cover

རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།

པོད་ཐ༽

རིག་འཛིན་ཉི་མ་གྲགས་པ།

མཁན་ཆེན་ཨོ་རྒྱན་རིག་འཛིན་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

གྲུབ་བརྙེས་རིག༵་འཛིན༵་ཌཱཀྐིའི་ཐུགས་ཀྱི་བཅུད། །
ཡང་ཟབ་ཆོས་གཏེར་ཉི༵་མ༵་གསར་བའི་གཟིས། །
བསྟན་འགྲོའི་རྒུད་མུན་མིང་གི་མཐར་བྱེད་པའི། །
གྲགས༵་པ༵་ས་གསུམ་རྒྱན་དུ་བརྟན་གྱུར་ཅིག །
རྒྱལ་བ་ཀུན་གྱི་མཁྱེན་ནུས་བརྩེ་བའི་ཡོན་ཏན་གཅིག་ཏུ་སྤུངས་པ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཆོག་གིས། སྙིགས་དུས་ཀྱི་རྒུད་མུན་རྩད་ནས་གཞོམས་ཤིང་། འགྲོ་རྣམས་ཕན་བདེའི་དཔལ་ལ་ཡུན་ནས་ཡུན་དུ་སྤྱོད་པའི་སླད། གྲུབ་བརྙེས་རིག་འཛིན་ཌཱཀྐིའི་ཐུགས་བཅུད། འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་རྣམས། དཀར་པོར་མོས་པའི་མི་མིན་རྫུ་འཕྲུལ་གྱི་ཤུགས་ཅན་དག་ལ་གཉེར་དུ་གཏད་དེ། བསིལ་ལྡན་ཁ་བ་རི་བའི་ཕྱོགས་བཞི་དབུས་ལྔའི་གངས་རི་འགྱུར་མེད་དང་། གཡུ་མཚོ་གཏན་འཁྱིལ་སོགས་སུ་ནམ་ཡང་མི་འཇིག་པའི་ཕྱག་རྒྱས་བཏབ་ནས་སྦས་པའི། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྐོར། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་གྱེས་པ་ཡལ་ག་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུར་བཞུགས་པ་དག ཕྱིས་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་བ་ན། གུ་རུ་ཉིད་དང་རྗེ་འབངས་རིག་འཛིན་མཁའ་འགྲོ་མ་རྣམས་སླར་ཡང་རིག་སྔགས་འཆང་བའི་རྣམ་པར་བྱོན་ནས་འདོན་པར་མཛད་པ་ལས། འདིར་ནི་གངས་ཅན་མིག་གཅིག་ལོ་ཙཱ་བ་ཆེན་པོ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་བའི་རོལ་བ། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྒོ་འབྱེད་པོར་ཚད་ཐུབ་གཏེར་ལུང་དུ་མ་ནས་བསྔགས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན། སྤྲུལ་སྒྱུར་གྱི་རོལ་རྩེད། ནུས་མཐུ་ཡི་དྲག་རྩལ། གཏེར་ཆོག་གི་ཁྱད་ཆོས། མཐོང་ཆོས་ཀྱི་རྫས་གཏེར། ཁྲོམ་གཏེར་གྱི་ངོ་མཚར་སོགས་གང་ནས་བསམ་ཀྱང་གཞན་ལས་ཁྱད་དུ་འཕགས་ཤིང་། གཞན་ལས་ཁྱད་ཆོས་མང་བ། གཏེར་ཆེན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩའི་ཟབ་ཆོས་མཐའ་དག་ལ་དབང་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ། དུས་ལ་བབས་མིན་དང་གཏེར་ཁ་ཡིན་མིན་ལ་མི་ལྟོས་པར་ཟབ་གཏེར་མཐའ་དག་ལ་འདོད་རྒུར་སྤྱོད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གཏེར་སྟོན་ཆེན་མོ། ཆོས་དང་རྫས་ཀྱི་གཏེར་དངོས་ཉུང་བསྡུས་ཙམ་མ་ཡིན་པར་རྒྱ་ཆེན་གྲངས་མང་འཛད་མི་ཤེས་པ་རྒྱལ་བོའི་བང་མཛོད་ལྟ་བུ་དག་འབྱིན་པ་ལ་སྔོན་སྨོན་གྱི་མཐུ་གྲུབ་པ། སྤྲུལ་བའི་གཏེར་སྟོན་ཆེན་མོ་༧རིག་འཛིན་ཉི་མ་གྲགས་པའམ་གར་དབང་འགྲོ་འདུལ་གླིང་བ་དེ་ཉིད་ཀྱི་གཏེར་བྱོན་ཟབ་ཆོས་རྣམས། བོད་ཁམས་ཕྱོགས་རྫ་རྒྱུད་ཨ་སེ་དགོན་ཐུབ་བསྟན་མདོ་སྔགས་བསྟན་གཉིས་དར་རྒྱས་གླིང་དུ། ཨ་སེ་མཆོག་སྤྲུལ་འགྱུར་མེད་རྡོ་རྗེས་ཕྱི་ལོ་(༡༩༢༢)སྐོར་ཡིག་མཁན་ཁྱད་འཕགས་དུ་མ་ཆེད་དུ་གདན་དྲངས་ཏེ་འབྲིར་བཅུག་པའི་གླེགས་བམ་པོད་བཅུ་གསུམ་ཡོད་པ་དག །ཕྱིས་ང་དགུའི་དུས་འགྱུར་སྐབས་མ་རུང་ངན་སྤྱོད་པ་དག་གིས། ཕྱག་དར་ཁྲོད་དུ་དོར་ཏེ་རླག་ལ་ཉེ་བའི་སྐབས། ཨ་སེའི་བླ་མ་ནམ་མཁའ་དང་མཁན་པོ་ཆོས་གྲགས་རྣམ་གཉིས་ཀྱིས་སྲོག་དང་བསྡོས་ཏེ་ཉར་ཚགས་བྱས། དུས་ཕྱིས་ཁོ་བོའི་ཞང་པོ་མཁན་པོ་ཆོས་གྲགས་ནས་དེ་དག་གྲོན་པར་དོག་སྟེ་ཁོ་བོ་ལ་བཀས་སྐུལ་བ་བཞིན། ཕྲན་པས་ཀྱང་རྒྱུ་ཚེགས་གཉིས་ཀྱིས་འབད་འབུངས་མི་དམན་པ་བསྐྱེད་དེ། རྩིས་འཕྲུལ་དུ་ཕབས་ཐོག་སྔ་ཕྱིར་ཞུ་དག་ལན་བདུན་བྱས་ཏེ་དཔར་དུ་བསྐྲུན་པ་ཡིན། དེ་ཡང་སྔོན་མའི་མ་དཔེ་ལྟར་གཏེར་གཞུང་རྩ་བའི་ཆོས་སྐོར་པོད་བཅུ་གསུམ་གཞིར་བཞག་བྱས་ཐོག གཏེར་ཆེན་རིན་པོ་ཆེའི་རང་རྣམ་དང་མགུར་འབུམ་དུམ་པ་གཅིག་མགོར་བཞག །སློབ་རྒྱུད་མཁས་གྲུབ་དག་གིས་མཛད་པའི་རྒྱབ་ཆོས་གལ་ཆེན་གྲས་ཕྱོགས་བསྡུས་དུམ་གཅིག་མཇུག་ཏུ་བསྣན་ཏེ་པོད་བཅོ་ལྔ་བྱས་ཏེ་བསྒྲིགས་བྱས་ཡོད། འོན་ཀྱང་མ་དཔེ་ཟག་རུལ་དུ་སོང་བ་སོགས་ཀྱི་དབང་གིས་ད་དུང་ནོར་འཁྲུལ་ཅི་རིགས་ཡོད་ངེས་པས། དབྱིངས་བཞུགས་རྩ་གསུམ་ཆོས་སྐྱོང་ལ་བཟོད་པ་གསོལ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དགོངས་ཡངས་དང་ནོར་བཅོས་གནང་བར་ཞུ་ཞེས་གསོལ་བ་འདེབས་པ་དང་འབྲེལ། འདིས་མཚོན་ལེགས་བྱས་མཐའ་དག་འབྲེལ་ཐོགས་ཡིད་ཅན་རྣམས་ཀྱི་གཙོས། མཐའ་ཡས་པའི་སེམས་ཅན་མཐའ་དག་བདེ་ནས་བདེ་བར་འགྲོ་བ་དང་། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོར་འཁྲུངས་རྒྱལ་བའི་རིང་ལུགས་གསང་ཆེན་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་འགྱུར་བར་སྨོན་ན། དེ་དེ་བཞིན་འགྲུབ་པའི་མཐུན་འགྱུར་དབྱིངས་བཞུགས་སྲས་བཅས་རྒྱལ་བས་གནང་བར་མཛོད་ཅིག ༈ ཆོས་ཚུལ་འདི་ཡང་མཐའ་ཡས་འགྲོ་བ་རྣམས། །གདོད་མའི་གཞི་དབྱིངས་མངོན་པར་བྱང་ཆུབ་བར། །མི་ནུབ་བརྟན་གནས་བྱིན་བརླབས་གཟི་འོད་ཀྱིས། །སྲིད་པའི་གདུང་བ་ཡོངས་སུ་གཞིལ་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ། །བསླབ་གསུམ་ཡོན་ཏན་དཔལ་གྱིས་བརྒྱན་པའི་འདུས་པའི་སྡེ་ཡིས་ས་སྟེང་གང་། །འབྲེལ་ཐོག་གཙོས་པའི་མཐའ་ཡས་ཡིད་ཅན་གནས་སྐབས་མཐོ་རིས་དཔལ་གྱིས་འབྱོར། །རིང་མིན་ཞི་བ་ཆོས་སྐུའི་དཔལ་ཐོབ་སྤྲུལ་བས་གཞན་དོན་མཐར་ཕྱིན་ཤོག །ཅེས་པར་སྐྲུན་ཡོན་སྦྱར་བ་ཨོ་རྒྱན་རིག་འཛིན་ནས་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༢ ཚེས་ ༢༥ ཕྱི་ལོ་ ༢༠༡༥ ཟླ་ ༤ བའི་ཚེས་ ༡༤ ཉིན་ཆོས་སྐོར་འདི་ཉིད་པར་སྐྲུན་སྐབས་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་རྫོགས་ཆེན་མཁན་ཆེན་ཁྲི་ཟུར་ཨྱོན་རིག་འཛིན་རིན་པོ་ཆེ་མཆོག་ནས་བསྐྱར་དུ་བསྐྲུན་གནང་བའི་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་གླེགས་བག་བཅོ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་མཁན་རིན་པོ་ཆེ་ཉིད་ནས་གནང་འབྱོར་བྱུང་བ་ལགས་ན། སྐུ་ཉིད་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།
ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཐེམས་བྱང་།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཐེམས་བྱང་བཞུགས༔ རིག་འཛིན་ཚེ་ཡི་ལྷ་ལ་འདུད༔ ཨོ་རྒྱན་ཡུལ་གྱི་སྔགས་འཆང་པད་འབྱུང་ངས༔ རྒྱ་བོད་མཐའ་འཁོབ་ཡང་འཁོབ་མཐའ་དབུས་ཀུན༔ ཞབས་ཀྱིས་བཅགས་ཤིང་འགྲོ་དོན་མཐར་ཕྱིན་བྱས༔ ཁྱད་པར་བོད་ཁམས་རྒྱལ་བློན་རྗེ་འབངས་རྣམས༔ སྨིན་གྲོལ་ཆོས་ཀྱིས་བྱང་ཆུབ་ལམ་ལ་བཀོད༔ མ་འོངས་དོན་དུ་གཏེར་ཁ་དཔག་མེད་སྦས༔ ཁྱད་པར་ཚེ་སྒྲུབ་ཀུན་གྱི་སྙིང་པོ་མཆོག༔ བདུད་བཞིའིི་གཡུལ་ལས་རྣམ་པར་རྒྱལ་བའི་ཆོས༔ ཀུན་དང་མི་འདྲ་ཀུན་ལས་ཁྱད་འཕགས་འདི༔ ནོར་འཁྲུལ་ལྷག་ཆད་སྤང་ཕྱིར་ཐེམས་སུ་འདེབས༔ མ་འོངས་རྗེས་འཇུག་རྣམས་ཀྱིས་བརྟག་མཁས་བྱས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལོ་རྒྱུས་དང་ནི་ཟུར་གསལ་ཟིན་བྲིས་ཀྱིས༔ རྗེས་འཇུག་ཡིད་ཆེས་དང་བ་བསྐྱེད་པར་བསྟན༔ ཁོག་འབུབ་དབང་ཆོག་རྒྱས་བསྡུས་ཟུར་གསལ་བཞི༔ སྨིན་བྱེད་ཆོས་འདིའི་སྡོང་པོ་ལྟ་བུར་བསྟན༔ ཁྲེགས་ཆོད་དང་ནི་ཐོད་རྒལ་ཁྲིད་རིམ་གཉིས༔ གྲོལ་ལམ་མཐར་ཐུག་ཡང་སྙིང་ཨེ་མ་ཧོ༔ སྒྲུབ་ཐབས་བུམ་སྒྲུབ་ཙཀྲ་རྣམ་གསུམ་གྱིས༔ འཆི་བདག་བདུད་ཀྱི་གཡུལ་ལས་རྒྱལ་བར་བྱེད༔ རང་ལུས་རླུང་སྦྱོར་གནད་ཀྱི་གདམས་པ་ཡིས༔ ཕུང་པོའི་བདུད་ཀྱི་གཡུལ་ལས་རྒྱལ་བར་བྱེད༔ གཞན་ལུས་རླུང་སྦྱོར་བདེ་བའི་ཉམས་འཁྲིད་ཀྱིས༔ ཉོན་མོངས་བདུད་ཀྱི་གཡུལ་ལས་རྒྱལ་བ་བྱེད༔ དབང་ལག་རྟག་ངུ་ཅོང་ཞི་ཨ་རུ་ར༔ ཉེ་ཤིང་ར་མོ་ཤག་དང་དྲི་ཆེན་དང་༔ བྱེ་མ་ཆུ་རྡོ་བཅུད་ལེན་རྣམ་པ་བཅུས༔ ལྷ་བུའི་བདུད་ཀྱི་གཡུལ་ལས་རྒྱལ་བར་བྱེད༔ ལས་བྱང་བྱིན་འབེབས་འཛབ་དགོངས་ཐུགས་དམ་བསྐུལ༔ སྦྱིན་སྲེག་ལས་ཚོགས་རྣམ་པ་དྲུག་པོ་ཡིས༔ ལས་བཞི་ཀུན་གྱི་ཁ་སྐོང་ཚང་བར་རྫོགས༔ གཏེར་སྲུང་མཆོད་ཐབས་ཀླུ་སྨན་དཀར་མོ་ཡིས༔ ནོར་དང་འབྲུ་སྣ་རིགས་བརྒྱུད་སྩོལ་བའི་ཐབས༔ འདི་ལྟར་ཁ་ཚང་དོན་འདྲིལ་མན་ངག་འདུས༔ སྙིང་པོ་ལས་ཀྱང་ཡང་སྙིང་མཆོག་གི་ཆོས༔ པདྨ་འབྱུང་གནས་བདག་གི་སྙིང་ཏིག་འདི༔ ཆོས་ཚན་སུམ་ཅུ་ཐམ་པས་ཡོངས་སུ་རྫོགས༔ མ་འོངས་སྐལ་ལྡན་ཉམས་སུ་ལེན་པ་རྣམས༔ བསྲེ་བསླད་མ་བྱེད་བཀའ་འདི་ཚུལ་བཞིན་སྤྱོད༔ མི་དགེའི་གཞིར་གྱུར་ཚེ་འདི་བློ་ཡིས་ཐོང་༔ ཚུལ་བཞིན་འབད་པས་འཆི་མེད་མ་གྲུབ་ན༔ ང་ཡིས་བསླུས་སོ་ཡིད་ཆེས་ཐེ་ཚོམ་སྤོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་དུས་སུ་ཆོས་འདིར་དབང་བའི་བུ༔ ཆོས་རྒྱལ་སྤྲུལ་པ་རྩོད་ལྡན་ཆོས་ཀྱི་རྒྱལ༔ མིང་ཅན་ལ༔ མདུན་རྒྱབ་སྨེ་བའི་ག་ཤས་བརྒྱན་པ་འོང་༔ མཚོ་རྒྱལ་སྤྲུལ་པ་བང་སོའི་འདབས་ནས་འབྱུང་༔ དམ་འཛིན་སྐྱེ་བ་མངའ་རིས་ཡུལ་ནས་འོང་༔ རྨ་ཐོག་སྐྱེ་བ་ལྷོ་བྲག་ཕྱོགས་ནས་འོང་༔ འོ་བྲན་སྐྱེ་བ་ཉང་གི་ཡུལ་ནས་འོང་༔ ཅོག་རོའི་སྐྱེ་བ་ཁམས་ཀྱི་ཡུལ་ནས་འོང་༔ ནམ་སྙིང་སྤྲུལ་པ་འཇང་གི་ཕྱོགས་ནས་འབྱུང་༔ རྩེ་མང་སྤྲུལ་པ་སྲིན་མོ་་ནས་འབྱུང་༔ དཔལ་སེང་སྤྲུལ་པ་མང་ཡུལ་འགྲམ་ནས་འོང་༔ ཆོས་ཀྱི་བདག་པོ་སྐལ་ལྡན་འདི་དགུ་ལ༔ ཆོས་འདི་སྤེལ་མཁས་སྐལ་ལྡན་བརྟག་མཁས་གྱིས༔ གཞན་ཡང་ད་ལྟ་དཀྱིལ་འཁོར་འདིར་ཚོགས་ཤིང་༔ དབང་ཆོས་ཐོབ་པའི་སྐལ་ལྡན་ཕོ་མོ་འགའ༔ ཕྱོགས་ཕྱོགས་ངེས་མེད་ཡུལ་ཁམས་ཀུན་ནས་འདུ༔ དེ་དུས་དངོས་སམ་ཉམས་དང་རྨི་ལམ་དུ༔ ཆོས་བདག་སྲུང་མས་རྒྱུད་བསྐུལ་ལུང་བསྟན་བྱེད༔ དེ་དུས་ཆོས་འདི་སྟོན་མཁས་གྱིས་ཤིག་བུ༔ སྐལ་མེད་འགྲོ་བ་མཐོ་དམན་སུ་ཡིན་ཀྱང་༔ ཟབ་ཆོས་འདི་ཉིད་རླུང་ཕྱོགས་ཙམ་མ་བསྒྲགས༔ གདམས་པ་ཟགས་སུ་མ་འཇུག་སྙིང་གཏམ་ཡིན༔ རང་ཉམས་མ་ལོན་གཞན་ལ་མ་སྤེལ་རྒྱ༔ གང་ཟག་མ་རྟོགས་ཆོས་འདི་མ་སྟོན་རྒྱ༔ དབང་བཞི་མ་བསྐུར་གདམས་པ་མ་སྦྱིན་རྒྱ༔ ཤོག་སེར་ཞལ་བཤུས་མ་དཔེ་ཡང་གཏེར་སྦོས༔ མ་འོངས་དུས་སུ་རྡོ་རྗེའི་མིང་ཅན་གྱིས༔ ཡང་གཏེར་འདོན་ཞིང་འགྲོ་དོན་བྱེད་པ་འོང་༔ ཚིག་ཆད་མེད་དོ་ཞལ་བཤུས་ལེགས་པར་རྒྱོབ༔ འབྲུ་ཆད་གསོབས་ཤིག་གཏེར་སྟོན་རིག་པས་དཔྱོད༔ བསྲེ་བསླད་མ་བྱེད་མན་ངག་འཆལ་དོགས་ཡོད༔ ཚིག་ལ་ཉོན་ཅིག་བསླུ་མེད་ང་ཡི་བཀའ༔ ལས་འཕྲོ་ཅན་གྱི་བུ་དང་འདི་འཕྲད་ཤོག༔ སྲུང་མས་ཆོས་འདིར་བྱ་ར་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཁམས་ཞིག་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་ཤིང་༔ ཁམས་སྲིང་མོ་རྫོང་གི་དབེན་གནས་སུ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། ༈། སྐལ་ལྡན་རྣམས་སྙན་གཡར་བར་ཞུ། དུས་འདི་ཡང་སྙིགས། བསྐལ་པ་འདི་ཡང་དམན། མི་ཚོད་མི་ལ་མེད། བདག་སྤྲང་པོ་འདོ་མེད་རིག་འཛིན་རྣམ་རྒྱལ་ང་ལ། སློབ་དཔོན་ཆེན་པོའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུས། ཆོས་ཟབ་ཕྲན་བུ་དང་འཕྲད་ནས། ཤོག་སེར་ལས་བོད་ཡིག་ཏུ་གང་ཕབ་པའི་ཆོས་རྣམས་ལ་རང་བཟོ་བྱས་མེད་དོ། བསྣན་ཕྲི་བྱས་མེད་དོ། ཡི་གེའི་སྡེབ་ནོར་དང་འབྲུ་ཆད་འདྲ་ནི་ཅི་མང་ཡོང་བ་ཡོད་དོ། བསླབ་པའི་ཡོན་ཏན་གྱི་སྐོར་ལ་གཏི་ཐུག་ནག་སངས་སངས་ཡིན་པའི་སྟབས་ཀྱིས། ཡི་གེའི་གཟུགས་ལེགས་པོ་མེད་དོ། འབྲུ་ལེགས་པོ་མེད་དོ། སྡེབ་སྦྱོར་ལེགས་པོ་མེད་དོ། བདག་མི་རླུང་ཁམས་པ་ཡིན་པས་འབྲུ་ཆད་འདྲ་ཡང་ཡོད་འོང་ངོ་། ཁྱེད་མཁས་གྲུབ་རྣམས་ཀྱིས་དགོངས་པ་མི་ཁྲེལ་ཞིང་། སྐྱོན་དེ་དག་གི་ཚོགས་གང་འདུག་བཅོས་གྲོགས་གནང་བ་མཁྱེན་མཁྱེན། མངྒ་ལཾ།

ལོ་རྒྱུས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ལོ་རྒྱུས་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་ཕྱགས་འཚལ་ལོ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱི་སྤྲུལ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་བདག༔ སུམ་སྟོང་ལོན་ནས་ཁ་བ་ཅན་འདིར་འོང་༔ ཟབ་གསང་བླ་མེད་ཆོས་འཁོར་གྲངས་མེད་བསྐོར༔ མངའ་བདག་རྗེ་འབངས་སྨིན་གྲོལ་ལམ་ལ་བཀོད༔ ཁྱད་པར་བོད་ཡུལ་གངས་ཅན་གནས་ཀྱི་མཆོག༔ དབུས་ཀྱི་ཕྱོགས་ན་ཤངས་ཀྱི་ཟབ་བུ་ལུང་༔ མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནས༔ རྩ་གསུམ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས་པའི་ལུང་༔ དམ་ཅན་ཆོས་སྐྱོང་མངོན་རྒྱུག་བྱེད་པའི་ཞིང་༔ དཔལ་གྱི་གནས་མཆོག་ཤངས་ཀྱི་ཟབ་བུ་རུ༔ སྒྲབ་པའི་གྲོགས་མོ་མཚན་ལྡན་ངྷཀྐི་མ༔ ལཱ་སྱའི་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཟབ་ཆོས་མང་པོ་དགོས་ཞེས་ཅི་མང་བསྟན༔ ཁྱད་པར་ཟབ་པ་ལས་ཀྱང་ཆེས་ཟབ་པ༔ ཡང་གསང་བླ་མེད་ཚེ་ཡི་སྒྲུབ་ཐབས་འདི༔ སྙིང་པོའི་བཅུད་ཕྱུང་མན་ངག་རྒྱས་བཏབ་སྟེ༔ མགོན་པོ་ཚེ་དཔག་མེད་དེས་བདག་ཉིད་ལ༔ རི་བོ་ཏ་ལ་དབང་གི་ཕུག་པ་རུ༔ ཟླ་དྲུག་ཚེ་སྒྲུབ་བྱས་དུས་མངོན་སུམ་གནང་༔ བདག་ཀྱང་འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ དེས་ན་བརྗོད་པར་དཀའ་ཞིང་སྤེལ་བར་ཕངས༔ འོན་ཀྱང་མཚོ་རྒྱལ་ནན་ཆགས་ཆེ་བ་དང་༔ ཕྱི་མའི་དུས་ཀྱི་སྐལ་ལྡན་འགའ་ཡི་དོན༔ ད་ལྟ་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ༔ ཡི་གེའི་རིས་བཏབ་རིན་ཆེན་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱི་བུ་དང་འདི་འཕྲད་ནས༔ སྐལ་ལྡན་མང་པོས་ཚེ་ཡི་དྲོད་ཐོབ་སྟེ༔ རིག་འཛིན་པདྨ་བདག་དང་དབྱེར་མེད་ཤོག༔ བཀའ་ཡི་སྲུང་མས་ཆོས་འདིའི་བྱ་ར་གྱིས༔ ཀླུ་སྨན་དཀར་མོས་གཏེར་འདིའི་མེལ་ཚེ་མཛོད༔ དུས་ལ་བབས་ཚེ་སྐལ་ལྡན་བུ་ལ་སྤྲོད༔ སྐལ་མེད་ལོག་ལྟ་ཅན་གྱི་དབང་པོ་སྣུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཁོ་བོ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་རྡོ་རྗེ་ཧཱུྃ་རྒྱ་བྲག་ནས། ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་གདན་དྲངས་ཏེ། སླར་ས་མོ་ལུག་ལོ་ཧོར་ཟླ་བདུན་པའི་ཚེས་བཅུ་བདུན་ལ་ཤོག་སེར་ངོས་ལས་ཕབ་པའོ། །

ཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའིི་གཡུལ་ལས་རྣམ་རྒྱལ་ལས༔ ཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ་བཞུགས༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ ངྷ་ན་ཀོ་ཤར་བརྫུས་སྐྱེས་པདྨ་འབྱུང་༔ སྐུ་གསུམ་བླ་མའི་ཞབས་ལ་ཕྱག་འཚལ་བསྟོད༔ བུད་མེད་བློ་དམན་ཡེ་ཤེས་མཚོ་རྒྱལ་བདག༔ བསྒྲགས་སུ་སྐྱེས་ནས་རྒྱལ་པོའི་བཙུན་མོ་བྱས༔ སྔོན་ལས་བཟང་བས་གུ་རུ་རྗེ་དང་མཇལ༔ ཐུགས་ཀྱི་གཟུངས་མ་བཀའ་ཡི་བསྡུ་བར་གྱུར༔ མི་བརྗེད་གཟུངས་ཐོབ་ཤོག་སེར་དཔག་མེད་བྲིས༔ ཁྱད་པར་ཚེ་སྒྲུབ་བདུད་བཞིའི་རྣམ་རྒྱལ་འདི༔ བདག་གིས་ཞུས་དང་བླ་མ་བརྒྱུད་པ་ཡི༔ ལོ་རྒྱུས་ཟུར་གསལ་ཁོ་མོས་འདིར་བརྗོད་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་བདག་ཅག་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་ཉིད་ཀྱིས་འཁོར་བ་ལ་སྙིང་པོ་མེད་པར་རྟོགས་ནས༔ ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་འགྱུར་བར་བྱ་བའི་ཆེད་དུ་བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པའི་མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ མཛད་པ་དང་རྣམ་པར་ཐར་པ་ཡ་འཚན་པའི་ལྟས་ཆེན་པོ་དཔག་ཏུ་མེད་པའི་སྒོ་ནས་འགྲོ་བ་སོ་སོའི་སྐད་དུ་གང་ལ་གང་མཚམས་ཀྱི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་སུ་བསྐོར་ཞིང་༔ བག་ཆགས་རབ་ཏུ་འཐས་པའི་སེམས་ཅན་རྟག་པར་ལྟ་བ་རྣམས་སུན་འབྱིན་པའི་ཆེད་དུ༔ སྐུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ འཁོར་དགྲ་བཅོམ་པ་རྣམས་ཀྱིས་སྨྲེ་སྔགས་དང་གདུང་བ་མང་པོ་བཏོན་པའི་ཚེ༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིགརྟག་ལྟ་སུན་འབྱིན་ང་ནི་མྱ་ངན་འདའ༔ ཆད་ལྟ་སུན་འབྱིན་སླར་ནས་ང་ཉིད་འོང་༔ ཅེས་གསུངས་ཤིང་ལུང་བསྟན་པ་ལྟར༔ རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ༔ འོག་མིན་བདེ་ཆེན་བཀོད་པའི་ཞིང་ཁམས་སུ༔ ཆོས་ཀྱི་སྐུ་མགོན་པོ་འོད་སྣང་དཔག་ཏུ་མེད་པའི་ཐུགས་ཀར་གཤེགས་སོ༔ དེ་ནས་ལོ་བཞི་གསུམ་བཅུ་གཉིས་ཀྱི་སྟེང་དུ་ཆད་པར་ལྟ་བའི་སེམས་ཅན་སུན་འབྱིན་པའི་ཆེད་དུ་མ་ག་ངྷའི་ནུབ་ཕྱོགས༔ ཨོ་རྒྱན་གྱི་ཡུལ་ངྷ་ན་ཀོ་ཤའི་མཚོ་གླིང་དུ༔ མཆོག་གི་སྤྲུལ་པ་བཀྱེ་སྟེ་འོད་དམར་པོ་ཧྲཱིཿཡིག་གི་རྣམ་པར་གཟིགས་པ་ལྔ་ལྡན་གྱི་ངང་ནས་ལྷུང་ཐབས་ཀྱིས་བབས༔ མེ་ཏོག་པདྨ་གེ་སར་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུར་ཐིམ་པ་ལས༔ ཡབ་ཀྱི་རྒྱུ་དང་ཡུམ་གྱི་རྐྱེན་ལ་མ་བརྟེན་པར༔ གེ་སར་པདྨའི་སྡོང་པོ་ལས་སྐུ་དབང་ཆེན་སྤྲེའུའི་ལོ་ལ་འཁྲུངས༔ མཚན་མཚོ་སྐྱེས་རྡོ་རྗེར་གྲགས༔ སྟེང་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སྐུ་ཁྲུས་གསོལ་ཞིང་བསྟོད་པ་དང་༔ ལྷའི་གོས་རིན་ཐང་མེད་པ་རྣམས་ཀྱིས་ནི་ཕྱིས་ཏེ་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ༔ བར་ནས་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་ཅི་བསྒོ་བའི་བཀའ་ཉན༔ འོག་ནས་ཀླུ་རྣམས་ཀྱིས་ནོར་བུ་སྣ་ཚོགས་འབུལ་ཞིང་ཕྱག་སྐོར་བྱེད༔ དབྱིངས་ནས་ཕྱོགས་དུས་ཀྱི་སངས་རྒྱས་རྩ་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་ཤིས་པ་སྣ་ཚོགས་ནི་བརྗོད༔ འོད་དང་འོད་ཟེར་གྱི་དྲ་བ་ར་བས་ནི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར་པའི་ཚེ༔ ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྤྱན་མེད་འབྱོར་ལྡན་གྱིས་གསོལ་བ་བཏབ་པའི་སྣང་ངོར་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དུ་ཕེབས་ནས༔ རྒྱལ་པོའི་སྲས་སྐལ་མཛད་ཅིང་མཚན་པདྨ་རྒྱལ་པོ་གྲགས༔ བསྟན་འགྲོའི་བདེ་ལེགས་སྤེལ་བའི་ཆེད་དུ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས༔ ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྗེས་སུ་མཐུན་པའི་མཛད་པ་བཅུ་གཉིས་ཀྱི་རྣམ་པས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད༔ དབང་གི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་རང་རིག་པ་རྩལ་གྱི་ཡེ་ཤེས་ལ་དབང་ཐོབ༔ སྔོན་བསྐལ་པ་དཔག་ཏུ་མེད་པའམ་ཆེས་དཔག་ཏུ་མེད་པའི་གོང་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་༔ འགྲོ་བ་སེམས་ཅན་ཐབས་ཀྱིས་འདུལ་བའི་ཕྱིར་བླ་མ་བསྟེན་པ༔ གདམས་པ་ཉན་པ༔ རིག་པའི་གནས་མང་པོར་སྦྱང་བ༔ སྤྲུལ་པའི་དུར་ཁྲོད་དང་གནས་ཡུལ་འགྲིམ་པ༔ དབེན་པར་བསྙེན་སྒྲུབ་ལ་དམ་བཅའ་བ་སོགས་ཀྱི་ཚུལ་སྣ་ཚོགས་སུ་སྟོན་པར་མཛད༔ ཁྱད་པར་བླ་མེད་ཀྱི་སྤྱོད་པ་སྦྱོར་བ་དང་༔ སྒྲོལ་བ་དང་༔ འགུགས་པ་དང་༔ རང་གཤེད་རང་ལ་དབབ་པ་སོགས་ཀྱི་ཕྲིན་ལས་ཀྱིས་ཕྱི་པ་མུ་སྟེགས་པ་སོགས་ལོག་པར་ལྟ་བ་མང་པོ་བཅོམ་ནས་ཞི་བདེ་བྱང་ཆུབ་ཀྱི་ལམ་ལ་བཀོད༔ ངོ་མཚར་རྨད་དུ་བྱུང་བའི་སྤྱོད་པས་ཡ་མཚན་པའི་ལྟས་དང་བཅས་པའི་ངང་ནས་མཐའ་དབུས་རྒྱལ་ཁམས་ཡོངས་ཀྱི་འགྲོ་བ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད༔ ཁྱད་པར་ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཞེས་ཀྱང་ཟེར༔ རིགས་གསུམ་མགོན་པོའི་སྒྲུབ་གནས་ཞེས་ཀྱང་ཟེར༔ རི་བོ་ཏ་ལའི་དབང་ཕུག་ཞེས་བྱ་བ་དེ་ཉིད་དུ་ཡུམ་ལྷ་ལྕམ་མེ་ཏོག་མནྡྷ་རཱ་བ་དང་མཉམ་དུ་རིག་འཛིན་ཚེ་ཡི་སྒྲུབ་པ་མཛད་པས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་ཞལ་གཟིགས༔ འཆི་བ་མེད་པ་སྲ་བརྟན་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའི་ཚུལ་བསྟན༔ བསྐལ་པ་ཆགས་ནས་འཇིག་རྟེན་མ་སྟོངས་ཀྱི་བར་དུ་འདས་གྲོངས་དང་བགྲེས་རྒུད་མེད་པར་བཞུགས་པ་ལ༔ བོད་ཁམས་ཁ་བ་ཅན་གྱི་རི་ལྗོངས་འདིར་འཕགས་པ་འཇམ་དཔལ་དབྱངས་ཀྱི་བྱིན་གྱིས་བརླབས་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུགས་དམ་བསམ་ཡས་དཔལ་གྱི་ལྷ་ཁང་བཞེངས་པར་དགོངས་པའི་ཚེ༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བརྩམས་པས་ས་འདུལ་བའི་མཁན་པོ་ཟ་ཧོར་གྱི་ཡུལ་ནས་བྷོ་ངྷི་ས་ཏྭ་སྤྱན་དྲངས་ཀྱང་ས་མ་ཐུལ་ཞིང་༔ མཁན་པོས་ལུང་བསྟན་པ་ལ་བརྟེན༔ རྒྱ་གར་གྱི་ཡུལ་དུ་སློབ་དཔོན་ཆེན་པོ་སྤྱན་འདྲེན་དུ་བཏང་བས༔ སློབ་དཔོན་ཆེན་པོས་བོད་ཀྱི་སྤྱན་འདྲེན་པ་ཡོང་བ་མཁྱེན་ཏེ་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་ནས་སྒྲུབ་པ་ལ་བཞུགས་པའིདུས༔ བོད་ཀྱི་སྤྱན་འདྲེན་པ་རྣམས་དང་མཇལ་ཞིང་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཕེབས༔ མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་དང་བཅས་པའི་མཐའ་འདུལ་ཡང་འདུལ་སོགས་བཞེངས་པ་དང་ཞིག་གསོས་མཛད༔ ལྷ་སྲིན་སྟོང་སྡེ་དམ་ལ་བཏགས་ཤིང་བཀའ་ཡི་སྲུང་མར་བསྐོས༔ རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་ས་འོག་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ རིག་འཛིན་གྲུབ་པ་ཐོབ་པ་མང་པོས་བོད་ཡུལ་བཀང་༔ མདོ་སྔགས་ཆོས་ཀྱི་ཉི་མ་བོད་ན་ཤར་བའི་དུས་སུ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ད་ལྟའི་གནས་མཆོག་ཆེན་པོ་དཔལ་གྱི་མཆིམས་ཕུ་དང་བོད་ཀྱི་གནས་ཆེན་གང་གིས་ཀྱང་ཚད་དུ་བཟུང་བར་མི་ནུས་པའི་གནས་ཆེན་པོ༔ ཡེ་ཤེས་ཀྱི་མཁའ་འགྲོ་དང་རྩ་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས་པའི་གནས་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་ཞེས་བྱ་བ་ཡོད་པས༔ དེར་ཉམས་རྟོགས་བོགས་འདོན་པ་དང་༔ རྩ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་བལྟ་རུ་འགྲོ་གསུངས་ནས༔ གངས་ཀྱི་སེང་གེ་དཀར་མོ་ཞིག་ལ་ཆིབས་ཏེ་སྐད་ཅིག་ཉིད་ལ་གནས་མཆོག་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་དུ་ཕྱགས་ཕེབས་སོ༔ དེ་ནས་གནས་མཆོག་དམ་པ་དེའི་གཟིགས་སྣང་ཐམས་ཅད་གཏན་ལ་ཕབས༔ ས་རྡོ་རི་བྲག་རྣམས་ལ་གཏེར་ཁ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་ཐམས་ཅད་དང་བཀའ་ཡི་བགྲོ་བ་མཛད་ཅིང་སོ་སོའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་བཀའ་བབས༔ གནས་ཆེན་པོ་དེ་ཉིད་ཀྱི་ཞིང་སྐྱོང་བའི་སྲུང་མ་ཕྱི་ནང་མང་པོ་དམ་ལ་བཏགས་ཤིང་གཏེར་གྱི་སྲུང་མར་བཅོལ་ལོ༔ དེའི་ཚེ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས་གསེར་གཡུ་མེ་ཤེལ་ཆུ་ཤེལ་སོགས་ཕངས་མེད་ཀྱི་མཎྜལ་ཕུལ༔ ལུས་ཀྱིས་མཉེས་པའི་ཞབས་ཏོག་བསྒྲུབས་ཏེ༔ དུས་གསུམ་མཁྱེན་པའི་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ ཀྱེ་མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ༔ དུས་གསུམ་རྒྱལ་བའི་སྦྱི་གཟུགས་དམ་པ་ཁྱེད་ནི་འདས་པ་དང་༔ མ་འོངས་པ་དང་༔ ད་ལྟའི་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་དམ་པར་བཞུགས་འདུག་ཚེ༔ མ་འོངས་ཀྱི་འགྲོ་བས་ཚེ་ཡི་རིག་འཛིན་འཐོབ་པའི་གདམས་པ་ཟབ་མོ་ཞིག་བདག་ལ་གནང་དུ་གསོལ༔ ཚེ་སྒྲུབ་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཕྱུངས་པ་ཞིག་གནང་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ༔ བདག་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གདུང་གསོབ་ཅིང་༔ མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་མདུན་བསུ་བ༔ ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པ་སྟེ༔ སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཀྱི་བཀའ་བབས་ཤིང་དགོངས་པ་ཡང་དག་པར་རྟོགས་པས༔ མདོ་རྒྱུད་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ཞིག་བདག་གི་རྒྱུད་ལ་ཡོད་ཅིང་༔ ཁྱད་པར་རི་བོ་ཏ་ལ་དབང་གི་ཕུག་པར་ཚེའི་ཏནྟྲ་སྟོང་ཕྲག་ཅིག་བཀའ་བབས་པའི་སྙིང་པོ་བསྡུས་པ༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་པས༔ ཁྱོད་ལ་བཤད་ཀྱི་ཟབ་ཤོག་ལ་ཟངས་གླིང་གི་ཡེ་གེར་ཐོབ་ལ་ཟབ་བུ་ལུང་གི་བར་སྒོར་གཏེར་དུ་སྦོས་ཤིག༔ ཅེས་གསུངས་ཤིང་ཚེ་སྒྲུབ་ཀུན་གྱི་སྙིང་པོ་བསྡུས་པ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཐམས་ཅད་ཡོངས་རྫོགས་སུ་གནང་བ༔ བརྡ་ཡིག་ཏུ་བཏབ་སྟེ་རང་གིས་ཉམས་ལེན་མཐར་འཁྱོལ་བར་བྱས་ཤིང་༔ གནས་མཆོག་ཆེན་པོ་ཟབ་བུ་ལུང་གི་བར་སྒོར་གཏེར་བདག་ཀླུ་སྨན་ལ་བཅོལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཁམས་པ་ཉི་མ་གྲགས་པས་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་གནས་མཆོག་ཆེན་པོ་ཟབ་བུ་ལུང་གི་བར་སྒོ་པཱ་ལོ་གུ་རུའི་སྒྲུབ་ཕུག་ཧཱུྃ་རྒྱ་བྲག་ནས་གདན་དྲངས་ཤིང་། ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་པར་ཤོག་སེར་ལས་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་ཏུ་ཟངས་གླིང་སྲིན་པོའི་ཡི་གེ་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།

