ཛམ་ལྷ་དམར་པོའི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཛམ་ལྷ་དམར་པོའི་སྒྲུབ་ཐབས་བཞུགས༔ ན་མོ་ཤྲཱི་ཧེ་རུ་ཀ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་དབུལ་བ་སེལ་བའི་ཕྱིར༔ བདེ་མཆོག་དབང་གི་ཆོས་སྐོར་དུ༔ ཛམ་དམར་ནོར་སྒྲུབ་གདམས་པ་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྟོན་ཀ་འབྲས་བུ་སྨིན་པའི་དུས༔ ཡང་ན་དཔྱིད་ཀ་རྒྱས་པའི་ཚེ༔ ཚེས་བརྒྱད་ཡར་ངོའི་འགྲུབ་སྦྱོར་ལ༔ མཎྜལ་གྲུ་བཞིར་དམར་པོས་བྱུག༔ ཚོང་དུས་གནས་གཞི་ཕོ་བྲང་གི༔ ས་སྣ་བསྲེ་ཞིང་ཆག་ཆག་གདབ༔ སྣ་ཚོགས་འབྲུ་ལ་ཚོམ་བུ་གསུམ༔ རིན་ཆེན་འབར་བའི་ཚུལ་དུ་བཀོད༔ དབུས་སུ་ཛམ་ལྷའི་སྒྲུབ་རྟེན་འགོད༔ མདུན་དུ་བྷ་ལིང་གཏོར་མ་དང་༔ གཡས་གཡོན་སྨན་རག་བྱང་ཕྱོགས་སུ༔ གྷ་ནའི་ཡོ་བྱད་ཚོགས་པར་བཤམ༔ ཡི་དམ་ལས་ཀྱི་རང་གཞུང་བསྲང་༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ ཐུགས་ཀ་མདུན་གྱི་སྒྲུབ་རྫས་གཉིས༔ སྐད་ཅིག་གནོད་སྦྱིན་ཛམ་ལྷ་དམར༔ ཞལ་གཅིག་འཛུམ་མདངས་སྐུ་ལུས་སྒེག༔ ཕྱག་གཡས་ནོར་བུ་དབང་རྒྱལ་བསྣམས༔ ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན༔ ཕྱག་གཡོན་ནེའུ་ལེ་སྐུ་རྐེད་བརྟེན༔ གཡས་བསྐུམས་གཡོན་བརྐྱང་དོར་སྟབས་འགྱིང་༔ སྤྱན་གསུམ་སྨ་ར་སྨིན་མ་སེར༔ དབུ་སྐྲ་ཐོར་ཅོག་རྒྱན་གྱིས་བརྒྱན༔ སྣ་ཚོགས་རྒྱན་སྤྲས་དར་དཔྱངས་འཕྱོ༔ འོད་དམར་འཁྱིལ་བའི་ཀློང་དུ་བསྒོམ༔ དཱིཿ ལས་གཡས་སུ་ནོར་བདག་ནི༔ མི་དམར་ལྕགས་ཀྱུ་བུམ་པ་ཅན༔ ཞེ་སྡང་འབར་བའི་ཕོ་མཚན་བསྒྲེངས༔ སྨ་ར་སྨིན་མ་རལ་པ་གཟེངས༔ ཞབས་གཉིས་གར་སྟབས་འགྱིང་བག་ལྡན༔ གཡོན་དུ་ཧྲཱིཿལས་ལྷ་མོ་དམར༔ ཕྱག་གཡས་ཟངས་ཀྱི་གྲི་གུག་དམར༔ ཕྱག་གཡོན་དབང་གི་ཞགས་པ་བསྣམས༔ ནུ་འབུར་བྷ་ག་ལང་ཚོ་རྒྱས༔ རིན་ཆེན་རྒྱན་ལྡན་གར་སྟབས་ཅན༔ རལ་པའི་ཅོད་པན་སིལ་བུར་འཕྱོ༔ གཟི་མདངས་འོད་དང་ལྡན་པར་བསྐྱེད༔ བདག་མདུན་བསྒོམ་པའི་ལྷ་གསུམ་གྱི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཛཾ་ཧྲཱིཿདཱི་གསུམ་ས་བོན་མཐར༔ ཨཱོཾ་ཛཾ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ་སྡུས་སྡུས་སྭཱ་ཧཱ༔ ཅེས་པའི་སྔགས་འབྲུས་བསྐོར་བ་ལས༔ འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད༔ བྱིན་རླབས་བསྡུས་ནས་རང་ལ་ཐིམ༔ ཛཾ་ལྷ་ཡུམ་སྲས་གཙོ་འཁོར་གསུམ༔ ནུས་སྟོབས་གཟི་བརྗིད་སྟོང་ཁམས་འཁྲུག༔ འཛམ་གླིང་འཇིག་རྟེན་ཟས་ནོར་དང་༔ བྱང་ཕྱོགས་གནོད་སྦྱིན་ལོངས་སྤྱོད་དཀོར༔ ཐམས་ཅད་ཛཾ་ལྷའི་ཟེར་གྱིས་བསྡུས༔ ཕོ་རྒྱུད་འགྲོ་བ་སྲས་ཀྱིས་བཀུག༔ མོ་རྒྱུད་སྐྱེ་འགྲོ་ཡུམ་གྱིས་བཀུག༔ འཛམ་གླིང་ཕོ་མོ་ཟས་ནོར་དབང་༔ སྐད་ཅིག་ཉིད་ལ་བསྡུས་ནས་ཀྱང་༔ དབང་བསྡུས་ཟིལ་མནན་བཀའ་ཉན་ཅིང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམས༔ གོང་གི་བསྙེན་པ་ཞག་གསུམ་བཟླས༔ སྐབས་སུ་རྩ་སྔགས་ཤམ་བུ་རུ༔ པཉྩ་རཀྟ་བྷ་ལིངྟ་སརྦ་མ་ཧཱ་པུཥྩ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཧོ༔ ཞེས་པ་དང་༔ ཚོགས་ཀྱི་འཁོར་ལོ་སོགས་འབུལ་བར་བྱའོ༔ དེ་ཚེ་གྲུབ་རྟགས་དངོས་སམ་ཉམས༔ ཐ་ན་ཐོར་ཁའི་རྨི་ལམ་དུ༔ ཞལ་མཇལ་གསུང་ཐོས་དྲི་བཟང་འཐུལ༔ ཕྱག་མཚན་རྙེད་དང་གཏེར་བཏོན་སོགས༔ དྲི་བཟང་འཐུལ་དང་འོད་དམར་འཁྱུག༔ དངོས་སུ་གྲུབ་པའ་ིརྟགས་ཡིན་ནོ༔ དེ་ནས་ཤམ་བུ་འདི་བཏགས་བཟླ༔ སིདྷི་སྡུས་སྡུས༔ རཏྣ་སིདྡྷི་སྡུས་སྡུས༔ ས་མ་ཡཱ་ཕི་ཤི་པུར་ཎ་ཁུག་ཁུག༔ སིདྡྷི་ཧཱུྃ་སྭཱ་ཧཱ༔ ཅེས་པ་ཞག་གསུམ་ཉི་དྲོས་བཞི༔ བཟླ་ཞིང་གོང་གི་དམིགས་པ་རྣམས༔ དྲག་ཏུ་གཅུན་ཞིང་རབ་ཏུ་གཟིར༔ ཁྲོམ་ཚོགས་ཟས་ནོར་བཀུར་སྟི་བྱེད༔ ཁྲི་ལ་བསྡད་དང་ཆས་གོས་གཟབས༔ ཉི་མ་ཤར་དང་མེ་ཏོག་འཐུས༔ རིན་ཆེན་གླིང་དུ་ཕྱིན་པ་སོགས༔ རྨི་ལྟས་ཡ་མཚན་བྱུང་བའི་ཚེ༔ སྒྲུབ་རྫས་ལག་བླངས་གནས་གསུམ་གཏུག༔ དབང་བཞི་ལེན་ཞིང་བསྐྱེད་རིམ་གསལ༔ ཛམ་ལྷའི་གཏོར་མ་འཛམ་གླིང་གི༔ དངོས་གྲུབ་འདུས་པའི་ཕུང་པོར་བསམས༔ རང་གིས་རོལ་ཞིང་གཞན་ལ་བསྡམས༔ ཕྱིས་ཀྱང་རྟ་དང་བྱ་སྦོའི་ཉར༔ པཱུ་ཙ་དབུལ་ཞིང་གསོལ་བ་གདབ༔ སྒྲུབ་རྫས་བཅང་ཞིང་ཉིན་རེ་བཞིན༔ བརྒྱ་རྩ་བརྒྱད་ཀྱི་བསྙེན་པ་བགྲང་༔ འཛམ་གླིང་ཟས་ནོར་ལོངས་སྤྱོད་འདུ༔ འཁོར་ལོས་སྒྱུར་རྒྱལ་དང་མཚུངས་ཤིང་༔ ཕྱི་མ་དབང་བསྒྱུར་རྒྱལ་པོར་སྐྱེ༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ དབུལ་བའི་སྡུག་བསྔལ་རྒྱུན་གཅོད་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།