེལ་བ། །བྱིན་རླབས་བདུད་རྩིའི་འབབ་སྟེགས་མཚོན་ཕྱིར་བྱས། །འདིར་འབད་དགེ་བས་ཉི་གཞོན་གསར་པ་དག །ལེགས་བཤད་ཤིང་རྟས་དྲངས་པའི་ལུས་ཅན་གྱི། །མ་རིག་སྒྲིབ་གསུམ་མུན་པ་ཀུན་བཅོམ་ནས། །ཀུན་མཁྱེན་པད་ཚལ་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་རྣམ་འདྲེན་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱིས་རིང་མོ་ཞིག་ནས་ཡང་ཡང་བསྐུལ་བ་དང་། ཉེ་ཆར་ཁྱབ་བདག་འཁོར་ལོའི་མགོན་པོ་གྲུབ་དབང་བསྟན་འཛིན་སྙིང་པོ་ནས་ཀྱང་འདི་ལྟར་གྱིས་ཤིག་ཅེས་སྐྱེས་དང་བཅས་བསྐུལ་བའི་བཀའ་ཕེབས་སྤྱི་བོར་བཅིངས་ཏེ། དུས་མཐའི་སྤྲང་བན་ངག་དབང་བློ་གྲོས་སམ་འཇིགས་མེད་དབྱངས་ཅན་དགའ་བའི་སྡེས་ལག་ལེན་འཇུག་བདེར་སྤེལ་བ་དགེ་ཞིང་ཤེས་པར་གྱུར་ཅིག །སརྦ་མངྒ་ལཾ། །

སྐྱབས་སེམས་སོགས།

སྐྱབས་སེམས་ནི། ཧཱུྃ་ཧྲཱི༔ སྐྱབས་གྱུར་ངོ་བོ་བླ་མེད་དཀོན་མཆོག་གསུམ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ འགྲོ་དྲུག་མ་རིག་སྒྲིབ་པ་བསལ་བའི་ཕྱིར༔ འཇམ་དབྱངས་དཀར་པོའི་སྒོམ་བཟླས་ཉམས་སུ་ལེན༔ མཆོད་པ་བྱིན་རློབས་ནི། རཾ་ཡཾ་ཁཾ་གིས་བསངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཱོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པས་ནམ་མཁའ་གང་བར་གྱུར། ཅེས་དང་། ཨཱོཾབཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ་གིས་བར་དུ་སྦྱར་བས་བརླབ་བསྙེན་སྒྲུབ་སོགས་ཀྱི་དུས་ཡིན་ན་སྒྲུབ་པའི་ལག་ལེན་དམར་ཁྲིད་ལྟར་བྱ། བསྒྲུབ་སྔགས་ནི། ཨཱོཾ་ཝཱཀྱེ་དྷེ་ཝི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ གསང་སྒྲུབ་ནི། ཐུགས་ཀར་གསང་བ་ཡེ་ཤེས་ཡུམ༔ ལྷ་མོ་དབྱངས་ཅན་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཅན༔ གཡས་པས་ཨུཏྤལ་མེ་ཏོག་འཛིན༔ གཡོན་པས་འདོད་འབྱུང་བུམ་པ་བསྣམས༔ བྷ་ག་རྒྱས་ཤིང་ནུ་མ་འབུར༔ བདེ་བའི་ཉམས་དང་ལྡན་པ་ལ༔ ཙིཏྟ་རིན་ཆེན་གཞལ་ཡས་དབུས༔ ཟླ་བའི་དཀྱིལ་འཁོར་གསལ་བའི་སྟེང་༔ ཨཱཿདང་མུཾ་གྱི་མཐའ་བསྐོར་དུ༔ ཨཱོཾ་ཝཱཀྱེ་དྷེ་ཝི་ཙནྡྲ་གོ་མི་གསལ་བ་ལ་ཕྱེ་ཕྱེ་རུ་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ རིལ་བུ་ཡོད་ན་གཞུང་ལྟར་བསྒྲུབས། ༈ཤམ་བུ་ནི། ནམ་ལངས་ཞི་བའི་དུས་དག་ཏུ༔ ལྷར་གསལ་ལས་སྦྱོར་ཤམ་བུ་འདི༔ བཏགས་ཏེ་སྙིང་པོ་བརྒྱ་ཚར་བསྒྲངས༔ སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤིནྟང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སོ། །མཆོད་བསྟོད་བྱའོ། །༈འདོད་གསོལ་ནི། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། སོགས་གང་ཤེས་བརྗོད། རྩ་སྔགས་མཐར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ་གིས་དངོས་གྲུབ་བླང་། ༈བསྡུ་རིམ་རྡོར་སེམས་ལྟར་མཛད་སྲོལ་ཡོད་པས། ཧཱུྃ་ཧྲཱི༔ སྣང་སྟོང་ཡེ་ཤེས་རོལ་པ་ལྷ་རུ་ཤར༔ གཟུང་འཛིན་སྤྲོས་བྲལ་ངོ་བོ་ཉིད་ཀྱི་ངང་༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ ལྷ་སྐུ་ཐུགས་སྲོག་ས་བོན་དམིགས་མེད་ཡལ༔ རྫོགས་རིམ་ནི༔ ཧཱུྃ་ཧྲཱི༔ སྣ་ཚོགས་རྐྱེན་དང་ཚོགས་དྲུག་སྣང་སེམས་རིག༔ དབྱིངས་རིག་ཆོས་དབྱིངས་སྤྲོས་བྲལ་སྐྱེ་མེད་ཨཱ༔ དུས་གསུམ་འགག་མེད་ཁྱབ་བརྡལ་ཀློང་ཡངས་སུ༔ མ་བཅོས་སྤྲོས་མེད་བྱང་ཆུབ་ཉིད་དུ་གནས༔ ཨཱ་ཨཱ༔ བཀྲ་ཤིས་ནི། ཨཱ༔ ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་པའི་དབྱངས་ཀྱི་བཀྲ་ཤིས་ཤོག །ཅེས་དང་། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་ཤོག