ཚེ་སྒྲུབ་ལས་མཐའ་དབང་ལག་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ལས་མཐའ་དབང་ལག་བཅུད་ལེན་ཡོད༔ ཧེ་རུ་ཀ༔ ལ་ཕྱག་འཚལ་ལོ༔ བདུད་རྩིའི་རྒྱལ་པོ་དབང་པོ་ལག༔ ཟོས་པས་དངོས་གྲུབ་འཐོབ་པ་ཡི༔ མན་ངག་ལག་ལེན་རིམ་པ་ཞིག༔ པདྨ་འབྱུང་གནས་བདག་གིས་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ དབང་ལག་ཡོད་པའི་ཡུལ་དུ་ཕྱིན༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ལ༔ བར་ཆད་མེད་པའི་གསོལ་བ་གདབ༔ འགྲོ་དོན་འགྲུབ་པའི་སེམས་བསྐྱེད་བྱ༔ རང་ཉིད་རྟ་མགྲིན་དམར་པོར་བསྒོམ༔ གཡས་ན་ལྕགས་ཀྱུ་དམར་པོ་ཐོགས༔ ས་ལ་བརྒྱབ་པས་ལྷ་ཀླུ་མི༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ དབང་པོ་ལག་པའི་རྣམ་པར་བསྒྱུར༔ ཕྱག་གཡོན་བྷནྡྷའི་སྣོད་དུ་བླུགས༔ མཆོག་ཐུན་དངོས་གྲུབ་འབྱུང་བ་ཡི༔ བདུད་རྩིའི་རང་བཞིན་ཉིད་དུ་བསམ༔ སྔགས་འདི་བརྗོད་ཅིང་བརྐོ་བར་བྱ༔ ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨཱཿཧཱུྃ་རཀྵ་རཀྵ་སྭཱ་ཧཱ༔ སྔགས་དམིགས་ཏིང་འཛིན་ལྡན་པས་བརྐོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གད་བདར་ལེགས་པར་བྱས༔ གསེར་སྲང་གང་གི་ཚོད་དུའམ༔ ཡང་ན་མང་ཉུང་འདོད་དང་བསྟུན༔ ཨ་བར་སྐྱུར་གསུམ་གང་འབྱོར་གདབ༔ རང་ཉིད་ཁྲོ་བོའི་ཏིང་འཛིན་གྱིས༔ རྡོ་རྗེ་འབར་བའི་ཐོ་བ་ཡིས༔ ཁྲོ་མོ་ཡུམ་གྱི་གཏུན་ཁུང་དུ༔ དུག་གསུམ་སྒྲིབ་པ་རྒྱུ་དང་བཅས༔ མ་ལུས་ཆོམས་ཆོམས་བརྡུངས་པ་ལས༔ རང་བྱུང་ཡེ་ཤེས་བདུད་རྩིར་བསམས༔ དུག་གསུམ་བག་ཆགས་རྒྱུ་དང་བཅས༔ སརྦ་ཧ་ན་ཧ་ན་ཕཊ༔ ཨཱོཾ་ཨཱཿཧཱུྃ༔ ཞེས་བརྗོད་སྔགས་དང་ཏིང་འཛིན་དང་༔ ཞིབ་པར་འཐག་ཅིང་ཚགས་ལ་བཙགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བཅུད་ལྡན་འོ་མ་ནི༔ མང་ཉུང་དབང་ལག་ཚོད་དང་སྦྱར༔ ཀ་རའམ་ནི་བུ་རམ་དག༔ འོ་མའི་མང་ཉུང་ཚྭ་ཚོད་གདབ༔ ལྕགས་སྣོད་ནང་དུ་འོ་མ་སྐོལ༔ མང་ཉུང་གང་ཡོད་ཆ་གསུམ་གྱི༔ ཆ་གཅིག་བར་དུ་བསྐོལ་ཐག་བཏང་༔ མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་༔ དུམ་གཅིག་མཚན་ལྡན་ཐོད་པའི་ནང་༔ བདུད་རྩི་ལྔ་ཡི་རང་བཞིན་དེ༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ སྔགས་དམིགས་ཏིང་འཛིན་ལྡན་པས་བསྐོལ༔ དེ་ནས་འོ་མ་ཐབ་ནས་ཕོག༔ དབང་ལག་ཕྱེ་མ་བླུགས་ལ་བསྲུབ༔ ཨཱོཾ་ཨཱཿཧཱུྃཿསརྦ་པཉྩ་ཨ་མྲྀ་ཏ་ཨཱོཾ་ཨཱཿཧཱུྃ་ཧྲཱིཿཐཱ༔ ཞེས་བརྗོད་རྒྱལ་བ་ཚེ་ཡི་ལྷ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བྱང་ཆུབ་སེམས་ཀྱི་བདུར་རྩིར་བསམས༔ འདམ་ཐག་ལེགས་པར་བཏང་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཨ་རུ་ར་ཡི་ཚོད༔ རིལ་བུར་བསྒྲིལ་ལ་ཟླ་རེའམ༔ དབང་པོའི་ཁམས་དང་བསྟུན་ཏེ་བཟའ༔ དང་པོ་ཉུང་ངུ་བར་དུ་འབྲིང་༔ ཐ་མར་ཅི་མང་ཟོས་ན་མཆོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རང་ལུས་སྤྱི་གཙུག་ཉི་ཟླའི་སྟེང་༔ བདག་ཉིད་པད་འབྱུང་ཚེ་དཔག་མེད༔ ཡབ་ཡུམ་སྦྱོར་བ་བྱས་པ་ཡི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་བབས༔ ལུས་ཀྱི་རྩ་འཁོར་ཀུན་གང་སྟེ༔ བདེ་སྟོང་ཡེ་ཤེས་རྒྱས་པར་བསམས༔ སྟེང་རླུང་བཟུང་ཞིང་འོག་རླུང་འཐེན༔ བར་རླུང་བསྡམས་ཤིང་ཕོ་རྐེད་བསྐོར༔ འབེབས་ཆུང་རྒྱག་ཅིང་ཧ་སྤྲུག་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བར་གཅོད་སྒྲོལ་བའི་མན་ངག་ནི༔ རིལ་བུ་མ་བསྒྲིལ་འདམ་ཐག་དུས༔ ཤ་བའི་ཕོ་མཚན་རྙེད་ན་རབ༔ མ་རྙེད་ལུག་ནི་ཚེར་མོ་ཡི༔ མཚན་མ་སྐམ་པོ་ཞིབ་པར་འཐག༔ བདུད་རྩི་བཏབ་སྟེ་རིལ་བུར་བསྒྲིལ༔ ཟོས་པས་བར་ཆད་འོང་མི་སྲིད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཟོས་པའི་ཕན་ཡོན་ནི༔ རྒས་པ་མེད་ཅིང་ལོ་བརྒྱ་ཐུབ༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལྡན༔ འབྱུང་བའི་ཁམས་ལ་ཐོགས་རྡུགས་མེད༔ ན་ཆུང་བརྒྱ་ཡི་བཅུད་བསྡུད་ནུས༔ ཏིང་འཛིན་དགའ་བཞིའི་ཡོན་ཏན་འཕེལ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ པད་འབྱུང་ཟབ་གཏེར་ཆོས་ལ་སྤྱོད༔ བདུད་རྩི་བཅུད་ལེན་ཉམས་སུ་ལོངས༔ འདི་ཕྱི་ཀུན་ཏུ་བཀྲ་ཤིས་ཤིང་༔ པདྨ་ང་དང་དབྱེར་མེད་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་མང་ཡང་ཟབ་ཁྱད་ཆེ༔ བདུད་རྩིའི་རྒྱལ་པོའི་བཅུད་ལེན་འདི༔ ད་ལྟ་མངའ་བདག་རྒྱལ་བློན་དང་༔ མ་འོངས་འགྲོ་བའི་དོན་དུ་བསྟན༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ཀླུ་དབང་སྐྱེ་མཐས་རྙེད་ནས་ཀྱང་༔ ཆོས་བཞིན་སྤྱོད་པའི་མཐུན་རྐྱེན་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་འགྲོ་འདུལ་གླིང་པས་བདེ་ཆེན་གསང་བ་ཕུག་ནས་རྙེད༔ མངྒ་ལཾ།། །།