ཚེའི་སྒྲུབ་ཆེན་གྱི་ཁོག་འབུབས་ཆེན་མོ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཚེའི་སྒྲུབ་ཆེན་གྱི་ཁོག་འབུབས་ཆེན་མོ་བཞུགས༔ ཚེ་ལྷ་རིག་འཛིན་རྒྱལ་བའི་ཚོགས་ལ་འདུད༔ ནུབ་ཕྱོགས་བདེ་ཅན་ཆོས་སྐུ་སྣང་མཐའ་ཡས༔ རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་བརྫུས་སྐྱེས་པདྨ་འབྱུང་༔ དབྱེར་མེད་ཐ་དད་དོན་ལ་ཡོད་མ་ཡིན༔ དེ་ཕྱིར་ཁོ་བོ་པདྨ་འབྱུང་གནས་ངས༔ རྒྱ་ཆེ་གྲངས་མང་ཚེ་སྒྲུབ་ཀུན་གྱི་བཅུད༔ བདུད་བཞིའི་རྣམ་རྒྱལ་ཚེ་ཡི་སྒྲུབ་ཆེན་བཀོད༔ ད་ལྟ་དུས་བཟང་སེམས་ཅན་བསོད་ནམས་ཆེ༔ མ་འོངས་ལྔ་བརྒྱའི་དུས་ཀྱི་སྐྱེ་འགྲོ་རྣམས༔ ཚེ་ཐུང་ནད་མང་གློ་བུར་བར་ཆད་སྡང་༔ དེ་ཕྱིར་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ མཚོ་རྒྱལ་ཉིད་ཀྱིས་ཉམས་ལེན་མཐར་ཕྱིན་མཛོད༔ ཕྱི་མའི་དུས་སུ་ཆོས་འདི་དར་རྒྱས་ཆེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཡང་ཟབ་ཚེའི་སྒྲུབ་ཆེན་གྱི་རིམ་པ་ནི་དོན་རྣམ་པ་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བའི་རིམ་པ་ནི་དོན་རྣམ་པ་བདུན་ཏེ༔ སྟོན་པ་ཕུན་སུམ་ཚོགས་པ༔ སྒྲུབ་པའི་གྲོགས་དང་མཆེད་ལྕམ་ཕུན་སུམ་ཚོགས་པ༔ གནས་ཕུན་སུམ་ཚོགས་པ༔ ཡོ་བྱད་ཕུན་སུམ་ཚོགས་པ༔ སྒྲུབ་རྫས་ཕུན་སུམ་ཚོགས་པ༔ དུས་ཕུན་སུམ་ཚོགས་པ༔ བཀོད་པ་ཕུན་སུམ་ཚོགས་པ་དང་བདུན་ནོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི༔ ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ཐོས་པ་ཕུན་སུམ་ཚོགས་པས་ཐེག་པ་མཐའ་དག་གི་ཚིག་དོན་རབ་ཏུ་ཕྱེད་ཅིང་༔ མ་འདྲེས་པར་སོ་སོར་གསལ་བ༔ ནང་བསམ་པ་ཕུན་སུམ་ཚོགས་པས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་ཐེག་པ་གཅིག་གི་རོལ་པ་ལས་ཀུན་ཤར་བ་དང་༔ ཀུན་གཅིག་ལ་འདུས་པ་སོགས་ཀྱི་བྱེ་བྲག་སོ་སོར་གསལ་ཞིང་མ་འདྲེས་པར་བླང་དོར་དབྱེ་བ་ལ་མཁས་པ༔ གསང་བ་བླ་མེད་དོན་གྱི་སྙིང་ཐིག་ངོ་བོ་ཉིད་ཀྱི་སྟེང་དུ་འདྲིལ་ཞིང་བསྐྱེད་རྫོགས་ལས་སུ་རུང་ནས༔ རབ་འབྱམས་ཀྱི་འཕྲིན་ལས་ལ་མ་རྨོངས་པ་ཞིག་གལ་ཆེ་སྟེ༔ སློབ་དཔོན་ཕུན་སུམ་ཚོགས་པ་ནི་དཔྲལ་བའི་མིག་དང་ཁོང་པའི་དོན་སྙིང་ལྟ་བུ་ཡིན་པས་དོན་དེ་རྣམས་ལས་འགལ་བ་ནི་རིང་དུ་སྤང་བར་བྱའོ༔ གཉིས་པ་སྒྲུབ་པའི་གྲོགས་དང་མཆེད་ལྕམ་ཕུན་སུམ་ཚོགས་པ་ནི༔ གྲོགས་ནི་མཚན་ལྡན་གྱི་རིག་མ་སྟེ༔ དམ་ཚིག་གཙང་ཞིང་ངང་རྒྱུད་རིང་བ༔ ཆོས་ལ་བརྩོན་ཞིང་གསང་སྔགས་བླ་མེད་ལ་དད་པ༔ ཕྲག་དོག་དང་མིག་སེར་ཆུང་བ༔ ཀུན་ལས་མཛེས་ཤིང་ཁྱད་པར་འཕགས་པ་ཞིག་གལ་ཆེའོ༔ མཆེད་ལྕམ་ནི་སྒྲུབ་ཟླ་རྣམས་ཏེ༔ ཐེག་པ་ཆེན་པོའི་ཆོས་ཐོས་ཤིང་ལྟ་སྒོམ་སྤྱོད་གསུམ་ལ་མི་སྐྲག་པ༔ དད་པ་དང་དམ་ཚིག་དག་སྣང་སྙིང་རུས་ཞེ་བཅད་སོགས་ཡང་དག་པར་ལྡན་པ༔ ཆོས་ཀྱི་ཕྱིར་དུ་དཀའ་བ་སྤྱོད་ནུས་ཤིང་ཚེ་འདི་བློས་བཏང་བ་ཁོ་ན་གལ་ཆེའོ༔ གསུམ་པ་གནས་ཕུན་སུམ་ཚོགས་པ་ནི༔ ཤར་རི་བརྡལ་བ༔ ལྷོ་རི་སྤུངས་པ༔ ནུབ་རི་སྐྱོར་བ༔ བྱང་རི་གཡོལ་བ༔ རི་རྒྱུད་གངས་དང་འབྲེལ་བའམ་རྒྱབ་རི་བཟང་བ༔ ཁ་ནུབ་བམ་ལྷོར་བསྟན་པ༔ འཇིག་རྟེན་པའི་རྣམ་གཡེང་དང་མི་རྒོད་ཀྱི་འཚེ་བ་མེད་པ༔ གོང་མས་ཞབས་ཀྱིས་བཅགས་པའམ༔ ལུང་ནས་བཤད་པའི་གནས་སམ༔ ཡིད་དང་མཐུན་ཞིང་བསིལ་དྲོད་སྙོམས་པ༔ ས་མདོག་དམར་ཞིང་སྣུམ་ལ་བཅུད་ལེན་གྱི་སྨན་སྣ་ཚོགས་སྐྱེ་བ་ཞིག་གལ་ཆེའོ༔ བཞི་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི༔ ཕྱི་ནང་གསང་བའི་དམ་རྫས་དང་སྒྱུ་ལུས་ཀྱི་ཉེར་མཁོ་སྟེ༔ མདོར་ན་ཆོས་བཞིན་སྤྱོད་པ་ལ་མི་འགལ་ཞིང་གྲོགས་སུ་འགྲོ་བའི་རིམ་པ་རྣམས་སོ༔ ལྔ་པ་སྒྲུབ་རྫས་ཕུན་སུམ་ཚོགས་པ་ནི༔ འཆི་བདག་གི་བདུད་གཞོམ་པའི་ཕྱིར་ཚེའི་སྒྲུབ་ཐབས་དང་མཐུན་པའི་ཡོ་བྱད་དེ༔ བུམ་པ་མེ་ལོང་བྷན་ངྷ་དུམ་བུ་གཅིག་པ༔ ཨ་མྲྀཾ་ཏ་སྐུ་འབག་སྒྲུབ་ཡིག་པོ་ཏི༔ རྡོ་རྗེ་དྲིལ་བུ་དང་རོལ་མོ༔ དར་ཚོན་རྣམ་ལྔའི་མདའ་དར༔ མདའ་བཞི་གྲི་བཞི་ཕུར་པ་བཞི་ཚོན་སྐུད་ཀྱི་དྲ་བ༔ སྟག་ཤམ་གྱི་སྒབ་བསྐོར༔ ཡོལ་བ་བླ་རེ་སྤྱན་གཟིགས་ཕུན་སུམ་ཚོགས་པའི་རིམ་པ་དང་༔ ཚེ་སྒྲུབ་པའི་རིལ་བུ་ལ་སོགས་ཕུན་སུམ་ཚོགས་པར་གསོག་གོ༔ ཕུང་པོའི་བདུད་བཅོམ་པའི་ཕྱིར་དུ་རང་ལུས་ཀྱི་སྐབས་ལྟར་གྱི་ཁམས་འཕྲོད་ཀྱི་ཡོ་བྱད་རིམ་པ་རྩི་སྨན་བཅུད་ལྡན་རྣམས་བསྒྲུབ་བོ༔ ཉོན་མོངས་པའི་བདུད་བཅོམ་པའི་ཕྱིར་དུ་མཚན་ལྡན་གྱི་རིག་མ་རྩ་དང་རླུང་གི་དྲོད་དང་ལྡན་པ༔ ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ཚང་ཞིང་པདྨའི་རིགས་ཀྱི་བུད་མེད་བསྟེན་ནོ༔ ལྷའི་བུའི་བདུད་བཅོམ་པའི་ཕྱིར་དུ་དབང་ལག་དང་རྟག་ངུ་སོགས་བཅུད་ལེན་གྱི་གཞུང་དང་མཐུན་པའི་རྫས་ཁྱད་པར་ཅན་བསག་གོ༔ དྲུག་པ་དུས་ཕུན་སུམ་ཚོགས་པ་ནི༔ ལོ་ཟླ་ཞག་གསུམ་ནག་པོའི་རིགས་ཀྱིས་མ་ཆོད་པ༔ གཟའ་སྐར་དང་ཚེས་གྲངས་མི་མཐུན་པ་མེད་ཅིང་འགྲུབ་སྦྱོར་དང་ལྡན་པ༔ མེ་ཏོག་ཁ་འབུས་པའམ་འབྲས་བུ་སྨིན་པའི་དུས་སོགས་སོ༔ བདུན་པ་སྤྱོད་པ་ཕུན་སུམ་ཚོགས་པ་ནི༔ ཕྱི་ནང་གསང་གསུམ་གྱི་རྣམ་གཡེང་སོགས་སྒྲུབ་པ་ལ་འཇུག་ཁར་འཕྲོ་བཅད་ཅིང་ཚགས་བསྡམས༔ སྒྲུབ་ཁང་དང་ཡོ་བྱད་ཟླ་གྲོགས་སྒྲུབ་ཟླ་རྣམས་ཚུལ་དང་མཐུན་པ་བསྟེན་ཞིང་མི་ལྡན་པ་རྣམས་སྤང་༔ གསང་བ་རང་གི་སྒོ་གསུམ་ལ་དམ་བཅའ་དྲག་པོ་འདེབས་ཤིང་༔ སྒྲུབ་པ་སྲོག་དང་བརྡོ་ནུས་པར་བྱེད་ཅིང་སྒྲུབ་རྫས་རྣམས་རྒྱན་བཀོད་ལྟར་ཚུལ་དང་ལྡན་པར་བཤམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ དོན་རྣམ་པ་བཅུ་གཅིག་གིས་སྟོན་ཏེ༔ ས་ཆོག་བྱ་ཞིང་སྟེགས་བུ་བཟོ་བ༔ སློབ་མ་འཇུག་ཅིང་སྟ་གོན་བྱ་བ༔ ཕྱི་ནང་གསང་གསུམ་གྱི་མཚམས་བཅད་ཅིང་དམ་སྲི་མནན་པ༔ ཐིག་ཆོག་བྱ་ཞིང་ད་ལ་འདྲི་བ༔ ལྷག་ཆད་གསོ་ཞིང་མ་ཊཾ་བསྒྲལ་བ༔ སྦྱིན་སྲེག་བུམ་པ་སྟ་གོན་བྱ་བ༔ རྒྱན་བཀོད་དགྲམ་ཞིང་ཞལ་བཀོད་གདབ་པ༔ དམ་རྫས་བཤམས་ཤིང་བྱིན་ཆེན་འབེབས་པ༔ ལས་ཀྱི་གཞུང་བསྲང་ཞིང་བསྙེན་སྒྲུབ་ཀྱི་རིམ་པ༔ ཉུལ་ལེ་བསྐྲད་ཅིང་སྒྲུབ་པའི་ལྟས་བརྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ས་ཆོག་བྱ་ཞིང་སྟེགས་བུ་བཟོ་བའི་རིམ་པ་ནི༔ ནུབ་ཕྱོགས་ཀྱི་རི་ས་མདོག་དམར་ལ་སྣུམ་འཇམ་ལྡན་པ༔ དབྱིབས་ནི་གཞོང་པ་མར་ཁུས་བཀང་བ་འདྲ་བའམ༔ ཚེས་བརྒྱད་ཀྱི་ཟླ་བ་འདྲ་བའི་སྟེང་དུ་རས་དཀར་དྲི་མ་མེད་པའི་ཁར་འབྲུའི་ཚོམ་བུ་བཀོད་དེ༔ ཆ་གསུམ་གྱི་གཏོར་མ་བཤམས་ནས་བྱིན་གྱིས་བརླབ་ཅིང་ས་བླང་བ་འདི་སྐད་དོ༔ ཧཱུྃཿ ས་གཞི་རིན་ཆེན་ས་ཡི་ལྷ་མོ་ཆེ༔ གསེར་གྱི་མདོག་ཅན་སྐུ་ཕྱེད་ས་ལས་འཐོན༔ མཆོད་སྦྱིན་བུམ་པ་རིན་ཆེན་རྒྱན་ལྡན་མ༔ གསེར་སྐྱེམས་དམ་རྫས་གཏོར་མ་འདི་བཞེས་ལ༔ སྔོན་གྱི་དམ་བཅས་དུས་འདིར་བརྩེར་དགོངས་ཏེ༔ བྱང་ཆུབ་བསྒྲུབ་པའི་ས་འདི་བདག་ལ་སྩོལ༔ གཞན་ཡང་འབྱུང་བ་ས་ཡི་བདག༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་སྡོམ་པའི་ལྷ་དགུ་སོགས༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གནས་རྟེན་གཞན་དུ་ཁྱོད་སོང་སྟེ༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛོད༔ སརྦ་བྷ་ལིངྟ་གྷྲི་ཧ་ན་ཁཱ་ཧི་ཁཱ་ཧི༔ ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ་༔ ཅེས་གཏོར་མ་ཕུལ་བས་ལྷ་མོ་དགའ་བའི་མདངས་ཕྱུངས་ཏེ༔ ཅི་དགར་སྤྱོད་ཅིག་པའི་གནང་བ་བྱིན་པར་བསམས༔ དེ་ནས་ས་འདུལ་བ་ནི་རང་ཉིད་དབང་ཆེན་དུ་གསལ་བའི་སྤྲུལ་པ་ལས༔ ཡེ་ཤེས་ཀྱི་ཕུར་པ་ཞིག་འཕྲོས་ཏེ་ས་ལ་བབས་པས༔ གདོན་བགེགས་དང་འབྱུང་པོ་ཐམས་ཅད་བསྐྲད་གཟིར་རེངས་བར་བྱས་ནས་ས་བདག་གི་དབང་དུ་གྱུར་པར་བསམ་མོ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ༔ བཛྲ་ཀཱི་ལི་ཀཱི་ལཱ་ཧཱུྃ་ཕཊ༔ གྷ་གྷ་གྷ་ཏ་ཡ་སརྦ་དུཥྟཱན་གནོད་བྱེད་འབྱུང་པོ་ཧཱུྃ་ཕཊ༔ ཅེས་བརྗོད་དོ༔ ས་བརྐོ་བ་ནི༔ ས་བདག་ལྟོ་འཕྱེ་ཁོ་རང་གི་ཕོ་བྲང་ལ་གཞོགས་གཡོན་ཕབ་སྟེ་ཟླ་བ་སྔས་སུ་བཅུག་ནས་འཁོར་བས༔ དཔྱིད་གསུམ་ལ་མགོ་ནུབ་ཁ་བྱང་༔ དབྱར་གསུམ་ལ་མགོ་བྱང་ཁ་ཤར༔ འཁོར་ཚུལ་དེའི་ལྟོ་བ་ནས་ས་བླང་ངོ་༔ ས་བརྟག་པ་ནི༔ ཁྲུ་གང་བརྐོས་པའི་དོང་དུ་ས་སླར་བླུགས་པས་ཁེངས་དང་ལུད་ན་དེ་ནས་བརྐོ་ཞིང་༔ མ་གང་ན་གཞན་ནས་སོ༔ གྱོ་མོ་སོལ་བ་འདམ་པ་གསེག་མ་སོགས་བྱུང་ན་ངན་པས་སྤང་ངོ་༔ ས་སྦྱང་བ་ནི་རང་ཉིད་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་བྷྲཱུྃ་འཕྲོས༔ སའི་ཕུང་པོ་ལ་ཕོག་དངོས་འཛིན་སྦྱངས་རིན་པོ་ཆེའི་རང་བཞིན་གཞལ་ཡས་ཁང་གི་རྒྱུ་ཕུན་སུམ་ཚོགས་པར་བསམ་མོ༔ བྷྲཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ་ཅེས་བརྗོད་དོ༔ ས་སྦོལ་བ་ནི་ཆུ་བླངས་ཏེ༔ ཀྱེ༔ མཚོ་སྨན་ཀླུ་མོ་བཞིན་མཛེས་མདངས་ལྡན་མ༔ ཚེ་དབང་ཕོ་བྲང་འདེབས་ཕྱིར་ཆུ་འདི་སྩོལ༔ འབྲུ་མཆོག་ནས་ཀྱི་མཆོད་པ་འབུལ་གྱིས་བཞེས༔ ར་བ་བཞི་ལ་ནམ་མཁའི་དབྱིངས་ན་གནས༔ འབྲིང་པོ་བཞི་ལ་བར་སྣང་ཁམས་ལ་བཞུགས༔ ཐ་ཆུང་བཞི་ལ་རྒྱ་མཚོའི་ཀློང་དུ་ཉལ༔ ཁྱོད་ནི་མི་ཟད་ཆུ་རྒྱུན་སྩོལ་བའི་བདག༔ བདག་ལ་བྱང་ཆུབ་ཆུ་རྒྱུན་དངོས་གྲུབ་སྩོལ༔ ཅེས་བརྗོད་ས་སྦོལ་ལོ༔ སྟེགས་བུ་བཟོ་བ་ནི༔ གནས་ཁང་གི་ཁྱོན་དང་བསྟུན་ཏེ༔ གྲུ་བཞི་པ་མཛེས་འཇམ་མཁྲེགས་པ༔ དངོས་གྲུབ་མྱུར་དུ་འཐོབ་པའི་ཕྱིར་དབུས་མཐོ་བ༔ བར་ཆད་བྱང་ཕྱིར་བྱང་ཤར་དམའ་བ༔ མེ་ལོང་གི་ངོས་ལྟར་འཇམ་པར་བྱ་ཞིང་རྣམ་ལྔ་དང་དྲི་བཟང་གིས་ཆག་ཆག་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སློབ་མ་འཇུག་ཅིང་སྟ་གོན་བྱ་བ་ནི༔ རྡོ་རྗེ་སློབ་དཔོན་ཁྲི་ལ་འཁོད་ཅིང་༔ སློབ་མ་རྣམས་ཀྱིས་ཕྱག་འཚལ་ཞིང་འདི་སྐད་ཞུའོ༔ ཀྱེ༔ ཐུགས་རྗེ་ཆེར་ལྡན་འགྲོ་བའི་སྐྱབས༔ དཀྱིལ་འཁོར་མངའ་བདག་དགོངས་སུ་གསོལ༔ བདག་ཅག་སྐྱབས་མེད་འགྲོ་བ་རྣམས༔ འཆི་མེད་རིག་འཛིན་བསྒྲུབ་འདོད་པས༔ སྐྱབས་སུ་འགྲོ་ཞིང་སོ་ཐར་སྡོམ༔ ཉན་ཐོས་འདུལ་ཁྲིམས་བྱང་ཆུབ་སེམས༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ མགོན་པོས་བདག་ལ་སྩལ་དུ་གསོལ༔ ཅེས་བརྗོད་མེ་ཏོག་ལག་གཡོན་འབུལ༔ དེ་ནས་སློབ་དཔོན་གྱིས་ལན་ནི༔ ཀྱེ་ཧོ༔ འདིར་ཚོགས་སྐལ་ལྡན་རྣམས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་༔ བླ་མེད་ཆོ་ག་འདི་ཡིས་གྲོལ༔ རིག་འཛིན་ཚེ་ཡི་དཀྱིལ་འཁོར་དུ༔ བདུད་བཞི་མ་ལུས་དཔུང་བཅོམ་ནས༔ དངོས་གྲུབ་མྱུར་དུ་འཐོབ་པའི་དོན༔ ཁྱེད་རྣམས་སྡོམ་དང་དམ་ཚིག་ལོང་༔ བླ་མེད་བྱང་ཆུབ་ཨེ་མ་ཧོ༔ ཅེས་བརྗོད་གནང་བ་སྦྱིན༔ དེ་ནས་འདི་སྐད་བརྗོད་པར་བྱའོ༔ ད་ཁྱེད་རང་རྣམས་མ་ཡེངས་པར་རྩེ་གཅིག་ཏུ་མདུན་གྱི་ནམ་མཁར་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ༔ སྐྱབས་ཡུལ་ཐམས་ཅད་ཀྱིས་སྤྲིན་འཁྲིགས་པ་ལྟར་བསྐོར་ནས་མངོན་སུམ་དུ་བཞུགས་པར་དམིགས་ལ་སྐྱབས་སུ་འགྲོ་བ་འདི་བཞིན་སྨྲོས་ཤིག༔ ན་མོ༔ བླ་མ་བདེར་གཤེགས་སྲས་དང་བཅས༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ལ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ དེ་ནས་སོ་ཐར་གྱི་སྡོམ་པ་བླང་བ་ནི༔ བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་ཉེས་བྱས་ཚོགས༔ མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་དང་༔ སོ་ཐར་བྱང་སེམས་སྡོམ་པ་ལ༔ བདག་ནི་གནས་ཤིང་བསྲུང་བར་བགྱིད༔ སྨོན་འཇུག་གི་སེམས་བླང་བ་ནི༔ ཕ་མ་རིགས་དྲུག་སེམས་ཅན་རྣམས༔ འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས༔ མ་བསྒྲལ་བ་རྣམས་བདག་གིས་བསྒྲལ༔ མ་གྲོལ་བ་རྣམས་བདག་གིས་འགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དེ་ནས་གསང་བ་སྔགས་ཀྱི་དམ་ཚིག་བླང་བ་ནི༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ སྐུ་གསུམ་སྟོན་པ་རིགས་ལྔ་ཡི༔ དམ་ཚིག་རྣམས་ཀྱང་བདག་གིས་བསྲུང་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ སྐྱོན་རྣམས་སྤང་སྟེ་ཡོན་ཏན་བསྒྲུབ༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཡི་གེ་འདྲི་མཆོད་སྦྱིན་བཀླག་འདོན༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ སྡོམ་བཟུང་ལོག་པའི་ལྟ་བ་སྤང་༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཏུ༔ ཀ་དག་བློ་འདས་ཁྲེགས་ཆོད་བསྒོམ༔ ལོངས་སྤྱོད་རྫོགས་སྐུའི་དམ་ཚིག་ཏུ༔ སྐུ་དང་ལུག་རྒྱུད་ཐིག་ལེ་བསྟེན༔ སྤྲུལ་པའི་སྐུ་ཡི་དམ་ཚིག་ཏུ༔ གང་ལ་གང་འདུལ་གཞན་དོན་སྤྱོད༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དེ་བཞིན་གཤེགས་པ་ལ་སོགས་རིགས་ལྔ་ཡི༔ དམ་ཚིག་མི་སྤང་ཡང་དག་ཉིད་དུ་བསྲུང་༔ ཡང་དག་འཇིགས་བྲལ་རྡོ་རྗེ་ལྟ་བུའི་དོན༔ འགྲོ་བའི་དོན་དུ་མངོན་དུ་འགྱུར་བར་ཤོག༔ ཅེས་དམ་ཚིག་གི་རིམ་པ་རྣམས་བཤད་དོ༔ དེ་ནས་སློབ་མ་རྣམས་ཚེ་དཔག་མེད་དུ་བསྐྱེད༔ གནས་གསུམ་དུ་དྲི་ཡིས་ཐིག་ལེ་བྱ༔ དྲི་བཟང་བསྲེག་ཅིང་རོལ་མོ་འཁྲོལ༔ ཡེ་ཤེས་པ་དབབ་ཅིང་ཏིཥྛ་བཛྲ་གྱིས་བསྟིམ་མོ༔ དེ་ནས་དངོས་གྲུབ་ཀྱི་པྲ་རྟགས་བསྟན་པ་ནི༔ རིགས་ལྔའི་ས་བོན་བྲིས་པའིི་ཚོམ་བུ་ལ་སོ་ཤིང་འདོར་ཞིང་འདི་སྐད་བརྗོད་དོ༔ བླ་མ་ཚེ་དཔག་མེད་པ་དང་༔ རིག་འཛིན་ཚེ་ཡི་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དགོངས༔ ལས་བཞིའི་འཕྲིན་ལས་གང་འགྲུབ་པར༔ བདག་གི་སོ་ཤིང་འབབ་པར་ཤོག༔ པྲ་ཏི་གྷྲི་ཧ་ན་སིངྔྷི་སྟྭཾ༔ ཅེས་དོར་རོ༔ ཕྱོགས་བཞི་ཞི་རྒྱས་དབང་དྲག་བཞི༔ ལྷ་སྔགས་ཏིང་འཛིན་ངོ་སྤྲོད་ཅིང་༔ ནད་ཉུང་ཚེ་རིང་དངོས་གྲུབ་འཐོབ༔ བར་ཆད་ཞི་བ་རྣམ་པ་བཞི༔ མཚམས་བཞིར་བབས་པ་རྣམས་ལའོ༔ རྩ་བ་བསྟན་དང་ཕྱི་རོལ་ཡལ༔ སྐུ་རིམ་རྐྱེན་བཟློག་འབུང་གསུམ་འདོན༔ དེ་ནས་ཚོན་སྐུད་ལྔ་དྲིལ་རྡོ་རྗེའི་མདུད་པ་ཅན་སློབ་མའི་དཔུང་པ་ལ་གདགས་ཤིང་༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ གདོན་བགེགས་འབྱུང་པོ་ཐམས་ཅད་རཀྵ་རཀྵ༔ དེ་ནས་ཀུ་ཤ་ཡི་གེ་གསུམ་གྱི་བྱིས་གྱིས་བརླབས་པ་སྔས་གདན་སྦྱིན་ཞིང་༔ ཁ་ནུབ་ཏུ་བསྟན་ཏེ་ཉལ་ནས་ཚེ་ཡི་ལྷ་ཚོགས་ལ༔ ལྟས་བཟང་ངན་གྱི་རྨི་ལམ་སྟོན་ཞིག་པའི་གསོལ་འདེབས་དང་སྨོན་ལམ་བཏབ་སྟེ་ཉལ་ནས༔ ནང་པར་སློབ་དཔོན་གྱི་དྲུང་དུ་གང་བྱུང་ཞུའོ༔ བཟང་ན་གསོལ་བ་འདེབས་ཤིང་མཎྜལ་འབུལ༔ ངན་ན་བཤགས་པ་བརྗོད་ཅིང་ཚོགས་གཏོར་བསྐང་གསོལ་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཕྱི་ནང་གསང་གསུམ་གྱི་མཚམས་བཅད་ཅིང་དམ་སྲི་མནན་པ་ནི༔ སྒྲུབ་ཁང་གི་ཕྱི་རོལ་དུ་ཐོ་བཞི་བརྩེགས་ལ༔ ཤིང་རིང་གི་རྩེ་ལ་རྒྱལ་ཆེན་བཞིའི་སྐུ་བྱང་བུ་དང་བཅས་པ་བཏགས་ཏེ༔ གཏོར་མ་རེ་འབུལ་ཞིག་མངའ་གསོལ་བ་ནི་འདི་སྐད་དོ༔ ཧཱུྃཿ ཤར་ཕྱོགས་རྒྱལ་ཆེན་ཡུལ་འཁོར་སྲུང་༔ སྐུ་མདོག་དཀར་པོ་པི་ཝཾ་བསྣམས༔ ཞི་བའི་འཕྲིན་ལས་ཀུན་གྱི་བདག༔ དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཏིཥྛ་ར་ཙ་ཡེ་སྭཱ་ཧཱ༔ ཧཱུྃཿ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ སྐུ་མདོག་སྔོན་པོ་རལ་གྲི་བསྣམས༔ རྒྱས་པའི་འཕྲིན་ལས་ཀུན་གྱི་བདག༔ གཤིན་རྗེའི་གདོན་རྣམས་མཚམས་ཆོད་ཅིག༔ ཨོཾ་བྷེ་རུ་ར་ཏ་ཡེ་སྭཱ་ཧཱ༔ ཧཱུྃཿ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན༔ དབང་གི་འཕྲིན་ལས་ཀུན་གྱིབདག༔ ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག༔ ཨོཾ་བྷེ་རུ་བྷག་ཤ་ཡེ་སྭཱ་ཧཱ༔ ཧཱུྃཿ བྱང་ཕྱོགས་རྒྱལ་པོ་རྣམས་ཐོས་སྲས༔ སྐུ་མདོག་ལྗང་གུ་ནེའུ་ལེ་བསྣམས༔ དྲག་པོའི་འཕྲིན་ལས་ཀུན་གྱི་བདག༔ གནོད་སྦྱིན་གདོན་བགེགས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་ཤ་ར་ཝ་ཎ་ཡེ་སྭཱ་ཧཱ༔ དེང་གི་གནས་མཆོག་དམ་པ་འདིར༔ བསྒྲུབ་པའི་ཆོ་ག་ཟབ་མོ་འདི་མཐར་མ་ཕྱིན་གྱི་བར་དུ༔ རྒྱལ་པོ་ཆེན་པོ་ཆེ་གེ་མོ་འདི་ཞེས་བྱ་བས༔ ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་༔ ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་འཕྲིན་ལས་མཛོད་ཅིག༔ ཅེས་རྒྱལ་པོ་ཆེན་པོ་བཞི་ལ་རིམ་བཞིན་འདོད་གསོལ་འདི་སྦྱར་ཏེ་འཕྲིན་ལས་བཅོལ༔ དེ་ནས་དམ་སྲི་མནན་པ་ནི༔ ར་སོགས་ཀྱི་ཕྱི་ན་རི་རབ༔ ནང་དུ་དམ་སྲིའི་ལིངྒ་བྲིས་པའི་སྙིང་གར་ཏྲི་ལ་ཛཿནག་ཁ་སྦྱོར་གྱིས་བསྐོར་ཞིང་༔ དེའི་ཐ་མར་དམ་སྲི་ག་པ་རི་མཱ་ར་ཡ་ཛ༔ ནན༔ ཏྲེའུ་ཏྲེའུ་ཡ་ཛ༔ ནན༔ ཏྲེའུ་ཏྲེའུ་ཡ༔ ན་མ་ཤོ་ཛ༔ ཁུག་ནན༔ ཅེས་བྲིས་སྒྲུབ་ཁང་གི་ཐེམ་འོག་ཏུ་མནན་ཞིང་༔ རང་ཉིད་དབང་ཆེན་དུ་བསྒོམ་སྟེ༔ འགུགས་བསྟིམ་ཕོ་ཉ་བསྐུལ་ཞིང་ཕྱག་རྒྱ་བཞིས་རྒྱས་གདབ༔ སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ཞིང་འདི་སྐད་དོ༔ ཧཱུྃཿ དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ བླ་མ་ལ་བསྡོས་མཆེད་ལ་འཁུས༔ དཀོན་མཆོག་དམད་ཅིང་བསྟན་པ་བཤིག༔ དེས་ན་བསྐལ་པའི་མེ་ལ་བསྲེག༔ རི་རབ་གླིང་བཞིའི་འོག་ཏུ་མནན༔ མཚོན་ཆའི་ཚོགས་ཀྱིས་དུམ་བུར་གཏུབ༔ རྡོ་རྗེ་འབར་བའི་རྒྱས་ཀྱང་བཏབ༔ ནམ་ཡང་ཐར་པའི་གོ་སྐབས་མེད༔ ཧཱུྃ༔ བརྗོད་མེད་ཉག་ཅིག་ཆོས་སྐུའི་རྒྱ༔ སྣང་སྟོང་གཉིས་མེད་ལོངས་སྐུའི་རྒྱ༔ སྐུ་གསུམ་དབྱེར་མེད་སྤྲུལ་སྐུའི་རྒྱ༔ གང་འདུལ་འཕྲིན་ལས་རྣམ་བཞིའི་རྒྱ༔ རིགས་བདག་མགོན་པོ་སྐུ་ལྔའི་རྒྱ༔ འགྲོ་འདུལ་ཐུབ་པ་དྲུག་གི་རྒྱ༔ རྐང་གཉིས་གཙོ་བོ་རབས་བདུན་རྒྱ༔ བསྟན་འགྲོའི་རྩ་ལག་སེམས་བརྒྱད་རྒྱ༔ ཐར་པའི་ལམ་མཆོག་ཐེག་དགུའི་རྒྱ༔ རྒྱ་དགུས་བཏབ་པའི་རིམ་དགུའི་འོག༔ མ་རུངས་དམ་སྲི་སྒབ་འདྲེའི་ཚོགས༔ མནན་པ་ཡིན་ནོ་མ་ལྡང་ཞིག༔ བཅིངས་པ་ཡིན་ནོ་མ་གྲོལ་ཞིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་བརྗོད་དོ༔ དེ་ནས་ཁྲོ་བོ་བཅུར་མངའ་གསོལ་བའི་ཕུར་པ་དར་གྱི་ཅོད་པཎ་ཅན་བཅུ་སྟེང་འོག་བར་གསུམ་དུ་གདབ་ཅིང་༔ ཁྲོ་བོ་བཅུའི་སྙིང་པོ་བཟླས་ལ་གསེར་སྐྱེམས་མཆོད༔ འཕྲིན་ལས་བཅོལ་ལོ༔ དེ་ནས་སྒྲུབ་ཁང་ཡ་ཐེམ་ཕྱི་ལ་དབང་ཆེན་གྱི་སྐུ་བཏགས་ལ༔ ཧཱུྃཿ ཁྲོ་བོའི་རྒྱལ་པོ་པདྨ་དབང་༔ ཁམས་གསུམ་སྐྱེ་འགྲོ་ཁྱོད་ཀྱི་འཁོར༔ གདོན་བགེགས་འབྱུང་པོ་ལན་ཆགས་བྲན༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ བདག་གིས་དངོས་གྲུབ་མ་ཐོབ་བར༔ ས་འདི་ཡན་ཆད་མ་གཏོང་ཞིག༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ་ཕཊ༔ དེ་ནས་བདུད་རྩི་འཁྱིལ་པའི་སྐུ་ཡ་ཐེམ་གྱི་ནང་དུ་བཏགས་ལ༔ ཧཱུྃཿ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ སྤྲུལ་པ་ཁྲོ་ཚོགས་གྲངས་མེད་འཕྲོ༔ བདག་གིས་བྱང་ཆུབ་མ་ཐོབ་བར༔ གདོན་བགེགས་འབྱུང་པོ་མཚམས་ཆོད་ཅིག༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་དམ་སྲི་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཐིག་ཆོག་བྱ་ཞིང་ད་ལ་འདྲི་བ་ནི༔ ཐིག་སྐུད་སྣལ་ཚོན་དཀར་དམར་གྱི་སྐུད་པ་སྦོམ་ཕྲ་སྒོའི་ཉིས་འགྱུར༔ རིང་ཐུང་འདོམ་གང་ཁྲུ་གང་མཐོ་གང་སོར་གསུམ་པ་ཞིག་གི་སྣེ་གཉིས་ལ་རྡོ་རྗེ་དང་དྲིལ་བུ་བཏགས་པ་བཟོ་ཞིང་༔ རིག་མ་མཚན་ལྡན་ཁྲུས་ནས་ཕྱུང་ཞིང་རྒྱན་གྱིས་སྤྲས་ལ༔ དྲིལ་བུ་ཡུམ་ལ་གཏད༔ རྡོ་རྗེ་ཡབ་ཀྱིས་བཟུང་ཞིང་༔ ཀྱེ་ཧོ༔ བླ་མེད་གསང་བའི་ཆོས༔ སྐྱེ་མེད་ཆོས་དབྱིངས་ནམ་མཁའ་ལ༔ དམིགས་གཏད་བློ་བྲལ་ཐིག་གདབ་བོ༔ རང་བཞིན་འགག་མེད་བར་སྣང་ལ༔ རངབྱུང་ཡེ་ཤེས་ཐིག་གདབ་བོ༔ སྣ་ཚོགས་ཡངས་པའི་ས་གཞི་ལ༔ འགྲོ་དོན་སྤྲུལ་སྐུའི་ཐིག་གདབ་བོ༔ བྷ་ག་ཡུམ་གྱི་ས་གཞི་ལ༔ བྱང་ཆུབ་སེམས་ཀྱི་ཐིག་གདབ་བོ༔ རིག་འཛིན་ཚེ་ཡི་དཀྱིལ་འཁོར་དུ། སྣང་སྟོང་ངང་ནས་ལྷམ་མེར་གསལ༔ བྷྲཱུྃ་སང་ཏྲི་ཏ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཅེས་བརྗོད་ཚངས་པའི་ཐིག་གདབ་ཅིང་༔ ཤར་ནས་ནུབ་ཏུ་ཆ་བཞིར་བགོ༔ ལྷོ་བྱང་གཉིས་ཀྱང་དེ་བཞིན་ནོ༔ དབུས་ཕྱོགས་ཆ་ཆེན་གཉིས་པ་སྟེ༔ བཅུ་དྲུག་གྲངས་སུ་ཐེམས་པར་གདབ༔ དང་པོ་གཉིས་པ་གསུམ་པ་རྣམས༔ ལྟེ་བ་པདྨའི་ཆ་ཡིན་ཞིང་༔ འཁྱམས་དང་སྒོ་གྲུ་ལ་སོགས་པ༔ ཕྱག་ལེན་སྤྱི་འགྲོས་གཞན་དང་མཐུན༔ དེ་ནས་ཚོན་གྱི་རིམ་པ་ནི༔ རབ་རིན་ཆེན་སྣ་ལྔ༔ འབྲིང་དུར་ཁྲོད་ཀྱི་ས་རྡོ༔ ཐ་ནའང་མཛེས་པའི་ས་ཚོན་ལ་ཁ་དོག་རིགས་ལྔར་བསྒྱུར་ཞིང་སྣོད་སོ་སོར་དགྲམ༔ རིགས་ལྔའི་ས་བོན་བྲི༔ དམ་ཚིག་པ་བསྐྱེད༔ ཡེ་ཤེས་པ་བསྟིམ༔ མཆོད་བསྟོད་བསྡུས་པ་ཞིག་བྱ༔ དེ་ནས་སློབ་དཔོན་གྱིས་ཚོན་ཐོགས་ཏེ༔ ཧཱུྃཿ གསང་བ་བླ་མེད་ཚེ་དཔག་མེད༔ རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས༔ སེམས་ཅན་འགྲོ་བ་ཀུན་དོན་དུ༔ ཡེ་ཤེས་ལྔ་ཡི་ཚོན་བཀྲམས་པས༔ འགྲོ་དྲུག་འཁོར་བ་དོང་སྤྲུག་ཤོག༔ ཅེས་བརྗོད་ཅིང་ལྷག་ཆད་སྤང་སྟེ་འབྲི་བར་བྱའོ༔ རྟེན་འབྲེལ་གྱི་གནད་ཆེ་བས་གཟབས་པ་གལ་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་ལྷག་ཆད་གསོ་ཞིང་མ་ཏྲཾ་བསྒྲལ་བ་ནི༔ རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱིས་རྡོར་དྲིལ་སྒྱུར་ཞིང་གར་འཁྲབ༔ མཆེད་ལྕམ་རྣམས་ཀྱིས་རོལ་མོ་ལྡིར་ཞིང་ད་ལ་བསྐོར་ཏེ་འདི་སྐད་དོ༔ ཧཱུྃཿ གསང་བ་མཆོག་གི་ཕོ་བྲང་འདིར༔ མ་འདྲེས་ཡོངས་རྫོགས་ཟང་ཐལ་ཀློང་༔ ཆོས་དབྱིངས་འགགས་མེད་རོལ་པར་ཤར༔ དུས་གསུམ་རྒྱལ་བ་མ་ལུས་དང་༔ ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས༔ དག་པའི་ཞིང་ནས་སྐུ་སྐྱོད་ལ༔ ཕོ་བྲང་འདི་ལ་བརྟན་པར་བཞུགས༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྐུ་གསུང་ཐུགས་ལ་བསྟོད་པར་བགྱི༔ ལྷག་ཆད་འགལ་འཁྲུལ་ཅི་མཆིས་བཤགས༔ ཅེས་བརྗོད་ཡི་གེ་བརྒྱ་པ་དང་དབྱངས་གསལ་བྱེད་བརྗོད༔ ཁམ་ས་ལ་མ་ཏྲཾ་གྱི་གཟུགས་བཟོས༔ སྒྲོལ་གིང་དུར་ཁྲོད་ཆས་ཀྱིས་བརྒྱན་ཞིང་༔ རྔ་ཆིག་བརྡུང་བྱས་སྟེ་དཀྱིལ་མཁོར་བསྐོར་ཞིང་རྒྱུགས་ནས་འདི་སྐད་དོ༔ ཧཱུྃཿ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ དཔལ་ཆེན་ཚོགས་ཀྱིས་བསྒྲལ་བ་ལྟར༔ ཁྱོད་ཀྱི་ལུས་སྲོག་དུམ་བུར་གཏུབ༔ བདག་འཛིན་རཱུ་ཏྲ་རྩད་ནས་གཅོད༔ རིག་འཛིན་ཚེ་ཡི་ཕོ་བྲང་འདེབས༔ མ་ཏྲཾཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ་དཀྱིལ་འཁོར་ཐ་མར་བསྐོར་ཏེ་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་སྦྱིན་སྲེག་བུམ་པ་སྟ་གོན་བྱ་བ་ནི༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་ལས་བཞི་སོ་སོར་ཐེབས་ན་རབ༔ ཡང་ན་དཀྱིལ་མཁོར་གྱི་ཤར་རམ་ལྷོར་ཞི་རྒྱས་སམ༔ ནུབ་ཕྱོགས་སུ་དབང་གི་སྦྱིན་སྲེག་གཞུང་མཐུན་ལྟར་འདེབས༔ དེ་ནས་བུམ་པ་སྟ་གོན་ནི༔ མཚན་ཉིད་དང་ལྡན་པའི་བུམ་པ་དག་པར་བཀྲུ༔ དྲི་མ་ཕྱི་གུ་གུལ་གྱིས་བདུག༔ ཐུན་གྱིས་བྲབ༔ དྲག་སྔགས་བརྗོད་དེ༔ ཁྱེའུ་བཀྲ་ཤིས་པས་བླངས་པའི་གཙང་ཆབ་ལ་དྲི་བཟང་གི་བུམ་སྨན་བཏབ་ཅིང་༔ དར་དམར་གྱིས་མགུལ་ཆིངས་བྱ༔ རྨ་བྱ་དང་ཀུ་ཤ་གཟུངས་ཐག་རྣམས་ཀྱིས་ཁ་བརྒྱན་པ་སྟེགས་བུའི་ཁར་བཞག་ཅིང་༔ སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ ཨོཾ་ཨཱ༔ ཧཱུྃ་གསུམ་གྱི་བྱིན་གྱིས་བརླབ་ཅིང་༔ ཕྱི་བུམ་པ་གཞལ་ཡས་ཁང་༔ ནང་བཅུད་ཀྱི་ངོ་བོ་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་བསམ་ཞིང་༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ བཛྲ་ཨཱ་ཡུ་ཤེ༔ ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཅེས་བརྒྱ་སྟོང་སྐབས་དང་སྦྱར་ཏེ་བཟླ་ཞིང་བྱིན་གྱིས་བརླབ་བོ༔ དབང་བསྐུར་ན་དབང་རྫས་རྣམས་འདི་ནས་སྟ་གོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་རྒྱན་བཀོད་དགྲམ་ཞིང་ཞལ་བཀོད་གདབ་པ་ནི༔ མཆེད་ལྕམ་རྣམས་ལངས་ཏེ་ད་ལའི་རྫས་དང་རྒྱན་རྣམས་ཐོགས་ཏེ༔ དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃཿ བཀྲ་ཤིས་བུམ་པ་རིན་ཆེན་གཞལ་ཡས་ཁང་༔ རྣམ་དག་བདེ་ཆེན་བཀོད་པའི་ཞིང་དུ་གསལ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་བཞུགས་སུ་གསོལ༔ མེ་ལོང་བདུད་རྩི་དྲི་མེད་རྣམ་དག་རྫས༔ དམ་རྫས་བྷ་ལིང་རྒྱལ་བ་མཆོད་པའི་རྫས༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་གཏིབས༔ རྡོ་རྗེ་དྲིལ་བུ་ཐབས་ཤེས་གཉིས་སུ་མེད༔ རོལ་མོ་སིལ་སྙན་རྩ་གསུམ་བསྐུལ་བའི་རྫས༔ ཕུར་པ་རལ་གྲི་བར་ཆད་བཟློག་པའི་མཚོན༔ བདུད་རྩི་སྨན་རག་དངོས་གྲུབ་འབྱུང་བའི་རྫས༔ ཡིད་འོང་རིག་མ་བདེ་བ་སྟེར་བའི་གྲོགས༔ མདའ་བཞི་ཅོད་པན་དར་སྣ་ལོངས་སྤྱོད་རྫོགས༔ ཚོན་སྐུད་དྲ་བ་བར་གཅོད་སྲུང་བའི་གུར༔ ཡོང་བ་བླ་རེ་སྤྱན་གཟིགས་ཕུན་སུམ་ཚོགས༔ སྤོས་དང་མར་མེ་གྷ་ན་ལོངས་སྤྱོད་རྫས༔ མ་ལུས་ཐམས་ཅད་ཕོ་བྲང་གནས་འདིར་བཀོད༔ རིག་འཛིན་ཚེ་ཡི་འཕྲིན་ལས་མཐར་ཕྱིན་ཤོག༔ ཕྱི་མཆོད་ཤར༔ ནང་མཆོད་འདོད་ཡོན་ཚོགས་འཁོར་ལྷོ༔ གསང་མཆོད་སྨན་ཕུད་རཀྟ་ནུབ༔ ལས་གཏོར་རོལ་མོ་བྱང་དུ་བཀོད༔ གཞན་ཡང་གཏོར་ཚོགས་གཡས༔ མཆོད་ཚོགས་གཡོན༔ སྤྱན་གཟིགས་བཀོད་པ་ལེགས་པར་བཤམས༔ ཞལ་བཀོད་གདབ་པ་ནི༔ རྡོ་རྗེ་རྒྱལ་པོ་མཆེད་དང་ལྕམ་དྲལ་རྣམས་གྲལ་ལ་འཁོད་ཅིང་ཕུད་རིམ་པ་ལྟར་དྲངས་ཤིང་འདི་སྐད་དོ༔ ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་གྱི་གཙོ༔ རྡོ་རྗེ་རྒྱལ་ཐེབས་རྡོ་རྗེ་མཚམས་པ་དང་༔ ལས་ཀྱི་རྒྱལ་ཐེབས་ལས་ཀྱི་རིག་མ་དང་༔ འཕྲིན་ལས་གར་གིང་ལས་ཀྱི་སྒྲོལ་གིང་དང་༔ ཚོགས་གཉེར་གཡོས་པ་ཕྱག་ཚང་དུས་འཛིན་སོགས༔ ཐམས་ཅད་མ་ལུས་གནས་འདིར་ལྷུན་གྱིས་གྲུབ༔ ཅེས་བརྗོད༔ མཚན་ལྡན་རིག་མ་བླ་མ་ལ་འབུལ་ཞིང་༔ ཨེ་མ་བླ་མ་འགྲོ་བའི་མགོན༔ རྡོ་རྗེ་རྒྱལ་པོ་ཆོས་ཀྱི་རྒྱལ༔ འདི་ནི་མཚན་ལྡན་བཅུ་དྲུག་མ༔ གཟུགས་མཛེས་ཡིད་འོང་ལྟ་ན་སྡུག༔ དྲི་ཞིམ་ནུ་འབུར་བྷ་ག་རྒྱས༔ གསང་སྔགས་བླ་མེད་བདེ་བའི་ལམ༔ མཆོད་པར་འབུལ་གྱི་བཞེས་སུ་གསོལ༔ ཛྙཱ་ན་མུ་ཏྲ་པཱུ་ཙ་ཧོ༔ དེ་ནས་སློབ་དཔོན་གྱིས་བསྒོ་བ་ནི༔ ཀྱེ་ཧོ་ཉོན་ཅིག་སྐལ་ལྡན་འདིར་ཚོགས་རྣམས༔ སྔོན་ལས་བསོད་ནམས་འབྲས་བུས་མི་ལུས་ཐོབ༔ སྨོན་ལམ་དག་པས་བླ་མེད་ཆོས་འདི་མཇལ༔ ཕུན་སུམ་ཚོགས་པས་སྒྲུབ་པའི་ཁོངས་འདིར་ཆུད༔ གཡར་དམ་གཅིག་པས་མར་མེ་གཅིག་ལ་བལྟ༔ འདི་ནི་སྐལ་བཟང་ཕུན་སུམ་ཚོགས་པ་སྟེ༔ བརྩོན་འགྲུས་རབ་བསྐྱེད་སྒོ་གསུམ་གུས་པར་མཛོད༔ འཁྲུལ་གཏམ་མྱོས་བྱེད་ཆང་དང་གཏི་མུག་གཉིད༔ འཐབ་རྩོད་ཀུ་ཅོ་ལེ་ལོ་སྙོམས་ལས་དང་༔ ཉེ་རིང་ཕྱོགས་ཆ་ཆགས་སྡང་ཕྲ་མའི་གཏམ༔ ཚོད་ཡོད་བརྙས་བཅོས་ལོག་ལྟ་བག་མེད་དང་༔ སླ་ཆོས་ལོག་སྤྱོད་གཡེང་བ་ཉེས་བྱས་སྡོམས༔ བླ་མ་རྒྱལ་ཐེབས་གསང་ཡུམ་རིག་མ་དང་༔ མཆེད་ལྕམ་རྣལ་འབྱོར་ཀུན་ལ་གུས་འདུད་འབུངས༔ འདི་ལྟར་དབང་སྒྲུབ་དཀྱིལ་འཁོར་མཐོང་བའི་བུ༔ ཚེ་འདིར་སངས་རྒྱས་འབྲས་བུ་འཐོབ་པ་ལས༔ ཐུན་མོང་ཕྲན་ཚེགས་ཙམ་ལ་མ་སེམས་ཤིག༔ བླ་མེད་སྒྲུབ་ཐབས་འདི་འདྲ་འཛམ་གླིང་དཀོན༔ ཁྱེད་རྣམས་སྔོན་བསགས་བསོད་ནམས་ཤིན་ཏུ་ཆེ༔ སློབ་དཔོན་གསུང་ལ་རྩེ་གཅིག་མོས་པས་ཉོན༔ བཀའ་ལས་འདས་ན་དངོས་གྲུབ་བརླག་པར་འགྱུར༔ ཚུལ་བཞིན་སྤྱོད་ན་འབྲས་བུ་དུས་འདིར་འཐོབ༔ ཅེས་ཉིན་རེ་བཞིན་བསྐུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་དམ་རྫས་བཤམ་ཞིང་བྱིན་ཆེན་འབེབས་པ་ནི༔ རཏྣའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ༔ ཚེ་སྒྲུབ་ཀྱི་རིལ་བུ་གཞུང་དང་མཐུན་པར་བླུགས་པ་རིག་མས་ཐོགས༔ མཆེད་ལྕམ་དྲལ་རྣམས་ཀྱིས་རོལ་མོ་འབིར༔ དབྱངས་སྙན་པོས་འདི་སྐད་བརྗོད་དོ༔ ཧཱུྃཿ ཆོས་དབྱིངས་ཕོ་བྲང་གསང་བའི་དཀྱིལ་འཁོར་འདིར༔ བླ་མེད་རྫས་མཆོག་སྐུ་གསུམ་འདུ་འབྲལ་མེད༔ རིག་འཛིན་ཚ་ེཡི་སྒྲུབ་རྫས་ཁྱད་འཕགས་འདི༔ བདག་ཅག་འཆི་མེད་ཚེ་སྲོག་ཐོབ་བྱའི་ཕྱིར༔ མི་འགྱུར་ཕོ་བྲང་དཀྱིལ་འཁོར་གནས་འདིར་འགོད༔ ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་ཐམས་ཅད་དང་༔ རིག་འཛིན་ཚེ་ལ་དབང་བའི་དཀྱིལ་འཁོར་ལྷ༔ ལྷ་ཀླུ་མི་གསུམ་དྲང་སྲོང་རིག་པ་འཛིན༔ བདུད་རྩིའི་ལྷ་མོ་སྨན་གྱི་ལྷ་མོ་དང་༔ འབྱུང་བའི་ལྷ་མོ་རྒྱུ་སྐར་ལྷ་མོ་དང་༔ ཚེ་ལྷ་མགྱོགས་མ་སྒོ་མའི་ཚོགས་རྣམས་ཀྱིས༔ སྔོན་གྱི་སྨོན་ལམ་ཞལ་བཞེས་བརྩེར་དགོངས་ལ༔ སྐུ་གསུམ་ཐུགས་ཀྱི་ནུས་པའི་རྩལ་ཕྱུང་ཏེ༔ འཕྲིན་ལས་མྱུར་མགྱོགས་ཐུགས་རྗེའི་གློག་འཁྱུག་ནས༔ འཁོར་འདས་ཀུན་གྱི་བྱིན་རླབས་ནུས་མཐུའི་དཔལ༔ ཚེ་བསོད་དབང་ཐང་འབྱུང་བཞི་སྨན་གྱི་བཅུད༔ འུབ་ཀྱིས་བསྡུས་ནས་སྒྲུབ་པའི་རྫས་ལ་བསྐྱིལ༔ དམ་ཚིག་ཡེ་ཤེས་གཉིས་མེད་རྒྱ་ཡིས་བཏབ༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་པས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས༔ རིག་འཛིན་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ནས༔ སྐུ་གསུང་ཐུགས་མཉེས་པའི་མདངས་ཕྱུངས་ཏེ༔ སྒྲུབ་རྫས་ལ་གཉིས་མེད་དུ་ཐིམ་ནས༔ མི་འགྱུར་ལྷུན་གྲུབ་ཐུགས་རྗེའི་ཀློང་དུ་བཞུགས་པར་བསམས་ཤིང་བྱིན་འབེབས་འདོན༔ རོལ་མོ་འཁྲོལ༔ དྲི་བཟང་དང་གུ་གུལ་གྱི་དུད་པ་གཏོང་ཞིང་སྒྲུབ་རྫས་དཀྱིལ་འཁོར་གྱི་དབུས་སུ་འགོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་ལས་ཀྱི་གཞུང་བསྲང་ཞིང་བསྙེན་སྒྲུབ་ཀྱི་རིམ་པ་ནི༔ རྒྱུན་ཏུ་འཕྲིན་ལས་ནར་མར་བསྲང་ཞིང་༔ དུས་གསུམ་དུ་ཚོགས་དང་ལྷག་མཆོད་ཐེམས་པར་བྱ༔ ཚེ་སྒྲུབ་གཞན་གྱི་ཡང་ལས་གཞུང་མང་དུ་བསྲང་ལྕོགས་ན་བྱིན་རླབས་དཔག་ཏུ་མེད་པ་འབྱུང་བའི་གནས་སུ་ཤེས་པར་བྱའོ༔ བསྙེན་སྒྲུབ་ལས་སྦྱོར་ཆིག་དྲིལ་གྱི་འཛབ་བསྙེན་གཞུང་དང་མཐུན་པར་ཐུན་བཟུང་ཞིང་༔ དལ་འཁྱུག་འབྲུག་ལྡིར་བ་ལྟར་བཟླ་ཞིང་༔ སྐབས་སྐབས་སུ་དྲག་པོའི་ཧཱུྃ་གི་སྣང་གླུ་ལེན་ཏེ༔ ལེ་ལོ་སྙོམས་ལས་སྤངས་ནས་བསྒྲུབ་པར་བྱའོ༔ མདོར་ན་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་པ་དང་འཛབ་ལ་འབད་པ་གལ་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་ཉུལ་ལེ་བསྐྲད་ཅིང་སྒྲུབ་པའི་ལྟས་བརྟག་པ་ནི༔ སྒྲུབ་པ་ལ་ཞུགས་ནས་ཞག་གྲངས་མ་ཐེམས་བར་དུ་དུས་དྲུག་གམ་བཅུ་གཉིས་སུ་ཉུལ་ལེ་བསྐྲད༔ ཁྱད་པར་ཉམས་མི་གསལ་ཞིང་ཤེས་པ་འཐིབ་པ་དང་༔ བག་གྲང་ཞིང་སྒྲུབ་རྫས་དཀྱིལ་འཁོར་སོགས་ལ་བག་རྡུལ་ཆགས་པ་དང་༔ རིག་པ་བྱིང་ཞིང་མར་མེའི་འོད་ཉམས་པ་སོགས་བྱུང་ན༔ གིང་པ་ཆས་སུ་ཞུགས༔ དམ་ཚིག་སེམས་དཔར་གསལ་ཞིང་ཡེ་ཤེས་པ་བསྟིམ་སྟེ༔ མི་ལྤགས་ཀྱི་གཡབ་མོ་མཚོན་ཆ་སྣ་ཚོགས༔ བོང་བུའི་མཇེ་སོགས་ཐོགས་ཏེ་དྲག་པོའི་ངར་གྱིས་རྒྱུག་ཅིང་༔ ཧཱུྃ་ཕཊ་དང་དྲག་སྔགས་བརྗོད༔ སྒྲུབ་པའི་ལྟས་ནི༔ ཉམས་གསལ་ཞིང་ཤེས་རིག་དྭངས་པ་དང་༔ བག་དྲོ་བ་བྱིན་ཆགས་པ༔ བླ་མ་མཆེད་ལྕམ་ལ་མོས་གུས་དང་དག་སྣང་འབར་བ༔ དཀྱིལ་འཁོར་སྒྲུབ་རྫས་སྒྲུབ་ཁང་སོགས་ལ་འོད་འཚེར་བ༔ བཀྲག་བཟང་བ༔ བུམ་ཆུ་ཁོལ་བ༔ གཏོར་མ་ལ་མེ་འབར་བ༔ སྒྲུབ་རྫས་འཕུར་བ་འཁྲབ་པ༔ དྲི་བཟང་པོ་འཐུལ་བ༔ མར་མེ་འཛིན་པ༔ རྨི་ལམ་དུའང་གྱེན་ལ་འཛེགས་པ༔ ཉི་ཟླ་ཤར་བ༔ ཆུ་བོ་བརྒལ་བ༔ ཟམ་པ་བཏིང་བ༔ དར་འཕྱར་བ༔ དུང་འབུད་པ༔ རོལ་མོ་འཁྲོལ་བ༔ ཁྲི་ལ་འདུག་པ་སོགས་དང་༔ ཁྲུས་བྱས་པ༔ རྒྱན་སྤྲས་པ༔ བྲག་བཤགས་པ༔ ཆུ་རྒྱུན་འབབས་པ་སོགས་བྱུང་ན་ཤིན་ཏུ་ལེགས་པའི་ལྟས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་དོན་བཅུ་གཉིས་ཀྱིས་སྟོན་ཏེ༔ དངོས་གྲུབ་ཞུ་བ་གཏོར་མ་སྐྱོང་བ༔ ཚེ་འགུགས་པ༔ དཀྱིལ་འཁོར་བསྡུ་བ༔ ལྷག་ཆད་བསྐང་བ༔ ཡོན་འབུལ་བ༔ མར་མེ་སྨོན་ལམ་གདབ་པ༔ བཀྲ་ཤིས་བརྗོད་པ༔ ལུས་བསྲུང་༔ གནས་བསྲུང་༔ བསྔོ་བ་བྱ་བ་དང་བཅུ་གཉིས་སོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དངོས་གྲུབ་ཞུ་བ་ནི༔ སྒྲུབ་རྫས་ཚེ་སྒྲུབ་ཀྱི་རིལ་བུ་དང་༔ སྦྲང་བུར་ཀ་ར་སོགས་དཀར་གསུམ་མངར་གསུམ་གྱི་འབྲང་རྒྱས་སམ་ཚེ་རིལ་རིག་མ་རྒྱན་གྱིས་སྤྲས་པའི་ལག་ཏུ་ཐོགས་ཤིང་༔ རྡོ་རྗེ་སློབ་དཔོན་ལ་འབུལ་ཏེ་འདི་སྐད་དོ༔ ཧཱུྃཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འདི་ནི་རྣམ་དག་མཆོག་གི་རྫས༔ ཡེ་ཤེས་རང་བྱུང་བསྒྲུབ་པའི་རྟེན༔ དངོས་གྲུབ་རྒྱ་མཚོའི་དབང་བཞི་ལོང་༔ མ་ཧཱ་སརྦ་སིངྔྷི་སྟྭཾ༔ ཅེས་བརྗོད༔ སློབ་དཔོན་གྱིས་པད་སྐོར་གྱི་ཕྱག་རྒྱས་བླང་ཞིང་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃཿ དུས་གསུམ་བླ་མ་རིག་འཛིན་ཚེ་ཡི་ལྷ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་འདུལ་ཨོ་རྒྱན་རིན་པོ་ཆེ༔ རྩ་གསུམ་ལྷ་ཚོགས་སྲུང་མ་དམ་ཚིག་ཅན༔ ཚེ་ཡི་ལྷ་མོ་མགྱོགས་མ་སྒོ་མའི་ཚོགས༔ བདག་ཅག་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོས༔ བཀའ་བཞིན་སྤྱད་ཅིང་ལུང་བཞིན་དང་དུ་བླངས༔ མན་ངག་ཟབ་མོ་བསྒོམ་སྒྲུབ་བཟླས་གསུམ་རྫོགས༔ ད་ལྟ་དངོས་གྲུབ་ལེན་པའི་དུས་ལ་བབས༔ ཚེ་ལྷ་རིག་འཛིན་ཐུགས་རྗེའི་རང་བཞིན་ཀྱང་༔ སྔོན་གྱི་དམ་བཅའ་ཐུགས་དམ་དབྱིངས་ནས་བསྐུལ༔ མ་གཡེལ་རིག་འཛིན་སྲུང་མ་རྒྱ་མཚོའི་ཚོགས༔ འགྱུར་བ་མེད་པ་སྐུ་ཡི་སྒོ་ཕྱེ་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འགག་པ་མེད་པ་གསུང་གི་སྒོ་ཕྱེ་ནས༔ རྡོ་རྗེའི་བཟླས་པ་ལུང་གི་དངོས་གྲུབ་སྩོལ༔ འཁྲུལ་བ་མེད་པ་ཐུགས་ཀྱི་སྒོ་ཕྱེ་ནས༔ སྐྱེ་འཆིའི་འཇིགས་བྲལ་མཆོག་གི་དངོས་གྲུབ་སྩོལ༔ བཀྲ་ཤིས་བུམ་བཟང་ཚེ་རྟེན་དཔལ་གྱིས་གཏམས༔ ཡོན་ཏན་མི་འགྱུར་ལྷུན་གྲུབ་དངོས་གྲུབ་སྩོལ༔ རོ་བཅུད་ནུས་ལྡན་ཕུན་ཚོགས་འབྲང་རྒྱས་དཔལ༔ རྒྱལ་བའི་འཕྲིན་ལས་རབ་འབྱམས་དངོས་གྲུབ་སྩོལ༔ ཅེས་བརྗོད་རྩ་སྔགས་བཟླ་ཞིང་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིངྔྷི་ཕ་ལ་ཧཱུྃ༔ དངོས་གྲུབ་ཀྱི་རྫས་རྣམས་ལག་ཏུ་ཐོགས་ཏེ་གནས་ལྔར་གཏུག༔ ཚེ་ཡི་རིག་འཛིན་མཆོག་གི་དངོས་གྲུབ་ཐོབ་པར་བསམ༔ རྫས་ལ་རོལ༔ མཆེད་ལྕམ་རྣམས་ལ་ཚིག་གོང་ལྟར་བརྗོད་ཅིང་དབང་བསྐུར༔ དམིགས་པས་རྒྱས་གདབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་གཏེར་སྦ་བ་ནི༔ རྫའི་གའུ་འམ་བུམ་པའི་ནང་དུ་སྙིང་པོ་ལྔ༔ སྨན་ལྔ༔ དྲི་ལྔ༔ འབྲུ་ལྔ༔ རིན་པོ་ཆེ་ལྔ༔ སྒྲུབ་རྫས་དང་སྒྲུབ་གཏོར་རྣམས་ཀྱིས་ཁེངས་པར་དགང་ཞིང་དར་སྣ་ལྔའི་མགུལ་ཆིངས་བརྒྱན༔ འབྲས་བུ་ཅན་གྱི་ཤིང་གིས་སྤྲས་པ་ལ་རྡོ་རྗེ་སློབ་དཔོན་གྱིས་རྒྱས་བཏབ་པ་ཐོགས་ཏེ༔ ས་གཡང་ཆེ་བའི་རི་ལ་གཏེར་དུ་སྦ་ཞིང་མཆེད་ལྕམ་རྣམས་ཀྱིས་རོལ་མོ་དང་མེ་ཏོག་གིས་མཆོད་ཅིང་འདི་སྐད་དོ༔ ཧཱུྃཿ བཀྲ་ཤིས་ལྷ་མོ་ས་ཡི་བསྟན་མ་དང་༔ ཡུལ་ཕྱོགས་འདིར་གནས་དཀར་ཕྱོགས་སྐྱོང་བ་རྣམས༔ དགོས་འདོད་འབྱུང་བའི་རིན་ཆེན་བུམ་བཟང་འདི༔ བསྟན་འགྲོའི་བདེ་སྐྱིད་མི་ནུབ་བསྟན་པའིི་བཙས༔ བདག་ཅག་རྣམ་འབྱོར་རིག་འཛིན་འཁོར་བཅས་ཀྱི༔ ས་ལམ་ཡོན་ཏན་མི་ཟད་བསྒྲུབ་པའི་རྟེན༔ ལྷ་ཀླུ་གཞི་བདག་བང་མཛོད་ནོར་གྱི་མཆོག༔ གཏེར་ཆེན་འདི་སྦ་གཏེར་གྱི་བསྲུང་མར་བཅོལ༔ བྱང་ཆུབ་སེམས་མཆོག་ཐབས་ཤེས་རྟེན་འབྲེལ་མཐུས༔ སྟོང་གསུམ་འཇིག་རྟེན་ཡུལ་ཕྱོགས་རྒྱལ་ཁམས་སུ༔ ནད་མུག་མཚོན་འཁྲུག་དུས་ཀྱི་ཡོ་ལང་ཞི༔ བཀྲ་ཤིས་ཡོན་ཏན་དཔལ་འབྱོར་སྙན་གྲགས་སྟོབས༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་གྱུར་ཅིག༔ ཅེས་བརྗོད་བཀྲ་ཤིས་བརྗོད་ཅིང་ས་ལ་སྦ༔ གནས་སྐབས་མཐར་ཐུག་ཡོན་ཏན་དགོས་ཆེད་མང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་གཏོར་མ་བསྐྱང་བ་ནི༔ ཆད་ཐོ་གྱེར་ཞིང་ཟོར་དུ་འཕེན༔ སྒྲུབ་གཏོར་མཛོད་ཀྱི་ཕུག་ཏུ་སྦ༔ སྒྲུབ་ཁང་གི་ཐེམ་འོག་ཏུ་རྟ་བྲོ་བརྡུང་༔ ཧཱུྃཿ གསང་བ་ཚེ་ཡི་དཀྱིལ་འཁོར་དུ༔ བསྙེན་སྒྲུབ་ཟབ་མོའི་རྗེས་འབྲེང་ཞིང་༔ བསྒྲུབ་ལ་བར་གཅོད་སྒབ་འདྲེ་རྣམས༔ གཏོར་གཞོང་རི་རབ་གླིང་འོག་མནན༔ བྱང་ཆུབ་སེམས་མཆོག་མ་སྐྱེས་པར༔ ནམ་ཡང་ལྡང་བར་མ་བྱེད་ཅིགད༔ དགྲ་བགེགས་སརྦ་ཤ་ཏྲུཾ་སྟམ་བྷ་ཡ་ནན་ནན༔ ཞེས་བརྗོད་རྟ་བྲོའི་རྒྱ་ཡིས་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཚེ་འགུགས་པ་ནི༔ བུམ་པ་རིན་ཆེན་གཞལ་ཡས་ཁང་གི་དབུས་སུ་ཚེ་དཔག་མེད་ཀྱི་ལྷ་ཚོགས་ཐམས་ཅད་གསལ་ཞིང་༔ འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་འཁོར་འདས་ཐམས་ཅད་ཀྱི་བྱིན་རླབས་དང་གཟི་བརྗིད༔ ཚེ་བསོད་ནམས་དཔལ་འབྱོར་བ༔ ཁ་རྗེ་དབང་ཐང་༔ ལུང་རྟོག་གི་ཡོན་ཏན་དང་བཅས་པ༔ འབྱུང་བཞིའི་རོ་ནུས་བླ་ཚེ་ཆད་ཉམས་ཐམས་ཅད་འུབ་འུབ་བསྡུས་ཏེ༔ རང་དང་སྒྲུབ་རྫས་ཀྱི་ཚེ་བུམ་རྣམས་ལ་ཐིམ་པར་དམིགས་ཤིང་ཚེ་འགུགས་འདོན༔ བསྙེན་པ་བརྒྱ་སྟོང་གིས་ཁ་གསོ༔ མདའ་དར་གྱིས་རྒྱས་གདབ་བོ༔ དེས་ནི་ཚེ་ཡི་དངོས་གྲུབ་ལ་སྤྱོད་པར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃཿ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ ལྷ་ཚོགས་གསལ་ཞིང་ལས་ལ་སྦྱར༔ ད་ནི་ཡེ་ཤེས་དོན་གྱི་ལྷ༔ ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང་༔ སླར་ཡང་བདག་ཅག་རྗེས་སྐྱོང་འཚལ༔ ཅེས་བརྗོད་པས་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུ༔ དཀྱིལ་འཁོར་གྱི་རྫས་རྣམས་མཐའ་ནས་དབུས་སུ་བསྡུ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་ལྷག་ཆད་བསྐང་བ་ནི༔ དབྱངས་གསལ་བྱེད་ཡེ་རྡརྨ་ཅི་མང་བརྗོད་ཅིང་༔ ཧཱུྃཿ ཡེ་ཤེས་ལྷ་ཚོགས་སྲུང་མ་རྣམས༔ གསང་སྔགས་ཟབ་མོའི་ལམ་ཟབ་འདིར༔ བསྙེན་སྒྲུབ་བཟླས་པར་དམ་བཅས་ཀྱང་༔ བསྐྱེད་རྫོགས་ལས་སུ་མ་རུང་ཞིང་༔ ལྷག་ཆད་ནོར་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་བཟོད་གསོལ་དང་དུ་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཅེས་བརྗོད་ཡི་གེ་བརྒྱ་པ་བཟླ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་ཡོན་འབུལ་བ་ནི༔ མཆེད་ལྕམ་རྣམས་ཀྱི་རྡུལ་གཟན་སྟེགས་བུའི་དབུས་སུ་བརྩེགས་པའི་ཁར་རྡོ་རྗེ་སློབ་དཔོན་གཟུངས་མ་དང་བཅས་པ་བཞུགས་སུ་གསོལ༔ རིན་ཆེན་སྣ་ཚོགསནོར་གྱི་དབྱིག་དང་མཁོ་བའི་ཡོ་བྱད་ཅི་འབྱོར་སྤུང་༔ སྐྱེམས་དང་བཅས་ཏེ་འདི་སྐད་ཞུའོ༔ ཧཱུྃཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་གསུམ་རྒྱལ་བའི་འཕྲིན་ལས་པ༔ ཟབ་གསང་བླ་མེད་ཆོས་མཛོད་འཆང་༔ རབ་འབྱམས་འཕྲིན་ལས་རྣམ་བཞིའི་བདག༔ རྣམ་འཕྲུལ་མཛད་པའི་ཏིང་འཛིན་གྱིས༔ བདག་ཅག་སྨིན་གྲོལ་ལམ་ལ་བཀོད༔ སྟོང་གསུམ་ལྷ་མིའི་དཔལ་འབྱོར་དབང་༔ ཕུལ་ཀྱང་སྐུ་དྲིན་ཟུར་མི་འཁོར༔ འོན་ཀྱང་རིན་ཆེན་ནོར་གྱི་དབྱིག༔ མཁོ་དགུའི་དཔལ་འབྱོར་འདི་ཕུལ་བས༔ ཆོས་དབྱིངས་དགོངས་པ་ཡོངས་དགྱེས་ནས༔ མཁྱེན་དང་བརྩེ་བའི་ཏིང་འཛིན་གྱིས༔ བདག་ཅག་རྗེས་བཟུང་དངོས་གྲུབ་སྩོལ༔ གཟུངས་མ་རྒྱལ་ཐེབས་ཐུགས་ཀྱི་སྲས༔ སྦ་སྲི་མེད་པར་ཡོན་གྱིས་མཆོད༔ བདག་ལ་དགྱེས་དགོངས་སྨིན་གྲོལ་སྩོལ༔ ཅེས་བརྗོད་ཕུད་དྲངས་སྐུ་ཡོན་འབུལ༔ མཁོ་བར་གྱུར་ན་མཆོག་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་མར་མེ་སྨོན་ལམ་འདེབས་པ་ནི༔ མཆེད་ལྕམ་རྣམས་ལངས་ནས་མར་མེ་དང་དྲི་བཟང་གི་སྤོས་རེད་རྣམས་ཐོགས༔ རིག་མ་མཚན་དང་ལྡན་པ་ཁྲུས་བྱས་རྒྱན་གྱིས་སྤྲས་ཏེ༔ རྡོ་རྗེ་སློབ་དཔོན་གྱི་མདུན་དུ་ཀ་པཱ་ལ་ཆང་གིས་བཀང་བ་ཐོགས་ཤིང་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃཿ བླ་མེད་གསང་བ་མཆོག་གི་དཀྱིལ་མཁོར་དུ༔ སྨོན་ལམ་དབང་གིས་རིག་འཛིན་བདག་ཅག་འདུས༔ ལས་འཕྲོའི་དབང་གིས་དཀྱིལ་འཁོར་གཅིག་ཏུ་ཚོགས༔ རྡོ་རྗེ་སློབ་དཔོན་གཉན་གྱི་སྐུ་དྲིན་དང་༔ རྒྱལ་ཐེབས་གཟུངས་མ་ཐུགས་སྲས་རྟེན་འབྲེལ་མཐུས༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ མི་འབྲལ་ཐུགས་རྗེས་འཛིན་ཅིང་འགྲོག་པར་ཤོག༔ འདི་ཕྱི་བར་གསུམ་དུས་རྣམས་ཐམས་ཅད་དུ༔ བླ་མ་མགོན་པོ་རིགས་བདག་ལྷ་རུ་ཤོག༔ འདུས་བྱས་མི་རྟག་ལུས་འདི་བོར་མ་ཐག༔ ལམ་མྱུར་རྒྱལ་བའི་དཀྱིལ་འཁོར་འདི་མཐོང་ཞིང་༔ མཁའ་སྤྱོད་གྲུབ་ནས་མཆོག་གི་ས་ཐོབ་སྟེ༔ མཁའ་འགྲོ་དམ་ཅན་རྒྱ་མཚོས་ཡོངས་བསྐོར་ཞིང་༔ རིག་འཛིན་མཆོག་གི་གོ་འཕང་མངོན་གྱུར་ནས༔ ཆོས་དབྱིངས་དམ་པ་ཀུན་བཟང་ལ་གནས་ཤོག༔ དེ་ལྟར་མ་གྱུར་ཚེ་རབས་ཐམས་ཅད་དུ༔ ལས་ཀྱི་དབང་གིས་འཁོར་བར་སྐྱེས་གྱུར་ན༔ རྡོ་རྗེ་སློབ་དཔོན་བྱམས་པའི་ཏིང་འཛིན་དང་༔ མཆེད་ལྕམ་ལྟ་སྤྱོད་ཏིང་འཛིན་བསོད་ནམས་མཐུས༔ སྣང་གསལ་མར་མེ་འདི་ཡི་གཟི་བརྗིད་ཀྱིས༔ དུག་གསུམ་བག་ཆགས་སྒྲིབ་པ་རང་སར་དག༔ ཏིང་འཛིན་སྐུ་གསུམ་ཡེ་ཤེས་རྒྱུད་གསལ་ནས༔ མཆོག་གི་མི་ལུས་བླ་མས་རྗེས་བཟུང་སྟེ༔ ལྟ་སྒོམ་སྤྱོད་འབྲས་ཐོས་བསམ་ལས་རུང་ཞིང་༔ བྱང་ཆུབ་འབྲས་བུ་མངོན་དུ་གྱུར་ནས་ཀྱང་༔ ཇི་སྲིད་འཁོར་བ་འཇིག་རྟེན་མ་སྟོངས་བར༔ གཞན་དོན་འཕྲིན་ལས་སྣ་ཚོགས་ཐབས་ཆེན་གྱིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག༔ ཅེས་བརྗོད༔ སྨོན་ལམ་ཅི་བཏབ་དུས་འདིར་འགྲུབ་པས༔ གཞན་ཡང་ཐེག་པ་ཆེན་པོའི་སྨོན་ལམ་མང་དུ་བཏབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་བཀྲ་ཤིས་བརྗོད་པ་ནི༔ ནས་དཀར་མོ་ལ་རྟེན་འབྲེལ་སྙིང་པོ་བཏབ་པ་འཐོར་ཞིང་༔ ཧཱུྃཿ དབྱིངས་མཆོག་དམ་པ་དགེ་ལེགས་དཔལ་གྱི་གནས༔ ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན༔ མཚན་དཔེ་ཡོངས་རྫོགས་ཆོས་སྐུ་སྣང་མཐའ་ཡས༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ༔ ལྷག་པའི་ལྷ་མཆོག་ལོངས་སྐུ་མཚན་དཔེས་བརྒྱན༔ མ་ཆགས་སྐྱོན་བྲལ་རིག་འཛིན་ཚེ་དཔག་མེད༔ དུས་མིན་འཆི་བའི་འཇིགས་པ་སྐྱོབ་མཛད་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ༔ དུས་གསུམ་སངས་རྒྱས་འགྲོ་བའི་དོན་དུ་སྤྲུལ༔ སྐྱེ་འཆིའི་འཇིགས་བྲལ་སློབ་དཔོན་པདྨ་འབྱུང་༔ ལྔབརྒྱའི་དུས་ནའང་ཐུགས་རྗེས་དད་ལྡན་འདྲེན༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ༔ ཅེས་བརྗོད་མེ་ཏོགའཐོར་ཞིང་རོལ་མོ་འཁྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་ལུས་བསྲུང་བ་ནི༔ རང་ཉིད་ཀྱི་ངོ་བོ་ཆོས་སྐུའི་རོལ་པ་མ་འགགས་པ་ལས་པདྨ་དབང་ཆེན་དུ་བསྐྱེད་ཅིང་༔ སྟེང་འོག་ཕྱོགས་མཚམས་བསྲུང་བའི་འཁོར་ལོས་རྒྱས་གདབ་སྟེ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ༔ བཛྲ་ཀྲོ་ཏ་རཀྵ་ཧཱུྃ་ཕཊ༔ ཅི་མང་བཟླའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་པ་གནས་བསྲུང་བ་ནི༔ རྒྱལ་ཆེན་བཞི་དང་སྒོ་བྱང་རྣམས་ལ་གཏོར་མ་འབུལ༔ མཚམས་ཐོ་བསྡུ༔ དེ་ནས་བླ་མ་ཡི་དམ་གྱི་གཏོར་མ་བཞུང་ལྟར་བཤམས༔ འཕྲིན་ལས་བཏང་༔ ཡོ་བྱད་ལྷག་མ་རྣམས་ཚོགས་ཀྱི་འཁོར་ལོ་ལ་སྒྱུར༔ དེ་ནུབ་གནས་མལ་དེ་ནས་གཞན་དུ་མི་འགྲོ་ཞིང་བཀྲ་ཤིས་པའི་གླུ་བྲོ་སྣ་ཚོགས་བྱ༔ དཀྱིལ་འཁོར་གྱི་རྡུལ་ཚོན་རྣམས་རི་བོ་ཆེན་པོའི་རྩེའམ༔ ཆུ་བོ་ཆེན་པོའི་གཞུང་དུ་མཆེད་ལྕམ་རྣམས་ཆས་ལ་ཞུགས་ཏེ་རོལ་མོ་དང་བཅས་པས་སྐྱེལ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་པ་བསྔོ་བ་ནི༔ སྤྱི་འགྲོས་སུ་ཤེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་སྙིང་པོ་འདུས་པའི་མདོ༔ ཡིད་བཞིན་དགོས་འདོད་སྒྲུབ་པའི་སྒྲུབ་ཆེན་ཆིངས༔ མན་ངག་ཟབ་རྒྱས་དྲིལ་བའི་སྙིང་པོ་འདི༔ ཕྱི་མའི་དོན་དུ་ལེགས་པར་བཀོད་ནས་ཀྱང་༔ རིན་ཆེན་ས་ལ་གཏེར་དུ་སྦས་ཏེ་བཞག༔ ལས་འཕྲོ་ཅན་གྱི་བུ་དང་འདི་འཕྲད་ནས༔ གསང་སྔགས་བསྟན་པ་མི་ནུབ་སྒྲོན་མེར་ཤོག༔ སྲུང་མ་རྣམས་ཀྱིས་ཆོས་འདིའི་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས། ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ། ཤངས་ཟབལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་རྡོ་རྗེ་ཧཱུྃ་རྒྱ་བྲག་ནས་གདན་དྲངས་ཤིང་། ས་མོ་ལུག་གི་ལོ་ལ་ཤོག་སེར་ལས་ཕབ་པའོ༔ མངྒ་ལཾ།

