བདུད་འདུལ་མཁའ་འགྲོའི་ཆུ་འཁྱག་གི་ལས་མཐའ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ཆུ་འཁྱག་གི་ལས་མཐའ་བཞུགས་སོ༔ ཁ་ཐམ། དཔལ་ཆེན་པོ་ཧེ་རུ་ཀཿལ་འདུད༔ སྤྲུལ་པའི་མཁའ་འགྲོ་བདུད་འདུལ་མའི༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ བསྟན་པ་བཤིག་པའི་དགྲ་བོ་ལ༔ ཐོག་སེར་འབེབས་པའི་ལས་སྦྱོར་ཞིག༔ གུ་རུ་རྗེ་ལ་ལུང་ཞུས་ནས༔ མཚོ་རྒྱལ་བདག་གིས་ཡི་གེར་འདེབས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་ཁ་ཐམ་རྒྱ་རྒྱ་རྒྱ༔ དེ་ཡང་དགྲ་བོ་ཤིན་ཏུ་ཐུ་ན་བསྙེན་སྒྲུབ་སོང་བའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་གཞི་བདག་ལ་གསེར་སྐྱེམས་མཆོད༔ བདེན་པ་བདར༔ མགྲོན་བཞི་ལ་ཆུ་གཏོར་བཏང་༔ ས་རྒོད་ཡིན་ན་ས་འདུལ་ཞིང་བརྟགས་བླང་རྣམས་བྱས་ཏེ་སྟེགས་བུ་བཟོོ༔ ཡུལ་དགོན་གནས་གཞི་སོགས་ཡིན་ན་ས་ཆོག་མི་དགོས༔ འོན་ཀྱང་སེར་བ་འདི་སྒྲུབ་པའི་གནས་ནི་ལུང་སྟོང་མཆོག་གོ༔ དེ་ལ་ད་ལ་གྲུ་བཞི་འམ་གྲུ་གསུམ་ཆེ་ཆུང་གནས་ཁང་དང་མཐུན་པར་བཟོའོ༔ ད་ལའི་དབུས་སུ་གྲུ་གསུམ་བྲུ༔ ར་རྒྱ་བོའི་མགོ་ཞིག་གད་ལེགས་པར་བྱས་ལ༔ དུག་ཁྲག་གི་སྣག་ཚས་འགྲམ་པ་གཡོན་ལ་སྔགས་འདི་བྲིའོ༔ ཕོབ་ཡ་ཕོབ་ཡ༔ སེར་བ་ཕོབ༔ ས་ཐོག་གི་སེར་བ་ཕོབ༔ གནམ་ཐོག་གི་སེར་བ་ཕོབ༔ ནལ་ནལ་ཆེམ་ཆེམ་ས་མ་ཡཱ༔ ནཱ་ཀ་ནཱ་ཀ་གར་ལིང་ཕོབ༔ ཅེས་བྲིས་འགྲམ་པ་གཡས་པ་ལ༔ ནཱ་ག་གུ་ལ་ཙནྟི་ཙནྟི་ཤར་ཤར་ཧྲིལ་ཧྲིལ་ཕྲོམ་ཕྲོམ་ཕོབ་ཕོབ༔ ཡ་ཡ་ཛཿཛཿ ཞེས་བྲིས་ལྟག་པ་ལ༔ མཁའ་ལ་ཧུར་ཧུར་ཆེམ་ཆེམ༔ ནལ་ནལ་ལ་ཤ་ཚབ་ཚབ་བྷྱོ༔ ཕོབ་ཡ་བྷྱོ༔ ཕོབ་ཡ་བྷྱོ༔ ཞེས་བྲིས་མཆུ་ལ༔ ཧཱུྃ་བཛྲ་དྷཱཀྐི་ནི་སེངྷ་མུ་ཥ་ཏྲི་བྱེ་ལ་ཐམ༔ ཨ་ལ་བྱེས་ཐང་༔ སརྦ་ཏ་ཡ༔ སརྦ་བྷ་ལི༔ འུར་ར་འུར་ར༔ ཐོར་ཐོར་འུར་འུར་ས་མ་ཡཱ་ཀར་ཐོག་མ་བྷྱོ༔ ཞེས་བྲིས་རྫས་ཀྱི་རིམ་པ་འདི་རྣམས་བསགས༔ སྦྲུལ་གྱི་སྒོ་ང་༔ བྱ་ངང་པའི་སྒོ་ང་༔ བྱེའུ་ཅོག་གའི་སྒོང་ང་༔ ནལ་གྱི་ཤ་མ་༔ ལན་ཚ༔ གཡའ་ཁྱི་མོ༔ ཕག་རྒོད་ཀྱི་ཁྲག༔ མཛེ་ཁྲག༔ གྲི་ཁྲག་༔ ཡུག་སའི་མངལ་ཁྲག༔ ཁྱི་གུ་ལོང་རོའི་ཀླད་པ༔ དམེ་ཕོའི་ལག་དྲེག༔ མེ་ལྕགས་ཀྱི་དྲེག་པ༔ རྟ་ནག་གི་བོན༔ རྒྱ་མཚོ་སྦུ་བ༔ ར་ཐུག་ལུག་ཐུག་གི་རྨོངས་སྦྲེ༔ དེ་རྣམས་ཞིབ་ཏུ་བཏགས་ལ་རིལ་བུར་སྒྲིལ་ཞིང་ར་ཁྲག་གི་ན་བཟའ་གསོལ༔ ཆེ་ཆུང་སྒོང་ང་ཙམ་གསུམ་བྱས་ཏེ༔ གོང་གི་ར་ཐོད་དུ་བཅུག༔ སྣལ་ཚོན་གྱིས་ཐོད་པ་རྒྱ་གྲམ་དུ་བཅིངས༔ ཐོད་པ་བྲུབ་ཁུང་དུ་གཞུག༔ རང་ཉིད་བདུད་འདུལ་མཁའ་འགྲོའི་བསྐྱེད་རིམ་གསལ་ཞིང་༔ དང་པོ་མཆུ་ལ་བྲིས་པའི་སྔགས༔ གཉིས་པ་འགྲམ་པ་གཡོན༔ གསུམ་པ་འགྲམ་པ་གཡས༔ བཞི་པ་ལྟག་པ་ལ་བྲིས་པའི་སྔགས་རྣམས་ཐུན་དུ་བཟུང་སྟེ༔ མི་ཚིག་གིས་བར་མ་ཆོད་བར་བཟླའོ༔ དེ་ལྟར་བརྩོན་པས་རྟགས་ཀྱི་རིམ་པ་ནི༔ བཙས་མ་རྒྱབ་པ་དང་༔ བམ་འབུ་ཁུར་བ་དང་༔ སྙེ་མ་བཏུས་པ་དང་༔ ཟོར་བ་མགར་བ་དང་༔ རྗིང་བཤང་བ༔ ཆུ་བསྒྱུར་བ༔ དངོས་སུ་ཐོག་སེར་འབབ་པ་སོགས་བྱུང་ན༔ རང་ཉིད་དཔལ་གྱི་མཁའ་འགྲོ་མར་གསལ་ཞིང་དཔའ་བོ་མཁའ་འགྲོ་ལྷ་སྲིན་ཐམས་ཅད་དབང་དུ་བསྡུས་ཏེ༔ དགྲ་བོའི་ཡུལ་དུ་དམག་ལ་ཆས་པས༔ ང་རོ་འབྲུག་ཏུ་ལྡིར༔ ཁ་རླུངས་སྤྲིན་དུ་གཏིབས༔ སྤྲུལ་པ་ཐོག་དང་སེར་པ་དྲག་ཏུ་ཕབ༔ བསྒོམ་ཞིང་སྙིང་པོ་རྣམས་བགྲང་༔ དམོད་བཅོལ་བྱ༔ རྫས་དེ་ཆ་གསུམ་དུ་བྱས་ཏེ་ཆ་གཅིག་ཐོད་པར་བཅུག་ནས་དམིགས་བྱའི་ཞིང་དཀྱིལ་དུ་སྦས༔ ཆ་གཅིག་སྦལ་པ་ནག་པོའི་ཤ་དང་ལྷན་དུ་དགྲ་ཡུལ་མཐོང་ངེས་པར་མེ་ལ་བསྲེག༔ ཆ་གཅིག་རྗེས་ཀྱི་ཕབས་སུ་འཛིན་ནོ༔ འདིའི་སྒྲུབ་པ་བྱེད་ཚེ་ཐུན་སྐབས་རྣམས་སུ་མཁའ་འགྲོ་མའི་བསྐུལ་བ་འདོན་ཞིང་ཐུན་གཏོར་དེ་འབུལ་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྟེན་འབྲེལ་གྱི་རྫས་ལ་བརྟེན་ནས་ཐོག་སེར་འབེབས་པར་འདོད་ན༔ གངས་རི་བརྟན་ཆགས་ཀྱི་ས་དང་༔ ཡུལ་ཕྱོགས་དེའི་གང་གཉན་པའི་ས་བླངས་ལ་བསྲེ༔ རིན་ཆེན་བརྟར་རུའི་ཕྱེ་མ་ཐང་དུ་བརྟར་ཏེ༔ རིན་པོ་ཆེའི་སྣོད་དུ་བཞག་པས་ཞག་དྲུག་གི་ནང་པར་རླན་དུ་འགྲོའོ༔ དེ་ནས་མུ་ཟི་བླུགས་ལ་བཞག་པས་ཞག་དགུ་ནས་རླངས་འབྱུང་ངོ་༔ དེ་ནས་ཕྱི་ལུད་བླུགས་ཏེ་བཞག་པས་ཞག་བཅུ་གཅིག་ན་སྒྲུབ་ཁང་ཐོག་ཏུ་རླན་ཆེར་འོང་ངོ་༔ དེ་ནས་བབ་བླ་བླུགས་པས་ཞག་བཅོ་ལྔ་ནས་ཁང་ཐོག་ཏུ་ཁུ་འཕང་འོང་ངོ་༔ དེ་ནས་དགྲ་ཡུལ་གྱི་སྔོ་སྒོོག་དང་བསྲེས་ལ༔ ཡུལ་མིག་གིས་མཐོང་བའི་སར་ཕྱིན་ལ༔ ཟངས་དུང་ནང་དུ་བླུགས་ཏེ་ཕུས་གཏོར་བཏང་ངོ་༔ མ་མོ་མཁའ་འགྲོ་ལྷ་སྲིན་གྱི་ཚོགས་ཀྱི་སེར་བ་དྲག་ཏུ་ཕབ་པར་བསྒོམ་ཞིང་༔ མཁའ་འགྲོའི་སྔགས་ཀྱང་བཟླའོ༔ དམ་ཚིག་ཏུ་རྫས་དེ་མཆོད་གྲལ་དང་༔ སྐུ་གསུང་ཐུགས་རྟེན་གྱི་གྲལ་དུ་མི་བཞག་གོ༔ སྐད་ཅིག་གི་དགྲ་བོའི་ཡུལ་ཁམས་ཕུང་བར་བྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་དུ་ཡང་ཟབ་པའི་སྙིང་ཁྲག༔ ཐོག་སེར་འབེབས་པའི་ཡང་ཐིག་ནི༔ མཁར་གཞོང་དུ་གུ་གུལ་དང་ཁྱི་ལུད་བསྲེས་ལ་ཞག་གཉིས་བཞག་པས༔ སྣོད་དྲོས་ཡོང་༔ དེ་ནས་བུད་མེད་ཡུག་ས་མའི་མངལ་ཁྲག་བསྲེས་ལ་བཞག་པས༔ ཞག་དྲུག་ན་རླངས་པ་ཡོང་༔ ལྡོང་རོས་བཏབ་པས༔ ཞག་བདུན་ནས་རྫས་དུས་གཅིག་འདྲེས་འགྲོའོ༔ དེ་ནས་བག་ཕྱི་བསྲེས་ཏེ་རིལ་བུ་བྱས༔ ནམ་དགོས་ཀྱི་དུས་ཡུལ་གཉན་སར་མེར་བསྲེག༔ ལྷ་འདྲེ་ལ་དམོད་བཅོལ་བྱ༔ མཁའ་འགྲོ་མའི་སྔགས་འདོན༔ འདིའི་དམ་ཚིག་ཀྱང་གོང་དང་འདྲའོ༔ ཐོག་དང་སེར་བས་ཁོལ་རྒྱུག་བྱེད༔ དགྲ་བོ་མ་ལུས་ཁ་དག་གཏོང་༔ ཕུང་གསུམ་ཡས་ཀྱི་གཡབ་མོ་འདི༔ བདག་འདྲ་པདྨ་ཐོད་ཕྲེང་གི༔ མུ་སྟེགས་བསྟན་པ་གཞོམ་པའི་ཕྱིར༔ གཏེར་ནས་བཏོན་ཅིང་ལས་ལ་སྦྱར༔ ངན་སྔགས་བདག་པོ་ཐོག་གིས་བསྒྲལ༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ ཤར་ལྷོ་ནུབ་བྱང་དབུས་དང་ལྔར༔ ཡི་གེའི་རི་མོ་ལྔར་ཐོབ་ལ༔ བསྟན་པ་བསྲུང་བའི་བཙས་སུ་ཞོག༔ ཁྱད་པར་ཟབ་པའི་སྙིང་ཐིག་འདི༔ སེང་གདོང་དཀར་མོའི་གནས་ལ་སྦོས༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་སེང་གདོང་མཁའ་འགྲོའི་གཏེར་གནས་ཏི་སེ་གངས་ཀྱི་རྒྱལ་པོའི་གནས་མཆོག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པ་འདིས་ཀྱང་བསྟན་པའི་བཙས་སུ་ཤོག༔ མངྒ་ལཾ། །