འཇམ་དཔལ་ལས་མཐའ་གསང་སྒྲུབ་མན་ངག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དཔལ་ལས་མཐའ་གསང་སྒྲུབ་མན་ངག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པ་རྩོད་ལྡན་དུས༔ འགྲོ་བས་མི་དགེ་སྣ་ཚོགས་སྤྱོད༔ བྱང་སེམས་སྐྱེས་བུ་ཐམས་ཅད་ལ༔ གྲིབ་ཀྱིས་ནོན་ནས་ཤེས་རབ་འགྲིབ༔ མཁྱེན་ལྡན་རིག་པའི་རྩལ་སྒོ་འགག༔ དེ་ཚེ་ལས་སྦྱོར་མན་ངག་འདི༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨ་རུ་གསེར་མདོག་སྐྱུ་རུ་ར༔ པི་པི་ལིང་དང་ཤིང་མངར་དང་༔ དུང་མོ་ཉུང་དང་ཐང་སྒྲོན་ཤིང་༔ དབང་ལག་ཅོང་ཞི་བྲག་ཞུན་གསུམ༔ འོད་ལྡན་སྤུན་གསུམ་ཀ་ར་དང་༔ བ་དཀར་འོ་མ་སྦྲང་རྩི་ཡི༔ རིལ་བུ་སྲན་མ་སྦོས་ཙམ་བསྒྲིལ༔ དར་དཀར་དྲི་མེད་ཁུག་མར་བླུགས༔ དཀྱིལ་འཁོར་དབུས་ཀྱི་བུམ་སྟེང་འགོད༔ རང་དང་མདུན་བསྐྱེད་རིལ་བུ་རྣམས༔ འཇམ་དཔལ་དབྱངས་ཀྱི་ཏིང་འཛིན་ནི༔ སྒྲུབ་པའི་གཞུང་ལྟར་བསྐྱེད་རིམ་གསལ༔ ཐུགས་ཀར་གསང་བ་ཡེ་ཤེས་ཡུམ༔ ལྷ་མོ་དབྱངས་ཅན་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཅན༔ གཡས་པས་ཨུཏྤལ་མེ་ཏོག་འཛིན༔ གཡོན་པས་འདོད་འབྱུང་བུམ་པ་བསྣམས༔ བྷ་ག་རྒྱས་ཤིང་ནུ་མ་འབུར༔ བདེ་བའི་ཉམས་དང་ལྡན་པ་ཡི༔ ཙིཏྟ་རིན་ཆེན་གཞལ་ཡས་དབུས༔ ཟླ་བའི་དཀྱིལ་འཁོར་གསལ་བའི་སྟེང་༔ ཨཱཿ་དང་མཱུཾ་གྱི་མཐའ་སྐོར་དུ༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཙཎྜ་གོ་མི་གསལ་བ་ལ་ཕྱེ་ཕྱེ་རང་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ སྙིང་པོ་ལས་སྦྱོར་དྲིལ་སྒྲུབ་འདི༔ ཞག་བདུན་བསྒྲུབ་པའི་སྲང་ལ་གཅུན༔ འོད་ཟེར་སྤྲོ་བསྡུའི་ཐུན་སྐབས་སུ༔ མཆོད་བསྟོད་ལ་སོགས་གཞུང་བཞིན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་བའི་དམ་རྫས་དེ༔ གཙང་བར་བཅང་ཞིང་རིམ་གྱིས་བཟའ༔ ཨ་ཧཾ་བདེ་བའི་འབར་འཛག་གིས༔ རྩ་གསུམ་འཁོར་ལོ་ཀུན་གང་ནས༔ བདེ་སྟོང་ཡེ་ཤེས་རྒྱས་པར་བསྒོམ༔ སྟེང་རླུང་མནན་ཞིང་འོག་རླུང་བསྡམས༔ ཉ་བཞི་གསུམ་གསུམ་དག་ཏུ་འཕུར༔ ཕོ་རྐེད་གཡས་གཡོན་གསུམ་གསུམ་བསྐོར༔ མགོ་བོ་བསྒྲིལ་ཞིང་བདུན་རྒྱབ་གཅུ༔ ལག་གཉིས་རྒྱབ་བདུན་བྲང་འཕུར་བརྡེག༔ ཁ་མིག་གདངས་བཙུམ་གསུམ་གསུམ་མཐར༔ འབེབས་ཆུང་རྒྱག་ཅིང་ཧ་སྤྲུག་བྱ༔ ཀ་དག་ངང་དུ་དར་གཅིག་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ནང་གསང་བའི་རྟེན་འབྲེལ་དེས༔ རྩ་མདུད་གྲོལ་ཞིང་བདེ་སྟོང་འབར༔ རིག་དང་མངོན་ཤེས་ཕྱོགས་མེད་འཆར༔ དཔའ་བོ་མཁའ་འགྲོ་གྲིབ་ལྟར་འགྲོག༔ ནད་གདོན་བགེགས་དང་བར་ཆད་ཞི༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ༔ ཚེ་བསོད་རྒྱས་ཤིང་བཀྲག་མདངས་འབར༔ མཁྱེན་རབ་རིག་པའི་རྩལ་ཆེན་གྱིས༔ འཁོར་འདས་ཆོས་རྣམས་ས་ལེར་གསལ༔ བདུན་གསུམ་ཟླ་གཅིག་ལོ་འབྲེལ་དུ༔ རབ་འབྲིང་ཐ་མའི་ཚུལ་གྱིས་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐམས་ཅད་མཁྱེན་པའི་པད་འབྱུང་ང་༔ སྒྲིབ་གཉིས་དག་ཅིང་མཁྱེན་གཉིས་རྒྱས༔ འཕགས་པའི་ཡུལ་ནས་བོད་དུ་འོངས༔ ལས་བཞི་རབ་འབྱམས་འཕྲིན་ལས་ཀྱིས༔ དུས་གསུམ་སེམས་ཅན་འགྲོ་དོན་སྐྱོང་༔ མཁྱེན་ལྡན་མཆོག་གི་གསང་སྒྲུབ་འདི༔ ད་ལྟ་རྗེ་བློན་རྣམས་ལ་གདམས༔ མ་འོངས་དོན་དུ་གཏེར་དུ་སྦས༔ བསྟན་འཛིན་སྐྱེས་བུའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་རྙེད། །མངྒ་ལཾ།། །།