དབང་གི་ཆོ་ག

བཀའ་རྫོགས་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ དབང་གི་ཆོ་ག་བཞུགས༔ རིགས་བདག་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཚེ་ཡི་དབང་ཐོབ་ཚེ་དབང་རིག་འཛིན་ངས༔ མ་འོངས་རྗེས་འཇུག་སྨིན་གྲོལ་ལམ་འགོད་ཕྱིར༔ གསང་བའི་སྙིང་པོ་ཉེ་བའི་ལམ་ཟབ་ཞིག༔ དབང་གི་ཆོ་གར་འགོད་དེ་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས༔ སྐལལྡན་བུ་མཆོག་སྨིན་གྲོལ་ལམ་ལ་བཀོད༔ སྔོན་འགྲོ་ཐུན་མོང་དབང་གི་སྟ་གོན་དང་༔ ཐུན་མོང་མ་ཡིན་བསྙེན་སྒྲུབ་སློབ་མ་འཇུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཐུན་མོང་གི་སྔོན་འགྲོ་ནི༔ སྒྲུབ་ཆེན་ལྟར་གནས་ཡིད་དང་མཐུན་པར་ས་བརྟག་བླང་སྦྱང་གསུམ་ནས་དཀྱིལ་འཁོར་སྒྲུབ་པའི་གཞུང་ལྟར་འབྲི༔ དེ་ནས་བུམ་པ་སྟ་གོན་དང་ལྡན་པ་ལ་མགུལ་ཆིངས་ཁ་རྒྱན་གྱིས་སྤྲས་པ་ཁྲིའུ་ཁར་དཀྱིལ་འཁོར་གྱི་དབུས་སུ་འགོད༔ དེའི་ཐ་མར་ལྷ་གྲངས་དང་མཉམ་པའི་ཙཀ་ལི་བཀྲམ༔ ཚེ་གཏོར་རྟ་མགོ་ཉི་ཟླས་བརྒྱན་པ༔ ཚེ་ཆང་སྙིང་པོའི་བཅུད་ཀྱིས་གླན་པ༔ ཚེ་རིལ་དྲི་བཟང་སྤོས་ཀྱིས་སྦྲན་པ༔ མུ་དྲ་མཚན་ལྡན་རྒྱན་གྱིས་སྤྲས་པ༔ མེ་ལོང་ཤེལ་རྡོ་རྨ་བྱས་བརྒྱན་པ༔ བཀྲ་ཤིས་པའི་རྟགས་བརྒྱད་དང་༔ བཀྲ་ཤིས་པའི་རྫས་བརྒྱད་དང་༔ རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པ་རྣམས་དང་༔ སྨན་རཀ་གྷ་ན་ཚོགས་ཀྱི་ཡོ་བྱད་བཀར་སྲུང་གི་གཏོར་མ་དང་བཅས་པ་བཤམས༔ དེ་ནི་ཐུན་མོང་གི་སྔོན་འགྲོ་དབང་གི་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཐོན་མོང་མ་ཡིན་པའི་སྔོན་འགྲོ་དབང་གི་བསྙེན་སྒྲུབ་དང་༔ སློབ་མ་འཇུག་པ་གཉིས་ལས༔ དང་པོ་དབང་གི་བསྙེན་སྒྲུབ་སྒྲུབ་པ་ལྟར་ལ་བསྙེན་པ་བརྒྱ་སྟོང་གིས་ཁ་གསོ༔ ཏིང་ངེ་འཛིན་གནད་དུ་བསྣུན༔ འོད་ཟེར་སྤྲོ་བསྡུའི་ངང་ནས་བདགའཇུག་གི་དབང་བཞི་སྐད་ཅིག་དྲན་རྫོགས་ཀྱིས་བླང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སློབ་མ་འཇུག་པ་ནི༔ སྔོན་འགྲོ་སྤྱི་འགྲོས་སྒྲུབ་ཆེན་ལྟར་ལ༔ སྒོས་སུ་དབང་གི་སྔོན་འགྲོ་ནི༔ སློབ་མ་རྣམས་ལ་གདོང་གཡོགས་དམར་པོ་བཅིངས༔ ལག་ཏུ་རིན་པོ་ཆེའི་མེ་ཏོག་ཐོགས༔ དཀྱིལ་འཁོར་གཉན་པོའི་ཤར་སྒོ་ནས་འདི་སྐད་ཞུའོ༔ ཀྱེ་རྒྱལ་བ་རྒྱ་མཚོའི་ཕོ་བྲང་འདིར༔ བདག་ཅག་སྨིན་གྲོལ་ལམ་འགོད་ཕྱིར༔ བཀའ་གཉན་སྒོ་བས་སྒོ་དབྱེ་ཞིང་༔ བླ་མ་ལྷ་ཞལ་བདག་ལ་སྟོན༔ ཅེས་ཞུས་ལས་ཀྱི་སློབ་དཔོན་གྱིས་ལན་དུ༔ ཀྱེ་ཧོ་ཁྱེད་ཅག་འདིར་ཚོགས་རྣམས༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པར་སྤྲོ་བའི་རིགས་ཡིན་ན༔ དམ་ཚིག་གཞུང་ལྟར་བསྲུང་ནུས་སམ༔ བསྙེན་སྒྲུབ་ལས་སྦྱོར་སྒྲུབ་ཕོད་དམ༔ ཅེས་དྲིས་པའི་ལན་དུ༔ ཀྱེ་དགོངས་ཤིག་བདག་ཅག་སྔོན་སྦྱངས་ཅན༔ བསོད་ནམས་ཚོགས་ཆེན་བསགས་པའི་བུ༔ གསང་སྔགས་ཟབ་མོའི་དམ་ཚིག་རྣམས༔ སྲོག་ལ་བབས་ཀྱང་མི་འདའ་བསྲུང་༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་སྐྱེལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ ཅེས་ཞུ་ལས་ཀྱི་སློབ་དཔོན་གྱིས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་རྣམས་སྔོན་སྦྱངས་ལས་འཕྲོ་བཟང་༔ གསང་བ་བླ་མེད་དབང་སྒྲུབ་འདི༔ ཨུ་དུམ་ཝ་ར་ལས་ཀྱང་དཀོན༔ དམ་ཚིག་ལ་གནས་ནང་འདིར་ཤོག༔ བཀའ་བཞིན་མི་བསྒྲུབ་ཕྱིར་དེངས་ཤིག༔ ཅེས་བརྗོད་དམ་ལྡན་རྣམས་ནང་དུ་འཁྲིད་ཅིང་༔ དམ་མེད་རྣམས་ཕྱིར་བསྐྲད་དོ༔ དེ་ནས་གིང་པས་ཐུན་གྱིས་བྲབ༔ ལས་བྱེད་པས་ཁྲུས་ནས་ཕྱུངས༔ བགེགས་ལ་གཏོར་མ་སྦྱིན༔ བསྲུང་བའི་འཁོར་ལོས་གོ་བསྒོ༔ ལག་གཡོན་མཎྜལ་འབུལ༔ ཆོས་ཀྱི་ལོ་རྒྱུས་བཤད༔ དྲང་དོན་གྱིས་བློ་ཁ་སྒྱུར༔ དེ་ནས་དམ་ཚིག་གི་ཆུ་སྦྱིན་ཞིང་༔ ཧཱུྃ༔ འདི་ནི་དམ་ཚིག་གསང་བའི་ཆུ༔ དམ་ལྡན་བུ་རྣམས་ཆུ་འདི་འཐུང་༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དེ་ཡི་ཕྱིར་ན་དམ་ཚིག་སྲུངས༔ ས་མ་ཡཱ་ཧཱུྃ་སྭཱ་ཧཱ༔ ཅེས་བརྗོད༔ རྡོ་རྗེ་གནས་གསུམ་དུ་བཞག་ཅིང་༔ ཧཱུྃ༔ ང་ནི་རྡོ་རྗེ་སློབ་དཔོན་ཏེ༔ རྒྱལ་བ་རྣམས་ཀྱི་གསང་བ་འཛིན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་༔ བླ་མ་དག་ལ་བརྟེན་ནས་བྱུང་༔ བླ་མ་མི་སྤང་བླ་མ་བསྟེན༔ བླ་མའི་བཀའ་དང་དམ་འདས་ན༔ བསྲུང་མས་སྙིང་ཁྲག་འཇིབ་པར་བྱེད༔ རྡོ་རྗེ་དམྱལ་བར་ཉམ་ཐག་སྦྱོང་༔ དེ་བས་བུ་རྣམས་དམ་ཚིག་བསྲུང་༔ གསང་བ་བླ་མེད་དཀྱིལ་འཁོར་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་མ་སྨྲ་ཞིིག༔ དེ་ཕྱིར་རྡོ་རྗེའི་བྲོ་བོར་ཅིག༔ ས་མ་ཡཱ་ཧཱུྃ་བཛྲ་ཙིཏྟ་སྟོཾ༔ དེ་ནས་སྐྱབས་སེམས་དང་སྡོམ་བཟུང་འབོགས༔ སོ་ཤིང་འདོར༔ སྒོམ་བཟླས་སྦྱིན༔ རྨི་ལམ་བརྟག༔ སྲུང་སྐུད་བཅིངས༔ དེ་ནས་རིན་པོ་ཆེའི་མེ་ཏོག་ལག་པ་ཐལ་མོ་སྦྱར་བའིི་བར་དུ་ཐོགས་ཏེ༔ དཀྱིལ་འཁོར་གཉན་པོ་ལ་འདོར་བ་འདི་སྐད་དོ༔ ཧཱུྃ༔ རིན་ཆེན་སྣ་ཚོགས་མེ་ཏོག་འདི༔ འདབ་ལྡན་ཡིད་འོང་བླ་ན་མེད༔ རིག་འཛིན་ཚེ་ཡི་དཀྱིལ་འཁོར་དུ༔ ཚེ་རབས་སྔོན་གྱི་ལྷ་ལ་ཕོབ༔ པྲ་ཏི་པཱུ་ཙ་ཧོ༔ ཅེས་དོར༔ ཤར་དུ་བབས་ན་རྡོ་རྗེ་ཚེ་མཆོག་རྩལ༔ ལྷོ་ནུབ་བྱང་དང་དབུས་སོགས་དེས་ཀྱང་འགྲེ༔ བུད་མེད་རྣམས་ལ་ལས་བཞིའི་རིགས་མཐུན་པའི༔ ཚེ་འཛིན་རྩལ་ཞེས་སྦྱར་ཏེ་འདོགས་པར་བྱ༔ དེ་ནས་མིག་དར་དབྱེ་བ་འདི་སྐད་ཞུ༔ ཀྱེ་རྡོ་རྗེ་སློབ་དཔོན་འགྲོ་བའི་སྐྱབས༔ ཐུགས་རྗེ་ཐབས་ཀྱི་ཕྲིན་ལས་ཀྱིས༔ བདག་གི་མ་རིག་ལིང་ཏོག་སོལ༔ སློབ་དཔོན་གྱིས་གསེར་ཐུག་ཐོགས་ཏེ༔ ཧཱུྃ༔ ཐབས་ལས་བྱུང་བའི་གསེར་ཐུར་འདིས༔ ཤེས་རབ་འཕྲུལ་གྱི་ཕྱག་རྒྱ་ཡིས༔ མ་རིག་རྨོངས་པའི་མིག་བསལ་ནས༔ ཡེ་ཤེསསྤྱན་དང་ལྡན་པར་བྱ༔ ཙཀྵཱུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་མིག་དར་བསལ༔ དེ་ནས་རིན་པོ་ཆེའི་ཐུར་མ་ཐོགས་ཏེ་འདི་སྐད་བརྗོད་པར་བྱའོ༔ ཀྱེ་ཧོ༔ ཁྱེད་རྣམས་མ་ཡེངས་པར་རྩེ་གཅིག་ཏུ་ཉོན་ཅིག༔ ད་ལྟ་ཁྱེད་རྣམས་ཀྱིས་མཇལ་བའི་ཕོ་བྲང་ཆེན་པོ་འདི་ནི་ཕྱི་ལྟར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་༔ ནང་ལྟར་མཆོག་ཐུན་གྱི་དངོས་གྲུབ་ཡིད་ལ་བསམ་པ་ཙམ་གྱིས་འགྲུབ་པའི་གནས་མཆོག༔ གསང་བ་ལྟར་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ༔ དཀར་པོར་སྣང་བ་འདི་ཞི་བའི་ལས་ཐམས་ཅད་མཐར་ཕྱིན་ཅིང་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའི་བརྡ་ཡིན༔ སེར་པོར་སྣང་བ་འདི་རྒྱས་པའི་ལས་ཐམས་ཅད་མཐར་ཕྱིན་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན་པའི་བརྡ་ཡིན༔ དམར་པོར་སྣང་བ་འདི་དབང་གི་ལས་ཐམས་ཅད་མཐར་ཕྱིན་ནས་སོ་སོར་རྟོག་པའི་ཡེ་ཤེས་མཚོན་པའི་བརྡ་ཡིན༔ ལྗང་གུར་སྣང་བ་འདི་དྲག་པོའི་ལས་ཐམས་ཅད་མཐར་ཕྱིན་པ་བྱ་བ་གྲུབ་པའི་ཡེ་ཤེས༴ མཐིང་གར་སྣང་བ་འདི་ལས་སྣ་ཚོགས་མཐར་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དབང་པའི༴ གྲུ་བཞི་དང་ལྡན་པ་འདི་ཚད་མེད་པ་བཞི་དང་ལྡན་པའི༴ ལོགས་བརྒྱད་དང་ལྡན་པ་འདི་རྣམ་པར་ཐར་པ་བརྒྱད་མཚོན་པའི༴ སྒོ་བཞི་དང་ལྡན་པ་འདི་ཕྲིན་ལས་བཞི་མཚོན་པའི༴ ཕྱི་གསལ་ནང་གསལ་དུ་གནས་པ་འདི་ཆོས་ཉིད་ཟང་ཐལ་དུ་གནས་པའི༴ དུར་ཁྲོད་མེ་རི་པདྨ་རྡོ་རྗེ་བྲག་རིས་གཏམས་པ་འདི་གཞལ་ཡས་ཁང་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༴ གཞལ་ཡས་ཀྱི་ཁང་པ་ཚད་མེད་པའི་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་དབུས་སུ་བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་གཙོ་དང་འཁོར་གཡོག་ལྷ་མིའི་ཁྲོམ་ལྟར་གསལ་བ་འདི་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་གཟུགས་ཀྱི་སྐུར་བཞེངས་ནས་འགྲོ་བའི་དོན་མཛད་པའི་བརྡ་ཡིན༔ དེ་ལྟར་ཕྱི་ནང་གི་ལྷ་ཚོགས་ཞིང་ཁམས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་བཀོད་པར་ཤར་བ་འདི༔ འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་འགག་མེད་ལྷུན་གྲུབ་ཆེན་པོའི་རོལ་པ་ལས༔ རང་རིག་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་ངོར་ཡེ་རྫོགས་སུ་གྲུབ་པའི་བརྡ་ཡིན་པས༔ ཁྱེད་རྣམས་ཀྱིས་དད་པའི་གདུང་ཤུགས་བསྐྱེད༔ མོས་གུས་ཀྱིས་གསོལ་བ་ཐོབ་དང་ད་ལྟ་ཉིད་དུ་རིག་འཛིན་ཚེ་ཡི་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ༔ ཞེས་བརྗོད༔ སློབ་མ་རྣམས་ཀྱི་གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱས་ལ༔ ཨཱོཾ་ཨཱཿཧཱུྃ་གསུམ་གྱིས་རྒྱས་གདབ༔ ལས་བུམ་གྱི་ཆུ་གཏོར༔ ཤཱུ་ནྱ་ཏའི་སྔགས་ཀྱིས་སྦྱངས༔ སྟོང་པར་རྒྱས་གདབ༔ སྟོང་པའི་ངང་ལས་ལྷ་ལུས་དཀྱིལ་དུ་བསྐྱེད་རིམ་འབོགས༔ འོད་ཟེར་སྤྲོ་བསྡུ་ཡང་ཡང་བྱས་ལ་ཡེ་ཤེས་པ་དབབ༔ རོལ་མོ་འཁྲོལ༔ དྲི་བཟང་གི་དུད་པ་གཏོང་༔ ཡེ་ཤེས་པ་ཕེབས་པའི་རྟགས་ལ༔ འཕར་བ་འདར་བ་འཁྲབ་པ་སོགས་དང་༔ སཾ་སྐྲི་ཏའི་སྐད་སྨྲ་བ་དང་༔ ཆོས་ཉིད་མི་རྟོག་པའི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་པ་སོགས་བྱུང་ཚེ་ཏིཥྛ་བཛྲ་བརྗོད་ལ་བརྟན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་དབང་དོན་ལྔ་སྟེ༔ སྐུ་བུམ་པ་ལྷའི་དབང་བསྐུར༔ གསུང་སྤྲོས་མེད་གསང་བའི་དབང་བསྐུར༔ ཐུགས་ཤིན་ཏུ་སྤྲོས་མེད་ཡེ་ཤེས་ཆེན་པོའི་དབང་བསྐུར༔ ཡོན་ཏན་ཡོངས་རྫོགས་ཚེ་ཡི་དབང་བསྐུར༔ འཕྲིན་ལས་མཐར་ཕྱིན་བཀྲ་ཤིས་པའི་རྫས་དང་སྣ་བདུན་སོགས་ཀྱི་དབང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐུ་བུམ་པ་ལྷའི་དབང་བསྐུར་བ་ལ་གསུམ་ལས༔ དང་པོ་བུམ་པ་སྐུ་ཡི་དབང་༔ གཉིས་པ་འགག་མེད་ཙཀ་ལི་གསུང་གི་དབང་༔ གསུམ་པ་བསྐྱེད་རིམ་མཚོན་བྱེད་ཐུགས་ཀྱིདབང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བུམ་པ་ལྷའི་དབང་བསྐུར་བ་ནི༔ རྣམ་རྒྱལ་བུམ་པ་སློབ་བུའི་སྦྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ བུམ་པ་ཆོས་དབྱིངས་གཞལ་ཡས་ཆེན་པོ་ན༔ ནང་བཅུད་ཡི་དམ་ཚེ་ཡི་ལྷ་ཚོགས་གསལ༔ སྐུ་ཡི་སྐུ་དབང་སྐལ་ལྡན་བུ་ལ་སྦྱིན༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨཱོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ བུམ་ཆུ་སྦྱིན༔ གཉིས་པ་འགག་མེད་ཙཀ་ལི་གསུང་གི་དབང་ནི༔ དང་པོ་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཚེ་ལྷ་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔ གསང་བའི་ངྷཀྐི་དམར་མོ་ཡུམ་དང་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དཔག་མེད་མགོན་ཡབ་ཡུམ་དབང་ཐོབ་ཤོག༔ ཨཱོཾ་ཀཱ་ཡ་བྷུངྔྷ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་རིགས་བདག་འོད་དཔག་མེད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཆོས་སྐུ་མགོན་པོ་རྒྱལ་བ་འོད་དཔག་མེད༔ སྣང་བ་མཐའ་ཡས་མཚན་བཟང་སུམ་ཅུས་བརྒྱན༔ རིགས་ཀྱི་བདག་པོ་རྒྱལ་བ་ཡོངས་ཀྱི་གཙོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་རིགས་བདག་ཚེ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨ་མི་ངྷེ་ཝ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་རྣམ་སྣང་ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་དཀར་མོ་གཉིས་མེད་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེ་ཚེ་དཔག་མེད་ཀྱི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་རིན་འབྱུང་ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རིན་འབྱུང་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་སེར་མོ་གཉིས་མེད་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ སྐལལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིན་འབྱུང་ཚེ་དཔག་མེད་ཀྱི་དབང་ཐོབ་ཤོག་༔ ཨཱོཾ་རཏྣ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་སྣང་མཐའ་ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་དམར་མོ་གཉིས་མེད་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་མཐའ་ཚེ་དཔག་མེད་ཀྱི་དབང་ཐོབ་ཤོག༔ ཨཱོཾ་པདྨ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་དོན་གྲུབ་ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་དོན་གྲུབ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་ལྗང་མོ་གཉིས་མེད་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གྲུབ་ཚེ་དཔག་མེད་ཀྱི་དབང་ཐོབ་ཤོག༔ ཨཱོཾ་ཀརྨ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥྀཉྩ་ཨཱོཾ༔ གསུམ་པ་བསྐྱེད་རིམ་མཚོནབྱེད་ཐུགས་ཀྱི་དབང་ནི༔ མེ་ལོང་ངོས་ལ་གཙོ་བོ་ཡབ་ཡུམ་གྱི་སྐུ་བསྟན་ཞིང་༔ ཧཱུྃ་ཧྲཱི༔ མ་སྐྱེས་ཆོས་དབྱིངས་མེ་ལོང་སྤྲོས་དང་བྲལ༔ མ་འགགས་ཡི་དམ་ཚེ་ལྷའི་སྐུ་རུ་ཤར༔ སྐྱེ་འགག་གཉིས་མེད་སྣང་སྟོང་རྡོ་རྗེའི་སྐུ༔ བུ་ཁྱོད་སྣང་སྟོང་གཉིས་མེད་ལྷ་རུ་བསྒོམས༔ ངྷརྨཱ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ༔ ཅེས་བརྗོད་སྤྱི་བོར་དབང་ཡང་བསྐུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེས་སྐུའི་དབང་གསུམ་སོང་ནས༔ གཉིས་པ་གསུང་སྤྲོས་མེད་གསང་བའི་དབང་བསྐུར་ལ་གསུམ་ལས༔ དང་པོ་མཚན་ལྡན་རིག་མའི་དབང་༔ གཉིས་པ་ཆོས་འབྱུང་ཟུར་དྲུག་ཧ་རི་ནི་ས་ཨཱ་ལི་ཀཱ་ལི་གསུང་གི་དབང་༔ གསུམ་པ་བདེ་སྟོང་དགའ་བཞིའི་སྦྱོར་བ་ཐུགས་ཀྱི་དབང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐུ་མཚན་ལྡན་རིག་མའི་དབང་ནི༔ མཚན་དང་ལྡན་པའི་མུ་དྲ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ དགའ་བའི་ལྷ་མོ་ཡིད་བཞིན་གར་མཁན་མ༔ ཐུགས་རྗེ་རྗེས་ཆགས་འགྲོ་རྣམས་སྒྲོལ་བའི་ཡུམ༔ ཤེས་རབ་རང་བཞིན་མུ་དྲ་མཚན་དང་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆི་མེད་འཛོད་འཛིན་མཚན་ལྡན་དབང་ཐོབ་ཤོག༔ ཨཱཾ་མུ་དྲ་ངྷཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཾཿ གཉིས་པ་ཆོས་འབྱུང་ཟུར་དྲུག་ཧ་རི་ནི་ས་ཨཱ་ལི་ཀཱ་ལི་གསུང་གི་དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཆོས་འབྱུང་ཡུམ་གྱི་མཁའ༔ ཧ་རི་ནི་ས་ཚེ་ལྷ་མགྱོགས་མའི་ཐུགས༔ ཨཱ་ལི་ཀཱ་ལི་བཟླས་པ་ཚེ་ཡི་གཟུངས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་མོ་མགྱོགས་མ་གསུང་གི་དབང་ཐོག་ཤོག༔ ཨཱཾཿམུ་དྲ་ངྷཀྐི་ནི་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཾཿ གསུམ་པ་བདེ་སྟོང་སྦྱོར་བ་དགའ་བཞི་ཐུགས་ཀྱི་དབང་ནི༔ མུ་དྲའི་བྷ་ག་བསྟན་ཅིང་༔ ཧཱུྃ་ཧྲཱི༔ ཐེག་པ་ཕྱི་ནང་ས་ལམ་མ་ལུས་ཀུན༔ དུ་མ་རོ་གཅིག་ཆོས་དབྱིངས་མཁའ་ལ་རྫོགས༔ དགའ་བཞིའི་གྲོགས་ཀྱིས་ཡེ་ཤེས་གཅིག་ཆར་སྟོན༔ འདི་ནི་བླ་མེད་གསང་བ་མཆོག་གི་ལམ༔ མ་སྤང་སྤྱོད་ཅིག་དཔའ་བོ་རྣལ་འབྱོར་ཆེ༔ ཨཱཾཿམུ་དྲ་ངྷཀྐི་ནི་ཙིཏྟ་ཨབྷི་ཥིཉྩ་ཨཱཾ༔ ཅེས་བརྗོད་མཚན་ལྡན་ཡུམ་ལ་སྙོམས་པར་འཇུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེས་གསུང་སྤྲོས་མེད་གསང་བའི་དབང་བསྐུར་སོང་ནས༔ གསུམ་པ་ཐུགས་སྤྲོས་མེད་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ནི་གསུམ་ལས༔ དང་པོ་སྐུ་མེ་ལོང་དྲི་མེད་ཀྱི་དབང་༔ གཉིས་པ་གསུང་རྨ་བྱའི་སྒྲོ་ཕོད་ཀྱི་དབང་༔ གསུམ་པ་མེ་ཤེལ་རིན་པོ་ཆེ་ཐུགས་ཀྱི་དབང་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐུ་མེ་ལོང་དྲི་མེད་ཀྱི་དབང་ནི༔ མེ་ལོང་དྲི་མ་མེད་པ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ ཀ་ནས་དག་པ་སྐྱེ་མེད་བློ་ལས་འདས༔ སྤྲོས་དང་བྲལ་ཡང་ཆོས་ཀུན་གཟུགས་བརྙན་འཆང་༔ ཆོས་སྐུ་ཀུན་ཁྱབ་སྐུ་ཡི་དབང་བསྐུར་བས༔ སྣང་སྟོང་ཆོས་དབྱིངས་ཚེ་ཡི་དབང་ཐོབ་ཤོག༔ ཧཱུྃ་ཙིཏྟ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་རྨ་བྱའི་སྒྲོ་ཕོད་ཀྱི་དབང་ནི༔ སྒྲོ་ཕོད་མདངས་དང་ལྡན་པ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ འགག་མེད་ཡོངས་གྲོལ་འབད་རྩོལ་ཀུན་དང་བྲལ༔ གང་ཤར་རང་སྣང་མ་འགགས་རྒྱན་དུ་རོལ༔ དུས་གསུམ་དུས་མེད་བརྗོད་མིན་ཆོས་ཀྱི་སྒྲ༔ ཆད་མེད་སྒྲ་དབྱངས་གསུང་གི་དབང་བསྐུར་བས༔ ཆོས་དབྱིངས་བདེ་ཆེན་གསུང་གི་དབང་ཐོབ་ཤོག༔ ཧཱུྃ་ཙིཏྟ་ཛྙཱ་ན་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་མེ་ཤེལ་རིན་པོ་ཆེ་ཐུགས་ཀྱི་དབང་བསྐུར་བ་ནི༔ མེ་ཤེལ་མཚན་ཉིད་དང་ལྡན་པ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ སྐྱེ་མཆེད་མུ་མཐའ་མཚོན་བརྗོད་ཡུལ་ལས་འདས༔ དཔེ་དོན་མི་དམིགས་ངོ་བོ་རྡོ་རྗེ་འཆང་༔ འདི་ནི་སྐྱེ་འཆི་འཇིགས་བྲལ་ཆོས་དབྱིངས་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེའི་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ ཧཱུྃ་ཙིཏྟ་ཛྙཱ་ན་ཙིཏྟ་ཨ་བྷི་ཤིཉྩ་ཧཱུྃ༔ ཅེས་བརྗོད་སྙིང་གར་བསྐུར་ཞིང་འོད་ལ་ངོ་སྤྲོད་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེས་ཐུགས་སྤྲོས་མེད་ཡེ་ཤེས་་ཆེན་པོའི་དབང་སོང་ནས༔ བཞི་པ་ཡོན་ཏན་ཡོངས་རྫོགས་ཚེའི་དབང་བསྐུར་བ་ནི་གསུམ་ལས༔ དང་པོ་སྐུ་ཚེ་ཡི་བུམ་པའི་དབང་༔ གཉིས་པ་གསུང་ཚེ་ཆང་བདུད་རྩིའི་དབང་༔ གསུམ་པ་ཚེ་རིལ་ཐུགས་ཀྱི་དབང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདིར་ཚེ་འགུགས་དང་ཐུགས་དམ་བསྐུལ་ཆོག་འདོན་ནོ༔ དང་པོ་ཚེ་ཡི་བུམ་པའི་དབང་ནི༔ ཚེ་བུམ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ ཚེ་ཡི་བུམ་པ་ཚེ་དཔག་མེད་ཀྱི་སྐུ༔ འོད་ཟེར་སྤྲོ་བསྡུས་འཁོར་འདས་བྱིན་རླབས་བཅུད༔ རང་དབང་མེད་པར་བསྡུས་ནས་བུམ་པ་བསྐྱིལ༔ སྤྱི་བོར་བསྐུར་བས་སྙིང་དཀྱིལ་ནྲི་ལ་ཐིམ༔ འཆི་མེད་སྲ་བརྟན་ཚེ་ཡི་དབང་ཐོབ་ཤོག༔ ཏྲཾ་རཏྣ་ཀཱ་ཡ་ཚེ་བྷྲཱུྃ་ཨ་བྷི་ཥ་ཉྩ་ཏྲཾ༔ གཉིས་པ་གསུང་ཚེ་ཆང་བདུད་རྩིའི་དབང་ནི༔ བྷན་ཆང་སྦྲང་བུར་གྱི་བཅུད་ཀྱིས་སྦྲན་པ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ བྷནྡྷ་དུམ་གཅིག་དངོས་གྲུབ་སྣོད་ཡངས་སུ༔ ཚེ་ཡི་བདུད་རྩི་འཆི་མེད་བཅུད་ཀྱིས་གཏམས༔ ཡབ་ཡུམ་བྱང་སེམས་པཉྩ་ཨ་མྲི་ཏ༔ མགྲིན་པར་བསྐུར་བས་རྩ་འཁོར་ལྟེམ་གྱིས་གང་༔ འཆི་བ་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཏྲཾ་རཏྣ་ཝཱཀྐ་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཏྲཾ༔ གསུམ་པ་ཚེ་རིལ་ཐུགས་ཀྱི་དབང་ནི༔ སྤོད་ཀྱིས་སྦྲན་པའི་རིལ་བུ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ རིན་ཆེན་སྣོད་དུ་འབྲུ་བཅུད་སྨན་སྤོས་རྣམས༔ ཚེ་ཡི་རིལ་བུ་ཚེ་ཡི་ལྷ་རུ་བསྐྱེད༔ ཡེ་ཤེས་སེམས་དཔའ་འོད་ཟེར་ཐིག་ལེར་འཁྲིགས༔ དམ་ཚིག་སེམས་དཔའ་བུ་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ ཏྲཾ་རཏྣ་ཙིཏྟ་བྷྲཱུྃ་ཨ་བྷི་ཥིཉྩ་ཏྲཾ༔ ཅེས་བརྗོད་སྙིང་གར་བསྐུར་ཞིང་ཁ་རུ་སྦྱིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེས་ཡོན་ཏན་གྱི་དབང་གསུམ་སོང་ནས༔ ལྔ་པ་འཕྲིན་ལས་མཐར་ཕྱིན་བཀྲ་ཤིས་པའི་རྫས་བརྒྱད་དང་སྣ་བདུན་སོགས་ཀྱི་དབང་ནི་ཟུར་གསལ་ལྟར་བསྐུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་མཆོག་སྙིང་པོ་འདུས་པའི་ཆོས༔ བདུད་བཞི་ལས་གྲོལ་ཚེ་ཡི་གསང་མཛོད་འཆང་༔ མཁའ་འགྲོའི་ཐུགས་ཐིག་ཟབ་གསང་བླ་མེད་ཆོས༔ རིས་སུ་བཏབ་སྟེ་རིན་ཆེན་གཏེར་དུ་སྦས༔ མ་འོངས་ལྔ་བརྒྱ་རྩོད་དུས་སྙིགས་མ་ལ༔ ང་ཡི་ཐུགས་སྲས་སྣང་སེམས་འུར་སྤྱོད་མཁན༔ གཏད་མེད་རང་གྲོལ་ཟང་ཐལ་སྤྱོད་པ་ཅན༔ ཞེ་འདོད་སྣང་བའི་ཆོས་རྣམས་ཟད་པའི་བུ༔ ལས་འཕྲོ་ཅན་གྱིས་ཆོས་འདི་རྙེད་གྱུར་ནས༔ བསྟན་འགྲོའི་བདེ་ལེགས་ཡུན་དུ་བསྐྲུན་པར་ཤོག༔ ས་མ་ཡཱརྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཟབ་བུ་ལུང་ནས་གདན་དྲངས་ཤིིང་༔ ཆགས་རི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་དཀྱུས་མཐོ་དོ༔ ཞེང་སོར་ལྔ་པ་ཞིག་ལས་ཞལ་བཤུས་སོ། །མངྒ་ལཾ། །

ཚེའི་དབང་ཆོག་བསྡུས་པ་ཡིད་བཞིན་དབང་གི་རྒྱལ་པོ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཚེའི་དབང་ཆོག་བསྡུས་པ་ཡིད་བཞིན་དབང་གི་རྒྱལ་པོ་བཞུགས༔ མགོན་པོ་ཚེ་ལྷ་པདྨ་འབྱུང་ལ་འདུད༔ བདག་འདྲ་བུད་མེད་བློ་དམན་མཚོ་རྒྱལ་ངས༔ སློབ་དཔོན་ཆེན་པོསཞབས་འབྲིང་དཔག་མེད་ཞུས༔ སྒྲུབ་པའི་གསང་གྲོགས་ཐུགས་ཀྱི་གཟུངས་མ་བྱས༔ ཟབ་ཆོས་མང་པོ་ཤོག་སེར་ལོགས་ལ་བཏབ༔ མ་འོངས་དོན་དུ་གཏེར་ཁ་དཔག་མེད་སྦས༔ ཁྱད་པར་ཚེ་སྒྲུབ་བདུད་བཞིའི་རྣམ་རྒྱལ་གྱི༔ སྨིན་གྲོལ་བསྡུས་དོན་དབང་མཆོག་ཡིད་བཞིན་ནོར༔ སློབ་དཔོན་རྗེ་ལ་ལུང་ཞུས་ཡི་གེར་འདེབས༔ ཕྱི་རབས་བུ་རྣམས་ཉམས་སུ་ལོངས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་བཞི་རྗེས་གསུམ་སྟེ༔ སྔོན་འགྲོ་ལ་ཡང་ཐུན་མོང་དངོས་གཞི་གཉིས༔ ཐུན་མོང་དབང་རྫས་སྟ་གོན་བསྙེན་སྒྲུབ་གཉིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དཀྱིལ་འཁོར་དབང་རྫས་སྟ་གོན་ནི༔ དད་ལྡན་སློབ་བུས་གསོལ་བ་བཏབ་པའི་སར༔ རབ་ནི་རྡུལ་ཚོན་འབྲིང་ནི་རས་བྲིས་དང་༔ ཐ་མ་ལྷ་གྲངས་མཉམ་པའི་ཚོམ་བུ་འགོད༔ དབུས་སུ་མཚན་ལྡན་བུམ་པ་མགུལ་ཆིངས་དམར༔ ཁ་རྒྱན་གཟུངས་ཐག་བུམ་སྨན་ལྡན་པ་བཤམས༔ ཚེ་གཏོར་ཚེ་རིལ་ཚེ་ཆང་མདའ་དར་དང་༔ གྷ་ན་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལས་བྱང་གཞུང་བསྲང་བསྐྱེད་རྫོགས་གསལ༔ བརྒྱ་སྟོང་སྐབས་དང་སྦྱར་ཏེ་བསྙེན་པ་གསོ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བདག་འཇུག་བླང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་སྔོན་འགྲོ་རྣམ་པ་བརྒྱད༔ ཁྲུས་བྱས་བགེགས་སྐྲོད་མཚམས་གཅོད་བསྲུང་འཁོར་བསྒོམ༔ མཎྜལ་འབུལ་དང་དྲི་བ་དམ་ཆུ་སྦྱིན༔ ཡེ་ཤེས་དབབ་ཅིང་བརྟན་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲུས་བྱས་བགེགས་བསྐྲད་མཚམས་གཅོད་བསྲུང་འཁོར་བཞི༔ མཐོང་བ་བརྒྱུད་པའི་སློབ་དཔོན་ཕྱག་ལེན་བལྟ༔ ལྔ་པ་རིན་ཆེན་སྣ་ཚོགས་ནོར་གྱི་དབྱིག༔ ཕངས་སྲི་མེད་པར་སློབ་དཔོན་རྗེ་ལ་འབུལ༔ དྲུག་པ་གསོལ་འདེབས་དྲི་ལན་སྦྱིན་པ་ནི༔ ཨེ་མ་བླ་མ་རིག་འཛིན་ཚེ་ཡི་ལྷ༔ བདག་ཅག་རྣམས་ལ་ཚེ་ཡི་དབང་མཆོག་སྩོལ༔ འཆི་མེད་རིག་འཛིན་ཆོས་ཀྱི་དོན་བསྟན་ནས༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ སློབ་དཔོན་གྱིས༔ ཧོ་ཁྱེད་རྣམས་སུ་ཞིག་ད་ལ་འདིར༔ འཇུག་པའི་སེམས་དང་ལྡན་ལགས་ན༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བསྲུང་ནུས་སམ༔ ལན་གསོལ་བ༔ ཀྱེ་དགོངས་ཤིག་དཔལ་ལྡན་བླ་མ་རྗེ༔ བདག་ནི་སྐལ་བཟང་ཐེག་མཆོག་རིགས༔ བླ་མ་རིག་འཛིན་ཚེ་དཔག་མེད༔ ཡང་དག་རིགས་བདག་ལྷ་རུ་འཛིན༔ སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ༔ བདུན་པ་དམ་ཆུ་སྦྱིན་ཏེ༔ ལས་བུམ་གྱི་ཆུ་དང་རྣམ་རྒྱལ་བུམ་པའི་ཆུ་བསྲེས་པ་ངག་ཏུ་བླུད་ཅིང་༔ ཧཱུྃཿ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཚུལ་བཞིན་དམ་སྲུང་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དེ་ཕྱིར་སྙིང་ལ་བྲོ་བོར་ཞིིག༔ ས་མ་ཡཱ་ཧཱུྃ་སྭཱ་ཧཱ༔ བརྒྱད་པ་ཡེ་ཤེས་པ་དབབ་ཅིང་བརྟན་པའི་རིམ་པ་ནི༔ སྤོས་སྲེག་རོལ་མོ་འཁྲོལ་སློབ་བུའི་རྒྱུད་སྦྱངས༔ བསྐྱེད་རིམ་ཕོག༔ འོད་ཟེར་སྤྲོ༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་དབང་གི་རིམ་པ་ལ་བདུན་ཏེ༔ བླ་ཚེ་ཆད་ཉམས་གསོ་ཞིང་ཤུལ་དུ་འཛུན་པ༔ ཚེ་འགུགས་པ༔ སྐུ་ཡི་དབང་བུམ་པ་ལ་བརྟེན་ནས་བསྐུར་བ༔ གསུང་གི་དབང་ཚེ་ཆང་ལ་བརྟེན་ནས་བསྐུར་བ༔ ཐུགས་ཀྱི་དབང་ཚེ་གཏོར་ལ་བརྟེན་ནས་བསྐུར་བ༔ ཡོན་ཏན་གྱི་དབང་ཚེ་རིལ་ལ་བརྟེན་ནས་བསྐུར་བ༔ འཕྲིན་ལས་ཀྱི་དབང་རྒྱས་འདེབས་པ༔ ཡོངས་རྫོགས་ཤིས་པ་བརྗོད་པ་དང་བདུན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བླ་ཚེ་འགུགས་པ་ནི༔ ཚེ་འགུགས་ལྟར་བྱ༔ གཉིས་པ་སྐུའི་དབང་བུམ་པ་ལབརྟེན་ནས་བསྐུར་བ་ནི༔ གཙོ་བུམ་ལྷར་གསལ་བ་སློབ་བུའི་སྤྱི་བོར་བཞག་ཅིང་༔ ཧཱུྃ་ཧྲཱི༔ བུམ་པ་ཡི་དམ་མགོན་པོ་ཚེ་དཔག་མེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དཔལ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ གསུམ་པ་གསུང་གི་དབང་ཚེ་ཆང་ལ་བརྟེན་ནས་བསྐུར་བ་ནི༔ ཚེ་ཆང་མགྲིན་པར་བཞག་ཅིང་ངག་ཏུ་བླུད་དེ༔ ཧཱུྃ་ཧྲཱི༔ གསུང་གི་བྱིན་རླབས་རང་བྱུང་ཚེ་ཡི་བཅུད༔ བདུད་རྩིའི་རྫས་མཆོག་ཚེ་ཆང་ཨ་མྲྀཾྀཾཏ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཾ༔ བཞི་པ་ཐུགས་ཀྱི་དབང་ཚེ་གཏོར་ལ་བརྟེན་ནས་བསྐུར་བ་ནི༔ ཚེ་གཏོར་སློབ་བུའི་སྙིང་གར་བཞག་ཅིང་༔ ཧཱུྃ་ཧྲཱི༔ ཚེ་ཡི་བུམ་པ་རིགས་བདག་འོད་དཔག་མེད༔ ཡེ་ཤེས་རང་བྱུང་ལྷན་ཅིག་སྐྱེས་པའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥྀཉྩ་ཧཱུྃ༔ ལྔ་པ་ཚེ་རིལ་ལ་བརྟེན་ནས་ཡོན་ཏན་གྱི་དབང་བསྐུར་བ་ནི༔ ཚེ་རིལ་ལྟེ་བར་བཞག་ཅིང་ཁ་རུ་སྦྱིན༔ ཧཱུྃ་ཧྲཱི༔ ཚེ་ཡི་རིལ་བུ་བཅོམ་ལྡན་ཚེ་དཔག་མེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་རྒྱས་འདེབས་པ་ནི༔ ཕྱག་མཚན་གྱིས་སློབ་མའི་གནས་ལྔར་རྒྱས་འདེབས་ཤིང་༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལས་བྱུང་འཇིགས་མེད་རྡོ་རྗེའི་སྐུ༔ འོད་ཟེར་དྲ་བ་སྟོང་ཁམས་ལྷམ་མེ་བ༔ རྡོ་རྗེའི་གོ་ཁྲབ་མི་དམིགས་རྒྱས་གདབ་པས༔ མི་འགྱུར་སྙིང་པོ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ་བཛྲ་རཀྵ་རཀྵ་ཧཱུྃ༔ བདུན་པ་ཡོང་རྫོགས་ཤིས་པ་བརྗོད་པ་ནི་ལས་བྱང་ལྟར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་པའི་སྙིངཔོ་སྨིན་གྲོལ་དབང་བསྐུར་འདི༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ལྷག་ཆད་མེད་པ་ཡི་གེའི་རིས་སུ་བཏབ༔ ཕྱི་མའི་དོན་དུ་ཟབ་རྒྱས་བཏབ་སྟེ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་དུས་མཐའི་སྤྲང་པོ་གཡུ་རྣ་ཅན་གྱིས་ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་ནས་གདན་དྲངས་ཤིང་། ས་མོ་ལུག་གི་ལོ་ལ་ཤོག་སེར་ལས་བཤུས་པའོ༔

