Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  expand section
  expand section
  collapse section
རིག་བདག་བླ་མ་རྡོ་རྗེ་སེམས་དཔའི་སྐོར།
   
   
   
   
   
   
   
   
   
  expand section
  expand section


 
previousརིག་བདག་བླ་མ་རྡོ་རྗེ་སེམས་དཔའི་སྐོར། next

རིག་བདག་བླ་མ་རྡོ་རྗེ་སེམས་དཔའི་སྐོར།

རྡོར་སེམས་མཆོད་བསྟོད་ཆོ་ག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོར་སེམས་མཆོད་བསྟོད་ཆོ་ག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ མཆོད་བསྟོད་ཆོ་གའི་རིམ་པ་ཞིག༔ མ་འོངས་འགྲོ་བའི་དོན་ཉིད་དུ༔ པདྨ་བདག་གིས་འགོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས༔ བདག་གཞན་དོན་གཉིས་བསྒྲུབ་འདོད་པས༔ དཀྱིལ་འཁོར་རྫས་དང་ཡོ་བྱད་རྣམས༔ དབང་དང་སྒྲུབ་གཞུང་ལས་སྦྱོར་སོགས༔ གང་འདོད་བཞིན་དུ་སྟ་གོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་བྱང་རིམ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་དུ་འགྲོ་བ་ནི༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་དང་༔ མཆོད་རྫས་བྱིན་བརླབ་བསྐྱེད་རིམ་སྟེ༔ སྔོན་དུ་འགྲོ་བའི་ལས་ཁྲིགས་བཞི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད༔ འཛབ་ཀྱི་ལས་སྦྱོར་རྣམ་པ་དྲུག༔ དངོས་གཞིའི་ལས་ཁྲིགས་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་བསྔོ་སྨོན་བསྐྱེད་རིམ་བསྡུ༔ རྫོགས་རིམ་ཆོས་ཉིད་ལམ་ཁྱེར་བཞིས༔ རྗེས་ཀྱི་ལས་ཁྲིགས་རྫོགས་པར་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བའི་མཆོད་རྫས་རྣམས༔ ཨཱོཾ་གྱིས་དངོས་འཛིན་བག་ཆགས་སྦྱངས༔ ཨཱཿཡིས་ཟག་མེད་བདུད་རྩིར་བསྒྱུར༔ ཧཱུྃ་གིས་འདོད་ཡོན་ལོངས་སྤྱོད་སྤེལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱ་ཧཱུྃ་སྭཱ་ཧཱ༔ ཏིང་འཛིན་ལྷ་ཡི་བསྐྱེད་རིམ་ནི༔ ཨཱོཾ་མ་ཧཱ་ཤུ་ཛྙཱ་ན་སྭ་བྷ་ཝ་དྷརྨཱ་དྷརྟུ་ཧཱུྃ༔ འཁོར་འདས་ཆོས་རྣམས་ཡེ་ནས་སྟོང་༔ སྤྲོས་བྲལ་བློ་འདས་དེ་བཞིན་ཉིད༔ ཀུན་ཁྱབ་བརྩེ་བའི་ངང་ཉིད་ལས༔ རང་བྱུང་ཡེ་ཤེས་ཡི་གེ་ལྔ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿབྷྲུྃ༔ ཡོངས་སུ་གྱུར་པའི་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ ཐུགས་སྲོག་ཧཱུྃ་ཡིག་ཡོངས་གྱུར་པས༔ རིགས་བདག་སྟོན་པ་རྡོ་རྗེ་སེམས༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པྲོག་ཞུ་དབུ་བརྒྱན་རྡོ་རྗེ་གཡས༔ ཐུགས་ཀར་གཏོད་པའི་ཚུལ་དུ་བསྣམས༔ དར་ལྗང་སྟོད་གཡོགས་དྲིལ་བུ་གཡོན༔ འགྱིང་ཚུལ་ལྡན་པའི་སྐུ་ལ་བརྟེན༔ སྤྱན་གཉིས་འཛུམ་པའི་མདངས་དང་ལྡན༔ སྣ་ཚོགས་དར་དང་རུས་པས་བརྒྱན༔ ལོངས་སྤྱོད་རྫོགས་སྐུའི་གཟི་འོད་འབར༔ འོད་ལྔ་འཁྲུག་པའི་ཀློང་དུ་བཞུགས༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་ན༔ མདངས་ལྡན་པདྨ་འདབ་མ་བཞི༔ ཤར་ཕྱོགས་པདྨ་ཉི་ཟླའི་སྟེང་༔ བྷུདྡྷ་རྡོར་སེམས་སྐུ་མདོག་མཐིང་༔ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ རཏྣ་རྡོར་སེམས་སྐུ་མདོག་སེར༔ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ པདྨ་རྡོར་སེམས་སྐུ་མདོག་དམར༔ བྱང་ཕྱོགས་པདྨ་ཉི་ཟླའི་སྟེང་༔ ཀརྨ་རྡོར་སེམས་སྐུ་མདོག་ལྗང་༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རང་རྟགས་ཕྱག་མཚན་བསྣམས༔ གཡོན་པས་དྲིལ་བུ་སྐུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ སྣང་ལ་རང་བཞིན་མེད་པར་གསལ༔ ཕྱི་རིམ་མུ་ཁྱུད་རྡོར་ཕྲེང་དང་༔ འོད་ཟེར་འབར་བའི་ཀློང་རུམ་དུ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་དང་༔ ལཱ་སེ་དཀར་མོ་སེམས་མའི་ཚོགས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མ་ལུས་པ༔ རྡོ་རྗེ་རིགས་ཀྱི་ངོ་བོར་གསལ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གསུམ༔ འཕྲོས་པས་སྐུ་གསུམ་ཞིང་ཁམས་ནས༔ བསྐྱེད་པའི་ལྷ་ཚོགས་སྤྱན་དྲངས་བསྟིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ལྷ་ཚོགས་སྤྱན་འདྲེན་ཞིང་༔ དྲི་བཟང་སྤོས་དང་རོལ་མོ་འཁྲོལ༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ འོག་མིན་སྟུག་པོ་བཀོད་པ་ནས༔ བྷུདྡྷ་རྡོར་སེམས་འཁོར་དང་བཅས༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་མངོན་པར་དགའ་བ་ནས༔ བཛྲ་རྡོར་སེམས་འཁོར་དང་བཅས༔ མེ་ལོང་ཡེ་ཤེས་དབྱིངས་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ལྷོ་ཕྱོགས་དཔལ་དང་ལྡན་པ་ནས༔ རཏྣ་རྡོར་སེམས་འཁོར་དང་བཅས༔ མཉམ་ཉིད་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཆེན་པོ་ནས༔ པདྨ་རྡོར་སེམས་འཁོར་དང་བཅས༔ སོར་རྟོགས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ བྱང་ཕྱོགས་ལས་རབ་རྫོགས་པ་ནས༔ ཀརྨ་རྡོར་སེམས་འཁོར་དང་བཅས༔ བྱ་གྲུབ་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ ཕྱོགས་བཅུའི་ནམ་མཁའི་ཁྱོན་བཀང་སྟེ༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཅོད་པན་དར་དཔྱངས་པུ་རུ་རུ༔ ཕྱག་ཞབས་གདུ་བུ་སི་ལི་ལི༔ འོད་དང་ཟེར་དུ་སྤུངས་སེ་སྤུང་༔ སྐུ་ཡི་རྣམ་འགྱུར་ལིངས་སེ་ལིང་༔ སྒྲ་དང་རོལ་མོ་དི་རི་རི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ གུ་རུ་བཛྲ་ས་ཏྭ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་ལྷུན་གྲུབ་གཞལ་ཡས་དབུས༔ ཉི་ཟླ་པདྨའི་གདན་ཁྲི་ལ༔ རྒྱལ་བ་རྒྱ་མཚོ་རྡོ་རྗེ་སེམས༔ མ་ལུས་འཁོར་བཅས་བཞུགས་སུ་གསོལ༔ གུ་རུ་བཛྲ་ས་ཏྭ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཏེ༔ མ་འགག་རང་གསལ་ལོངས་སྤྱོད་རྫོགས༔ མཁྱེན་བརྩེ་བླ་མེད་འགྲོ་བའི་མགོན༔ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་པཱུ་ཙ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བླ་མེད་མཆོག་གི་མཆོད་ཡོན་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་ཚོགས་ཀྱིས་མཆོད༔ བཛྲ་ཨརྒཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ མཛོད་འཛིན་བླ་མེད་རྡོ་རྗེ་སེམས༔ ལོངས་སྤྱོད་རྫོགས་སྐུའི་མཚན་དཔེས་སྤྲས༔ བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད༔ གསུང་དབྱངས་དྲུག་ཅུ་ཆོས་ཀྱི་དབྱངས༔ འགག་མེད་ནམ་མཁའི་ཁྱོན་བཀང་སྟེ༔ འགྲོ་བའི་གཏི་མུག་རྨོངས་པ་སེལ༔ རྣམ་རོལ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཁྱེན་དང་བརྩེ་བའི་ཡེ་ཤེས་ཀྱིས༔ སྤྲུལ་པ་བྱེ་བ་དུང་ཕྱུར་འགྱེད༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ ཕ་རོལ་ཕྱིན་ལ་ཕྱག་འཚལ་བསྟོད༔ འཛབ་དགོངས་ལས་གཞུང་སོ་སོར་གསལ༔ དངོས་གཞིའི་ལས་རིམ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་དཔལ་གྱི་ལྷ༔ མེ་ལོང་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་དཔལ་གྱི་ལྷ༔ མཉམ་ཉིད་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་དཔལ་གྱི་ལྷ༔ སོར་རྟོགས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ དོན་ཡོད་གྲུབ་པ་བཀྲ་ཤིས་དཔལ་གྱི་ལྷ༔ བྱ་བ་གྲུབ་པའི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྣམ་པར་སྣང་མཛད་བཀྲ་ཤིས་དཔལ་གྱི་ལྷ༔ ཆོས་དབྱིངས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་ཀུན་ནས་བཀྲ་ཤིས་འབྱུང་བའི་ལྷ༔ དུས་གསུམ་སངས་རྒྱས་བཀྲ་ཤིས་དཔལ་གྱི་ལྷ༔ སྐུ་གསུམ་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བསྔོ་སྨོན་ནི༔ ཧཱུྃ་ཧྲཱི༔ བསོད་ནམས་ཡེ་ཤེས་རྣམ་དག་དགེ་བའི་ལས༔ བྱས་དང་བྱེད་འགྱུར་གཞན་ལ་ཡི་རང་སོགས༔ བདག་གཞན་དགེ་རྩ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག༔ བསྐྱེད་རིམ་བསྡུ་བ་ནི༔ ཧཱུྃ་ཧྲཱི༔ སྣང་སྟོང་ཡེ་ཤེས་རོལ་པ་ལྷ་རུ་ཤར༔ གཟུང་འཛིན་སྤྲོས་བྲལ་ངོ་བོ་ཉིད་ཀྱི་ངང་༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ ལྷ་སྐུ་ཐུགས་སྲོག་ས་བོན་དམིགས་མེད་ཡལ༔ རྫོགས་རིམ་ནི༔ ཧཱུྃ་ཧྲཱི༔ སྣ་ཚོགས་རྐྱེན་དང་ཚོགས་དྲུག་སྣང་སེམས་རིག༔ དབྱིངས་རིག་ཆོས་དབྱིངས་སྤྲོས་བྲལ་སྐྱེ་མེད་ཨཱ༔ དུས་གསུམ་འགག་མེད་ཁྱབ་བརྡལ་ཀློང་ཡངས་སུ༔ མ་བཅོས་སྤྲོས་མེད་བྱང་ཆུབ་ཉིད་དུ་གནས༔ ཨཱ་ཨཱ༔ རྗེས་ཀྱི་ལས་ཁྲིགས་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ རྡོར་སེམས་མཆོད་གཞུང་ལས་རིམ་འདི༔ པདྨས་བཀོད་དེ་གཏེར་དུ་སྦས༔ མ་འོངས་ང་སྤྲུལ་ལས་ཅན་བུ༔ ཟབ་མོའི་ཆོས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོ་རྗེ་སེམས་དཔའི་དབང་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་དབང་ཆོག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ སྨིན་བྱེད་སློབ་མ་གྲོལ་བའི་ཐབས༔ དབང་ཆོག་པདྨ་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི༔ བཀྲ་ཤིས་ཤིང་བྱིན་ཆགས་པའི་སར༔ སྟེགས་བུ་སྐྱང་ནུལ་ལེགས་པར་བྱས་པའི་ཁར༔ ཚངས་ཐིག་གདབ༔ པདྨ་འདབ་བཞི་མཚམས་ལ་མཛེས་ཚོན་བྱ༔ མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱི་དྲ་བས་བསྐོར་བ་འབྲི༔ དབུས་སུ་མཉྫའི་ཁྲིའུ་ཁར་བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པ་བཤམས་ལ་བུམ་རྫས་འགོད༔ ཤར་དུ་རྡོ་རྗེ༔ ལྷོར་པྲོག་ཞུ༔ ནུབ་ཏུ་དྲིལ་བུ༔ བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཤམས༔ འབྲས་སམ་དཀར་མོའི་ནས་ཕྱེ་ལ་དཔལ་གཏོར་ཟླུམ་པོ་རྒྱན་ལྡན་ཙཀ་ལིས་བརྒྱན་པ་འགོད༔ མཐར་མཆོད་པ་སྤྱི་འགྲོས་ལྟར་བཤམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བསྙེན་སྒྲུབ་དབང་གི་སློབ་དཔོན་གྱི་སྟ་གོན་སྔོན་དུ་སོང་ནས༔ གཉིས་པ་སློབ་མ་འཇུག་པའི་སྔོན་འགྲོ་ནི༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་དབུལ༔ སྐྱབས་སེམས་གཞུང་ལྟར་འབོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི༔ འདིའ་ིརྗེས་ཟློས་མཛོད༔ ཧཱུྃ༔ ཧེ་རུ་ཀཿདང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ བླ་མས་དྲི་བ་ནི༔ ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི་ལན་དུ༔ ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས༔ ཧོ༔ རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ ཞེས་བརྗོད༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་ཀྱི་དངོས་གཞིའི་དབང་བསྐུར་བ་ནི་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དང་ལྔ་ལས༔ དང་པོ་རིགས་བདག་རྡོ་རྗེ་སེམས་དཔའི་སྐུའི་དབང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཨཱོཾ༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ སྐལ་ལྡན་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་རྡོ་རྗེ་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བྷུདྡྷ་བཛྲ་ས་ཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ གཉིས་པ་གསུང་གི་དབང་ནི༔ དྲིལ་བུ་དར་དམར་གྱི་ཅོད་པན་དང་བཅས་པ་མགྲིན་པར་བཞག་ལ༔ ཨཱཿ ཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགགས་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ས་ཏྭ་ཧཱུྃ༔ ཝཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱི་ཅོད་པན་དང་བཅས་པ་སྙིང་གར་བཞག་ལ༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཅོད་པན་དང་བཅས་པ་སྤྱི་བོར་སྐོན༔ སྭཱ༔ སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པར༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དུང་ཆོས་ལག་ཏུ་བཞག་ཅིང་ངག་ཏུ་བླུད༔ ཧཱ༔ རབ་འབྱམས་རྒྱལ་དང་རྒྱལ་བའི་འཕྲིན་ལས་ཚོགས༔ སྣ་ཚོགས་སྣང་བ་ལས་བཞི་ལྷུན་གྱིས་གྲུབ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་བརྟེན་གཏོར་མས་བརྒྱུད་པའི་བྱིན་རླབས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དག་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་པ་ལ་དབང་ཞིང་༔ འབྲས་བུ་སྐུ་ལྔའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ༔ ཞེས་བརྗོད༔ མེ་ཏོག་གཏོར༔ ཤིས་པ་བརྗོད༔ དབང་ཡོན་འབུལ་ཞིང་དགའ་སྟོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྡོ་རྗེ་སེམས་དཔའི་དབང་མཆོག་འདི༔ རྩོད་ལྡན་ཡང་མཐའ་བཞི་བཅུའི་མར་འགྲིབ་ལ༔ སྐལ་ལྡན་འགྲོ་འདུལ་གླིང་པ་དང་ཕྲད་ནས༔ སྨིན་གྲོལ་ཆོས་ཀྱིས་འགྲོ་ཀུན་འདྲེན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོ་རྗེ་སེམས་དཔའི་གསང་སྒྲུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་གསང་སྒྲུབ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སྔོན་སྦྱངས་ལས་འཕྲོ་ཆོས་ལ་སྤྱད༔ ད་ལྟ་དུས་གསུམ་སངས་རྒྱས་ཀུན༔ གྲོགས་པོར་བསྟེན་ཞིང་གླེང་མོ་བྱེད༔ ཁྱད་པར་རིགས་བདག་རྡོ་རྗེ་སེམས༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོག༔ ཐུགས་བསྐྱེད་སྨོན་ལམ་གཅིག་པའི་མཐུས༔ རྡོར་སེམས་གསང་སྒྲུབ་པདྨས་བཀོད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་དབེན་ཞིང་དྭངས་ལ་མཐོ་བ༔ གངས་རི་བརྟན་ཆགས་ཡོད་པ་ཞིག་གི་གནས་སུ་ཕྱིན་ལ༔ བདེ་བའི་གདན་ལ་སྐྱིལ་ཀྲུང་བཅའ༔ རླུང་རོ་འབུད༔ རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ་ཞིང་སྐྱབས་སེམས་རྣམས་སྤྱི་མཐུན་ལྟར་བརྗོད༔ དེ་ནི་སྔོན་འགྲོའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་ཏིང་འཛིན་ནི༔ ཨཱོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་པས་ཕྱི་ནང་སྣོད་བཅུད་དང་བཅས་པ་ཐམས་ཅད་སྟོང་པར་བསམ༔ སྟོང་པའི་ངང་ལས་སྐད་ཅིག་གི་པདྨ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་དཀར་ལ་འཚེར་བ་གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསམ༔ འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡི་གེ་ཨཱོཾ་ཨཱཿཧཱུྃ་གསུམ་གྱིས་རྣམ་པར་བསྡུས༔ སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་ཆུ་ལས་ཉ་འཕར་བ་ལྟར་པདྨ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ༔ རིགས་རྣམས་ཀུན་འདུས་ཀྱི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ༔ སྐུ་མདོག་ཤེལ་བུམ་འོ་མས་གང་བ་ལྟར་དཀར་ལ་འཚེར་བ༔ ཞལ་གཅིག་སྤྱན་གཉིས་བྷུདྡྷའི་བལྟ་སྟངས་ཅན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཚུལ་གྱིས་བསྣམས་པ༔ ཕྱག་གཡོན་རྡོ་རྗེས་མཚན་པའི་དྲིལ་བུ་དཀུར་བརྟེན་པ༔ དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་བུ་བཅིངས་པ་ལ་པྲོག་ཞུ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ དར་སྔོ་ལྗང་གི་སྟོད་གཡོག་གསོལ་བ༔ དར་དམར་པོའི་ཤམ་ཐབས་དཀྲིས་པ༔ ཕྱག་གདུབ་དང་༔ ཞབས་གདུབ་དང་༔ མགུལ་ཆུན་དང་༔ དཔུང་རྒྱན་དང་༔ སེ་མོ་དོ་དང་༔ མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཕྲེང་དུ་མས་བརྒྱན་པ༔ དར་སྣ་ཚོགས་ཀྱི་ཅོད་པན་འཕུར་བ༔ འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་སྐུ་གཡོན་འགྱིང་གི་སྒེག་ཉམས་སུ་བཞུགས་པ༔ སྣང་ལ་སྟོང་པ༔ སྟོང་ལ་སྣང་བ༔ སྣང་སྟོང་དབྱེར་མེད་ཀྱི་ཆ་ལས་གྲུབ་པ༔ དར་དཀར་པོའི་གུར་ཕུབ་པ་ལྟ་བུ་ཞིག་ཏུ་གསལ་བར་བསྒོམས༔ དེ་ལྟར་གསལ་བའི་སྤྱི་བོ་དང་༔ མགྲིན་པ་ཐུགས་ཀ་རྣམས་སུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས༔ འོག་མིན་ལྟུག་པོ་བཀོད་པའི་ཞིང་ཁམས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་བྱོན༔ བསྐྱེད་པའི་སྐུ་དང་གཉིས་མེད་དུ་གྱུར་པར་བསམས་ལ༔ ཡིད་ཀྱིས་མཆོད་བསྟོད་འབུལ་ཞིང་ཡི་དམ་ལྷའི་ཏིང་ངེ་འཛིན་ལ་དར་གཅིག་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ཉིད་རིགས་འདུས་རྡོ་རྗེ་སེམས༔ འོད་སྣང་སྐུ་ཡི་ཐུགས་ཀར་ཟླ་དཀྱིལ་ལ༔ ཐུགས་སྲོག་ཧཱུྃ་ལ་གཟུངས་ཀྱི་སྔགས་འབྲུ་རྣམས༔ འོད་ཟེར་དཀར་པོའི་རྟར་ཞོན་གཡས་སུ་འཁོར༔ འོད་ཀྱི་ཕྲེང་ཐག་གཡོན་དུ་འཁོར་བ་ལས༔ ཐབས་ཤེས་ངོ་བོ་དབྱེར་མེད་ཡེ་ཤེས་ལྔའི༔ འོད་ཟེར་ལྔ་པོ་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ འཁོར་འདས་ལྷ་དང་འགྲོ་བ་ཀུན་ལ་ཕོག༔ རྒྱལ་བ་མཆོད་ཅིང་སེམས་ཅན་ལས་སྒྲིབ་སྦྱངས༔ བདག་དང་མར་གྱུར་འགྲོ་བ་སེམས་ཅན་རྣམས༔ རིགས་བདག་མགོན་པོ་དེ་དང་གཉིས་མེད་བསམས༔ སྨོན་འཇུག་སེམས་བསྐྱེད་ངར་ལྡན་དབྱངས་སྙན་པོས༔ བདེ་གཤེགས་ཀུན་འདུས་ཡིག་བརྒྱ་འདི་ལྟར་བརྗོད༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏིཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ༔ སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཞེས་བཟླ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་གསང་བླ་མེད་བདེ་གཤེགས་ཀུན་འདུས་པའི༔ གསང་བའི་སྙིང་པོ་ཡི་གེ་བརྒྱ་པ་འདི༔ སྟོང་ཙམ་བཟླས་ན་ལས་ཀྱི་སྡིག་པ་འདག༔ ཁྲི་ཙམ་བཟླས་ན་མི་དགེ་བཅུ་འདག་ཅིང་༔ འབུམ་དུ་བཟླས་ན་མཚམས་མེད་ལྔ་ཡང་བྱང་༔ དེ་ལས་མང་ན་སྐལ་ལྡན་སྐྱེས་བུ་དེ༔ རིགས་བདག་མགོན་པོ་མངོན་འགྱུར་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་རྩོད་ལྡན་བཞི་བཅུའི་ཡང་མཐའ་ལ༔ སུམ་བཅུ་ཁ་རལ་སྐྱེ་འགྲོར་བདེ་བ་མེད༔ སྟེང་འོག་བར་གསུམ་ལྷ་མིན་ལྟར་དུ་འཁྲུག༔ མཐའ་མི་བོད་ལྷུང་བོད་རྣམས་མཐའ་ལ་འབྲོས༔ བཙན་རྫོང་བརྩིགས་པ་རང་གི་བཙོན་ཁང་འགྱུར༔ སེར་སྣས་བསགས་པའི་ནོར་རྫས་དགྲ་ཡིས་སྤྱོད༔ དགེ་བཤེས་མཁན་པོ་ཆོས་རྗེ་ཞབས་དྲུང་ཟེར༔ མི་དགེ་བཅུར་སྤྱོད་དགེ་བཅུའི་བཤད་པ་རྒྱག༔ སོ་ནམ་དམག་འདྲེན་ལས་སུ་གསོད་གཅོད་བརྩོན༔ བསྟན་འཛིན་ཡིན་ཞེས་བསྟན་པ་ཐབས་ཀྱིས་བསྣུབས༔ ཆོས་མཛད་དགེ་སློང་དགེ་ཚུལ་དགེ་བསྙེན་ཟེར༔ སྡེ་དགོན་ཚོང་འདུས་ཐམས་ཅད་བཙུན་པས་འགེངས༔ པཎྜི་ཏ་དང་རབ་འབྱམས་དཀའ་བཅུའི་མིང་༔ མང་ཇས་ཉོ་ཞིང་གྲུབ་མཐའ་སུ་མཁས་ཆེ༔ སྐྱེ་བོར་མནའ་མེད་སྒོམ་ཆེན་བན་བཙུན་རྣམས༔ སྲོག་ལས་དམར་གཡོས་མནར་མེད་རང་གིས་སྒྲུབ༔ མི་ལུས་ལན་གཅིག་རྙེད་པའི་འབྲས་བུ་ལ༔ མནར་མེད་ངན་སོང་བསྒྲུབ་པ་ཡ་རེ་ཆ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དུས་ཆོས་འཁོར་གཉན་པོའི་ཤར་གྱི་ཕྱོགས༔ མདོ་ཁམས་གླིང་ནས་ང་ཡི་སྤྲུལ་པ་འབྱུང་༔ ཏེ་སེའི་གངས་ནས་ཟབ་མོའི་གཏེར་འདི་འདོན༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་རུ༔ ང་སྤྲུལ་བུ་དེས་སྒྲུབ་པ་འདི་བྱས་ནས༔ འཛམ་གླིང་སྐྱེ་འགྲོ་ལན་གཅིག་ངན་སོང་ཁེགས༔ བོད་ཡུལ་མངའ་རིས་དབུས་དང་ཁམས་གསུམ་དུ༔ སྒྲུབ་པ་འདི་ཉིད་ལན་གསུམ་སྒྲུབས་ཤིག་བུ༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་༔ རིག་འཛིན་པདྨ་ང་ཡི་སེམས་བསྐྱེད་དང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱི་སྨོན་ལམ་གྱིས༔ རྩོད་ལྡན་འགྲོ་བའི་སྒྲིབ་གཉིས་འདག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་ཀུན་འདུས་པའི་སྒྲུབ་པ་འདི་ཉིད་ལ༔ བརྩོན་འགྲུས་དྲག་པོས་བདར་ཤ་བཅད་གྱུར་ན༔ བྱིན་རླབས་ཐོབ་དང་དངོས་གྲུབ་བརྙེས་པའི་རྟགས༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ ཞལ་མཇལ་གསུང་ཐོས་ངོ་སྤྲོད་འཐོབ་སོགས་འབྱུང་༔ གཞན་ཡང་མཆོད་རྟེན་གངས་རི་གོས་དཀར་གྱོན༔ ཁྲུས་བྱས་འོ་མ་འཐུང་དང་ཤེལ་བུམ་རྙེད༔ རྣག་ཁྲག་ཟགས་དང་དུང་བུས་རོལ་མོ་འཁྲོལ༔ དགེ་བའི་ལྟས་བཟང་རིགས་བདག་སེམས་དཔའ་གྲུབ༔ སེམས་བསྐྱེད་ལྡན་པས་ལས་སྦྱོར་གཞན་དོན་སྒྲུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོར་སེམས་སྒྲུབ་པའི་ལག་ལེན་དང་ལས་སྦྱོར་དམིགས་པའི་གབ་ཐིག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་སྒྲུབ་པའི་ལག་ལེན་དང་ལས་སྦྱོར་དམིགས་པའི་གབ་ཐིག་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྷ་མཆོག་རྡོ་རྗེ་སེམས་དཔའ་ཡི༔ སྒྲུབ་པ་ཉམས་ལེན་མན་ངག་མཆོག༔ མ་འོངས་བུ་ཡི་དོན་ཕྱིར་དུ༔ པདྨ་བདག་གིས་ལེགས་པར་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས༔ སྟེགས་བུ་གྱེན་ཐུར་དུ་ཁྲུ་གང་པ་དཀར་འཇམ་མཁྲེགས་པར་བཟོས༔ དྲི་བཟང་གིས་ཆག་ཆག་གདབ༔ ཚངས་ཐིག་དང་བཅས་པདྨ་འདབ་མ་བཞི་ལ་མུ་ཁྱུད་ཡོད་པ༔ རྡོ་རྗེའི་ཕྲེང་བས་བསྐོར་བ་བྲི༔ ཤར་སྔོ༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ པད་ཚབ་རྣམས་མཛེས་ཚོན་བྱ༔ མུ་ཁྱུད་དམར་པོ༔ རྡོར་ཕྲེང་དཀར་པོ་བྱའོ༔ དེའི་དབུས་སུ་ཁྲིའུ་ཁར་བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པའི་ནང་དུ་དྲི་བཟང་གི་བུམ་སྨན་གདབ༔ ཀུ་ཤ་དང་སྒྲོ་མདོངས་མེ་ལོང་ལ་རྡོར་སེམས་ཀྱི་སྐུ་ག་བུར་གྱི་ཆུས་བྲིས་པ་གཟུག༔ བུམ་པའི་མདུན་དུ་བྷུདྡྷ་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱིས་བརྒྱན་པ་བཞག༔ རིན་འབྱུང་རྡོ་རྗེ་སེམས་དཔའི་ངོ་བོ་ལྷོ་རུ་པྲོག་ཞུ་ཅོད་པན་དང་བཅས་པ་བཞག༔ སྣང་མཐའ་རྡོ་རྗེ་སེམས་དཔའི་ངོ་བོ་ནུབ་ཏུ་དྲིལ་བུ་དར་དམར་གྱིས་བརྒྱན་པ་བཞག༔ ཀརྨ་རྡོ་རྗེ་སེམས་དཔའི་ངོ་བོ་བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཞག༔ མཐར་ཨརྒྷཾ་སོགས་མཆོད་པ་བཤམས༔ དེ་ནི་དཀྱིལ་འཁོར་སྒྲུབ་རྫས་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྐྱེད་རིམ་ལྷའི་རྣལ་འབྱོར་ནི༔ དཀྱིལ་འཁོར་མི་དམིགས་པ་སྟོང་པར་བསམས༔ སྟོང་པའི་ངང་ལས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་སུ་བུམ་པ་བྷྲུཾ་ལས་གཞལ་ཡས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གསང་སྒྲུབ་ལྟ་བུར་བསྐྱེད་ལ༔ དེའི་ཤར་གྱི་པད་འདབ་ལ་སངས་རྒྱས་རྡོར་སེམས་མཐིང་ག༔ ལྷོའི་པད་འདབ་ལ་རིན་འབྱུང་རྡོར་སེམས་སེར་པོ༔ ནུབ་ཀྱི་པད་འདབ་ལ་པདྨ་རྡོར་སེམས་དམར་པོ༔ བྱང་གི་པད་འདབ་ལ་ཀརྨ་རྡོར་སེམས་ལྗང་གུ༔ དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་ཐམས་ཅད་དྲིལ་བུ་འཛིན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་ལོངས་སྤྱོད་རྫོགས་སྐུའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ སྤྱན་གཉིས་ཟིམ་བུས་གཙོ་བོའི་ཐུགས་ཀར་གཟིགས་པ༔ འོད་དང་གཟི་བརྗིད་དཔག་ཏུ་མེད་པ་འཕྲོ་བ༔ པདྨ་དང་ཉི་ཟླའི་གདན་ལ་བཞུགས་ཤིང་འཛུམ་པའི་མདངས་དང་ལྡན་པ༔ གསལ་བའི་འོད་དང་ལྡན་པ༔ དགྱེས་པའི་ཉམས་དང་ལྡན་པ༔ ལོངས་སྐུའི་ཆས་དང་ལྡན་པ༔ ཆོས་སྐུའི་ངོ་བོ་དང་ལྡན་པ༔ སྤྲུལ་སྐུའི་མཁྱེན་བརྩེ་དང་ལྡན་པ༔ སྣང་སྟོང་རང་འོད་ཀྱི་སྐུ་ཅན་ཡེ་ཤེས་ཀྱི་འོད་ལྔ་འཁྲུག་པའི་ཀློང་དུ་བཞུགས་པར་བསམས༔ དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དང་ཐུགས་ཀར་རང་རང་གི་ས་བོན་ཧཱུྃ་ཨཱོཾ་སྭཱ་ཨཱཾཿཧཱ་རྣམས་ཀྱིས་མཚན་པའི་མཐར་གཟུངས་དང་ཉེ་སྙིང་རྣམས་ཀྱིས་མཚན་པ༔ འོད་ཀྱི་ཕྲེང་ཐག་ལ་ཞོན་པ༔ སྔགས་འབྲུ་རྣམས་ཀྱི་རང་སྒྲ་དིར་དིར་སྒྲོག་ཅིང་སྔགས་འབྲུ་གཡས་དང་འོད་ཟེར་གཡོན་དུ་འཁོར་བར་བསམས༔ སློབ་མ་འཇུག་ཅིང་དབང་བསྐུར་ན༔ ཉེ་སྙིང་རྣམས་ལ་སྟོང་ཕྲག་རེ༔ གཟུངས་ལ་བརྒྱ་བཟླས་ལས་ལ་འཇུག༔ ཉི་ཟླ་འཁོར་ལོ་མཐོང་གྲོལ་གསུམ༔ ཆུ་བོ་མྱོང་གྲོལ་ལས་སྦྱོར་བཞི༔ བསྒྲུབ་ན་གཙོ་བོའི་ཉེ་སྙིང་ལ༔ ཁྲི་ཚོ་ལྔ་དང་གཞན་བཞི་ལ༔ ཁྲི་ཚོ་རེ་རེ་གཟུངས་རིང་ལ༔ བརྒྱ་བཟླས་རང་གཞུང་ལས་བཞིན་སྦྱོར༔ དེ་ནི་དམིགས་པའི་གབ་ཏིག་ཡིན༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོར་སེམས་ལས་མཐའ་མཐོང་གྲོལ་འཁོར་ལོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་མཐོང་གྲོལ་འཁོར་ལོ་ཡོད༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ སྨོན་འཇུག་སེམས་ཀྱི་གཞི་བླངས་ནས༔ རྡོར་སེམས་བསྒྲུབ་པའི་རྣལ་འབྱོར་པས༔ ལས་སྦྱོར་འགྲོ་དོན་འདི་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས༔ མཐོང་གྲོལ་འཁོར་ལོ་འདི་ལྟར་འབྲི༔ ཡར་ངོའི་བཟའ་སྐར་བཟང་པོ་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ མདུན་གྱི་ནམ་མཁར་བཞུགས་པ་ལ༔ ཕྱོགས་བཅུའི་རྒྱལ་བས་བསྐོར་བ་དམིགས༔ རྩེ་གཅིག་ངང་ནས་འདི་སྐད་བརྗོད༔ ཀྱེ་མ་ཀྱེ་མ་འགྲོ་བའི་མགོན༔ ཐུགས་རྗེ་ཆེར་ལྡན་བདག་གི་སྐྱབས༔ སྡུག་བསྔལ་རྒྱ་མཚོའི་འགྲོ་དྲུག་ཏུ༔ བྱིས་པའི་བདག་སོགས་འགྲོ་བ་ཀུན༔ བླ་མེད་བྱང་ཆུབ་འཐོབ་དོན་དུ༔ མཐོང་གྲོལ་འཁོར་ལོ་བདག་གིས་འབྲི༔ ཁྱེད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ མགོན་པོ་ཐུགས་རྗེ་ཆེར་ལྡན་པས༔ ཀུན་རྫོབ་མཚན་མའི་རྫས་འདི་རྣམས༔ ཡེ་ཤེས་རྫས་སུ་བྱིན་གྱིས་རློབས༔ ཞེས་བརྗོད་དེ༔ ནམ་མཁའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རང་དང་འཁོར་ལོའི་རྫས་རྣམས་ལ་ཐིམ་པར་བསྒོམ༔ གསོལ་འདེབས་ལན་མང་དུ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དར་རས་ཤོག་བུ་གང་འཛོམ་ལ་གད་བདར་ལེགས་པར་བྱས་ཏེ༔ རབ་རིན་པོ་ཆེ་གསེར་དངུལ༔ འབྲིང་མཚལ་དང་རྒྱ་སྣག༔ ཐ་ནའང་རིན་ཆེན་བརྡར་བའི་སྣག་ཚས་འཁོར་ལོ་མུ་ཁྱུད་བརྒྱད་དུ་བསྐོར་ལ༔ ལྟེ་བ་ལ་རྡོ་རྗེ་སེམས་དཔའི་སྐུ་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་འོད་ལྔས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཕྱོགས་བཞིར་རིགས་བཞིའི་རྡོ་རྗེ་སེམས་དཔའ་བཞི་བྲི༔ མཚམས་བཞིར་རྡོ་རྗེ་ཕྱེད་པ་བཞི་འབྲི༔ ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་སྒྲུབ་གཞུང་དང་མཐུན་པར་བྱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་འོད་ཕྲེང་ལྔས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་གཟུངས་སྔགས་ཡི་གེ་བརྒྱ་པ་འདི་ལྟར་བྲི༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏི་ཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ༔ སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ ཨཱཾཿཔདྨ་ས་ཏྭ་ཧཱུྃ༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཨཱོཾ་བྷུདྷ་ས་ཏྭ་ཧཱུྃ༔ རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་སེམས༔ མཐོང་ཐོས་འགྲོ་བ་སེམས་ཅན་གྱི༔ ལས་ཀྱི་སྒྲིབ་པ་སྦྱོང་དུ་གསོལ༔ ཅེས་པ་རྣམས་དང་༔ གཟུངས་སྔགས་ཕན་ཡོན་ཆེ་བ་དག་གིས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ བདག་དང་འགྲོ་དྲུག་མ་ལུས་པ༔ བླ་མ་རིགས་ལྔ་རྡོར་སེམས་ཀྱིས༔ མཁའ་སྤྱོད་གནས་སུ་འདྲེན་དུ་གསོལ༔ བདེ་བ་ཅན་དུ་འདྲེན་དུ་གསོལ༔ མངོན་པར་དགའ་བར་འདྲེན་དུ་གསོལ༔ པདྨ་འོད་ན་འདྲེན་དུ་གསོལ༔ རིགས་དྲུག་མངལ་ཁ་དགག་ཏུ་གསོལ༔ སྡུག་བསྔལ་རྒྱ་མཚོ་སྐེམ་དུ་གསོལ༔ མ་རིག་སྒྲིབ་པ་གསལ་དུ་གསོལ༔ མེ་ལོང་ཡེ་ཤེས་སྩལ་དུ་གསོལ༔ མཉམ་ཉིད་ཡེ་ཤེས་སྩལ་དུ་གསོལ༔ སོར་རྟོག་ཡེ་ཤེས་སྩལ་དུ་གསོལ༔ བྱ་གྲུབ་ཡེ་ཤེས་སྩལ་དུ་གསོལ༔ ཆོས་དབྱིངས་ཡེ་ཤེས་སྩལ་དུ་གསོལ༔ མཐོང་བར་གྱུར་པའི་འགྲོ་བ་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཀཱ་ཡ་སིདྡྷི་ཨཱོཾ་ཨཱོཾ༔ ཝཀྐ་སིདྡྷི་ཨཱཿཨཱཿ ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿཧྲཱི༔ ཞེས་པ་རྣམས་དང་༔ གཞན་ཡང་འདོད་གསོལ་འདི་ལྟར་བྲི༔ ཀྱེ་མ་འགྲོ་བ་མགོན་མེད་མགོན༔ སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་པས༔ བདག་ཅག་འགྲོ་དྲུག་སེམས་ཅན་རྣམས༔ མ་རིག་འཁྲུལ་པའི་ལས་ཀྱིས་ཁྱེར༔ ཁྱེད་ཀྱི་ཐུགས་རྗེའི་གྲུ་ཆེན་གྱིས༔ ལས་དང་ཉོན་མོངས་སྡུག་བསྔལ་ལས༔ ད་ལྟ་ཉིད་དུ་འདྲེན་པར་མཛོད༔ མཐོང་ཐོས་གྱུར་པའི་འགྲོ་བ་རྣམས༔ དབྱིངས་ཀྱི་ཞིང་མཆོག་བླ་མེད་དུ༔ ཐུགས་རྗེའི་སྟོབས་ཀྱིས་འདྲེན་དུ་གསོལ༔ སྨོན་ལམ་སྟོབས་ཀྱིས་འདྲེན་དུ་གསོལ༔ ཅེས་འབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨ་དང་ཨཱ་ལི་ཀཱ་ལི་རྣམས་དང་༔ གཞན་ཡང་ཤིས་བརྗོད་འདི་ལྟར་བྲི༔ ཨཱོཾ་བདེ་ལེགས་སུ་གྱུར་ཅིག༔ ཕྱོགས་དུས་རྒྱལ་བ་མ་ལུས་པ༔ ཐུགས་རྗེའི་གྲུ་ཆེན་བླ་མེད་ཀྱིས༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སོགས༔ འགྲོ་དོན་རྒྱུན་མི་ཆད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འོད་ཟེར་ལྔ་ཡི་ཕྲེང་བས་བསྐོར༔ ཚོན་མཛེས་པར་བྱུག༔ ད་ལའི་དབུས་སུ་བུམ་པའི་ཁར་བཞག༔ གཞུང་མཐུན་ལྟར་བསྒྲུབ༔ ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་འཁོར་ལོ་ལ་ཐིམ་པར་བསམ༔ རབ་གནས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡིད་བཞིན་ནོར་གྱི་མཆོག༔ མཐོང་བས་གྲོལ་བའི་མན་ངག་འདི༔ བསིལ་བའི་ཚལ་གྱི་དུར་ཁྲོད་དུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ པདྨ་བདག་གིས་ལེགས་པར་ཞུས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ རིན་ཆེན་ས་ཡི་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སྨོན་ལམ་བཞག༔ ཟབ་ཆོས་འཁོར་ལོ་བདེ་མཆོག་གི༔ ཆོས་ཀྱི་ཆ་རྐྱེན་ཚང་ཕྱིར་དང་༔ མ་འོངས་སྐལ་ལྡན་སྐྱེས་བུ་ཡིས༔ འགྲོ་བ་ཐར་ལམ་འདྲེན་ཕྱིར་དུ༔ གངས་རིའི་རྒྱལ་པོ་ཏེ་སེར་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ མཐོང་བ་རྣམས་ཀྱང་གྲོལ་གྱུར་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མཐོང་གྲོལ་འཁོར་ལོ་འདི༔ ཚུལ་བཞིན་བྲིས་ཏེ་རྒྱ་ལམ་འགྲམ༔ གྲོང་ཁྱེར་ཆེན་པོའི་སྲང་མདོ་དང་༔ ཚོང་འདུས་ཆེན་པོའི་དབུས་དག་དང་༔ གནས་གཞི་ལྷ་ཁང་སྒོ་དག་དང་༔ དུད་འགྲོ་འཚོགས་པའི་མདོ་དག་དང་༔ གཅན་གཟན་འགྲིམ་པའི་སྒང་དག་དང་༔ མདོར་ན་འདུ་ཚོགས་གང་ཆེའི་སར༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེ་གཅིག་བསྡུས་འཁོར་ལོ་འདི༔ འབྱུང་བ་རྣམས་ཀྱིས་མི་འཇིགས་བྱ༔ གོང་དུ་སྨོས་པའི་ས་རུ་བཞག༔ བཀྲ་ཤིས་བརྗོད་ཅིང་བསྔོ་སྨོན་གདབ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ འཁོར་ལོ་རིན་ཆེན་འདི་ཉིད་ནི༔ མཐོང་བར་གྱུར་པའི་འགྲོ་བ་ཀུན༔ ངན་སོང་གསུམ་གྱི་སྒོ་ཁེགས་ནས༔ དག་པའི་ཞིང་དུ་མ་སྐྱེས་ན༔ པདྨ་བདག་གིས་མ་ཤེས་སོ༔ འཁོར་ལོ་མཐོང་ཚེ་མོས་གུས་བསྐྱེད༔ རྡོ་རྗེ་སེམས་དཔའ་དངོས་སུ་བསམས༔ ཡིག་བརྒྱ་འདོན་ཞིང་བཤགས་པ་འབུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་མཐའི་སྤྲང་བན་འགྲོ་འདུལ་གླིང་པ་ངས། །ཕ་ཡུལ་སྤངས་ནས་ཡངས་པའི་རྒྱལ་ཁམས་འགྲིམས། །རིག་འཛིན་ཆེན་པོའི་བྱིན་རླབས་སྙིང་ལ་ཐིམ། །མ་དང་མཁའ་འགྲོའི་ལུང་བསྟན་ཙ་རིར་ཐོབ། །གཏེར་གྱི་ཁ་བྱང་ཞིང་སྐྱོང་མཚོ་ནས་རྙེད། །བདེ་མཆོག་ཆོས་གཏེར་ཏེ་སེའི་གངས་ནས་ཐོན། །སྙིང་རུས་བསྐྱེད་དེ་མཁའ་འགྲོའི་བརྡ་ཡིག་ལས། །ཕུག་ནག་བདེ་བ་ཆེན་པོར་ཡི་གེར་ཕབ། །མངྒ་ལཾ།། །།