དབང་གི་ཟུར་གསལ་མཐའ་རྟེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམས་རྒྱལ་ལས༔ དབང་གི་ཟུར་གསལ་མཐའ་རྟེན་བཞུགས༔ ན་མོ་བཅོམ་ལྡན་ཚེ་དཔག་མེད་ལ་འདུད༔ ཟབ་མོ་དབང་གི་ལྷན་ཐབས་སུ༔ མཐའ་རྟེན་འཕྲིན་ལས་བཀྲ་ཤིས་དབང་༔ མ་འོངས་དོན་དུ་པདྨས་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཚེ་དབང་གི་མཇུག་ཏུ་འཕྲིན་ལས་ཀྱི་དབང་མཆོག་བསྐུར་བ་འདི་ལ་དོན་གསུམ་སྟེ༔ བཀྲ་ཤིས་པའི་རྟགས་བརྒྱད་དང་གཅིག༔ བཀྲ་ཤིས་པའི་རྫས་བརྒྱད་དང་གཉིས༔ རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་དབང་བསྐུར་བ་ནི༔ སློབ་བུའི་གནས་སོ་སོར་སྦྱིན་ཞིང་༔ ཧཱུྃ༔ ཐུགས་རྗེ་རྨད་བྱུང་འཁོར་་བའི་འཇིགས་པ་སྐྱོབས༔ དཔལ་གྱི་གདུགས་མཆོག་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ ཉོན་མོངས་ཚ་གདུངས་འཇིགས་པ་སེལ་བར་ཤོག༔ ཨོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཚོགས་དགོས་འདོད་ཀུན་འབྱུང་རཏྣའི་བུམ༔ དཔལ་གྱི་བུམ་པ་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ཨོཾ་མངྒ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི༔ སྒྲིབ་པ་ཀུན་བྲལ་ཡེ་ཤེས་སྤྱན་ལྡན་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ ཡེ་ཤེས་བླ་མེད་སྤྱན་དང་ལྡན་པར་ཤོག༔ ཨོཾ་མངྒ་ལ་ལཉྪ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདབ་སྟོང་ལྡན་པ་གེ་སར་པདྨའི་མཆོག༔ ཡིད་འོང་དྲི་ལྡན་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ སྨྲ་བའི་སེང་གེ་ཆོས་ཀྱི་དོན་སྟོན་ཤོག༔ ཨོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་དཀར་བའི་ཁ་དོག་འཆང་བའི་ཏོག༔ དཔལ་གྱི་དུང་མཆོག་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ ཆོས་ཀྱི་སྒྲ་དབྱངས་རབ་ཏུ་སྒྲོགས་པར་ཤོག༔ ཨོཾ་མངྒ་ལ་ཤཾ་ཀཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་ཟུར་བརྒྱད་བེའུ་འོད་དུ་འབར༔ དཔལ་གྱི་ཐུགས་མཆོག་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན་པར་ཤོག༔ ཨཱོཾ་མངྒ་ལ་དཔལ་བེའུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ་བའི་མཆོག༔ དཔལ་གྱི་རྒྱལ་མཚན་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག༔ ཨཱོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོ་འདས་ཆོས་ལ་དབང་བསྒྱུར་རྩལ་ཆེན་རྫོགས༔ དཔལ་གྱི་འཁོར་ལོ་བཀྲ་ཤིས་རྟགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ ཁམས་གསུམ་ཀུན་ཏུ་ཆོས་ཀྱི་རྒྱལ་པོར་ཤོག༔ ཨོཾ་མངྒ་ལ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་པའི་རྫས་བརྒྱད་ཀྱི་དབང་ནི༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ས་ཡི་ལྷ་མོ་བསྟན་མས་མེ་ལོང་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒྲིབ་བྲལ་མ་འདྲེས་ཆོས་ཀྱི་དོན་རྟོགས་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་ཏེ༔ དབང་མཆོག་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་ཨ་དཪྴ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ཁྱེའུ་བཀྲ་ཤིས་རྩ་མཆོག་དཱུརྦ་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས༔ ཉོན་མོངས་སྐྱེ་ཤིའི་ཚོགས་རྣམས་རྒྱུད་ཆོད་དེ༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ཁྱིམ་བདག་བདེ་འབྱིན་ལི་ཁྲི་དམར་པོ་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་རྣམས་མ་ལུས་དབང་དུ་འདུས་གྱུར་ནས༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་པ་ཡི༔ དབང་མཆོག་དེས་ཀྱང་དབང་བཅུའཕེལ་བར་ཤོག༔ ཨཱོཾ་ཧྲཱི་པ་ཤ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ གླང་ཆེན་ས་བསྲུང་བུ་ཡིས་གི་ཝཾ་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་ཉིད་སྨན་གྱིས་དུག་གསུམ་ནད་འཇོམས་ནས༔ ཉོན་མོངས་ཟུག་རྔུའི་ཚོགས་རྣམས་ཞི་བ་ཡི༔ དབང་མཆོག་དེས་ཀྱང་ནད་རིགས་ཀུན་ཞི་ཤོག༔ ཨཱོཾ་གི་ཝཾ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ བྲམ་ཟེ་ཀ་ཏི་ཀ་ཡིས་བིལ་བ་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྙིང་པོའི་དོན་རྣམས་རབ་ཏུ་རྟོགས་གྱུར་ནས༔ འཇིགས་མེད་རྡོ་རྗེ་ལྟ་བུར་རྟོགས་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་བིལ་ཝ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ བུ་མོ་ལེགས་སྐྱེས་མ་ཡིས་ཞོ་ཕུལ་ཏེ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྙིང་པོ་རྣམ་དག་མཆོག་གི་དོན་རྟོགས་ནས༔ ས་ལམ་ཡོན་ཏན་མ་ལུས་ཡོངས་རྫོགས་ཏེ༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བ་ཤོག༔ ཨོཾ་ངྷ་རི་ཏ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ རྒྱལ་པོ་མྱ་ངན་མེད་ཀྱིས་དུང་ཕུལ་བས༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་རྒྱ་མཚོ་མཆོག་གི་རང་བཞིན་ལས༔ ཆོས་ཀྱི་གྲགས་པ་ཕྱོགས་བཅུར་སྒྲོག་པ་ཡི༔ དབང་མཆོག་དེས་ཀྱང་སྙན་གྲགས་མཐའ་རྒྱས་ཤོག༔ ཨཱོཾ་མང་ག་ལ་སྭཱ་བྷ་ལ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ གསང་བདག་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདོན་བགེགས་འབྱུང་པོའི་ཚོགས་རྣམས་རབ་ཞི་ནས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བ་ཡི༔ དབང་མཆོག་དེས་ཀྱང་བགེགས་རྣམས་ཞི་བར་ཤོག༔ ཨོཾ་ཤྲཱི་པ་ཤཾ་མཾ་ཨ་བྷི་ཥིཉྩ་མཾ༔ དེ་ནས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་དབང་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་དབང་དང་ལྡན༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཆོསས་ཀྱི་འཁོར་ལོས་བསྒྱུར་རྒྱལ་དབང་ཐོབ་ཤོག༔ ཨཱོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་སྣ་ཚོགས་དགོས་འདོད་འབྱུང་བའི་གནས༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐན་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཕགས་པའི་ནོར་བདུན་ཕྱུག་པའི་དབང་ཐབ་ཤོག༔ ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་གཟུགས་མཛེས་ལྟ་ན་སྡུག༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཚེ་དང་བསོད་ནམས་རྒྱས་པའི་དབང་ཐོབ་ཤོག༔ ཨཱོཾ་ས་ཏྲི་རཏྣ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ བློན་པོ་རིན་ཆེན་ཡང་དག་བློ་གྲོས་འཆང་༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ༴ བློ་གྲོས་ཤེས་བྱ་རྒྱས་པའི་དབང་ཐོབ་ཤོག༔ ཨཱོཾ་པུརྒ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་སྟོབས་རྩལ་ཀུན་ལྡན་དཔལ༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐལ་ལྡན་བུ་མཆོག༴ བར་ཆད་ཚོགས་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ ཨཱོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃཧཱུྃ༔ རྟ་མཆོག་རིན་ཆེན་རྫུ་འཕྲུལ་རྐང་པ་འཆང་༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ༴ ཐབས་ཤེས་རྐང་མགྱོགས་སྟོབས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམག་དཔོན་རིན་ཆེན་བདུད་ཀྱི་གཡུལ་ལས་རྒྱལ༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ སྟོབས་རྩལ་ནུས་ལྡན་འཇིགས་མེད་དབང་ཐོབཤོག༔ ཨཱོཾ་ཥཥྐ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་དབང་བསྐུར་མེ་ཏོག་འཐོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་མ་ཚང་དབང་གི་ཁ་སྐོང་སྟེ༔ འདི་ལྟར་རྟེན་འབྲེལ་བླ་མེད་དབང་མཆོག་འདི༔ དབང་རྣམས་ཀུན་གྱི་སྙིང་པོ་ཡིན་པའི་ཕྱིར༔ བཀྲ་ཤིས་དོན་གྲུབ་ཕུན་སུམ་ཚོགས་པའི་དཔལ༔ དེ་ཕྱིར་ཕྱི་ནང་དབང་བསྐུར་གང་ལའང་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་གདན་དྲངས་ཤིང་༔ ས་མོ་ལུག་གི་ལོ་ལ་ཤོག་སེར་ལས་ཕབ་པའོ༔ མངྒ་ལཾ།

ཁྲེགས་ཆོད་ཁྲིད་ཡིག

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཁྲེགས་ཆོད་ཁྲིད་ཀྱི་རིམ་པ་བཞུགས༔ ཚེ་དཔག་མེད་མགོན་ལྷ་ཚོགས་ལ༔ གཉིས་སུ་མེད་པར་ཕྱག་འཚལ་ནས༔ སྐལ་ལྡན་ཐར་པར་འཁྲིད་པའི་ལམ༔ ཟབ་མོ་གསང་བའི་ཉེ་ལམ་ཞིག༔ བདག་འདྲ་པདྨས་ཡི་གེར་འདེབས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉེ་ལམ་གསང་བ་གནད་ཀྱི་ཆོས༔ མན་ངག་སྙིང་པོ་འདུས་པའི་མདོ༔ ཚེ་སྒྲུབ་གསང་བའི་ཐུགས་ཁྲིད་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ ས་བཅད་གསུམ་དུ་དབྱེ་སྟེ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ལ༔ ཐུན་མོང་དང་ནི་ཁྱད་པར་གཉིས༔ ཐུན་མོང་ལ་ཡང་རྣམ་པ་ལྔ༔ དལ་འབྱོར་མི་ལུས་རྙེད་དཀའ་ཞིང་༔ མི་རྟག་འཆི་བ་ཡ་ངའི་གནས༔ ལས་ནི་ལུས་དང་གྲིབ་མ་བཞིན༔ ཁམས་གསུམ་འགྲོ་དྲུག་སྡུག་བསྔལ་ཡུལ༔ བདེ་ལྡན་བླ་མེད་ཐར་པའི་ཞིང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དལ་འབྱོར་མི་ལུས་ཞེས༔ ཆོས་བཞིན་སྤྱོད་པའི་རྟེན་གྱི་མཆོག༔ ཟག་བཅས་སྒྱུ་མའི་མགྲོན་ཁང་གིས༔ ཟག་མེད་སངས་རྒྱས་བསྒྲུབ་པའི་རྟེན༔ སྔོན་བསགས་བསོད་ནམས་རྒྱུ་ལས་སྐྱེས༔ བསོད་ནམས་མེད་ལ་དལ་འབྱོར་བྲལ༔ དེ་ཕྱིར་རྒྱུ་ནི་ཕུན་ཚོགས་དགོས༔ ཡུལ་དབུས་སྐྱེས་དང་དབང་པོ་ཚང་༔ སངས་རྒྱས་བྱོན་དང་ཆོས་གསུང་གནས༔ བསྟན་པ་གནས་དང་དེར་རྗེས་འཇུག༔ ཕུན་སུམ་ཚོགས་པའི་གྲོགས་མེད་ན༔ ཆོས་ལ་སྤྱོད་པའི་གོ་སྐབས་བྲལ༔ དེ་ལ་ཡང་ནི་འདི་ལྟ་སྟེ༔ དད་པ་ལྡན་ཞིང་མོས་གུས་ཆེ༔ དག་སྣང་བཟང་ཞིང་ཕྱོགས་རིས་ཆུང་༔ སྙིང་རྗེ་ཆེ་ལ་ཤེས་རབ་བཟང་༔ བརྩོན་འགྲུས་ལྡན་ཞིང་སྤོབས་པ་མཐོ༔ སེར་སྣ་ཆུང་ལ་ངང་རྒྱུད་དལ༔ ཆགས་ཞེན་མེད་ཅིང་དམ་ཚིག་གཙང་༔ དེ་ནི་རིགས་ལྡན་ཕུན་སུམ་ཚོགས༔ དེ་མིན་བླ་མེད་ཆོས་མི་འགྲུབ༔ མཐའ་འཁོབ་ཀླ་ཀློའི་ཡུལ་རྣམས་དང་༔ དབང་པོ་མ་ཚང་ལོག་ལྟ་ཅན༔ གཞན་དབང་སྤྱོད་དང་དད་པ་ཆུང་༔ མོས་གུས་མེད་ཅིང་གྲུབ་མཐའ་ཆེ༔ ཚེ་འདིར་ཞེན་ཅིང་ལེ་ལོ་ཅན༔ སེར་སྣ་ཆེ་ཞིང་སྙིང་རྗེ་ཆུང་༔ ཤེས་རབ་རྨོངས་ཤིང་ཤེས་རྒྱུད་རྩུབ༔ འདི་ནི་ཆོས་ལས་རིང་བའི་ལུས༔ ནམ་ཡང་ཐར་པའི་གོ་སྐབས་མེད༔ དེ་ཕྱིར་སྐལ་ལྡན་སྣོད་བརྟག་ཅིང་༔ བླ་མེད་ཆོས་འདི་སྟོན་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་མི་རྟག་འཆི་བ་ནི༔ ཕྱི་སྣོད་སྲིད་རྩེ་མནར་མེད་ཀྱི༔ སྟོང་གསུམ་འཇིག་རྟེན་འཇིག་པའི་ཆོས༔ གསེར་རི་ལྷུན་པོ་རྒྱུ་བཟང་ཞིང་༔ སྟོང་གསུམ་འཇིག་རྟེན་རྒྱ་ཆེ་ཡང་༔ མེ་ཡིས་བདུན་དང་ཆུ་ཡིས་གཅིག༔ མཇུག་ཏུ་ཐལ་བ་རླུང་གིས་འཁྱེར༔ ཐམས་ཅད་ཁྱམ་ཅིག་ནམ་མཁའི་ངང་༔ ནང་བཅུད་སྐྱེ་འགྲོ་རྐང་གཉིས་གཙོ༔ བྱང་སེམས་ཉན་ཐོས་རང་རྒྱལ་དང་༔ དགྲ་བཅོམ་འཕགས་པ་ཕྱིར་མི་ལྡོག༔ སྟོང་གིས་འཁོར་ལོས་བསྒྱུར་རྒྱལ་དང་༔ རྒྱལ་ཕྲན་བཙུན་མོ་བློན་གྱི་རིགས༔ བསགས་པ་ཅན་དང་བསོད་ནམས་ཆེ༔ སྨྲ་ཀླག་བདེ་དང་དཔའ་རྩལ་ལྡན༔ གང་གིས་འཆི་བ་མི་བཤོལ་ཏེ༔ ཕ་རོལ་གནས་ན་དབང་མེད་པར༔ གཤིན་རྗེའི་གྲོགས་དང་བསྡེབས་ནས་འགྲོ༔ སྐྱེས་ནས་འཆི་བའི་རང་བཞིན་ཏེ༔ བསགས་པ་ཐམས་ཅད་ངེས་པར་འཛད༔ འདུས་ནས་འབྲལ་བ་འདུས་བྱས་ཆོས༔ བསླང་བ་ཐམས་ཅད་འགྱེལ་བར་འགྱུར༔ རྟག་བརྟན་ཐུབ་པ་འགའ་མེད་པས༔ མི་རྟག་བསྐུལ་མས་ཆོས་ལ་བརྩོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་ནི་ལུས་གྲིབ་བཞིན༔ ཕྱི་སྣོད་འཇིག་རྟེན་ལས་ཀྱིས་བྱས༔ ནང་བཅུད་སྐྱེ་འགྲོ་ལས་ལས་གྲུབ༔ བདེ་བ་དང་ནི་སྡུག་བསྔལ་དང་༔ འདོད་པ་དང་ནི་མི་འདོད་པ༔ ཤིན་ཏུ་རྨོངས་པ་རབ་ཏུ་རྨོངས༔ ཀུན་ཏུ་སྡུག་དང་ཡང་དག་སྡུག༔ མནར་ཞིང་སྡུག་བསྔལ་འབུམ་འབུམ་གཟིར༔ འདི་དག་རང་གིས་ལས་ཀྱིས་བྱས༔ ལས་ལས་སྐྱེས་ཤིང་ལས་ཀྱིས་མནར༔ ལས་ཀྱི་འབྲས་བུ་ས་བོན་འདྲ༔ ལས་ཀྱི་རྣམ་སྨིན་དུག་དང་འདྲ༔ ལས་ཀྱི་དབང་ནི་ཆུ་གཞུང་འདྲ༔ ལས་ནི་རྗེས་འབྲང་ལུས་གྲིབ་མཚུངས༔ དེ་ཕྱིར་དགེ་དང་མི་དགེ་བ༔ དེ་རིང་ཉིད་ནས་འདོར་ལེན་གྱི༔ རྣམ་དཀར་སྒོ་གསུམ་དགེ་ལ་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་བ་འགྲོ་དྲུག་སྡུག་བསྔལ་ཡུལ༔ སྲིད་རྩེ་མནར་མེད་ཁམས་གསུམ་ཀུན༔ རྒྱུ་ནི་མ་རིག་ལས་ཀྱིས་བྱས༔ ཚུལ་ནི་བག་ཆགས་དུག་གསུམ་གནས༔ ལས་ནི་ཉོན་མོངས་དུག་ལྔ་སྤྱོད༔ འདི་ནི་སྡུག་བསྔལ་རང་བཞིན་ཏེ༔ འདི་ནི་ཐར་མེད་བཙོན་དོང་ངོ་༔ འགྲོ་བ་ལྷ་མི་ལྷ་མ་ཡིན༔ དུད་འགྲོ་ཡི་དྭགས་དམྱལ་ཁམས་ཏེ༔ ཁམས་གསུམ་འཇིག་རྟེན་གང་དུ་ཡང་༔ སྐྱེ་བའི་སྡུག་དང་ན་བའི་སྡུག༔ འཆི་བའི་སྡུག་དང་རྒ་བའི་སྡུག༔ འཕོ་བའི་སྡུག་དང་ལྟུང་པའི་སྡུག༔ འཐབ་པའི་སྡུག་དང་རྩོད་པའི་སྡུག༔ བསད་པའི་སྡུག་དང་བརྡུང་བའི་སྡུག༔ བསིལ་བའི་སྡུག་དང་ཚ་བའི་སྡུག༔ བཀྲེས་པའི་སྡུག་དང་སྐོམ་པའི་སྡུག༔ གཅིག་གིས་གཅིག་ཟ་གླེན་ལྐུགས་སྡུག༔ མི་བཟོད་དྲག་པོ་རབ་འཇིགས་གནས༔ ཇི་ལྟར་བདེ་བ་མེད་པའི་ཡུལ༔ སྐྱེས་བུ་རྣམས་ཀྱིས་སྒྲོལ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བདེ་ལྡན་ཐར་པའི་གནས༔ རྣམ་དཀར་དགེ་བ་སྤྱད་དང་སྤྱོད༔ ཐོས་དང་བསམ་དང་བསྒོམ་པ་དང་༔ འཛིན་དང་འཆང་དང་ཀློག་པ་དང་༔ ཕ་རོལ་ཕྱིན་པ་དྲུག་ལྡན་ཞིང་༔ བརྩེ་བའི་སེམས་དང་སྙིང་རྗེ་ཅན༔ ཡང་དག་སྤྱོད་པ་རབ་སྤྱད་དེ༔ བྱང་ཆུབ་ལ་མོས་བྱང་ཆུབ་བསྒྲུབ༔ བསྐྱེད་རྫོགས་ཏིང་འཛིན་ལས་སུ་རུང་༔ ཚུལ་བཞིན་སྤྱོད་ལ་བདེ་འབྲས་ནི༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ བདེ་བར་འཕོ་ཞིང་བདེ་དང་ལྡན༔ སྡུག་བསྔལ་བྲལ་ཞིང་ཆོས་དང་འཕྲད༔ ཚེ་རིང་ནད་ཉུང་འཇིགས་པ་མེད༔ དཔལ་དང་ལོངས་སྤྱོད་དབང་ཐང་མཐོ༔ འཁོར་དང་གཟི་བརྗིད་གྲགས་པ་འཕེལ༔ བསམ་པ་འགྲུབ་ཅིང་ཕྱོགས་ལས་རྒྱལ༔ འབྲེལ་ཚད་དོན་ལྡན་ཆོས་ལ་སྦྱོར༔ ཉམས་རྟོགས་བརྩོན་འགྲུས་ན་རིམ་གྱི༔ སྐྱེ་བ་གཅིག་དང་ལྔ་བདུན་དགུ༔ བརྒྱ་དང་སྟོང་སོགས་ཐེག་རིམ་བཞིན༔ འདི་ན་མི་གནས་མྱ་ངན་འདའ༔ བླ་མེད་བྱང་ཆུབ་མངོན་དུ་བྱེད༔ ཡེ་ཤེས་ལྔ་ལ་དབང་བསྒྱུར་ཞིང་༔ མངོན་པར་དགའ་དང་དཔལ་དང་ལྡན༔ བདེ་བ་ཅན་དང་ལས་རབ་རྫོགས༔ སྟུག་པོ་བཀོད་སོགས་ཆོས་དབྱིངས་སུ༔ གྲོལ་ཞིང་གྲོལ་བའི་དཔལ་དང་ལྡན༔ འགྲོ་དྲུག་སྟོང་གསུམ་འཇིག་རྟེན་དུ༔ སྤྲུལ་པ་ཉི་མའི་ཟེར་ལྟར་སྤྲོ༔ གང་ལ་གང་འདུལ་སྣ་ཚོགས་པས༔ བསྟན་པ་སྐྱོང་ཞིང་འགྲོ་དོན་བྱེད༔ འདི་ནི་སྨིན་གྲོལ་འབྲས་བུ་ལས༔ གཞན་དུ་ཤེས་པར་མི་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཁྱད་པར་སྔོན་འགྲོ་ནི༔ རྣམ་པ་ལྔ་ཡི་ནང་ཚན་དབྱེ༔ སྐྱབས་སུ་མ་སོང་དངོས་གྲུབ་མེད༔ བྱང་ཆུབ་སེམས་མཆོག་ཆོས་ཀྱི་གཞི༔ སྒྲིབ་པ་རྣམས་བྱང་ཡེ་ཤེས་མངོན༔ ཚོགས་གཉིས་བསགས་པ་ཚོགས་ཀྱི་མཆོག༔ བླ་མེད་བླ་མ་འགྲོ་བའི་མགོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་ཡུལ་དངོས་གྲུབ་གནས༔ སྟོང་གསུམ་འཇིག་རྟེན་སྲིད་རྩེའི་བར༔ དབང་དང་ལྡན་ཞིང་དཔལ་གྱིས་བརྒྱན༔ མངོན་པར་མཐོ་ཞིང་རྣམ་པར་བརྗིད༔ མིག་སྟོང་ལྡན་དང་རྩེ་གསུམ་འཆང་༔ ཚངས་པ་དང་ནི་མདུན་ན་འདོན༔ རྒྱལ་པོ་ཆེན་པོ་རྣམ་པ་བཞི༔ གང་གིས་ཡང་ནི་མི་སྐྱོབས་ཏེ༔ སྐྱབས་ཀྱི་སྐྱབས་མཆོག་སྐྱབས་ཀྱི་རྒྱལ༔ རྐང་གཉིས་གཙོ་དང་དམ་པའི་ཆོས༔ ཚོགས་ཀྱིི་མཆོག་དང་རྩ་བ་གསུམ༔ མཐར་ཐུག་ཐིག་ལེ་ཉག་སྟེ་ཆེ༔ རྣམ་པར་རྒྱལ་ཞིང་རྣམ་པར་ཐར༔ དེ་ཕྱིར་སྐྱབས་འགྲོ་སྐྱབས་ཀྱི་ཡུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་བྱང་ཆུབ་བླ་མེད་སེམས༔ གཞན་ཕན་སྙིང་རྗེ་འགྲོ་དྲུག་ལ༔ ཕ་དང་མར་གྱུར་བརྩེ་སེམས་ཀྱིས༔ ད་ལན་དྲིན་ལན་ཆོས་ཀྱིས་འཇལ༔ སྲིད་པའི་མཚོ་ལས་སྒྲོལ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྒྲིབ་སྦྱང་རིམ་པ་ནི༔ ཐ་མལ་སྦྱི་གཙུག་པད་ཟླའི་སྟེང་༔ རིགས་ཀྱི་བདག་པོ་རིགས་ཀྱི་དཔལ༔ ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་སེམས༔ མེ་ལོང་ཡེ་ཤེས་ཡེ་ཤེས་སེམས༔ ཐབས་ཤེས་རྡོར་དྲིལ་ཐབས་ཤེས་བསྣམས༔ འགག་མེད་གསལ་སྣང་སྟོང་གསལ་གཟུགས༔ ཐིག་ལེ་ཉག་ཅིག་འོད་ཀྱི་སྐུ༔ འོད་ཀྱི་འཕྲོ་འདུ་འོད་དུ་སྒྱུར༔ བདེ་གཤེགས་རྣམས་ཀྱི་བྱིན་རླབས་བསྡུས༔ གཉིས་སུ་མེད་པར་སྔགས་ཕྲེང་འཁོར༔ འགྲོ་དྲུག་བག་ཆགས་སྒྲིབ་གཉིས་སྦྱངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཚོགས་གཉིས་ཚོགས་མཆོག་ནི༔ བསོད་ནམས་དག་ལས་བྱུང་བ་ཡི༔ ཚོགས་རྫོགས་ཚོགས་མཆོག་ཚོགས་ཀྱི་རྒྱལ༔ འབྲས་བུ་ཡེ་ཤེས་རྡོ་རྗེ་ཆེ༔ ཕྱི་སྣོད་གསལ་བྱེད་ཉི་ཟླས་སྤྲས༔ ནང་བཅུད་རིན་ཆེན་མཁོ་དགུའི་ཚོགས༔ གསང་བ་ཕུང་ཁམས་སྐྱེ་མཆེད་དཔལ༔ ཡོངས་སུ་བསྡུས་ནས་གཅིག་ཏུ་སྤུངས༔ འཛིན་པ་མེད་པར་སེམས་ཀྱིས་མཆོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བླ་མའི་རྣལ་འབྱོར་ནི༔ བླ་མེད་བླ་མ་ཆོས་ཀྱི་རྒྱལ༔ བླ་མ་དཔལ་མཆོག་ཆེ་བའི་སྐུ༔ བླ་མ་སངས་རྒྱས་ཀུན་ཀྱི་སྐྱབས༔ བླ་མ་ཐར་པའི་ལམ་མཁན་ཏེ༔ བླ་མ་ཉོན་མོངས་ནད་ཀྱི་སྨན༔ བླ་མ་དེ་བཞིན་དེ་བཞིན་གཤེགས༔ བླ་མ་ཁམས་གསུམ་ཀུན་གྱི་སྐྱབས༔ བླ་མ་མ་རིག་མུན་སེལ་མཆོག༔ བླ་མ་སྡུག་བསྔལ་གཞོམ་པའི་དགྲ༔ བླ་མས་སྲིད་པའི་དྲ་བ་འཇོམས༔ བླ་མ་དངོས་གྲུབ་རྒྱ་མཚོའི་བདག༔ བླ་མ་མི་སྤང་བླ་མ་བསྟེན༔ ཡང་དག་ཉིད་དུ་སྤྱི་བོར་ཁུར༔ ཉིན་མཚན་དུས་དྲུག་གསོལ་བ་གདབ༔ མོས་དང་གུས་པའི་གདུང་ཤུགས་བསྐྱེད༔ དད་དང་འདུན་པའི་བློ་སེམས་བཀལ༔ དབང་བཞི་བསྐུར་བའི་དམིགས་པ་སྒྱུར༔ སྒྲིབ་བཞི་དག་པའི་ངེས་ཤེས་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ ལུས་ངག་ཡིད་སེམས་རུ་ཤན་དབྱེ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟག༔ རྣམ་པར་སྤྲོས་མེད་ངོ་སྤྲོད་གདབ༔ ས་བཅད་བདུན་གྱིས་རིམ་པར་ཕྱེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རུ་ཤན་དབྱེ་བ་ནི༔ ལུས་འདི་བག་ཆགས་ཀུན་གྱི་གཞི༔ ཕུང་པོའི་བདག་འཛིན་བདུད་བཅོམ་ཞིང་༔ རྡོ་རྗེ་ལྟ་བུའི་སྐུ་ཐོབ་ཕྱིར༔ རྡོ་རྗེ་རྩེ་ལྔའི་འཁྲུལ་འཁོར་གྱིས༔ ལུས་ཀྱི་རུ་ཤན་དབྱེ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ངག་གི་བག་ཆགས་རྣམས༔ རྒྱུན་གཅོད་རུ་ཤན་དབྱེ་བ་ནི༔ འབྲུ་གསུམ་རྒྱལ་བའི་སྙིང་པོ་ལ༔ བརྩོན་འགྲུས་དྲག་པོའི་བརྟུལ་ཞུགས་ཀྱིས༔ ཁྲི་དང་འབུམ་དུ་བཟླས་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་སེམས་ཀྱི་ང་བདག་འདི༔ རུ་ཤན་དབྱེ་བའི་རིམ་པ་ནི༔ སྤྱི་བོ་མགྲིན་པ་སྙིང་ག་དག༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་༔ ངག་ནས་བཟླས་པས་ཡེ་ཤེས་མེ༔ ཁ་དོག་གསུམ་ལྡན་གྱེན་ཐུར་འབར༔ བག་ཆགས་ལུས་དང་རྣམ་སྨིན་གྱི༔ ས་བོན་ཨ་ནྲི་སུ་ཏྲི་པྲེ༔ དུ་ཡིག་ནག་པོ་རྣམ་པ་དྲུག༔ རབ་ཏུ་བསྲེགས་པས་རིགས་དྲུག་གི༔ ལུས་ཀྱི་མངལ་སྒོ་རྒྱུན་གཅོད་ཅིང་༔ སྐུ་གསུམ་ཞིང་དུ་གྲོལ་བར་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་སེམས་ཀྱི་ཚང་ཚོལ་ཞིང་༔ བྱུང་གནས་འགྲོ་གསུམ་བརྟག་པ་ལ༔ དང་པོ་སེམས་འདི་གང་ནས་བྱུང་༔ ཕྱི་རོལ་གླིང་དང་འཇིག་རྟེན་དང་༔ རི་རབ་གསེར་རི་རོལ་མཚོ་བདུན༔ སྟོང་གསུམ་ནམ་མཁའི་མཐའ་མཉམ་དང་༔ སྲིད་པའི་རྩེ་དང་མནར་མེད་ཁམས༔ འཁོར་བ་འམ་ནི་མྱ་ངན་འདས༔ གང་ལས་བྱུང་ཞིང་གང་ལས་གྲུབ༔ རྒྱུ་ལས་བྱུང་ངམ་རྐྱེན་ལས་བྱུང་༔ རྒྱུ་ལས་བྱུང་ན་དངོས་མེད་ཕྱིར༔ རྐྱེན་ལས་བྱུང་ན་འཇིག་མེད་ཚེ༔ ལེགས་པར་བརྟག་ཅིང་ལེགས་པར་དཔྱད༔ སེམས་འབྱུང་སེམས་ནི་མ་རིག་པ༔ ཀུན་གཞི་བག་ཆགས་ཚོགས་དྲུག་ཡུལ༔ རྟོག་མེད་རང་རིག་ཡེ་ཤེས་སྐུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་གནས་ཡུལ་གང་ལ་གནས༔ ཕྱི་ནང་སྣོད་བཅུད་ཕུང་པོ་ཁམས༔ སྐྱེ་མཆེད་གཟུགས་སྒྲ་དྲི་རོ་རེག༔ དབྱིབས་དང་ངོ་བོ་ངེས་ཚིག་དང་༔ ཚུལ་དང་ཁ་དོག་ཇི་ལྟ་བུ༔ གང་ལྟར་གནས་དང་ཇི་ལྟར་གནས༔ གནས་ཡུལ་གནས་མཁན་གནས་བྱེད་སུ༔ ཡེ་ནས་གནས་སམ་འཕྲལ་དུ་གནས༔ ཡེ་གནས་ཡིན་ན་ཕུང་པོ་འདི༔ འཕྲལ་དུ་འདུས་བྱས་ཆོས་ཅནནོ༔ འཕྲལ་དུ་གནས་ན་སེམས་ཉིད་ཀྱང་༔ འདུས་བྱས་རང་བཞིན་ཁོ་ནའོ༔ གལ་སྲིད་གནས་པར་མི་བལྟ་ན༔ ཤི་དང་གསོན་ལ་དབྱེ་བ་བྲལ༔ གནས་ས་གནས་མེད་གནས་སའི་ཡུལ༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ དྭངས་མ་ལྔ་ལྡན་འདུས་པའི་ཀློང་༔ ཡེ་ནས་འདུ་འབྲལ་སྐད་ཅིག་མེད༔ གཞོན་ནུ་སྐྱེ་འཆི་བགྲེས་རྒུད་བྲལ༔ གཟུགས་དང་ཁ་དོག་སྐྱེ་མཆེད་དག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་འགྲོ་སའི་ཡུལ་ལ་བརྟག༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ གང་དུ་འགྲོ་ཞིང་གང་དུ་འཕྲོ༔ མཚོན་དང་དཔེར་བརྗོད་ཇི་ལྟ་བུ༔ འཕྲོ་བའི་རྒྱུ་རྐྱེན་འཕྲོ་མཁན་ཡུལ༔ ལེགས་པར་བལྟ་ཞིང་ལེགས་པར་བརྟག༔ དཔེར་ན་རྫིང་གི་བྱ་རོག་ཡང་༔ རྫིང་ལས་འཕུར་ཞིང་རྫིང་ལ་འབབས༔ འཕྲོ་མེད་འཕྲོས་ཀྱང་འཕྲོ་འདུ་བྲལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་ངོ་སྤྲོད་རིམ་པ་ནི༔ བླ་མ་རྒྱན་སྤྲས་ཁྲི་ལ་འདུག་སློབ་བུས་རྣམ་སྣང་ཆོས་བདུན་བཅའ༔ བརྒྱུད་པའི་བླ་མར་གསོལ་བ་འདེབས༔ སྤོས་བསྲེག་ཡེ་ཤེས་སེམས་དཔའ་དབབ༔ རོལ་མོ་འཁྲོལ་ཞིང་དམིགས་པ་གཏད༔ ཐོད་རྔ་འཁྲོལ་ཞིང་འདི་སྐད་དོ༔ ཨེ་མ་མ་ཡེངས་རྩེ་གཅིག་ཉོན༔ འཁོར་འདས་ཀུན་བྱེད་ཀུན་འབྱུང་གནས༔ ཐམས་ཅད་ཐམས་ཅད་སྐྱེད་པ་པོ༔ གཅིག་ལས་སྣ་ཚོགས་འཕྲོ་བའི་གཞི༔ དུ་མ་ཐིག་ལེ་གཅིག་ལ་འདུས༔ ཐིག་ལེ་ཕྱི་ནང་གསང་བ་གསུམ༔ སྦྲོས་མེད་སྤྲོས་བྲལ་ཀ་ནས་དག༔ དག་པར་རང་གྲོལ་རང་སར་དག༔ གཞན་གྱིས་མ་ཡིན་ངོ་བོར་རྫོགས༔ རྒྱུ་རྐྱེན་བག་ཆགས་མ་རིག་ཀློང་༔ རང་རིག་རང་གྲོལ་རྣམ་གྲོལ་ལྡན༔ ཨེ་མ་རྒྱལ་བ་ཀུན་གྱི་སྐུ༔ ཨེ་མ་རྒྱལ་བ་ཀུན་གྱི་གསུང་༔ ཨེ་མ་རྒྱལ་བ་ཀུན་གྱི་ཐུགས༔ བླ་མེད་མཆོག་སྟེ་བླ་ན་མེད༔ སྐྱེ་མེད་སྐྱེ་བའི་གཟུགས་དང་བྲལ༔ གནས་མེད་གནས་པའི་ཡུལ་ལས་འདས༔ འགྲོ་མེད་འགྲོ་འོང་ངོ་བོར་དག༔ འདི་ནི་ཡེ་ཤེས་རང་བྱུང་ཆེ༔ ཅེས་བརྗོད་སློབ་བུའི་གོ་་རིམ་བཞིན༔ ཉམས་རྟོགས་མཐར་ཕྱིན་བླ་མ་ཡིས༔ སྣོད་ཀྱི་ཚུལ་བསྟུན་ངོ་སྤྲོད་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཨཱོཾ་ལ་གཏད་ཅིང་ཧཱུྃ་གིས་སྤར༔ ཨཱཾ༔ ཡིས་བསྲེ་ཞིང་ཕཊ་ཀྱིས་སྐྱོང་༔ བྱིང་རྨུགས་འཐིབ་གསུམ་རྐྱེན་གྱིས་སྒྱུར༔ བདེ་གསལ་མི་རྟོག་ཉམས་དང་བསྲེ༔ སྤང་བླང་མེད་པར་རྒྱ་ཡིས་གདབ༔ རིམ་པ་བདུན་གྱིས་དབྱེ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཨཱོཾ་ལ་གཏད་པ་ནི༔ རང་ཉིད་གང་དུ་གནས་པའི་མདུན༔ ལུས་གནད་བཅའ་ཞིང་ཨཱོཾ༔ ཡིག་བཞག༔ རིག་པ་མ་ཡེངས་དེ་ལ་གཏད༔ དུས་གསུམ་ཤེས་པ་འཕྲོ་བཅད་ནས༔ འགག་མེད་སྟོང་གསལ་ཆམ་གཅིག་ཏུ༔ རང་བྱུང་རྗེན་པར་ལྷན་ནེར་བཞག༔ དང་པོ་ཐུང་ངུ་བར་དུ་འབྲིང་༔ ཐ་མར་ཉིན་མཚན་ཐུན་དྲུག་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཐུན་འཇུག་ཧཱུྃ་ཞེས་སྒྲོགས༔ ལན་གསུམ་བསྐྱར་བས་རང་སེམས་འདི༔ ནམ་མཁའི་ཁམས་སུ་འཕྲོས་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་ཿ གསུམ་པ་ཨཱོཾ༔ ཞེས་བརྗོད་པ་ཡིས༔ སེམས་དང་ནམ་མཁའ་དབྱེར་མེད་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་བ་ཕཊ་ཅེས་སྒྲ་སྒྲོགས་པས༔ ངོ་བོ་རང་བྱུང་རྗེན་པ་ལ༔ རང་མདངས་རིག་པའི་འཁྱེར་སོས་སྐྱོང་༔ ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ༔ བརྩོན་པའི་འབད་པས་གནད་དུ་བསྣུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་བ་བྱིང་རྨུགས་འཐིབ་གསུམ་གྱི༔ ཉམས་ལ་གནས་དང་དུས་དང་ཐབས༔ གནས་དུས་དབྱར་གསུམ་རི་བོའི་རྩེ༔ དཔྱིད་གསུམ་བསིལ་དྲོད་སྙོམས་པའི་ལུང་༔ དགུན་གསུམ་ནགས་འདབ་འཐིབ་དང་དྲོ༔ ཐབས་ནི་བྱིང་ན་ཨཱོཾ་ཡིག་ལ༔ གནས་པ་གཏད་ཅིང་མཉམ་པར་བཞག༔ རྨུགས་ན་ཧཱུྃ་གིས་སྤར་བ་གནད༔ ཤིན་ཏུ་འཐིབ་ན་ཨཱཿཡིས་བསྲེ༔ ཕཊ་ཀྱིས་སྐྱོང་ཞིང་བག་ར་ེསྒྲིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་བདེ་གསལ་མི་རྟོག་གསུམ༔ ཉམས་ཀྱི་གྲོགས་སུ་ཐག་བཅད་དེ༔ སྤང་བླང་དགག་བསྒྲུབ་མེད་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་རྗེས་ཀྱི་རྒྱས་གདབ་ནི༔ གཟུགས་རྣམས་ཐམས་ཅད་སྟོང་པའི་རྩལ༔ སྒྲ་རྣམས་གྲག་སྟོང་བརྗོད་པ་བྲལ༔ དྲན་སེམས་རང་གྲོལ་ངོ་བོ་ཉིད༔ འཁྱེར་སོ་གསུམ་གྱི་ཏིང་འཛིན་གྱིས༔ རྗེས་ཤེས་ཆོས་ཉིད་འཁོར་ལོར་བསྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་སྙིང་པོའི་ཆོས༔ པདྨ་འབྱུང་གནས་བདག་གི་སྙིང་༔ མཚོ་རྒྱལ་གྲོགས་མཆོག་ཁྱོད་ལ་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ཐུགས་ཀྱི་སྲས་དང་འདི་འཕྲད་ནས༔ བསྟན་དང་འགྲོ་བའི་དོན་འབྱུང་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཟབ་ལུང་གནས་ཀྱི་མཆོག་ནས་གདན་དྲངས་ཤིང་། །ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་པའི་ཉི་ཤུ་གཉིས་ལ། །ཆགས་རུའི་ཡང་དགོན་ཁམས་གསུམ་རྣམ་རྒྱལ་དུ་ཤོག་སེར་ལས་ཕབ་པའོ། །