རྡོར་སེམས་ལས་མཐའ་འགྲོ་དོན་ཉི་མ་མཐོང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་འགྲོ་དོན་ཉི་མ་མཐོང་གྲོལ་བཞུགས་སོ༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས༔ གཞན་དོན་འགྲོ་ལ་སེམས་བསྐྱེད་ནས༔ ལས་སྦྱོར་རིམ་པ་འདི་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉི་མ་འཁོར་ལོའི་སྙིང་པོ་ལ༔ རྟེན་འབྲེལ་ཐབས་ཀྱི་སྔགས་དགོངས་ཀྱིས༔ འགྲོ་བ་ཀུན་སྒྲོལ་མན་ངག་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རིམ་པར་དབྱེ་སྟེ་པདྨས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་བཅའ་གཞིའི་རིམ་པ་ནི༔ དུས་བཟང་ཡར་ངོའི་གཟའ་སྐར་བཟང་པོ་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག་སྟེ༔ མེ་ལོང་ལ་རབ་གསེར༔ འབྲིང་མཚལ༔ ཐ་ནའང་རྒྱ་སྣག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུ་སྒྲུབ་གཞུང་དང་མཐུན་པར་བྲིས་པའི་གནས་གསུམ་དུ་ཡི་གེ་གསུམ་འགོད༔ མཐའ་མར་ཡི་གེ་བརྒྱ་པ་དང་འདོད་གསོལ་འདི་ལྟར་བྲི༔ ཨཱོཾ་ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་གི་གཟུགས༔ ཐུགས་རྗེ་ཉི་མའི་སྙིང་པོ་དང་༔ གཉིས་མེད་དབྱིངས་ནས་འགྲོ་ལ་གཟིགས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ ད་ལྟ་ཉིད་དུ་སྒྲོལ་བར་མཛོད༔ ཅེས་བྲི་ལྷག་ཆད་མེད་པར་བྱ༔ སྔོན་དུ་འགྲོ་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ འགྲོ་དོན་དམིགས་པའི་གབ་ཏིག་དང་༔ སྒྲུབ་གཞུང་བཞིན་དུ་ཉམས་སུ་བླང་༔ མེ་ལོང་དར་དཀར་དྲི་མེད་དྲིལ༔ བུམ་པའིསྟེང་དུ་བཞག་ལ་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ བསྙེན་སྒྲུབ་ཐེམས་ནས་ལས་ལ་སྦྱོར༔ ཆོ་འཕྲུལ་ཆེན་པོའི་གནམ་གང་ཉིན༔ མེ་ལོང་རྒྱལ་མཚན་རྩེ་ལ་གདགས༔ རང་ཉིད་ཁྲུས་བྱས་གོས་གསར་གྱོན༔ ཤར་ཕྱོགས་ནམ་མཁར་ཕྱག་འཚལ་ཏེ༔ མེ་ལོང་ནམ་མཁའི་ཉི་མ་གཉིས༔ རྣལ་འབྱོར་རང་དང་བཅས་པ་གསུམ༔ དབྱེར་མེད་ཐ་མི་དད་པ་ལ༔ རིགས་བདག་བླ་མ་རྡོ་རྗེ་སེམས༔ ཕྱོགས་དུས་སྐྱབས་གྱུར་ཀུན་གྱིས་བསྐོར༔ འོད་ཟེར་འཕྲོས་པས་འགྲོ་དྲུག་ཁྱབ༔ སེམས་ཅན་མ་ལུས་ཀུན་ལ་ཕོག༔ ཐུགས་རྗེའི་འོད་ཟེར་བྱིན་རླབས་ཀྱིས༔ བདག་དང་འགྲོ་དྲུག་མ་ལུས་པ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས༔ གཉིས་མེད་འབྲས་བུ་ཐོབ་པར་བསམས༔ འཁོར་འདས་གཉིས་མེད་ཡོངས་གྲོལ་གྱིས༔ ཁྱབ་བརྡལ་བློ་འདས་ངང་ཉིད་ལས༔ ཡི་གེ་བརྒྱ་པ་བརྒྱ་ཕྲག་དགུ༔ ལས་སྦྱོར་བཏགས་པ་བརྒྱ་ཕྲག་གཅིག༔ རྣལ་འབྱོར་ལྔ་གསུམ་བདུན་གྱིས་འདོན༔ གཙོ་བོར་བསྙེན་སྒྲུབ་ཐེམས་གལ་ཆེ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ སྒྲིབ་གཉིས་བག་ཆགས་བཅས་པ་རྣམས༔ མཐོལ་བཤགས་སྙམ་པའི་འདུན་པ་ཡིས༔ ལྟ་བའི་ཀློང་བཤགས་རཱུ་ཏྲའི་སྨྲེ་བཤགས་འདོན༔ རྗེས་སུ་བསྔོ་སྨོན་འདི་ལྟར་གདབ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ལྷག་པའི་ལྷ་མཆོག་འགྲོ་བའི་སྐྱབས༔ ཐུགས་རྗེའི་འོད་ཟེར་མཁའ་དབྱིངས་ཁྱབ༔ མཛད་པའི་ཕྲིན་ལས་ཉི་མ་ཤར༔ སྒྲིབ་གཉིས་བག་ཆགས་དབྱིངས་སུ་སྦྱངས༔ སྔགས་དང་ཏིང་འཛིན་རྟེན་འབྲེལ་རྫས༔ ལྷག་པའི་ལྷ་ཡི་ཐུགས་རྗེ་དང་༔ རྣལ་འབྱོར་བདག་གི་སེམས་བསྐྱེད་མཐུས༔ འོད་ཀྱིས་ཁྱབ་པའི་འགྲོ་བ་རྣམས༔ ཆོས་དབྱིངས་རྣམ་དག་ཕོ་བྲང་དུ༔ ཆོས་སྐུའི་སངས་རྒྱས་འཐོབ་པར་ཤོག༔ ངེས་པ་ལྔ་ལྡན་ཞིང་རྣམས་སུ༔ ལོངས་སྤྱོད་རྫོགས་སྐུར་ལྷུན་གྱིས་གྲུབ༔ མ་དག་འགྲོ་བའི་ཞིང་རྣམས་སུ༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཤོག༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ སྤྲུལ་པ་ཉི་མའི་ཟེར་བཞིན་གྱི༔ གང་ལ་གང་འདུལ་སྣ་ཚོགས་པས༔ འགྲོ་དྲུག་འཁོར་བ་དོང་སྤྲུག་ཤོག༔ ཅེས་མང་དུ་བརྗོད༔ དབྱངས་གསལ་བྱེད་དང་ཡེདྷརྨ་སོགས་འདོན༔ ཤིས་པ་བརྗོད༔ མེ་ཏོག་འཐོར༔ རྒྱལ་མཚན་མེ་ལོང་དང་བཅས་པ་ལྷར་གསལ་མཆོད་བསྟོད་འབུལ༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་བསྡུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཁྱད་པར་འཕགས་པའི་མན་ངག་འདི༔ ཡིད་བཞིན་ནོར་བུ་ལས་ཀྱང་ལྷག༔ ལྷ་མཆོག་རྡོ་རྗེ་སེམས་དཔའ་ལ༔ ལུང་ཞུས་མ་འོངས་འགྲོ་བའི་དོན༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

རྡོར་སེམས་་ལས་མཐའ་འགྲོ་དོན་ཟླ་བ་མཐོང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་འགྲོ་དོན་ཟླ་བ་མཐོང་གྲོལ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དུས་ཀྱི་ཐ་མ་རྩོད་ལྡན་ལ༔ ཆོས་ལ་མི་སྤྱོད་སྡིག་བཞིན་བསྒྲུབ༔ འབྲས་བུ་དམྱལ་ཁམས་སྡུག་རེ་བསྔལ༔ མི་ཚེ་ཡུད་ཙམ་སྐད་ཅིག་ལ༔ རྟག་འཛིན་འདི་ཕྱི་བརྗེ་རྣམས་འགྱོད༔ དེ་ཚེ་སྐྱེ་འགྲོ་ཐམས་ཅད་ནི༔ སྐྱབས་མེད་ངན་སོང་གླིང་གསུམ་འཁྱམས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ བྱ་སླ་དོན་ཆེ་ཚེགས་ཆུང་བའི༔ མཐོང་གྲོལ་ཟླ་བའི་འགྲོ་དོན་འདི༔ པདྨས་ཕྱི་རབས་དོན་དུ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཟླ་བ་མཐོང་གྲོལ་གྱི་འགྲོ་དོན་ལ་འཇུག་པར་འདོད་པའི་རྣལ་འབྱོར་པས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་ཉམས་སུ་བླང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་དུ་འགྲོ་བའི་རིམ་པ་ནི༔ སྐྱབས་སེམས་སྔོན་ཏུ་བཏང་ནས་ཁྲུས་བྱས་བདེ་བའི་གདན་ལ་འདུག་སྟེ༔ རབ་ཤེལ་འབྲིང་དངུལ་ཐ་ནའང་འོད་པོ་ཆེའི་མེ་ལོང་ལག་མཐིལ་ལྟར་སྙོམས་ཤིང་ཚད་དང་ལྡན་པ་ཞིག་ལ༔ ག་པུར་གྱིས་སྦྱངས་པའི་ཆུ་ནང་དུ་ཤེལ་ཀ་ར་ཚྭ་ཚོད་དང་༔ དུང་གི་ཕྱེ་མ་སྡོར་ཚོད་བཏབ་སྟེ༔ ལེགས་པར་བསྲུབས་པའི་ཁུ་བས་དཔལ་རྡོ་རྗེ་སེམས་དཔའ་སྒྲུབ་གཞུང་དང་མཐུན་པར་བྲི༔ སྐུའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའི་གཟུངས་སྔགས་དང་འདོད་གསོལ་འདི་ལྟར་བྲི་བར་བྱ༔ ཨེ་མ་ཧོ༔ ཐུགས་རྗེའི་རང་བཞིན་འགྲོ་བའི་དཔལ༔ སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས༔ བཅོ་ལྔའི་ཉ་རྒྱས་ཐུགས་རྗེའི་ཞལ༔ འོད་ཀྱིས་ཁྱབ་པའི་འགྲོ་བ་རྣམས༔ ངན་སོང་གསུམ་གྱི་སྒོ་ཁེགས་ནས༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ འགྲོ་བ་མ་ལུས་སྐྱེ་བར་ཤོག༔ ཅེས་བྲི་ལྷག་ཆད་མེད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ དམིགས་པའི་གབ་ཏིག་སྒྲུབ་གཞུང་བསྟུན༔ མེ་ལོང་དར་དཀའ་དྲིལ་བྱས་ནས༔ བུམ་པའི་སྟེང་བཞག་བསྙེན་ཚད་བསྐྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་ལས་སྦྱོར་ནི༔ ཆོ་འཕྲུལ་ཆེན་པོའི་བཅོ་ལྔ་ལ༔ མེ་ལོང་རྒྱལ་མཚན་རྩེ་ལ་གདགས༔ ཤར་ཕྱོགས་ནམ་མཁར་ཕྱག་འཚལ་ཏེ༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ བཅོ་ལྔའི་ཉ་རྒྱས་མེ་ལོང་དང་༔ རྣལ་འབྱོར་རང་དང་བཅས་པ་རྣམས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ སྒྲུབ་པའི་གཞུང་དང་མཐུན་པར་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་འཛབ༔ གཞུང་བཞིན་ཉམས་སུ་བླང་བར་བྱ༔ ཉ་རྒྱས་ཟླ་བའི་འོད་དང་ཟེར༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས༔ གཉིས་མེད་འཕྲོས་པས་འགྲོ་ལ་ཕོག༔ སྒྲིབ་གཉིས་བག་ཆགས་བཅས་པ་དག༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ རིགས་བདག་རྡོ་རྗེ་སེམས་དཔའ་དང་༔ གཉིས་མེད་འབྲས་བུ་ཐོབ་པར་བསམས༔ ཆོས་ཉིད་ཀ་དག་ཀློང་ཡངས་ངང་༔ གྲག་སྟོང་སྐྱེ་མེད་སྔགས་སྒྲ་ལྡིར༔ ཡི་གེ་བརྒྱ་པ་བརྒྱ་ཕྲག་བདུན༔ ལས་སྦྱོར་བཏགས་པ་བརྒྱ་ཕྲག་གཅིག༔ རྣལ་འབྱོར་སེམས་བསྐྱེད་ལྡན་པ་ཡིས༔ བཅོ་ལྔའི་ཟླ་བ་ཤར་ནུབ་བར༔ བསྙེན་སྒྲུབ་ཐེམས་པས་ལས་ལ་སྦྱོར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ལས་ཀྱི་ས་བོན་རྣམས༔ དག་པར་གྱུར་ཅིག་སྙམས་པ་ཡི༔ ངང་ནས་བསྔོ་སྨོན་འདི་ལྟར་བརྗོད༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས༔ ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལ༔ ཐུགས་རྗེའི་འོད་ཟེར་ཁམས་གསུམ་ཁྱབ༔ མ་དག་སེམས་ཅན་ལས་སྒྲིབ་སྦྱངས༔ ཏིང་འཛིན་སྔགས་དང་ཐུགས་རྗེའི་འཕྲུལ༔ བྱིན་རླབས་གཅིག་ཏུ་བསྡུས་པ་ཡི༔ བདེ་ཆེན་དག་པའི་ཞིང་ཁམས་སུ༔ རིགས་བདག་རྡོ་རྗེ་སེམས་དཔའ་དང་༔ གཉིས་སུ་མེད་པར་སངས་རྒྱས་ཤོག༔ ཅེས་བརྗོད་ལྟ་བའི་ཀློང་བཤགས་དང་༔ རཱུ་ཏྲའི་སྨྲེ་བཤགས་འདོན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་གཤེགས་བསྐྱེད་རིམ་བསྡུ༔ འཁོར་ལོ་རྒྱལ་མཚན་སྒྲུབ་ཁང་དུ་བཅང་ཞིང་༔ ལོ་གསུམ་ཆག་མེད་དུ་ཉི་ཟླ་མཐོང་གྲོལ་གྱི་འགྲོ་དོན་འདི་བཞིན་འགྲུབ་ན༔ འོད་ཀྱིས་ཕོག་པའི་འགྲོ་བ་རྣམས༔ མངོན་པར་དགའ་དང་བདེ་བ་ཅན༔ ལས་རབ་རྫོགས་དང་དཔལ་དང་ལྡན༔ སྟུག་པོ་བཀོད་སོགས་ཞིང་ལྔ་པོར༔ རིམ་གྱིས་སམ་ནི་ཅིག་ཅར་གྱི༔ དག་དང་མ་དག་སྣ་ཚོགས་ཀྱི༔ འགྲོ་བ་གང་དང་གང་ཡིན་ཀྱང་༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྐྱེ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རྡོར་སེམས་ལས་མཐའ་འགྲོ་དོན་ཆུ་བོ་མྱོང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོ་རྗེ་སེམས་དཔའི་ལས་མཐའ་འགྲོ་དོན་ཆུ་བོ་མྱོང་གྲོལ་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དུས་ཀྱི་སྙིགས་མ་རྩོད་ལྡན་དུས༔ མི་རྣམས་ཚེ་ཐུང་ནད་མང་ཞིང་༔ གློ་བུར་རྐྱེན་དང་བར་ཆད་མང་༔ ལར་ནི་ཆོས་བྱེད་ཉིན་སྐར་ཙམ༔ ཆོས་བྱེད་བསམས་ཀྱང་འགྲུབ་པར་དཀའ༔ དེ་དུས་འགྲོ་བ་སེམས་ཅན་རྣམས༔ མ་འབད་བཞིན་དུ་གྲོལ་བའི་ཐབས༔ ཁོ་བོ་རིག་འཛིན་པདྨས་བྲི༔ མ་འོངས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆུ་བོ་མྱོང་གྲོལ་ལས་སྦྱོར་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ རྣལ་འབྱོར་སེམས་བསྐྱེད་ལྡན་པ་ཡིས༔ སྐྱབས་སེམས་སྔོན་དུ་བཏང་བྱས་ནས༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ རྡོ་བ་མཛེས་འཇམ་མཁྲེགས་པའི་ངོས༔ སྟོན་པ་བཅོམ་ལྡན་རྡོ་རྗེ་སེམས༔ སྒྲུབ་པའི་གཞུང་དང་མཐུན་པ་ལ༔ ཞབས་གཉིས་པད་ཟླར་བཞེངས་བཞུགས་བྲི༔ ཡི་གེ་བརྒྱ་བའི་གཟུངས་དང་ནི༔ འདོད་གསོལ་འདི་ལྟར་བྲི་བར་བྱ༔ ཧཱུྃ་ཧྲཱི༔ བདེ་གཤེགས་ཀུན་འདུས་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་དབང་ཕྱུག་རྡོ་རྗེ་སེམས༔ འོད་ཀྱི་ཀློང་ནས་ཡེ་ཤེས་སྐུ༔ སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན༔ ཆད་མེད་མྱུར་དུ་འགྲོ་ལ་སྩོལ༔ སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱོངས༔ སྡིག་པར་གྱུར་དང་སྒྲིབ་པའི་ལས༔ ཐམས་ཅད་མ་ལུས་དག་པར་ཤོག༔ ལྷག་ཆད་མེད་པར་བྲིས་ནས་ཀྱང་༔ འབུར་དུ་དོད་པར་གཟོང་གིས་བརྐོ༔ དྲི་བཟང་སྨན་དང་ཚོན་གྱིས་བྱུག༔ ཆུ་ཡིས་མི་འཇིགས་ལ་རྩི་སྦྱོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་སྒྲུབ་པའི་ལས་གཞུང་ལྟར༔ འཁོར་ལོ་དྲི་མེད་དར་གྱིས་བཀབ༔ དཀྱིལ་འཁོར་དབུས་སུ་བཞག་སྟེ་བསྒྲུབ༔ དམིགས་པའི་གབ་ཏིག་ལག་ལེན་རྣམས༔ གཞུང་མཐུན་བཞིན་དུ་བསྒྲུབ་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་སྦྱོར་རིམ་པ་ནི༔ ཆུ་བོ་ཆེའམ་ཆུང་བ་དང་༔ ལུ་མ་དང་ནི་ལྟེང་ཀའམ༔ ཁྲུས་ཀྱི་རྫིང་བུ་གང་ཡང་རུང་༔ ཆུ་མིག་དབུས་སུ་རྡོ་སྒྲོམ་བཟོ༔ དེ་ནང་འཕགས་པ་བཞུགས་གསོལ་ཏེ༔ འབབ་ཆུས་སྐུ་ལུས་ཁྱབ་པར་བྱ༔ དཔྱིད་ཟླ་ར་བའི་ཚེས་གཅིག་ཉིན༔ ཡན་ལག་ལྔ་ལ་ཁྲུས་ཀྱང་རྒྱབ༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ཤར་ཕྱོགས་ནམ་མཁར་ཕྱག་ཀྱང་འཚལ༔ སེམས་བསྐྱེད་ངང་ནས་འདི་ལྟར་བསྒོམ༔ བདག་དང་མདུན་བསྐྱེད་བཅོམ་ལྡན་འདས༔ ཆུ་བོ་ཆེ་དང་བཅས་པ་གསུམ༔ དབྱེར་མེད་ཐ་མི་དད་པ་ལ༔ སྟོན་པ་རྡོ་རྗེ་སེམས་དཔའི་སྐུ༔ སྒྲུབ་པའི་གཞུང་དང་མཐུན་པར་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་འཛབ༔ གཞུང་དང་མཐུན་པར་བསྒྲུབ་པར་བྱ༔ སྔགས་འཁོར་ཏིང་འཛིན་དམིགས་པའི་མཐུས༔ འོད་ཟེར་ཐུགས་རྗེ་བདུད་རྩིའི་ཆུ༔ དབྱེར་མེད་འབབས་པའི་བྱིན་རླབས་ཀྱིས༔ འགྲོ་བའི་ལས་སྒྲིབ་དག་པར་བསམ༔ ཡི་གེ་བརྒྱ་པ་བརྒྱ་ཕྲག་བདུན༔ ལས་སྦྱོར་བཏགས་པ་བརྒྱ་ཕྲག་གཅིག༔ རྣལ་འབྱོར་བསྙེན་སྒྲུབ་ཐེམས་པས་བགྲང་༔ འགྲོ་དོན་སྨོན་ལམ་འདིལྟར་གདབ༔ ཧཱུྃ་ཧྲཱི༔ འགྲོ་བའི་མགོན་པོ་བཅོམ་ལྡན་འདས༔ སྟོན་པ་བླ་མེད་རྡོ་རྗེ་སེམས༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོ་ཧེ་རུ་ཀ༔ ཐུགས་རྗེའི་འོད་དུ་ཡ་ལ་ལ༔ བདུད་རྩི་ཆུ་དང་གཉིས་མེད་འདྲེས༔ མྱོང་དང་བཀྲུས་དང་བསྒྲལ་བ་སོགས༔ འགྲོ་བ་གང་དང་ཇི་སྙེད་རྣམས༔ གྲོལ་ནས་སངས་རྒྱས་ཐོབ་པར་ཤོག༔ ཅེས་སྨོན་ལམ་ཅི་མང་བརྗོད་དོ༔ སྐུ་དེ་ཡེ་ཤེས་སེམས་དཔའ་དང་༔ གཉིས་མེད་རྟག་པར་རྒྱུན་བཞུགས་ནས༔ འགྲོ་རྣམས་སྒྲོལ་བར་གྱུར་ཅིག་པའི༔ སེམས་བསྐྱེད་ངང་ནས་རབ་གནས་དང་༔ ཤིས་པ་བརྗོད་ཅིང་བརྟན་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་དུས་གསུམ་གསང་བ་འཛིན༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ པདྨ་འབྱུང་གནས་བདག་གིས་ཞུས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ ཏེ་སེའི་གངས་ལ་གཏེར་དུ་སྦས༔ རྩོད་ལྡན་དུས་ཀྱི་ཡང་མཐའ་ལ༔ འགྲོ་བ་སྡུག་བསྔལ་ལས་སྤྱོད་ཚེ༔ ང་སྤྲུལ་སྐྱེས་བུ་ཁམས་ནས་ཡོང་༔ ལན་གཅིག་དེ་ཡིས་འདི་རྙེད་ནས༔ སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཁམས་ཞིག་མདོ་མེད་སྨྱོན་པ་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་པའོ༔ ཁོ་བོ་སྤྲང་བན་འགྲོ་འདུལ་གླིང་། །སྔོན་ལས་དབང་གིས་ས་མཐར་ཁྱམས། །ཏེ་སེའི་གངས་ནས་ཟབ་གཏེར་རྙེད། །སྐལ་པ་མི་ངན་སྐལ་པ་བཟང་། །ཧ་ཧ། མངྒ་ལཾ།། །།

རྡོར་སེམས་ལས་མཐའ་རོ་སྲེག་ཆོ་ག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྡོར་སེམས་ལས་མཐའ་རོ་སྲེག་ཆོ་ག་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་ཡང་མཐའ་འགྲོ་བ་ཉོན་མོངས་རགས༔ ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་ཕྱིར༔ རོ་སྲེག་ཆོ་ག་པདྨ་བདག་གིས་འབྲི༔ ཕྱི་རབས་འགྲོ་བ་རྣམས་ལ་ཕན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྲེག་སྦྱང་ཆོ་གའི་རིམ་པ་འདི༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱིས་སྟོན༔ དང་པོ་སྔོན་དུ་འགྲོ་བའི་རིམ་པ་ནི༔ ས་རྒོད་རི་རྒོད་ཀླུ་གཉན་གཞི་བདག་སོགས༔ ལྷ་འདྲེ་གདུག་རྩུབ་ཀོ་ལོང་རགས་པའི་སར༔ སྲེག་སྦྱང་རོ་ཡི་ཆོ་ག་སྤང་བར་བྱ༔ ས་གཞི་དུལ་དང་གནས་གཞི་གྲོང་བརྡལ་ཁྲོད༔ གཉུག་མར་གནས་པ་དཀར་ཕྱོགས་ཅན་གྱི་སར༔ ས་ཡི་ཆོ་ག་བརྟག་སྦྱང་ལེགས་པར་བསྒྲུབ༔ འདོམ་གང་གྲུ་བཞི་དཀྱིལ་འཁོར་གཞུང་ལྟར་འབྲི༔ བུམ་པ་སྨན་རཀ་གཏོར་མ་སྟ་གོན་འགོད༔ དཀྱིལ་འཁོར་ཟུར་བཞིར་རྐང་སྟེགས་ཁྲུ་རེ་བཟོ༔ དེ་ལ་གདུང་བྲིས་གཡམ་པས་དྲ་ཕྱམ་བྱ༔ ཐོག་ཕུབ་རབ་ཏུ་མཁྲེགས་པར་བཟོས་པའི་སྟེང་༔ དེ་ཡི་དབུས་སུ་སྲེག་ཁང་ཕ་གུ་བརྩེགས༔ ནང་ཁོག་ཟླུམ་པོ་དབུས་ནི་གྲུ་གསུམ་བཅད༔ དབྱིབས་ནི་མཆོད་རྟེན་དག་གི་རྣམ་པར་བྱ༔ གྲུ་གསུམ་ནང་དུ་ཙན་དན་རྒྱ་ཤུག་ཤིང་༔ ཕྱི་མ་འདོམ་རེ་བར་མ་མདའ་རེ་ལ༔ ནང་མ་ཁྲུ་རེ་རབ་ཏུ་བརྩེགས་མཁས་བྱ༔ བདུན་ཚིགས་གནས་འདྲེན་ཚུལ་བཞིན་བྱས་ནས་ཀྱང་༔ དབང་བསྐུར་འདོད་ཡོན་བསྔོ་ཞིང་ལམ་སྟོན་ནོ༔ གཉིས་པ་དངོས་གཞིའི་སྲེག་སྦྱང་རིམ་པ་ནི༔ ཕུང་པོ་ཁྲུས་ཀྱིས་བཀྲུ་ཞིང་དྲི་བཟང་བྱུག༔ གནས་ཡིག་བྱིན་རླབས་བརྗོད་ཅིང་རྒྱས་གདབ་བོ༔ བཏགས་གྲོལ་འཁོར་ལོ་ཡིག་བརྒྱ་སྙིང་གར་གདགས༔ བླ་མ་མཆེད་ལྕམ་གང་ཟག་རོ་ཡིན་ན༔ ཆེད་དུ་དྲི་བཟང་སྨན་སྤོས་ཆེས་ཆེར་བྱུག༔ གུ་གུལ་བདུག་ཅིང་གཤེད་དབྲལ་རྣམ་ཤེས་དགུག༔ རས་དཀར་དྲི་མེད་མར་ཁུར་དྲངས་པས་དྲིལ༔ སྲེག་ཁང་དབུས་སུ་འཕོངས་དང་རྐང་པ་གཉིས༔ བརྟན་པར་བཞག་ཅིང་མདུན་དུ་ཅུང་ཟད་བཀུག༔ མེ་སྒོ་སྲེག་རྫས་དབུལ་བའི་བུ་ག་དང་༔ ཕྱོགས་ཕྱོགས་རླུང་གི་གསེང་རྣམས་བཞག་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་པུར་ཁང་མདུན་ཕྱོགས་སུ༔ ཕྱི་ནང་མཆོད་པ་ཚོགས་ཀྱི་འཁོར་ལོ་སོགས༔ སྲེག་རྫས་ལ་སོགས་གཞུང་དང་མཐུན་པར་བསགས༔ པུར་ཁང་དེ་ལ་ས་ཚོན་བཞི་ཡིས་བྱུག༔ བླ་མ་མཆེད་ལྕམ་གང་ཟག་ཁྱད་པར་ཅན༔ མཆོད་འོས་བསྟོད་འོས་དག་གི་གདུང་ཡིན་ན༔ པུར་ཁང་དེ་ལ་གདུགས་དང་བ་དན་དང་༔ འཕན་དང་རྒྱལ་མཚན་དག་གིས་མཛེས་པར་བྱ༔ ལས་བྱང་གཞུང་བསྲང་ཚོགས་ཀྱི་འཁོར་ལོ་བསྐོར༔ རང་ཉིད་རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ ཞལ་ནས་ཡི་གེ་བརྒྱ་པའི་གཟུངས་བཟླས་པས༔ འོད་ཀྱི་ཕྲེང་བ་གཟུངས་སྔགས་ཕུང་པོར་འཕྲོས༔ ཕུང་པོའི་གནས་ཡིག་ཐུགས་ཀའི་བཏགས་གྲོལ་ལས༔ སྔགས་འབྲུ་རང་གྲགས་འོད་ཀྱིས་འཁོར་འདས་ཁྱབ༔ འགྲོ་དྲུག་སེམས་ཅན་ལས་ཀྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་མཐུ་སྟོབས་བསྡུས༔ ཡེ་ཤེས་ལྔ་ཡི་རང་བཞིན་མེ་རུ་འབར༔ ཚེ་ལས་འདས་པས་འཁོར་བ་ཐོག་མེད་ནས༔ བསགས་པའི་སྒྲིབ་གཉིས་བག་ཆགས་བཅས་པ་རྣམས༔ རབ་ཏུ་བསྲེགས་ཤིང་རྣམ་པར་སྦྱང་བ་ཡི༔ མ་ཡེངས་ཏིང་འཛིན་ངང་ནས་རིགས་ལྔ་ཡི༔ ཡིག་བརྒྱའི་གཟུངས་སྔགས་བརྒྱ་སྟོང་ཁྲི་འབུམ་སོགས༔ སྐབས་དང་སྦྱར་བར་བཟླ་ཞིང་མཆོད་པས་མཆོད༔ བསྟོད་པའི་གོང་དུ་ཁྲིམས་ལྡན་དགེ་སློང་ནས༔ མེ་བླངས་མེ་སྒོ་ནས་སྦར་འདི་སྐད་བརྗོད༔ ཧཱུྃ༔ རང་བྱུང་ཡེ་ཤེས་ལྔ་དང་ལྡན་པའི་མེས༔ མ་རིག་ཉོན་མོངས་བག་ཆགས་བུད་ཤིང་སྲེག༔ སྐུ་ལྔ་ཡེ་ཤེས་རྣམ་པ་ལྔར་སྨིན་ཏེ༔ སེམས་ཅན་རྣམ་རྟོག་ཆོས་སྐུར་གསལ་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ་སྭ་ཧཱ༔ སྲེག་རྫས་ཞུན་མར་ཡུངས་ཀར་ཏིལ་དང་ནི༔ འབྲུ་མར་སྨན་དང་དར་ཟབ་རིན་ཆེན་ལྔ༔ འབྲུ་ལྔ་སྤོས་ལྔ་དྲི་བཟང་ཅི་འཛོམ་རྣམས༔ བླུགས་གཟར་བདུན་རེ་སྔགས་སྤེལ་དགང་གཟར་བླུགས༔ རོ་ཡི་སྙིང་གར་རྡོར་སེམས་རིགས་ལྔ་བསྐྱེད༔ བསྲེག་ཁང་མཆོད་པའི་བུག་པ་ནང་ནས་དབུལ༔ ཨཱོཾ་ཨགྣཱེ་ཡེ་སརྦ་པཱ་པཾ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་སརྦ་ཀརྨ་ཨ་ཝ་ར་ན་བྷི་ཤུདྡྷེ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ བསྟོད་པས་བསྟོད་ཅིང་རོལ་མོ་རྣམས་ཀྱང་འཁྲོལ༔ ཞི་ཁྲོ་བཀའ་བརྒྱད་གཞུང་གི་བསྐང་བཤགས་སམ༔ མར་མེའི་སྨོན་ལམ་ལ་སོགས་ཅི་མང་བརྗོད༔ གང་ཟག་ཁྱད་པར་ཅན་གྱི་རིགས་ཡིན་ན༔ ཕྱག་དང་སྐོར་བ་གསོལ་འདེབས་དད་གུས་བསྐྱེད༔ གདུང་སོགས་འབྱོན་པའི་རིགས་ལ་བསྲེག་མཁས་བྱ༔ སྐུ་གདུང་རིགས་ལྔ་འབྱོན་པའི་གང་ཟག་ལ༔ བར་གཅོད་དག་ནི་རྣམ་པ་གཉིས་ཡིན་ཏེ༔ མཁའ་འགྲོས་གདན་འདྲེན་ནག་པོའི་བར་ཆད་དོ༔ མཁའ་འགྲོའི་གདན་འདྲེན་བསྲུང་བར་བྱ་བའི་ཕྱིར༔ སྐུ་གསུང་ཐུགས་རྟེན་བྱིན་རླབས་ཁྱད་པར་ཅན༔ པུར་ཁང་ཁ་མ་ཕྱེ་བའི་བར་དུ་བཞག༔ ནག་ཕྱོགས་ཟ་འདྲེ་རྒྱལ་བསེན་སྒྲིབ་སྲིད་པས༔ སྡེ་བརྒྱད་སྒྲིབ་པའི་སྔགས་དམིགས་ཏིང་འཛིན་དང་༔ འཁོར་ལོ་ལ་སོགས་སྒྲིབ་ཤིང་དག་ལ་འབད༔ གསུམ་པ་རྗེས་ཀྱི་རིམ་པ་འདི་ལྟ་སྟེ༔ ཡེ་ཤེས་ལྷ་གཤེགས་དམ་ཚིག་རང་ལ་བསྡུ༔ ཆད་ཐོ་བསྟན་སྐྱོང་དལ་བསྡུ་བསྔོ་སྨོན་བྱ༔ འདི་ལྟར་བརྩམས་པས་གང་ཟག་རིགས་ཡིན་ན༔ ཐུགས་དགོངས་རྫོགས་ཤིང་ཡེ་ཤེས་མངོན་དུ་བྱེད༔ ཕལ་པ་མ་དག་འགྲོ་བ་གང་ཡིན་ཀྱང་༔ ལས་ཀྱི་བག་ཆགས་སྒྲིབ་པའི་ཚོགས་རྣམས་བྱང་༔ དེ་ཡི་ཕྱིར་ན་རིན་ཆེན་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་འགྲོ་བའི་དོན་བྱེད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའ་ིརྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །། ༄༅། །རྡོ་རྗེ་སེམས་དཔའི་དབང་བཤད་བཞུགས། ཉན་པ་བསྐུལ་ནས། ད་ལམ་ཁྱེད་རྣམས་ལ་ལྷག་པའི་ལྷ་མཆོག་སྟོན་པ་རྡོ་རྗེ་སེམས་དཔའི་དབང་བསྐུར་པའི་ཐོག་མར་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་འཁོར་འདས་ཀུན་གྱི་བླ་མ་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ། ཆོས་དྲུག་གི་རང་རྩལ་རྫོགས་ནས་སངས་རྒྱས་པའི་ཚེ། ཡེ་ཤེས་ལྔའི་རང་མདངས་ཀྱི་འཆར་སྒོ་མ་འགགས་པ་ལས། སྐུ་ལྔའི་སྟོན་པ་རང་རང་གི་རིགས་ལྔར་ཤར་བ་ཐབས་ཀྱི་ཡབ་དང་། སྟོང་པ་ཤེས་རབ་ཀྱི་ཡུམ་ཟུང་འཇུག་དཀྱིལ་འཁོར་གྱི་སྐུར་གསལ་བ་རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གཅིག་ཏུ་གསུངས་པའི་ནང་ནས། ད་ལམ་གསང་ཆེན་རིགས་གཅིག་ཞེས་རྒྱལ་བ་རྒྱ་མཚོ་དེ་ཐམས་ཅད་མངའ་དབང་གཅིག་ཏུ་འདུས་པའི་བདག་ཉིད་སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་ཉིད་ལ་ཡང་སྐུ་གསུམ་སྟེ། ཐོག་མའི་མགོན་པོ་ཆེན་པོའི་ཞེ་སྡང་རྣམ་པར་དག་པའི་རང་མདངས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ལས་རང་གསལ་བ་དེ་ནི་དབྱིངས་ལོངས་སྐུའམ་ཆོས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྒྱལ་བ་དེ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཕྱོགས་མངོན་པར་དགའ་བ་ཞེས་ཤེལ་ལས་གྲུབ་པའི་ཞིང་གི་དབུས་སུ་རིན་པོ་ཆེ་ཤེལ་གྱི་གཞལ་ཡས་ཁང་གིས་བརྒྱན་པ་ལ། ཆོས་ཀྱི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེས་ཡོངས་སུ་ཁྱབ་པར་བྲེས་པ་ན། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་རིགས་ཀྱི་འཁོར་བྱེ་བ་འབུམ་ཚོ་མང་པོ་རང་རང་གི་རིགས་ལྔའི་ཚོམ་བུ་མང་པོས་བསྐོར་ཞིང་བཞུགས་པ་འདི་ནི། རང་བཞིན་རྡོ་རྗེ་སེམས་དཔའམ་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེའི་རང་མདངས་སམ་བྱིན་རླབས་ཀྱི་རོལ་པ་ལས་རི་རབ་ཆེན་པོའི་བང་རིམ་གསུམ་པའི་བྱང་ཤར་གྱི་ནམ་མཁའ་ལ་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་བཞུགས་པ་འདི་ནི་སྟོན་པ་རྡོ་རྗེ་སེམས་དཔའམ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་སྐུ་གསུམ་འདུས་པའི་བདག་ཉིད་སྒྲུབ་པ་དབང་དང་བཅས་པའི་གདམས་པ་འདིའི་ལུང་བྱང་ཡང་། ཇི་སྐད་དུ། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སྔོན་སྦྱངས་ལས་འཕྲོ་ཆོས་ལ་སྤྱད༔ ད་ལྟ་དུས་གསུམ་སངས་རྒྱས་ཀུན༔ གྲོགས་པོར་བསྟེན་ཞིང་གླེང་མོ་བྱེད༔ ཁྱད་པར་རིགས་བདག་རྡོ་རྗེ་སེམས༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ ཐུགས་བསྐྱེད་སྨོན་ལམ་གཅིག་པའི་མཐུས༔ རྡོར་སེམས་གསང་སྒྲུབ་པདྨས་བཀོད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ཅེས་པ་ལྟར་ཕྱོགས་རེ་བའི་གང་ཟག་དག་གིས་བཀའ་ལ་རས་གཅོད་དང་གཟུ་ལུམ་དུ་བྱས་པའི་དྲི་མ་བྲལ་བར་སྐྱོན་དག་ཡོན་ཏན་རྫོགས་པའི་གུ་རུ་རིན་པོ་ཆེས་རྒྱུད་ལ་བརྟེན་པའི་བསྒྲུབ་ཐབས་འདི་མཛད་ནས། འགྲོ་དོན་དུས་བབས་ཀྱི་བར་དུ་མཁའ་འགྲོའི་གསང་མཛོད་དུ་བཀའ་རྒྱས་བཏབ་ཅིང་ཕྱི་མར་གྱུར་པ་ན་གསང་བའི་རྒྱ་འཁྲོལ་བའི་ལུང་ཡང་། ཇི་སྐད་དུ། མ་འོངས་རྩོད་ལྡན་བཞི་བཅུའི་ཡང་མཐའ་ལ༔ སུམ་ཅུ་ཁ་རལ་སྐྱེ་འགྲོར་བདེ་བ་མེད༔ སྟེང་འོག་བར་གསུམ་ལྷ་མིན་ལྟར་དུ་འཁྲུག༔ མཐའ་མི་བོད་ལྷུད་བོད་མི་མཐའ་ལ་འབྲོས༔ བཙན་རྫོང་བརྩེགས་པ་རང་གི་བཙོན་ཁང་འགྱུར༔ སེར་སྣས་བསགས་པའི་ནོར་རྫས་དགྲ་ཡིས་སྤྱོད༔ དགེ་བཤེས་མཁན་པོ་ཆོས་རྗེ་ཞབས་དྲུང་ཟེར༔ མི་དགེ་བཅུར་སྤྱོད་དགེ་བཅུའི་བཤད་པ་རྒྱག༔ སོ་ནམ་དམག་དང་ལས་སུ་གསོད་གཅོད་བརྩོན༔ བསྟན་འཛིན་ཡིན་ཞེས་བསྟན་པ་ཐབས་ཀྱིས་བསྣུབས༔ ཆོས་མཛད་དགེ་སློང་དགེ་ཚུལ་དགེ་བསྙེན་ཟེར༔ སྡེ་དགོན་ཚོང་དུས་ཐམས་ཅད་བཙུན་པས་འགེངས༔ པཎྜི་ཏ་དང་རབ་འབྱམས་དཀའ་བཅུའི་མིང་༔ མང་ཇས་ཉོ་ཞིང་གྲུབ་མཐའ་སུ་མཁས་ཆེ༔ སྐྱེ་བོ་མནའ་མེད་སྒོམ་ཆེན་བན་བཙུན་རྣམས༔ སྲོག་ལས་དམར་གཡོས་མནར་མེད་རང་གིས་བསྒྲུབ༔ མི་ལུས་ལན་གཅིག་རྙེད་པའི་འབྲས་བུ་ལ༔ མནར་མེད་ངན་སོང་བསྒྲུབ་པ་ཡ་རེ་ཆ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས་དེ་ལྟ་བུའི་ཚེ་འགྲོ་བ་འདྲེན་པའི་གུ་རུའི་རྒྱལ་ཚབ་སྤྲུལ་སྐུའི་ལུང་བྱང་ཡང་། ཇི་སྐད་དུ། དེ་དུས་ཆོས་འཁོར་གཉན་པོའི་ཤར་གྱི་ཕྱོགས༔ མདོ་ཁམས་གླིང་ནས་ང་ཡི་སྤྲུལ་པ་འབྱུང་༔ ཏེ་སེའི་གནས་ནས་ཟབ་མོའི་གཏེར་འདི་འདོན༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་རུ༔ ང་སྤྲུལ་བུ་དེས་སྒྲུབ་པ་འདི་བྱས་ན༔ འཛམ་གླིང་སྐྱེ་འགྲོ་ལན་གཅིག་ངན་སོང་ཁེགས༔ བོད་ཡུལ་མངའ་རིས་དབུས་དང་ཁམས་གསུམ་དུ༔ སྒྲུབ་པ་འདི་ཉིད་ལན་གསུམ་སྒྲུབས་ཤིག་བུ༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་༔ རིག་འཛིན་པདྨ་ང་ཡི་སེམས་བསྐྱེད་དང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱི་སྨོན་ལམ་གྱིས༔ རྩོད་ལྡན་འགྲོ་བའི་སྒྲིབ་གཉིས་འདག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ནས་མཁའ་འགྲོའི་གསང་མཛོད་དུ་སྦས་པ་གུ་རུ་རིན་པོ་ཆེའི་ལུང་བསྟན་དུས་བབས་ལྟར་རིག་འཛིན་ཉི་མ་གྲགས་པས་ཤིང་མོ་ཡོས་ལ་གདན་དྲངས་ཤིང་༔ ས་ཕོ་རྟ་ལོ་ལ་ཤོག་སེར་ལས་བསྒྱུར་བའི་གདམས་པ་ཟབ་མོ་བདག་གིས་ལེགས་པར་ཐོབ་པའི་དབང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་སོགས་གཞུང་ལྟར་བགྱི། །མངྒ་ལཾ།། །། ༄༅། །རྡོར་སེམས་བརྒྱུད་འདེབས་ཐུགས་རྗེའི་གྲུ་ཆེན་ཞེས་བྱ་བ་བཞུགས། ཁྱབ་བདག་དཔལ་ལྡན་ཀུན་བཟང་རྡོ་རྗེ་སེམས། །པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་དང་། །ལོ་ཆེན་ཀླུ་དབང་འགྲོ་འདུལ་གླིང་པ་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །རིག་པ་འཛིན་པ་བསོད་ནམས་བསྟན་འཛིན་དང་། །མཚུངས་མེད་དྲིན་ཅན་པདྨ་བཞད་པའི་སྡེ། །གང་གིས་རྗེས་བཟུང་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །ཐེག་མཆོག་ལམ་ཞུགས་དབང་བརྟུལ་ནོངས་པའི་ལས། །ཉམས་ཆག་རྟོག་སྒྲིབ་གྱུར་པ་སྦྱངས་པའི་ཐབས། །གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་ཡིས། །རང་གཞན་མཁའ་མཉམ་འགྲོ་སྒྲིབ་ཡོངས་དག་ཤོག །མ་དག་སྣོད་བཅུད་སྦྱང་བྱའི་སྒྲིབ་གཉིས་ཚོགས། །སྦྱོང་བྱེད་སྐུ་ལྔ་ཡིག་བརྒྱ་རིགས་ལྔའི་སྒྲ། །ལྷ་སྔགས་བདེ་ཆེན་ཐུགས་རྗེའི་བྱིན་རླབས་ཀྱིས། །དུག་ལྔ་ཡེ་ཤེས་ལྔ་རུ་སྨིན་པར་ཤོག །རང་སེམས་དག་པའི་འོག་མིན་ཞིང་ཁམས་སུ། །རང་རིག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །ཡེ་ཤེས་འོད་ལྔ་ཀུན་ནས་འཁྲིགས་པའི་དབུས། །རྟག་ཏུ་བཞུགས་པའི་ཞལ་མཇལ་གྲོལ་བར་ཤོག །ཅེས་བླ་མ་རྡོ་རྗེ་སེམས་དཔའི་བརྒྱུད་འདེབས་འདི་ནི་པདྨ་ཐེག་མཆོག་བསྟན་པའི་རྒྱན་མཚན་གྱིས་སྦྱར་བའོ།། །། ཨཱོཾ་སྭ་བྷ་ཝ༴སྟོང་པའི་ངང་ལས་བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ཁ་མཉམ་བཞག་དང་བཅས་པ་ཡབ་ཡུམ་གྱིས་ཕྱོགས་མཚམས་སུ་རིགས་ལྔའི་སངས་རྒྱས་དང་སྟེང་དུ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས། ཨཱོཾ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ་ཏིཥྛ་ལྷན། ཨརྒཾ་ནས་ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་སོགས་བསྟོད། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿཨ༔ འབུམ་ཕྲག་བཟླ། ཨོཾ་ཨ་བྷྱ་རྒྱ་ཏཾ་ཀེཾ། དཔལ་ལྡན་བླ་མ་དམ་པའི་ཐུགས་རྒྱུད་ལ་གནས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཟུངས་ཐག་བཟུང་སྟེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩི་བབ་པས་བུམ་པ་ཁེངས་པར་གྱུར། སྔགས་སྔར་བཞིན་བཟླ། ཧཱུྃ། ཡན་ལག་བརྒྱད་ལྡན་སོགས། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན༴དུང་ཞལ་ཕུལ། ཨཱ་ཨཱ༔ ཞེས་བརྗོད། ཡེ་ཤེས་པ་དབྱིངས་སུ་གཤེགས་དམ་ཚིག་པ་ཆུར་ཞུ་བར་གྱུར། བུམ་པ་སྤྱི་བོར་བཞག་ཏེ་བཀྲུ། ཨཱ༔ ལོ་གྲངས་བརྗོད། བུམ་པའི་ཆུ་དེ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་གྱུར་ཏེ་ཨཱ༔ དང་བཅས་པས་བཀྲུས་པས་དམྱལ་བར་སྐྱེ་བའི་ལས་དང་སྡིབ་སྒྲིབ་དག་པར་གྱུར། མགྲིན་པར་བྷྱ་ལོ་གྲངས། ཡི་དྭགས་སུ་སྐྱེ་བའི་ལས༴གསང་བར་རྒྱ་དགུ་བརྗོད། བྱོལ་སོང་དུ་སྐྱེ་བའི་ལས༴དཔྲལ་བར་ཏཾ་བཅུ་གཅིག་བརྗོད། ལྷར་སྐྱེ་བའི་ལས༴མཆན་གཡས་སུ་ཀེཾ་ཉི་ཤུ་བརྗོད། ལྷ་མིན་སྐྱེ་བའི་ལས༴སྙིང་ཀར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མང་པོ་བརྗོད། མིའི་གནས་སུ་སྐྱེ་བའི་ལས་དང་སྒྲིབ་པ་དག་པར་གྱུར། བསྔོ་སྨོན་བྱ།། །། ༄༅། །བླ་མ་རྡོ་རྗེ་སེམས་དཔའི་དབང་ཆོག་ཁྲིགས་སྡེབས་ཕན་བདེའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །རིགས་བརྒྱའི་དཀྱིལ་འཁོར་རྒྱ་མཚོ་མ་ལུས་པའི། །ཁྱབ་བདག་འཁོར་ལོའི་དབང་ཕྱུག་བདེ་བ་ཆེ། །གདོད་མའི་མགོན་པོ་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས། །གསང་ཆེན་རིགས་འདུས་རྡོ་རྗེ་སེམས་དཔའ་ཡི། །གདམས་པའི་སྒོ་ནས་སློབ་བུ་རྗེས་འཛིན་པའི། །སྨིན་བྱེད་དབང་ཆོག་དམ་པའི་ཞལ་ལུང་བཞིན། །འཁྲུལ་མེད་འཇུག་བདེའི་ཆོག་ཁྲིགས་འདིར་བྱའོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་ནི་ཁྲིགས་སུ་སྡེབས་ནས་བརྗོད་པར་བྱ་སྟེ། གཞུང་ལས། ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ སྨིན་བྱེད་སློབ་མ་གྲོལ་བའི་ཐབས༔ དབང་ཆོག་པདྨ་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི༔ བཀྲ་ཤིས་ཤིང་བྱིན་ཆགས་པའི་སར༔ སྟེགས་བུ་རྐྱང་ནུལ་ལེགས་པར་བྱས་པའི་ཁར་ཚང་ཐིག་གདབ༔ པདྨ་འདབ་བཞི་མཚམས་ལ་མཛེས་ཚོན་བྱ༔ མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱི་དྲྭ་བས་བསྐོར་བ་འབྲི༔ དབུས་དུ་མཉྫིའི་ཁྲིའུའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པ་བཤམ་ལ་བུམ་རྫས་འགོད༔ ཤར་དུ་རྡོ་རྗེ༔ རྩེ་ལྔ་པ་དར་སྔོན་གྱིས་བཅིངས་པ། ལྷོར་པྲོག་ཞུ༔ ནུབ་ཏུ་དྲིལ་བུ་དར་དམར་ཅན། བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཤམས༔ འབྲས་སམ་དཀར་མོའི་ནས་ཕྱེ་ལ་དཔལ་གཏོར་ཟླུམ་པོ་རྒྱན་ལྡན་ཙཀ་ལིས་བརྒྱན་པ་བཀོད༔ མཐར་མཆོད་པ་སྤྱི་འགྲོས་བཤམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་ལྟར་བྱ་ཞིང་གནས་སྐབས་རྐྱང་ནུལ་སྟེགས་ཀྱི་ཁར་འབྲུ་ཚོམ་ལྷ་གྲངས་དང་མཉམ་པ་བཀོད་པའི་ཁར་དབང་གཞུང་བཞིན་བཤམས་ཀྱང་རུང་ལ་གཞན་ཡང་ལས་བུམ་སྤོས་ཟེ་ཌཱ་དྲིལ་བགེགས་གཏོར་སོགས་ཚོགས་པར་བྱའོ། །དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བསྙེན་བསྒྲུབ་དབང་གི་སློབ་དཔོན་གྱི་སྟ་གོན་སྔོན་དུ་སོང་ནས༔ གཉིས་པ་སློབ་མ་འཇུག་པའི་སྔོན་འགྲོ་ནི༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་འབུལ༔ སྐྱབས་སེམས་གཞུང་ལྟར་འབོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་ལྟར་ལས་གཞུང་བསྲང་ཞིང་འཛབ་བསྙེན་གྱིས་བསྒྲུབ། མཆོད་བསྟོད་བྱས་ལ་བདག་འཇུག་རྫོགས་པར་ལེན་པའམ། ཡང་ན་བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམ་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་མེ་ཏོག་འཐོར་བ་དང་བཅས། ཨཱོཾ་བཛྲ་ས་མ་ཡ་ཨཱོཾ༔ ཨཱཿབཛྲ་ས་མ་ཡ་ཨཱ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྭཱ་བཛྲ་ས་མ་ཡ་སྭཱ༔ ཧཱ་བཛྲ་ས་མ་ཡ་ཧཱ༔ ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨཱོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨཱོཾ་བཛྲ་ས་མ་ཡ་ཧཱུྃ༔ ཨཱོཾ་བཛྲ་ས་མ་ཡ་སྟཾ༔ ཨཱོཾ་བཛྲ་ས་མ་ཡ་ཧོ༔ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ༔ དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ༔ ཨཱོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མར་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །བཀའ་གཏེར་མཆོད་ཅིང་ལས་བུམ་བསྒྲུབ་པ་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་དུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་མི་སྐྱོད་པས་དབུ་རྒྱན་པར་གྱུར། ཨོཾ་ཨརྒྷཾ༴སོགས་ཀྱིས་མཆོད༔ ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་ཆུ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླ་ཞིང་མཐར། ཁྲོ་བོ་བདུད་རྩི་འཁྱིལ་བས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བཟློག་པའི་འཕྲིན་ལས་མཛོད་ཅིག །ཞེས་གསོལ་བ་བཏབ་པས། ཁྲོ་བོ་གདན་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཞེས་བརྗོད། དེ་ནས་སློབ་བུ་རྣམས་གྲལ་དུ་འཁོད་མེ་ཏོག་བཀྱེ་བསྡུ་དང་། ལས་བུམ་གྱིས་ཁྲུས་ཆུ་སྦྱིན་སྟེ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉམས་ཆག་དྲི་མའི་ཚོགས་རྣམས་ཀུན། །བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བརྗོད། བགེགས་གཏོར་བཤམས། སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོ༔ ཨོཾ་སརྦ་བྷི་གྷ་ན་ཨ་ཀཪྵ་ཡ་ཛཿཛ༔ བགེགས་གཏོར་བསྐོར་ཞིང་དྲིལ་བུ་གསིལ་བ་དང་བཅས། ཨོཾ་སརྦ་བྷིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཥེ་སོགས་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེདཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ༔ སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དྲ་བ་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིགས་པའི་གུར་དུ་གྱུར་པའི་མོས་པ་མཛོད༔ བཛྲ་རཀྵཿརཀྵ༔ ཆོས་བཤད་ནི། འོ་ད་ལམ་ཁྱེད་རྣམས་ལ་ལྷག་པའི་ལྷ་མཆོག་སྟོན་པ་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་འཁོར་འདས་ཀུན་གྱི་བླ་མ་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་གཞི་ལས་འཕགས་པ་རང་ངོར་སྣང་བ་བྱེ་བྲག་ཕྱེད་པ་ཕྱེད་ཐོག་ཏུ་གྲོལ་བ་གཞན་ལས་མ་བྱུང་བ་རང་སར་གནས་པ་སྟེ་ཆོས་དྲུག་གི་རང་རྩལ་རྫོགས་ནས་སངས་རྒྱས་པའི་ཚེ་ཡེ་ཤེས་ལྔའི་རང་མདངས་ཀྱིས་འཆར་སྒོ་མ་འགགས་པ་ལས། སྐུ་ལྔའི་སྟོན་པ་རང་རང་གི་རིགས་ལྔར་ཤར་བ་ཐབས་ཀྱི་ཡབ་དང་། སྟོང་པ་ཤེས་རབ་ཀྱི་ཡུམ་ཟུང་འཇུག་དཀྱིལ་འཁོར་གྱི་སྐུར་གསལ་བ་རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གཅིག་ཏུ་གསུངས་པའི་ནང་ནས་ད་ལམ་གསང་ཆེན་རིགས་གཅིག་ཞེས་རྒྱལ་བ་རྒྱ་མཚོ་དེ་དག་ཐམས་ཅད་མངའ་དབང་གཅིག་ཏུ་འདུས་པའི་བདག་ཉིད་སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་ཉིད་ལ་ཡང་སྐུ་གསུམ་སྟེ། ཐོག་མའི་མགོན་པོ་ཆེན་པོའི་ཞེ་སྡང་རྣམ་པར་དག་པའི་རང་མདངས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ལས་རང་གསལ་བ་དེ་ནི་དབྱིངས་ལོངས་སྐུའམ་ཆོས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །རྒྱལ་བ་དེ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཕྱོགས་མངོན་པར་དགའ་བ་ཞེས་ཤེལ་ལས་གྲུབ་པའི་ཞིང་གི་དབུས་སུ་རིན་པོ་ཆེ་ཤེལ་གྱི་གཞལ་ཡས་ཁང་གིས་བརྒྱན་པ་ལ། ཆོས་ཀྱི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེས་ཡོངས་སུ་ཁྱབ་པར་བྲིས་པ་ན། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་རིགས་ཀྱི་འཁོར་བྱེ་བ་འབུམ་ཚོ་མང་པོ་རང་རང་གི་རིགས་ལྔའི་ཚོམ་བུ་མང་པོས་བསྐོར་ཞིང་བཞུགས་པ་འདི་ནི། རང་བཞིན་རྡོ་རྗེ་སེམས་དཔའ་འམ་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེའི་རང་མདངས་སམ་བྱིན་རླབས་ཀྱི་རོལ་པ་ལས་རི་རབ་ཆེན་པོའི་བང་རིམ་གསུམ་པའི་བྱང་ཤར་གྱི་ནམ་མཁའ་ལ་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་བཞུགས་པ་འདི་ནི་སྟོན་པ་རྡོ་རྗེ་སེམས་དཔའ་འམ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་སྐུ་གསུམ་འདུས་པའི་བདག་ཉིད་སྒྲུབ་པ་དབང་དང་བཅས་པའི་གདམས་པ་འདིའི་ལུང་བྱང་ཡང་ཇི་སྐད་དུ། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སྔོན་སྦྱངས་ལས་འཕྲོ་ཆོས་ལ་སྤྱད༔ ད་ལྟ་དུས་གསུམ་སངས་རྒྱས་ཀུན༔ གྲོགས་པོར་བསྟེན་ཞིང་གླེང་མོ་བྱེད༔ ཁྱད་པར་རིགས་བདག་རྡོ་རྗེ་སེམས༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ ཐུགས་བསྐྱེད་སྨོན་ལམ་གཅིག་པའི་མཐུས༔ རྡོར་སེམས་གསང་སྒྲུབ་པདྨས་བཀོད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ཞེས་པ་ལྟར་ཕྱོགས་རེ་བའི་གང་ཟག་དག་གིས་བཀའ་ལ་རས་ཆོད་དང་གཟུ་ལུམ་དུ་བྱས་པའི་དྲི་མ་བྲལ་བར་སྐྱོན་དག་ཡོན་ཏན་རྫོགས་པའི་གུ་རུ་རིན་པོ་ཆེས་རྒྱུད་ལ་བསྟེན་པའི་སྒྲུབ་ཐབས་འདི་མཛད་ནས་འགྲོ་དོན་དུས་བབས་ཀྱི་བར་དུ་མཁའ་འགྲོའི་གསང་མཛོད་དུ་བཀའ་རྒྱས་བཏབ་ཅིང་ཕྱི་མར་གྱུར་པ་ན་གསང་བའི་རྒྱ་ཁྲོལ་ལུང་ཡང་། ཇི་སྐད་དུ། མ་འོངས་རྩོད་ལྡན་བཞི་བཅུའི་ཡང་མཐའ་ལ༔ སུམ་ཅུ་ཁ་རལ་སྐྱེ་འགྲོ་བདེ་བ་མེད༔ སྟེང་འོག་བར་གསུམ་ལྷ་མིན་ལྟར་དུ་འཁྲུག༔ མཐའ་མི་བོད་ལྷུད་བོད་མི་མཐའ་ལ་འབྲོས༔ བཙན་རྫོང་བརྩེགས་པ་རང་གི་བཙོན་ཁང་འགྱུར༔ སེར་སྣས་བསགས་པའི་ནོར་རྫས་དགྲ་ཡིས་སྤྱོད༔ དགེ་བཤེས་མཁན་པོ་ཆོས་རྗེ་ཞབས་དྲུང་ཟེར༔ མི་དགེ་བཅུ་སྤྱད་དགེ་བཅུའི་བཤད་པ་རྒྱག༔ སོ་ནམས་དམག་དང་ལས་སུ་གསོད་གཅོད་བརྩོན༔ བསྟན་འཛིན་ཡིན་ཞེས་བསྟན་པ་ཐབས་ཀྱིས་བསྣུབས༔ ཆོས་མཛད་དགེ་སློང་དགེ་ཚུལ་དགེ་བསྙེན་ཟེར༔ སྡེ་དགོན་ཚོང་འདུས་ཐམས་ཅད་བཙུན་པས་གང་༔ པཎྟི་ཏ་དང་རབ་འབྱམས་བཀའ་བཅུའི་མིང་༔ མང་ཇས་ཉོ་ཞིང་གྲུབ་མཐའ་སུ་མཁས་ཚེ༔ སྐྱེ་བོ་མནའ་མེད་སྡོམ་མེད་བན་བཙུན་རྣམས༔ སྲོག་ལས་དམར་གཡོས་མནར་མེད་རང་གིས་བསྒྲུབ༔ མི་ལུས་ལན་གཅིག་རྙེད་པའི་འབྲས་བུ་ལ༔ མནར་མེད་ངན་སོང་བསྒྲུབ་པ་ཡ་རེ་ཆ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས། དེ་ལྟ་བུའི་ཚེ་འགྲོ་བ་འདྲེན་པའི་གུ་རུའི་རྒྱལ་ཚབ་སྤྲུལ་སྐུའི་ལུང་བྱང་ཡང་༔ ཇི་སྐད་དུ༔ དེ་དུས་ཆོས་འཁོར་གཉན་པོའི་ཤར་གྱི་ཕྱོགས༔ མདོ་ཁམས་གླིང་ནས་ང་ཡི་སྤྲུལ་པ་འབྱུང་༔ ཏེ་སེའི་གནས་ནས་ཟབ་མོའི་གཏེར་འདི་འདོན༔ འཛམ་གླིང་ལྟེ་བ་གངས་རིའི་ཏེ་སེ་རུ༔ ང་སྤྲུལ་བུ་དེས་སྒྲུབ་པ་འདི་བྱས་ན༔ འཛམ་གླིང་སྐྱེ་འགྲོ་ལན་གཅིག་ངན་སོང་ཁེགས༔ བོད་ཡུལ་མངའ་རིས་དབུས་དང་ཁམས་གསུམ་དུ༔ སྒྲུབ་པ་འདི་ཉིད་ལན་གསུམ་སྒྲུབས་ཤིག་བུ༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་༔ རིག་འཛིན་པདྨ་ང་ཡི་སེམས་བསྐྱེད་དང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱི་སྨོན་ལམ་གྱིས༔ རྩོད་ལྡན་འགྲོ་བའི་སྒྲིབ་གཉིས་འདག་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། མཁའ་འགྲོའི་ཡི་གེར་བཏབ་ནས། མཁའ་འགྲོའི་གསང་མཛོད་དུ་སྦས་པ། གུ་རུ་རིན་པོ་ཆེས་ལུང་བསྟན་དུས་བབས་ལྟར། རིགས་འཛིན་ཉི་མ་གྲགས་པས་ཤིང་མོ་ཡོས་ལ་གདན་དྲངས་ཤིང་ས་ཕོ་རྟ་ལོ་ལ་ཤོག་སེར་ལས་བསྒྱུར་པའི་གདམས་ཟབ་གང་དེའི་སྒོ་ནས་དབང་བསྐུར་བྱ་བ་སྐབས་སུ་བབས་པ་སྟེ། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་བདག་ཉིད་དཀྱིལ་འཁོར་པའི་ལྷ་དང་དབྱེར་མེད་དུ་བལྟས་ཏེ་རིག་པའི་མེ་ཏོག་དོར་བ་སོགས་གོང་དུ་གྲུབ་པ་ཡིན༔ ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཞེས་བརྡ་སྤྲད་དེ། གཉིས་པ་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི༔ དེའང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་ཀྱི་གཙོ་བོ་རིགས་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་བཟློས་གྱིས༔ ཧཱུྃ༔ ཧེ་རུ་ཀཿདང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ བླ་མས་དྲི་བ་ནི༔ ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི༔ ལན་དུ༔ ཀྱཻ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས༔ འོ་རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ ཞེས་བརྗོད༔ ཅེས་གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་གྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱ་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ གསུམ༔ དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས་སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་གསུངས་པས་ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ༔ གསུམ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུས་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས། དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ནས་ཐུན་མོང་མ་ཡིན་པའི་རྒྱུད་སྦྱོང་བ་དབང་གི་སྣོད་དུ་རུང་བར་བྱ་ཕྱིར༔ ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ༴སོགས་ལས་བུམ་ཁ་རྒྱན་གྱིས་ཆུ་གཏོར། ཁྱེད་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུྃ་དཀར་པོ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་སྣང་སྟོང་ཟུང་འཇུག་ཡེ་ཤེས་འོད་ལྔ་འཁྲུག་པའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་བླ་མ་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་འོག་མིན་ཆོས་ཀྱི་དབྱིངས་དང་། ཤར་ཕྱོགས་མངོན་པར་དགའ་བ་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་ཀྱི་རྣམ་པར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། ཧཱུྃ་ཧྲཱི༔ འོག་མིན་སྟུག་པོ་བཀོད་པ་ནས༔ བུདྡྷ་རྡོར་སེམས་འཁོར་དང་བཅས༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་མངོན་པར་དགའ་བ་ནས༔ བཛྲ་རྡོར་སེམས་འཁོར་དང་བཅས༔ མེ་ལོང་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ལྷོ་ཕྱོགས་དཔལ་དང་ལྡན་པ་ནས༔ རཏྣ་རྡོར་སེམས་འཁོར་དང་བཅས༔ མཉམ་ཉིད་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཆེན་པོ་ནས༔ པདྨ་རྡོར་སེམས་འཁོར་དང་བཅས༔ ་སོར་རྟོགས་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ བྱང་ཕྱོགས་ལས་རབ་རྫོགས་པ་ནས༔ ཀརྨ་རྡོར་སེམས་འཁོར་དང་བཅས༔ བྱ་གྲུབ་ཡེ་ཤེས་ཀློང་ནས་བཞེངས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ ཕྱོགས་བཅུ་ནམ་མཁའི་ཁྱོན་བཀང་སྟེ༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཅོད་པཎ་དར་དཔྱངས་པུ་རུ་རུ༔ ཕྱག་ཞབས་གདུ་བུ་སི་ལི་ལི༔ འོད་དང་ཟེར་དུ་སྤུངས་སེ་སྤུང་༔ སྐུ་ཡི་རྣམ་འགྱུར་ལིངས་སེ་ལིང་༔ སྒྲ་དང་རོལ་མོ་དི་རི་རི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿགུ་རུ་བཛྲ་ས་ཏྭ་ས་མ་ཡ་ཛཿཛ༔ སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཡེ་ཤེས་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་གྱི་དངོས་གཞིའི་དབང་བསྐུར་བ་ནི་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་ལྔ་ལས༔ དང་པོ་རིགས་བདག་རྡོ་རྗེ་སེམས་དཔའི་སྐུའི་དབང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཨཱོཾ་༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ སྐལ་ལྡན་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་རྡོ་རྗེ་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བུདྡྷ་བཛྲ་ས་ཏྭ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ གཉིས་པ་གསུང་གི་དབང་ནི༔ དྲིལ་བུ་དར་དམར་གྱི་ཅོད་པཎ་དང་བཅས་པ་མགྲིན་པར་བཞག་ལ༔ ཨཱཿཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགགས་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾ་པདྨ་ས་ཏྭ་ཧཱུྃ་ཝཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱི་ཅོད་པཎ་དང་བཅས་པ་སྙིང་གར་བཞག༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཅོད་པཎ་དང་བཅས་པ་སྤྱི་བོར་བཀོན་ལ༔ སྭཱ༔ སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པར༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ་རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དུང་ཆོས་ལག་ཏུ་གཏད་ཅིང་ངག་ཏུ་བླུད༔ ཧཱ༔ རབ་འབྱམས་རྒྱལ་དང་རྒྱལ་བའི་ཕྲིན་ལས་ཚོགས༔ སྣ་ཚོགས་སྣང་ལ་ལས་བཞི་ལྷུན་གྱིས་གྲུབ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱཿཀརྨ་ས་ཏྭ་ཧཱུྃ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་གཏོར་མའི་དབང་བརྒྱུད་པའི་བྱིན་རླབས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏོར་དབང་གི་མཚམས་སྦྱོར་ནི། གཏོར་མ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། ཐུགས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་བ། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་རིགས་བདག་རྡོ་རྗེ་སེམས་དཔའ་སྐུ་ལྔའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་སློབ་མ་འདིའི་རྒྱུད་ལ་བྱིན་གྱིས་རློབས་ཤིག །ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ས་ཏྭ་ཧཱུྃ་སརྦ་བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་དག་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས་བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ལ་དབང་ཞིང་འབྲས་བུ་སྐུ་ལྔའི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཞེས་བརྗོད། མེ་ཏོག་འཐོར༔ ཤིས་པ་བརྗོད༔ དབང་ཡོན་ཕུལ་ཞིང་དགའ་སྟོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས། ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་དཔལ་གྱི་ལྷ༔ མེ་ལོང་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་དཔལ་གྱི་ལྷ༔ མཉམ་ཉིད་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་དཔལ་གྱི་ལྷ༔ སོར་རྟོགས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ དོན་ཡོད་གྲུབ་པ་བཀྲ་ཤིས་དཔལ་གྱི་ལྷ༔ བྱ་བ་གྲུབ་པའི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་འབྱུང་བའི་ལྷ༔ རྣམ་པར་སྣང་མཛད་བཀྲ་ཤིས་དཔལ་གྱི་ལྷ༔ ཆོས་དབྱིངས་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་ཀུན་ནས་བཀྲ་ཤིས་འབྱུང་པའི་ལྷ༔ དུས་གསུམ་སངས་རྒྱས་བཀྲ་ཤིས་དཔལ་གྱི་ལྷ༔ སྐུ་གསུམ་ཡེ་ཤེས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད། དེ་ལྟར་རྡོ་རྗེ་སེམས་དཔའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ༴དེ་དག༴གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ༴ཁྱེད་ལ༴ཁྱེད་ཀྱི༴ཆ་ཤས༴དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་ནམས༴ཐོབ་ནས༴སྐྱེ་རྒ༴སྲིད་པའི༴རིན་ཆེན་དགེ༴རྟག་ཏུ༴རང་གཞན༴ཆོས་རྔ༴སོགས་བརྗོད། བཀའ་གཏེར་བསྐུལ་ཞིང་གཏོར་མ་འབུལ་བ་སོགས་ཆོ་གའི་མཇུག་བསྐྱང་བར་བྱའོ། །ཨེ་མ་རྡོ་རྗེ་སེམས་དཔའི་དབང་ཆོག་འདི༔ རྩོད་ལྡན་ཡང་མཐའ་བཞི་བཅུའི་མར་འགྲིབ་ལ༔ སྐལ་ལྡན་འགྲོ་འདུལ་གླིང་པ་དང་འཕྲད་ནས༔ སྨིན་གྲོལ་ཆོས་ཀྱིས་འགྲོ་ཀུན་འདྲེན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །༈སྐྱེ་དགུའི་སྡིག་ལྟུང་ཞེས་པའི་དུག་ཅན་དག །འཁྲུད་བྱེད་གདམས་པའི་ལག་ལེན་ལམ་གསུམ་འགྲོ། །རྣམ་འདྲེན་དྲང་སྲོང་ཆེ་དེའི་ཞལ་སྒོ་ལས། །བདག་བློ་སྐལ་ལྡན་ཤིང་རྟས་ཉེར་དྲངས་མོད། །ཚུལ་འདིའི་ལག་ལེན་འཆོལ་བའི་ཤྭ་སྦུད་ཀྱིས། །དབང་བཞིའི་ཆུ་བོ་རྙོགས་དང་ལྷན་ཅིག་ཏུ། །སོམ་ཉིའི་རོལ་ཁུང་གསར་པ་མང་གཏོད་པའི། །རྩིང་ཆོས་གྱ་གྱུར་རྒྱུ་བའི་ཚུར་ལ་འཕྱར། །འདིར་འབད་དགེ་བས་སྒྲིབ་གསུམ་མུན་པའི་དཔུང་། །ཟ་བའི་ཉི་མ་སྟོབས་སུ་འཇོ་བ་དེས། །འགྲོ་བའི་ལས་ཉོན་འཐིབས་པོ་ཀུན་བསལ་ནས། །སྐུ་བཞིའི་སྣང་བ་མཆོག་ལ་སྤྱོད་གྱུར་ཅིག །ཅེས་པའང་རྣམ་འདྲེན་དམ་པ་འགྱུར་མེད་བློ་ལྡན་གྱིས་བསྐུལ་བ་དང་དུ་བླངས་ཏེ་རང་དང་སྐལ་མཉམ་བློ་དམན་འགའ་ལ་ཕན་པར་སྲིད་ན་སྙམས་པའི་ལྷག་བསམ་དག་པས་རྨོངས་བན་ཝཱ་གིནྡྲ་མ་ཏིས་མཚམས་སྦྱོར་རྣམས་བླ་མ་མཆོག་གི་སྩལ་བ་དང་དབང་བཤད་གཏེར་སྟོན་གྱིས་མཛད་པ་བཅས་གཞུང་དང་ལག་ལེན་ཁྲིགས་སུ་སྡེབས་པདགེ། །།


previousརིག་བདག་བླ་མ་རྡོ་རྗེ་སེམས་དཔའི་སྐོར། next