ཐོད་རྒལ་ཁྲིད་ཡིག

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཐོད་རྒལ་བཞུགས། རིག་འཛིན་ཚེ་ཡི་ལྷ་ལ་འདུད༔ མ་འོངས་སྐལ་ལྡན་སྐྱེས་མཆོག་རྣམས༔ ཟབ་དོན་ཚེ་ཡི་རིག་འཛིན་མཆོག༔ མངོན་འགྱུར་ཟག་མེད་འོད་ཀྱི་ལུས༔ འཐོབ་ཕྱིར་ཐོད་རྒལ་འདིར་བསྟན་ནོ༔ ས་མ་ཡཱ༔ མི་མེད་འཚེ་བ་བྲལ་བའི་ལུང་༔ ཤར་རི་གཞོལ་ཞིང་ནུབ་རི་བརྡལ༔ ཉི་ཟླའི་འགྲོས་ལམ་ཡངས་པ་ལ༔ ཤིན་ཏུ་མཐོ་བའི་གནས་ཉིད་དུ༔ མཐུན་རྐྱེན་ཡོ་བྱེད་ཚོགས་པར་བསགས༔ དབང་དང་གདམས་པ་ངོ་སྤྲོད་རྣམས༔ མཚན་ཉིད་ལྡན་པའི་བླ་མར་ཞུ༔ གཞན་ཕན་བརྩེ་སེམས་ཡང་ཡང་བསྐྱེད༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སེང་གེ་གླང་ཆེན་དྲང་སྲོང་གི༔ སྐུ་གསུམ་བཞུགས་སྟངས་གསུམ་བྱས་པས༔ སྐུ་གསུམ་ཀློང་དུ་མྱ་ངན་འདའ༔ དེ་ནས་སེམས་གནད་ཁྲེགས་ཆོད་དང་༔ སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ༔ ཡུལ་གནད་སྤྲིན་བྲལ་མཁའ་ལ་བལྟ༔ ནང་གནད་སྒྲོན་མ་ལམ་དུ་བྱེད༔ རླུང་གནད་ཤིན་ཏུ་དལ་བར་བསླབ༔ རིག་པའི་གནད་ནི་ལུ་གུ་རྒྱུད༔ འགུལ་དང་འཕྲིག་དང་འཁྱུག་ཅིང་འགྱུ༔ དབྱིངས་ནང་བཞག་ཅིང་འབྲལ་མི་བྱ༔ དང་པོ་ཐུན་ཆུང་གྲངས་མང་བསླབ༔ དེ་ནས་ཆུ་བོའི་རྒྱུན་བཞིན་སྐྱོང་༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྡོད་པ་གསུམ་གྱི་ཚད་ཟིན་ཞིང་༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ཏེ༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང་༔ དང་པོ་དབྱིངས་དང་རིག་པ་ནི༔ རེས་གསལ་རེས་མི་གསལ་བ་འབྱུང་༔ དེ་ནས་དབྱིངས་རིག་ཆེར་གསལ་ཞིང་༔ ཐིག་ལེ་རྣམས་ཀྱང་གོང་དུ་འཕེལ༔ དེ་ནས་འོད་སྣང་དུམ་བུར་མཆེད༔ གྱེན་འགྲེང་རྩིབས་ཤར་མིག་མང་རིས༔ ལྕགས་ཐག་ལུག་རྒྱུད་མདུང་རྩེ་སོགས༔ འོད་ཀྱིས་རང་མདུན་ཀུན་གང་རྒྱས༔ ཐིག་ལེ་ཐིག་ཕྲན་རྣམས་ཀྱང་འཕེལ༔ དེ་ནས་དབྱིངས་ཀྱི་སྣང་བ་ལ༔ འོད་ཀྱི་དྲ་བ་ར་བ་དང་༔ མཆོད་རྟེན་རིས་དང་པདྨ་དང་༔ རྡོ་རྗེ་འམ་ནི་རིན་པོ་ཆེ༔ རལ་གྲི་ཁ་ཊྭཱཾ་འཁོར་ལོ་རིས༔ ཉ་མིག་རིས་སོགས་སྣ་ཚོགས་འཆར༔ འོད་ཀྱིས་ཡུལ་གྲུ་ཁྱབ་པ་དང་༔ ཐིག་ལེ་སྦ་ཕུབ་ཡུལ་གྲུ་ཙམ༔ དེ་ནས་འོད་དང་ཐིག་ལེ་རྣམས༔ ནམ་མཁའ་ཡོངས་སུ་ཁེངས་སྙམ་ལ༔ དབྱིངས་རིག་ཉིན་མཚན་མེད་པར་འཆར༔ དེ་དུས་ཐིག་ལེ་ཐིག་ཕྲན་དང་༔ ལུག་རྒྱུད་ནང་དུ་སྐུ་ཕྱེད་དང་༔ ཟུར་ཞལ་ཅན་དང་ཡོངས་སུ་རྫོགས༔ ཡབ་ཡུམ་ཟུང་འཇུག་འཁྲིལ་སྦྱོར་ལྡན༔ འོད་ཀྱི་ཐིག་ལེ་རེ་རེའི་ནང་༔ སྐུ་ལྔ་ཡབ་ཡུམ་རྫོགས་པར་འཆང་༔ དེ་ཚེ་རིག་པ་ཚད་ལ་ཕེབས༔ འཁྲུལ་པའི་སྣང་བ་ཟད་པའོ༔ དེ་ནས་ཉམས་སྣང་ངོ་བོར་དག༔ བྱས་པའི་ཆོས་རྣམས་ཐམས་ཅད་ཟད༔ ཟད་པ་ཟག་མེད་ཟད་སར་འཁྱོལ༔ ཆོས་ཉིད་ཟད་པ་མཚོན་ཙམ་བརྗོད༔ དང་པོ་ཆོས་ཉིད་མངོན་སུམ་གྱིས༔ ཡིད་དཔྱོད་འཛིན་པའི་སྣང་བ་ནུབ༔ གཉིས་པ་ཉམས་སྣང་གོང་འཕེལ་གྱིས༔ བར་དོའི་ཡེ་ཤེས་མངོན་དུ་བྱེད༔ གསུམ་པ་རིག་པ་ཚད་ཕེབས་ཀྱིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ བཞི་པ་ཆོས་ཉིད་ཟད་པ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་འཐོབ༔ འདི་ལྟར་བཞི་པོ་མཐར་ཕྱིན་ན༔ མྱང་འདས་གཞན་ནས་བཙལ་དུ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་སྙིང་ཏིག་འདི༔ མན་ངག་ཚིག་ཉུང་དོན་ཆེར་བསྒྲིལ༔ པདྨ་ཐོད་ཕྲེང་བདག་གིས་བཀོད༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ རྩུབ་འགྱུར་བཞི་བཅུ་ཁ་རལ་དུས༔ སྦྱངས་པ་ཅན་དང་འདི་འཕྲད་ནས༔ ཟག་མེད་འོད་ཀྱི་སྐུར་གྲོལ་ཞིང་༔ བསྟན་འགྲོའི་བདེ་བ་བསྐྲུན་པར་ཤོག༔ སྲུང་མས་ཆོས་འདིའི་མེལ་ཚེ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས། གནས་མཆོག་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།

སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ སྒྲུབ་ཐབས་བཞུགས༔ མགོན་པོ་ཚེ་དཔག་མེད་ལ་འདུད༔ སྐྱེ་འཆི་མེད་པའི་རིག་འཛིན་ཞིག༔ ཚེ་འདི་ཉིད་ལ་འཐོབ་བྱའི་ཕྱིར༔ ཚེ་ཡི་སྒྲུབ་ཐབས་རིམ་པ་ཞིག༔ བདག་འདྲ་པདྨས་ཡི་གེར་འདེབས༔ ཉམས་སུ་ལོངས་ཤིག་བདེ་སྟེར་མ༔ ཕྱི་རབས་དོན་དུ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གནས་ཕུན་སུམ་ཚོགས་ཤིང་ཡིིད་དང་མཐུན་པར༔ སྒྲུབ་ཁང་སྐྱང་ནུལ་ལེགས་པར་བྱ་ཞིང་སྟེགས་བུ་གནས་ཁང་གི་ཁྱོན་དང་མཐུན་པར་བཟོ་སྟེ༔ བ་ཡི་རྣམ་ལྡ་དང་དྲི་བཟང་གིས་ཆག་ཆག་གདབ༔ ཐིག་ནས་དྲངས་ཤིང་ཆ་ཆེན་ལྟེ་བར་བཅད་དེ༔ གཉིས་པ་ལ་པདྨ་འདབ་མ་བཞི༔ གསུམ་པ་ལ་པདྨ་འདབ་མ་བརྒྱད་དུ་བྱ༔ ལྟེ་བ་དམར་པོ༔ པད་འདབ་བཞི་ཕྱོགས་ཚོན༔ ཕྱི་རོལ་གྱི་པདྨ་འདབ་མ་བརྒྱད་ཀྱི་ཤར་སེར་པོ༔ ལྷོ་ལྗང་གུ༔ ནུབ་དམར་པོ༔ བྱང་ལྗང་གུ༔ ཤར་ལྷོ་དཀར་པོ༔ ལྷོ་ནུབ་སེར་པོ༔ ནུབ་བྱང་དམར་པོ༔ བྱང་ཤར་ལྗང་གུ༔ པད་ཚབ་རྣམས་མཛེས་ཚོན་དུ་བྱའོ༔ དེའི་ཕྱི་རིམ་མུ་ཁྱུད་རྣམ་ལྔ་བསྐོར་ཞིང་༔ ཁྱམ་དང་སྒོ་གྲུ་རྟ་བབས་པད་རྡོར་མེ་རི་ལ་སོགས་སྤྱི་དང་མཐུན་པར་བྱའོ༔ དེའི་དབུས་སུ་ཁྲིའུ་མཛེས་པའི་ཁར་དྲི་བཟང་སྨན་སྤོས་ཀྱིས་བཀང་བའི་བུམ་པ་མཚན་ཉིད་དང་ལྡན་པར་རིགས་ལྔའི་ས་བོན་དང་ཕྱག་མཚན་བྲིས་པ་ལ༔ མགུལ་ཆིངས་དར་དམར་གྱིས་བརྒྱན་པའི་ཁར༔ རབ་གསེར་དངུལ་ལ་སོགས་རིན་པོ་ཆེའི་རིགས༔ འབྲིང་སྨན་འདག་ལས་གྲུབ་པ༔ ཐ་ནའང་དར་རས་ལ་རིས་སུ་བྲིས་པའི་འདྲ་འབག་གཟུགས༔ དར་དམར་གྱི་གུར་ཕུབ༔ མདུན་དུ་ཟན་བཟང་པོ་ལ་རྩི་བཅུད་དང་སྨན་སྤོས་བཏབ་པའི་ཚེ་བུམ་རྒྱན་དང་ལྡན་པ་བཤམས༔ གཡས་སུ་ཨ་མྲི་ཏ་ཛ་གད་ཀྱི་སྙིང་ཁུར་བཏབ་པ་དུམ་བུ་གཅིག་པའི་སྣོད་དུ་བཤམས་ཏེ་མེ་ལོང་སིནྡྷུ་རས་བྱུགས་པ་ལ་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་བྲིས་པས་ཁ་བཀབ་ཅིང་དར་གུར་ཕུབ༔ གཡོན་དུ་ཁྲག་སྣ་གང་འཛོམ་ལ་པདྨ་རཀྟའི་ཕབས་བཏབ་པ་བཤམས༔ རྒྱབ་ཏུ་སྨན་སྤོས་སྣ་ཚོགས་ལས་གྲུབ་པའི་ཚེ་རིལ་ཉི་ཟླས་བརྒྱན་པ་བཤམས༔ དམ་ཚིག་བསྐུལ་ཞིང་དངོས་གྲུབ་སྡུས་པའི་རྟེན་མདའ་རྒོད་སྒྲོ་མ་ལ་དར་སྣ་ལྔས་བརྒྱན་པའི་མདའ་དར་ཡང་གཟུགས༔ དེ་རྣམས་ཀྱི་ཕྱི་རོལ་དུ་ཚོགས་ཀྱི་འཁོར་ལོ༔ ཕྱི་མཆོད་ཀྱི་རིམ་པ༔ བཀའ་སྲུང་གི་གཏོར་མ་རྣམས་བཤམས༔ སྒྲུབ་པ་པོ་བདེ་བའི་གདན་ལ་འདུག༔ གཞི་བདག་ལ་གཙང་གཏོར་འབུལ་ཞིང་བགེགས་ལ་བཀའ་བསྒོ༔ ཏིང་ངེ་འཛིན་རྣམ་པ་གསུམ་གྱི་ངང་ནས་ལས་ཀྱི་གཞུང་བསྲང་ཞིང་༔ འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས༔ རང་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ ཞལ་གཅིག་དམར་ལ་དཀར་བའི་མདངས་དང་ལྡན་ཞིང་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ་བསྣམས་པ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་ཅན༔ རལ་པའི་གཙུག་ཏོར་ལ་རིགས་ལྔའི་པྲོག་ཞུ་དང་ཅོད་པན་གྱིས་བརྒྱན་པ༔ འཛུམ་པའི་མདངས་ལ་ཞི་བའི་ཉམས་དང་ལྡན་པར་བསྒོམས་པའི་ཐུགས་ཀར་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་ཁང་གི་ནང་དུ༔ དང་པོའི་ཆ་ལ་པདྨ་འདབ་མ་བཞི༔ གཉིས་པ་དེའི་ཕྱི་རིམ་དུ་པདྨ་འདབ་མ་བརྒྱད༔ དེའི་ཕྱི་རིམ་འོད་ལྔའི་ར་བས་ཡོངས་སུ་བསྐོར་བའི་ལྟེ་བར་བདུད་བཞི་དང་ཉི་ཟླ་པདྨའི་གདན་གྱི་སྟེང་དུ༔ ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་འདས་དཔལ་ཆེན་པོ་པདྨ་དབང་གི་རྒྱལ་པོ་རྟ་མཆོག་རོལ་པ་སྐུ་མདོག་བྱི་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པ་ལྟ་བུ༔ ཤིན་ཏུ་དམར་བའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་སྟབས་ཀྱིས་བགྲད་པ༔ ཕྱག་གཡས་སྣང་བའི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ༔ ཕྱག་གཡོན་སྟོང་པའི་རང་བཞིན་དྲིལ་བུ་དཀུར་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཞིང་སྐྲ་ཁམ་སེར་གྱེན་དུ་འབར་བ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་ཞིང་སྐྲ་གསེབ་ནས་རྟ་མགོ་ལྗང་ཞུར་གྱིས་རྟ་སྐད་འཚེར་བ༔ སྣང་སྟོང་རང་འོད་ཀྱི་ཀློང་དུ་བཞུགས་པའི་པང་དུ་ཡུམ་མཆོག་རྡོ་རྗེ་ཕག་མོ་དམར་མོ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ ཞབས་གཉིས་གཡས་བརྐྱང་གཡོན་བརྐུམས་ཡབ་ལ་འཁྲིལ་བ༔ ཞལ་གདང་ལྗགས་འདྲིལ་ཁྲོ་གཉེར་དང་མཆེ་བ་གཙིགས་པ༔ སྤྱན་གསུམ་རབ་ཏུ་བགྲད་པ༔ སྐྲ་ཕྱེད་སྤྱི་བོར་བཅིངས་ཤིང་ཕག་ཞལ་གྱི་ངུར་སྒྲ་འབྱིན་པ༔ ལྷག་མ་སྐུ་རྒྱབ་ཏུ་སིལ་བུར་འཕྱང་བ༔ རུས་རྒྱན་དང་གཟིག་ཤམ་གྱིས་བརྒྱན་པ༔ མི་མགོའི་དོ་ཤལ་དང་དྲིལ་བུ་གཡེར་ཁའི་ཕྲེང་བ་ཅན༔ རིག་སྟོང་དབྱེར་མེད་ཀྱི་ཀློང་དུ་ལྷམ་མེར་གསལ་ཞིང་༔ དེའི་ཕྱི་རོལ་ཕྱོགས་བཞིའི་པད་འདབ་ལ་རིགས་བཞིའི་ཚེ་ལྷ་ཡབ་ཡུམ་བརྒྱད་ལོངས་སྤྱོད་རྫོགས་སྐུ་ཡུམ་དང་འཁྲིལ་བ༔ ཞབས་གཉིས་སྐྱིལ་ཀྲུངཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ་བསྣམས་པ༔ ཡུམ་རྣམས་མདའ་དར་དང་ཚེ་བུམ་ཅན༔ ཡབ་ཡུམ་ཐམས་ཅད་སྐུ་མདོག་ཕྱོགས་ཀྱི་མདོག་ཅན་གསལ་སྟོང་དབྱེར་མེད་ཀྱི་ངང་ནས་རང་འོད་ཀྱི་ཀློང་དུ་བསྐྱེད་ཅིང་༔ དེའི་ཕྱི་རོལ་པད་འདབ་བརྒྱད་ལ་ལྷ་མོ་བཞི་དང་མགྱོགས་མ་བཞི་རྣམས་ཀྱང་མདངས་གསལ་མ་འགག་པའི་རོལ་པར་གསལ་ཞིང་༔ དེ་དག་རྣམས་ཀྱི་མཚམས་མཚམས་ཀྱི་ནམ་མཁའི་ཆ་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད་རྣམས་ཀྱང་བསྐྱེད་དོ༔ རང་ཉིད་ཚེ་དཔག་མེད་ཡབ་ཡུམ་གྱི་སྤྱི་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས༔ ཡན་ལག་བཞི་ལ་སྒོ་མ་བཞི༔ བ་སྤུའི་འོད་ཀློང་རྣམས་སུ་སྐུ་གསུམ་གྱི་སྟོན་པ༔ དུས་གསུམ་གྱི་སངས་རྒྱས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་གསལ་ཞིང་༔ ཚེ་ལ་དབང་བའི་རིག་འཛིན་དཔའ་བོ་དཔའ་མོའི་འཁོར་ཚོགས་འབུམ་འབུམ་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་གནས་གསུམ་ལས་འོད་ཟེར་གྱི་ཚོགས་གྲངས་མེད་པ་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ཁ་བ་དང་བུ་ཡུག་འཚུབ་པ་ལྟར་བྱོན་ནས་བདག་མདུན་རྣམས་ལ་ཐིམ་པར་བསྒོམ་ཞིང་༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་ལ་སོགས་ལས་བྱང་ལྟར་བྱ་ཞིང་༔ རང་ལུས་ཀྱི་སྣང་ཆ་ཚེ་དཔག་མེད་ཡབ་ཡུམ༔ རང་རིག་གི་ངོ་བོ་ཙིཏྟ་འོད་ལྔ་འཁྲུགས་པའི་ཀློང་དུ་རྟ་ཕག་ཡབ་ཡུམ་ལ་ཚེའི་ལྷ་དང་ལྷ་མོའི་ཚོགས་སུ་གསལ་བའི༔ རྟ་ཕག་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་མན་ཤེལ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་སེན་གང་བ་ཞིག་གྱེན་དུ་ལངས་པའི་ལྟེ་བར་ཧཱུྃ་ཡིག་དམར་པོས་མཚན་པའི་ཧ་ཁོག་གི་དཀྱིལ་ན་ཡི་གེ་ཧྲཱི༔ དམར་པོ་ཚེག་དྲག་དང་བཅས་པ་ཞིག་གསལ༔ ཧྲཱིཿདེའི་ཧ་ཁོག་གི་ནང་དུ་ཚེ་སྲོག་མི་འགྱུར་བའི་ངོ་བོ་ཡི་གེ་ནྲི་ལྗང་གུ་བཀྲག་མདངས་དང་ལྡན་པ་ཞིག་བསྒོམ༔ ཧཱུྃ་དམར་པོའི་མཐའ་སྐོར་ཉི་དཀྱིལ་སྟེང་དུ་གཡས་སྐོར་དུ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཾ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱགྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཚེ་བྷྲཱུཾ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ མ་མ་སརྦ་སིངྔྷི་སྡུས་སྡུས་པཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་པའི་སྔགས་འབྲུ་རྣམས་རང་སྒྲ་དང་བཅས་གཡས་སུ་འཁོར༔ འོད་ཀྱི་ཕྲེང་ཐག་དམར་པོ་གཡོན་དུ་འཁོར༔ ངག་ནས་བཟླས་པས་ཞལ་ནས་འཐོན་ཏེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་འཕྲོས༔ གཟུངས་ཐག་ལ་བརྒྱུད་དེ་སོང་༔ བདུན་བསྐྱེད་བུམ་པའི་ལྷ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པའི་ཞལ་དུ་ཞུགས༔ ཐུགས་ཀར་སྔགས་འབྲུ་རྣམས་ལ་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་འཕྲོས༔ སྐུ་གསུམ་གྱི་སྟོན་པ༔ དུས་གསུམ་གྱི་སངས་རྒྱས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཤིང་བདག་མདུན་རྣམས་ལ་ཐིམ༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གཟི་བརྗིད་འོད་དུ་འབར་ཞིང་༔ འཁོར་འདས་ཐམས་ཅད་འོད་དང་ཟེར་གྱིས་ལམ་ལམ་གང་ཞིང་ཡོམ་ཡོམ་འཚེར་བ་ལས༔ ཚེའི་ལྷ་མོ་མགྱོགས་མ་སྒོ་མ་དང་བཅས་པ་གྲངས་མེད་དཔག་ཏུ་མེད་པར་གྱུར་ནས༔ འཁོར་འདས་ཀུན་གྱི་ནུས་སྟོབས་དང་གཟི་བརྗིད་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཚེ་བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་འབྱུང་བའི་ཁམས་ཀྱི་དྭངས་མ་རང་གི་བླ་ཚེ་ཆད་ཉམས་གས་པ་ཡར་བ་དང་བཅས་པ་ཐམས་ཅད༔ རང་དབང་མེད་པར་དབང་དུ་བསྡུས་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་སྒྲུབ་རྫས་ཀྱི་ངོ་བོར་གསལ་བ་རྣམས་དང་༔ ཁྱད་པར་བདག་ཉིད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡབ་ཡུམ་ཐུགས་ཀའི་ཁྲོ་བོ་ཚེ་ཡི་ལྷ་ཚོགས་ཚོམ་བུ་དང་བཅས་པའི་ངོ་བོ་ཡེ་ཤེས་སེམས་དཔའི་རྣམ་པ་ཧཱུྃ་ཡིག་ཧྲཱིཿདང་ཚེ་སྲོག་གི་ངོ་བོ་ནྲི་ཡིག་སྔགས་འབྲུ་རྣམས་ལ་ཐིམ་པས༔ དབང་ཆེན་ཡབ་ཡུམ་ཚེ་ལྷ་རིགས་བདག་སྒོ་མ་དང་བཅས་པ་ཐུགས་རྒྱུད་རབ་ཏུ་དགྱེས་ཤིང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་བདེ་སྟོང་ཟག་པ་མེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ཉམས་རྟོགས་རྒྱས་ཤིང་༔ ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་དང་འཁོར་འདས་ཀུན་གྱི་བྱིན་རླབས་ནུས་བཅུད་ཐམས་ཅད་ཀྱིས་ལུས་ཕྱི་ནང་བ་སྤུའི་བུ་ག་ཐམས་ཅད་དུ་བཅུད་དུ་ཧྲིལ་ཧྲིལ༔ བྱིན་རླབས་སུ་ཐིབ་ཐིབ༔ ནུས་མཐུ་རུ་སྤུང་སྤུང་༔ དངོས་གྲུབ་ཏུ་ཤར་ཤར་བསྒོམ་ཞིང་གོང་གི་སྙིང་པོ་ལ་འབུམ་ཚོ་གཅིག་བཟླས་པས༔ དངོས་གྲུབ་ཐོབ་པའི་རྟགས་ནི་སྣ་ཚོགས་སུ་འབྱུང་སྟེ༔ རབ་དངོས་འབྲིང་ཉམས་ཐ་ནའང་རྨི་ལམ་དུ་མགོན་པོ་ཚེ་དཔག་མེད་ཞལ་མཇལ་བ་དང་༔ གསུང་ཐོས་པ་དང་༔ དབང་བསྐུར་བ་དང་༔ ལུང་སྟོན་པ་སོགས་འབྱུང་ངོ་༔ གལ་སྲིད་སྔོན་གྱི་བག་ཆགས་ཀྱི་སྒྲིབ་པ་སོགས་ཤིན་ཏུ་འཐུག་པའི་རིགས་ཡིན་ཀྱང་རྨི་ལམ་དུ་ལྷས་བཟང་པོ་འདི་དག་འབྱུང་སྟེ༔ ཉི་ཟླ་གདན་དུ་བཏིང་བ༔ ཚེ་བུམ་དང་ཀ་པཱ་ལ་སོགས་བདུད་རྩིས་བཀང་བ་བུད་མེད་བཟང་མོས་འདྲེན་ཞིང་རང་གིས་འཐུང་བ་དང་༔ རྡོ་རྗེ་དྲིལ་བུ་དུང་དཀར་སོགས་རྙེད་པ༔ དར་འཕྱར་བ༔ རོལ་མོ་འཁྲོལ་བ༔ གངས་རི་ལ་འཛེག་པ༔ མཆོག་རྟེན་ལ་བསྐོར་བ༔ གྲུ་ཟམ་ཆུ་བོ་ལས་བརྒལ་བ༔ ཉི་མ་དང་ཟླ་བ་སྙིང་གར་ཐིམ་པ་ལ་སོགས་ཀྱི་ལྟས་ཁྱད་པར་ཅན་འབྱུང་བར་འགྱུར་རོ༔ དངོས་སུ་ཡང་དྲི་བཟང་པོ་འཐུལ་བ་དང་༔ སྒྲུབ་ཁང་དང་དམ་རྫས་རྣམས་ལ་མེ་འབར་བ་དང་༔ དུ་བ་འཐུལ་བ་དང་འོད་འཁྱུག་པ་ལ་སོགས་འབྱུང་བར་འགྱུར་རོ༔ དེ་ལྟར་གྲངས་བསྙེན་རྫོགས་ནས་གང་ཟག་གི་ན་རིམ་ལྟར་གྱི་དངོས་ཉམས་རྨི་ལམ་གྱི་རྟགས་གང་བྱུང་ཡང་རྟོག་པ་མི་བསྐྱིལ་ཞིང་ངོ་བོ་ཉིད་ཀྱི་ཐོག་ཏུ་བཞག༔ རེ་དོགས་ཀྱི་འདུ་འཕྲོ་སོགས་མི་བྱ་བར་རང་རིག་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་མདངས་སུ་ཤེས་པར་བྱའོ༔ བསྙེན་གྲངས་མ་རྫོགས་ཀྱང་རྟགས་ཀྱི་རིམ་པ་རྣམས་ཤིན་ཏུ་གསལ་ན་སྔོན་གྱི་བག་ཆགས་སྲབ་པར་ཤེས་པར་བྱའོ༔ གྲངས་བསྙེན་རྫོགས་ཀྱང་རྟགས་ཀྱི་རིམ་པ་མ་གསལ་ན་སྔོན་གྱི་བག་ཆགས་དང་སྒྲིབ་པ་འཐུག་པས་ཚོགས་བསགས་སྒྲིབ་སྦྱང་གི་རིམ་པ་ལ་འབད་ཅིང་སྒྲུབ་པ་སླར་སྤོག་པར་བྱའོ༔ བསྙེན་གྲངས་རྫོགས་པ་དང་རྟགས་བྱུང་བ་དུས་མཉམ་ན་གང་ཟག་འབྲིང་གི་རྒྱུད་ཚོད་དང་མཐུན་པ་ཤེས་པར་བྱའོ༔ དེ་ཡང་རྒྱུ་ཡེ་ནས་མེད་པ་ལ་འབྲས་བུ་མི་འབྱུང་སྟེ༔ ཅིའི་ཕྱིར་ཞེ་ན༔ དངུལ་རྡོ་མིན་པའི་རྡོ་རིགས་ལ་དངུལ་མི་འབྱུང་བ་དང་༔ འོ་མ་མིན་པའི་རླན་རིགས་ལ་མར་མི་འབྱུང་བ་དང་༔ ཏིལ་མིན་པའི་འབྲུ་ལ་སྣུམ་མི་འབྱུང་བ་ལྟར་རང་རིག་པའི་ངོ་བོ་མ་མཐོང་བ་རྣམས་ཀྱིས་ཚེ་ཡི་རིག་འཛིན་འཐོབ་པ་མེད་དོ༔ དེས་ན་ཚེ་སྒྲུབ་ཀུན་གྱི་རྩ་བ་ནི༔ ད་ལྟར་གྱི་ཤེས་པ་ལ་རང་ངོར་བལྟས་ཚེ༔ མཐོང་དུ་མེད་པའི་སྟོང་པ༔ འཁོར་འདས་དང་སྐྱེ་འཆི་གང་ཡང་ངོ་བོ་ཉིད་ལ་ཡེ་ནས་གྲུབ་མ་མྱོང་ཞིང་༔ བདེ་སྡུག་གི་སྣང་བ་སྐྱེ་ཤིའི་འདུ་བྱེད་ཇི་ལྟར་ཤར་ཡང་ཕན་པ་དང་གནོད་པ་རྡུལ་ཙམ་ཡང་བྱེད་པའི་ཡུལ་མ་གྲུབ་པའི༔ ཀུན་གྱི་འབྱུང་གནས༔ ཀུན་གྱི་བྱེད་པོ༔ ཀུན་གྱི་འཁྲུལ་གཞི༔ ཀུན་གྱི་གྲོལ་གཞི༔ མིང་གི་ཚོགས་ལས་འདས་ཤིང་༔ གཟུགས་ཀྱི་ཡུལ་ལས་འདས་པ༔ མཐོང་མེད་མཐོང་བ་ངོ་བོ་ཉིད་ཀྱི་ཡེ་ཤེས་འདི་རང་ངོར་གསལ་ཞིང་ཞལ་མཇལ་ནས་སྐྱེ་ཤི་མེད་པའི་དོན་རྟོགས་ཚེ༔ ལྷ་དང་སྔགས་དང་རྫས་དང་ཏིང་ངེ་འཛིན་སོགས་ཀྱི་རྐྱེན་དྲག་པོའི་བརྩོན་འགྲུས་ཀྱིས་བསྐུལ་བས༔ མྱུར་དུ་གདོད་མའི་རང་བྱུང་གི་རང་རིག་གཏན་ས་ཟིན་ཚེ༔ སེམས་རྟགས་ལུས་ལ་ཤར་བས་ཟག་བཅས་ཟག་མེད་དུ་གྲོལ་ཞིང་༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གསལ་སྣང་ལམ་དུ་བྱས་པས་ཚེ་ཡི་རིག་འཛིན་ལ་སྤྱོད་ཅིང་བདག་ཉིད་པདྨ་འབྱུང་གནས་ལྟར་གཞན་དོན་ལ་འཇུག་པའོ༔ དེས་ན་མ་འོངས་ཀྱི་རྗེས་་འཇུག་ཚེ་བསྒྲུབ་པར་འདོད་པ་རྣམས་ཀྱང་༔ ཟང་ཟིང་དང་འདུ་ལོང་གཡེང་བ་རྣམས་རྒྱང་དུ་བོར་ནས་རང་བྱུང་གི་སེམས་ཉིད་གཏན་ལ་ཕབ་སྟེ༔ ལྷ་བསྒོམ་པ་དང་༔ སྔགས་བཟླ་བ་དང་༔ ཏིང་ངེ་འཛིན་གསལ་བ་དང་༔ ཐབས་དང་རྟེན་འབྲེལ་གྱི་རིམ་པ་རྣམས་བརྩོན་འགྲུས་དྲག་པོས་གནད་དུ་བསྣུན་དང་རིག་འཛིན་ཚེ་ཡི་དངོས་གྲུབ་འཐོབ་ཅིང་༔ སངས་རྒྱས་སྟོང་ཕྲག་མང་པོའི་བསྟན་པ་མ་རྫོགས་ཀྱི་བར་དུ་བསྟན་འགྲོའི་བདེ་ལེགས་བསྐྲུན་པར་ནུས་སོ༔ དེ་ཡང་ཚེའི་སྒྲུབ་པ་འདིར་ཞུགས་པའི་དུས་སུ་ཉམས་འཐིབས་པ་དང་༔ རིག་པ་བྱིང་བ་དང་༔ སྒྲུབ་རྫས་ལ་བག་རྡུལ་ཆགས་པ་ལ་སོགས་མི་མཐུན་པའི་ལྟས་བྱུང་ན༔ རང་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀའི་རྟ་ཕག་ཡབ་ཡུམ་ལས་ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་འཕྲོས་ཏེ༔ དགྲ་བགེགས་འབྱུང་པོ་གདོན་བགེགས་ཕོ་མོ་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་རྒྱ་མཚོའི་ཕ་རོལ་དུ་བསྐྲད་ཅིང་༔ འོད་ཟེར་ཚུར་འདུས་པས་མཚོན་ཆ་རྣམ་ལྔ་དང་ཁྲོ་ཆུང་གོ་མཚོན་ཅན་གྱི་རྣམ་པ་མང་པོར་གྱུར་ནས༔ སྟེང་འོག་བར་གསུམ་ཐམས་ཅད་བསྲུང་བའི་འཁོར་ལོས་གོ་བགོས་པར་དམིགས་ཤིང་༔ ཧཱུྃ་གི་སྣང་གླུ་ལེན་ཏེ་གུ་གུལ་གྱིས་བདུག་པར་བྱའོ༔ དེས་ནི་ཕྱི་ནང་གི་བར་ཆད་ཀྱི་ཚོགས་ཐམས་ཅད་རིང་དུ་བྱེད་དོ༔ སྐབས་སྐབས་བྱིན་འབེབས་དང་འཛབ་བྲོ་སོགས་བྱ་ཞིང་ངོ་བོ་ཉིད་ཀྱི་ཉམས་སྐྱོང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་ཚེ་ཡི་སྒྲུབ་ཐབས་འདི༔ བསྙེན་སྒྲུབ་ལས་སྦྱོར་ཆིག་དྲིལ་གདམས་པའི་མཆོག༔ ས་འོག་ཟབ་ཆོས་གཏེར་གྱི་ཡང་བཅུད་སྟེ༔ པདྨ་བདག་གི་སྙིང་ཐིག་མིན་རེ་ཀན༔ མ་འོངས་ལྔ་བརྒྱའི་དུས་ཀྱི་ཡང་མཐའ་ལ༔ དགེ་དང་མི་དགེ་སྣ་ཚོགས་འཆལ་བར་སྤྱོད༔ དེ་ཡི་དབང་གིས་དཀར་ཕྱོགས་སྲུང་མ་གྱེས༔ ནག་ཕྱོགས་དར་བས་ཆོས་བྱེད་སྐུ་ཚེ་ཐུང་༔ ནད་གདོན་བགེགས་དང་བར་ཆད་ཉེར་འཚེ་མང་༔ དེ་ཚེ་ཚེ་སྒྲུབ་ཀུན་གྱི་སྙིང་བཅུད་འདི༔ ཚུལ་བཞིན་ཉམས་སུ་བླངས་པའི་སྐལ་ལྡན་ལ༔ བྱིན་རླབས་དྲོད་རྟགས་ནམ་མཁའི་སྤྲིན་ལྟར་འདུ༔ དངོས་གྲུབ་སྣ་ཚོགས་ཆར་རྒྱུན་བཞིན་དུ་སྩོལ༔ འཆི་བདག་གཡུལ་ལས་རྒྱལ་བར་གདོན་མི་ཟ༔ དེས་ན་ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གནས་མཆོག་ཟབ་བུ་ལུང་པཱ་ལོ་གུ་རུའི་སྒྲུབ་ཕུག་གི་རྡོ་རྗེ་ཧཱུྃ་རྒྱ་བྲག་ནས། ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་གདན་དྲངས་ཤིང་། ས་མོ་ལུག་གི་ལོའི་ཧོར་ཟླ་བདུན་པར་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

ཚེ་རིལ་བུམ་སྒྲུབ་ཀྱི་རིམ་པ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཚེ་རིལ་བུམ་སྒྲུབ་ཀྱི་རིམ་པ་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ མ་འོངས་བསྐལ་པའི་ཐ་མ་ལ༔ ཆོས་བཞིན་སྤྱོད་པའི་སྐལ་ལྡན་དོན༔ ཚེ་སྒྲུབ་ཟབ་མོའི་ཡང་སྙིང་དུ༔ ཚེ་ཡི་རིལ་བུ་བསྒྲུབ་པའི་ཐབས༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཚེ་ཡི་བུམ་སྒྲུབ་འདི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རིམ་པར་དབྱེ་སྟེ་ཉམས་སུ་བླངས༔ འདིས་ནི་རྡོ་རྗེའི་ཚེ་འགྲུབ་ཅིང་༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བའི་རིམ་པ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས༔ ཐུན་མོང་ནི་སྒྲུབ་ཆེན་ལྟ་བུ་ལ༔ ཁྱད་པར་གྱི་སྔོན་འགྲོ་ནི་གསུམ་སྟེ༔ རྫས་བསགས་པ་དང་༔ རིལ་བུ་བསྒྲིལ་བ་དང་༔ བུམ་པ་སྟ་གོན་བྱེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྫས་བསགས་པ་ནི་དོན་གསུམ་སྟེ༔ རྩ་བ་དང་གྲོགས་དང་སྐྱོབས་སོ༔ རྩ་བ་ལ་དགུ་སྟེ༔ སྲིད་པ་ཕོ་ཡི་བཅུད་ཅོང་ཞི༔ སྲིད་པ་མོའི་བཅུད་བྲག་ཞུན༔ འབྱུང་བ་ཆུའི་བཅུད་ལན་ཚ༔ འབྱུང་བ་མེའི་བཅུད་མེ་ཤེལ༔ འབྱུང་བ་རླུང་གི་བཅུད་བྱ་རྒོད་ཀྱི་མཁྲིས་པ༔ རྩི་ཏོག་གི་བཅུད་མ་ཧེའམ་མཛོ་མོའི་མར༔ འབྱུང་བ་མེ་ཏོག་གི་བཅུད་སྦྲང་རྩི༔ འབྱུང་བ་ཤིང་གི་བཅུད་བུ་རམ༔ འབྱུང་བ་འབྲས་བུའི་བཅུད་ཆང་སྟེ་དགུའོ༔ གཉིས་པ་གྲོགས་ལ་བཅུ་སྟེ༔ མཆོག་ཆེན་མིའི་ཤ༔ ཀུ་ཀུ་ཁྱི་ཡི་ཤ༔ ཅང་ཤེས་རྟའི་ཤ༔ གླང་ཆེན་བ་ལང་གི་ཤ༔ འདབ་ཆགས་ཁྱུང་གི་ཤ༔ མཚན་ལྡན་བཤེས་གཉེན་གྱི་དྲི་ཆུ༔ ནུས་ལྡན་སྔགས་པའི་དྲི་ཆེན༔ མཚན་ལྡན་བཅུ་དྲུག་མའི་རཀྟ༔ རྩ་བའི་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ ཁྱེའུ་ཕོ་མོ་གཙང་མའི་ཀླད་པ་དང་བཅུའོ༔ གསུམ་པ་སྐྱོབས་ལ་རྩ་བ་དང་ཡན་ལག་གོ༔ དང་པོ་རྩ་བའི་སྐྱོབས་ལ་བཅུ་སྟེ༔ ལི་ཤི་དང་༔ སུག་སྨེལ་དང་༔ གུར་གུམ་དང་༔ ཅུ་གང་དང་༔ ཀ་ཀོ་ལ་དང་༔ ཛ་ཏི་དང་༔ ཨ་རུ་ར་དང་༔ བ་རུ་ར་དང་༔ སྐྱུ་རུ་ར་དང་༔ གི་ཝང་དང་བཅུའོ༔ གཉིས་པ་ཡན་ལག་གི་སྐྱོབས་ལ་བཞི་སྟེ༔ ཉེ་ཤིང་དང་༔ ར་མོ་ཤག་དང་༔ དབང་ལག་དང་༔ རྟག་ངུ་དང་བཞིའོ༔ དེ་ལྟེ་རྩ་བ་གྲོགས་དང་སྐྱོབས་ཀྱི་ཚོགས་རྣམས་རྩ་བ་དང་ཡན་ལག་གི་ཆ་མཐུན་དུ་བསགས་མཁས་པར་བྱ་ཞིང་༔ བྲམ་ཟེ་སྐྱེ་བ་བདུན་པ་ཡིན་ངེས་པའི་ཤ་དང་༔ བདག་ཉིད་པདྨ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ཨ་ཐམ་མ་འཁྲུལ་མེད་སོགས་ཀྱང་བཏབ་སྟེ༔ ཞིབ་པར་འདུལ་སྦྱང་ལ་མཁས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་རིལ་བུ་བསྒྲིལ་བ་ནི༔ མཚན་བཟང་གི་བུ་མོ་གཙང་མ་དང་༔ རིགས་ལྡན་གྱི་ཁྱེའུ་གཙང་མ་ཁྲུས་ནས་ཕྱུངས༔ སྐྱབས་སེམས་ཕོག༔ ཁ་ལྷོར་བལྟ་སྟེ་སྒྲིལ་བར་བྱའོ༔ ཆེ་ཆུང་ནི་རང་གི་འདོད་དང་བསྟུན་ཞིང་མཚལ་ལམ་ལི་ཁྲིའི་གོས་བཀོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བུམ་པ་སྟ་གོན་ནི༔ མཚན་ཉིད་དང་ལྡན་པའི་རིན་པོ་ཆེའི་བུམ་པ་གུ་གུལ་གྱིས་བདུག༔ ཡུངས་ཀར་གྱིས་བྲབ༔ དྲག་སྔགས་ཀྱིས་གདོན་བགེགས་བསྐྲད་ཅིང་༔ རིལ་བུ་ནང་དུ་བླུགས་པ་དང་ཁ་དར་དམར་གྱིས་བཀབ༔ མགུལ་ཆིངས་དང་གཟུངས་ཐག་གིས་བརྒྱན་སྟེ༔ དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་ཆེན་གྱི་རྒྱན་བཀོད་ལྟར་དགྲམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ་སྟེ༔ ལས་ཀྱི་གཞུང་བསྲང་བ༔ བསྙེན་ཅིང་སྒྲུབ་པ༔ དངོས་གྲུབ་ཞུ་བ་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལས་ཀྱི་བཞུང་བསྲང་བ་ནི༔ ཚེ་སྒྲུབ་འདི་ཉིད་ཀྱི་གཞུང་གཙོ་བོར་འདོན་ཞིང་གཞན་གཏེར་ཁ་གོང་འོག་མང་པོའི་ལས་གཞུང་བསྲང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ ཕྱི་ལྟར་གནས་ཁང་གཞལ་ཡས་ཁང་གི་ནང་དུ༔ རིག་འཛིན་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་རིག་འཛིན་ཚེ་ཡི་ལྷ་དང་ལྷ་མོའི་སྐུ་རུ་གསལ་ཞིང་༔ ནང་ལྟར་དཀྱིལ་འཁོར་གཞལ་ཡས་ཁང་གི་དབུས་སུ་སྒྲུབ་རྫས་ཕུན་སུམ་ཚོགས་པ་ཐམས་ཅད་ཚེ་ལྷའི་ངོ་བོར་གསལ་ཞིང་༔ གསང་བ་བུམ་པ་གཞལ་ཡས་ཁང་གི་དབུས་སུ་དམ་རྫས་གསང་བའི་རིལ་བུ་རེ་རེ་བཞིན་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་རུ་ལམ་ལམ་དུ་བསྐྱེད་ཅིང་༔ བླ་མེད་ལྟར་རང་རིག་དྲི་མ་མེད་པའི་ཆ་ཚེ་དཔག་མེད་ཀྱི་ཡེ་ཤེས་རྡོ་རྗེའི་ཐུགས་དང་གཉིས་སུ་མེད་པར་གསལ་བའི་རོལ་པས༔ ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར༔ ཁྱད་པར་གསང་བ་སྒྲུབ་རྫས་རིལ་བུ་ཚེ་ལྷར་གསལ་བའི་གནས་གསུམ་དུ་ས་བོན་ཡིག་འབྲུ་གསུམ་གྱི་འདུ་འཕྲོར་རྒྱས་གདབ་པས་གནས་གསུམ་ཨཱོཾ་ཨཱཿ ཧཱུྃ་གསུམ་གྱིས་མཚན་པར་བསམ༔ ཡིག་འབྲུ་གསུམ་ལས་འོད་ཟེར་གྱི་ཚོགས་གྲངས་མེད་དཔག་ཏུ་མེད་པ་འཕྲོས༔ བདེ་བ་ཅན་དང་དག་པའི་ཞིང་ཁམས་གྲངས་མེད་པ་ནས་ཚེ་ལྷ་ཡེ་ཤེས་སེམས་དཔའི་ཚོགས་ཉི་ཟེར་གྱི་རྡུལ་གྲངས་དང་མཉམ་པར་སྤྱན་དྲངས༔ ཕྱི་ནང་གསང་གསུམ་གྱི་དམ་ཚིག་པ་རྣམས་དང་༔ ཁྱད་པར་བུམ་པའི་སྒྲུབ་རྫས་ལྷར་གསལ་བ་ལ་གཉིས་མེད་དུ་ཐིམ་པར་བསྟིམ༔ བདག་ཉིད་ཚེ་དཔག་མེད་ཀྱི་སྐུ་རུ་གསལ་བའི་ཐུགས་ཀ་པདྨ་དབང་ཆེན་བསྒོམ་ཞིང་༔ དེའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་ཧཱུྃ་དང་ཧྲཱིཿ ཡིག་གི་མཐར་སྔགས་ཕྲེང་གཡས་སྐོར་གྱི་འཁོར་ལོ་འཁོར་བ་ལས༔ མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས༔ བདག་བསྐྱེད་ཀྱི་ཞལ་ནས་འཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་སྔགས་འབྲུ་རྣམས་ལ་ཐིམ༔ གཡས་སུ་དྲག་ཏུ་སྔགས་འབྲུ་རྣམས་འཁོར༔ ཐུགས་དམ་གྱི་རྒྱུད་བསྐུལ༔ འོད་ཟེར་ལྔ་ལྡན་གྲངས་མེད་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་བདེ་གཤེགས་ཚེ་ལྷའི་ཚོགས་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འུབས་འུབས་བསྡུས་ནས་དཀྱིལའཁོར་གསུམ་གྱི་ཚོགས་ལ་བསྟིམ༔ ཡབ་ཡུམ་ཐམས་ཅད་ཡོངས་སུ་དགྱེས་ནས་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་ལམ་དུ་བྱས༔ ཕྱི་རིག་འཛིན་ཕོ་མོའི་ལུས་ངག་ཡིད་གསུམ༔ ནང་དཀྱིལ་འཁོར་སྒྲུབ་རྫས་ཀྱི་ཚོགས༔ གསང་བ་བུམ་པ་རིལ་བུ་དང་བཅས་པ་ཐམས་ཅད་ཡབ་ཡུམ་སྙོམས་པ་ཞུགས་པའི་བྱང་སེམས་དཀར་དམར་གྱིས་ལྟེམ་ལྟེམ་ཁྱབ་པས༔ ཐབས་ཤེས་ཀྱི་རང་བཞིན་དུ་ལམ་ལམ༔ བདེ་སྟོང་གི་ཡེ་ཤེས་སུ་ཟང་ཐལ་ཐལ༔ ཟུང་འཇུག་གི་ཆོས་ཉིད་དུ་བདེ་ཕྲིལ་ཕྲིལ་དུ་བསྒོམ་ཞིང་༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མཱཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཛྙཱ་ན་སརྦ་སིངྔྷི་མ་མ་པ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཅེས་མི་ཚིག་གིས་བར་མ་ཆོད་པར་བཟླས་པའི་གྲངས་ནི༔ རབ་བདུན་གསུམ༔ འབྲིང་བདུན་གཉིས༔ ཐ་ནའང་བདུན་གཅིག་ལས་མི་ཉུང་བར་བསྒྲུབས་པས༔ དྲི་བཟང་འཐུལ་བ༔ རིལ་བུ་འཕུར་བ༔ ལྷ་ཞལ་མཐོང་བ་སོགས་རྟགས་ཁྱད་པར་ཅན་འབྱུང་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དངོས་གྲུབ་ཞུ་བ་ནི༔ སྒྲུབ་པའི་ལྟས་གསལ་བ་དང་༔ སྒྲུབ་རྫས་རིལ་བུ་ཚེའི་ལྷ་ཚོགས་སུ་མངོན་སུམ་དུ་བསྐྱེད་ལ༔ རིག་མས་སློབ་དཔོན་ལ་དབུལ་ཞིང་༔ སྒྲུབ་ཆེན་ལྟར་དངོས་གྲུབ་ཞུ༔ འདུས་པ་རྣམས་ལ་དབང་བསྐུར༔ རྗེས་བསྐྱང་སྒྲུབ་པའི་ཤུལ་མི་མངོན་པར་བྱ་བའམ་བརྟན་ཆགས་སུ་བཞག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་གསང་བའི་སྙིང་ཏིག་མཆོག༔ ཚེ་སྒྲུབ་སྙིང་པོ་འདུས་པའི་མདོ༔ མན་ངག་ཡིད་བཞིན་རིན་ཆེན་འདི༔ ཚེ་དཔག་མེད་ཀྱིས་བདག་ཉིད་ལ༔ མངོན་སུམ་པྲ་ཁྲིད་ལག་ལེན་གནང་༔ བདག་གིས་རིག་འཛིན་ཚེ་བསྒྲུབས་པས༔ འཇིགས་མེད་སྐྱེ་འཆི་མེད་པར་གྱུར༔ བོད་ཡུལ་ཐུབ་པས་ཞབས་མ་བཅགས༔ མཐའ་འཁོབ་གདོང་དམར་བོད་ཁམས་འདིར༔ རྒྱལ་བློན་རྗེ་འབངས་གྲོལ་ལམ་བཀོད༔ མ་འོངས་ཕྱི་མའི་འགྲོ་དོན་དུ༔ ཟབ་ཆོས་མང་པོ་གཏེར་དུ་སྦས༔ ལས་འཕྲོའི་དབང་གིས་རྒྱུད་བསྐུལ་ནས༔ སྨོན་ལམ་དག་པའི་སྐྱེས་བུ་འགས༔ འགྲོ་དོན་དཔག་མེད་བྱེད་པར་འགྱུར༔ ཁྱད་པར་བཞི་བཅུ་ཁ་རལ་ནས༔ སུམ་ཅུར་ཉེ་བའི་དུས་དག་ཏུ༔ ཤངས་ཀྱི་ཟབ་ལུང་འདི་ཉིད་དུ༔ གཏེར་ལུང་བདུན་པར་ཆུ་གསར་རྡོལ༔ དེ་དུས་ང་ཡི་གཏེར་འདི་འདོན༔ དེ་ཚེ་སྐལ་ལྡན་ཉི་མ་གྲགས༔ སྒྲུབ་པ་འདིར་བརྩོན་ཚེ་རིལ་བསྟེན༔ ཚེ་ཡི་བར་ཆད་ཀུན་ལས་འགྲོལ༔ ཚེ་སྒྲུབ་རྩ་བའི་ཆོས་བདག་ལ༔ བཀའ་རྒྱས་ཐོབ་ལ་ཆོས་འདི་སྤེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།

སྲུང་འཁོར་ཙཀྲའི་རིམ་པ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ སྲུང་འཁོར་ཙཀྲའི་རིམ་པ་བཞུགས༔ རིག་འཛིན་ཚེ་ཡི་ལྷ་ལ་འདུད༔ མ་འོངས་སྐལ་ལྡན་རྗེས་འཇུག་དོན༔ ཟབ་མོའི་ཚེ་སྒྲུབ་ཆ་རྐྱེན་དུ༔ འཁོར་ལོའི་རིམ་པ་སྟོན་པར་བྱ༔ ཚེ་རིལ་སྒྲུབ་པའི་སྟེང་ཁེབས་ལ༔ ཐབས་ཀྱི་ཕོ་འཁོར་འདི་ལྟར་འབྲི༔ དར་དཀར་དྲི་མ་མེད་པ་ལ༔ མཚལ་ལ་བྱང་སེམས་ཅུ་གང་སྦྱར༔ མུ་ཁྱུད་རིམ་པ་བདུན་དུ་བསྐོར༔ ལྟེ་བར་ཧྲཱིཿཡིག་ཐ་མ་ལ༔ ཚེ་སྒྲུབ་སྙིང་པོས་བསྐོར་བའི་མཐར༔ བདག་ཅག་ཆེ་གེ་འདི་ཞེས་ལ༔ ཚེ་ནི་འཕེལ་བའི་འདོད་གསོལ་འབྲི༔ དེ་ཡི་ཕྱི་རིམ་རྩིབས་བཞི་བཅད༔ ཨོཾ་ཧཱུྃ་ཏྲཾ་ཨཱ༔ བཞི་འགོད་དོ༔ རྩིབས་མཆན་བཞི་ལ་རྡོ་རྗེ་དང་༔ རིན་ཆེན་པདྨ་རྒྱ་གྲམ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཚེ་སྒྲུབ་སྙིང་པོ་ཅི་མང་འགོད༔ དེ་ཡི་ཕྱི་རིམ་ཨཱ་ལི་ཀཱ་ལི་འབྲི༔ དེ་ཡི་ཕྱི་རིམ་རྟེན་འབྲེལ་སྙིང་པོ་འདྲི༔ དེ་ཡི་ཕྱི་རིམ་རྡོ་རྗེའི་ཕྲེང་བ་བྲི༔ དེ་ཡི་ཕྱི་རིམ་མེ་རིས་བསྐོར༔ རྩིབས་བཞི་ཕྱོགས་མདོག་ལྟེ་བ་དམར༔ རྩིབས་མཆན་མཛེས་ཚོན་རང་མདོག་སྒྱུར༔ མུ་ཁྱུད་གཟུངས་སྔགས་དམར་པོ་ལ༔ ཕྱི་མ་གཉིས་པོ་སེར་པོ་བྱ༔ རྡོ་རྗེ་མེ་རི་སེར་དང་དམར༔ ཚེ་སྒྲུབ་རིལ་བུའི་སྟེང་ཁེབས་བྱ༔ རྟེན་འབྲེལ་ནུས་མཐུ་ཡོན་ཏན་མང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚེ་རིལ་སྒྲུབ་པའི་འོག་འཁོར་ལ༔ ཤེས་རབ་མོ་འཁོར་འདི་ལྟར་འདྲི༔ སིནྡྷུ་ར་དང་པད་རག་སྦྱར༔ དར་དམར་མུ་ཁྱུད་བདུན་དུ་བསྐོར༔ ལྟེ་བར་མུཾ་ཡིག་ཐ་མ་རུ༔ ཚེ་སྒྲུབ་སྙིང་པོ་བྲིས་པའི་མཇུག༔ སྒྲུབ་པོ་ཆེ་གེ་འདི་ཞེས་ལ༔ ཚེ་དང་དངོས་གྲུབ་སྩོལ་ཞེས་འབྲི༔ དེ་ཡི་ཕྱི་རིམ་པད་འདབ་བཞིར༔ ལཾ་མཾ་པཾ་ཏཾ་བཞི་པོ་འགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཚེ་ཡི་བསྙེན་སྒྲུབ་ལས་སྦྱོར་འགོད༔ དེ་ཡི་ཕྱི་རིམ་ཨཱ་ལི་ཀཱ་ལི་འབྲི༔ དེ་ཡི་ཕྱི་རིམ་རྟེན་འབྲེལ་སྙིང་པོ་བྲི༔ དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར༔ དེ་ཡི་ཕྱི་རིམ་མེ་རི་འབྲི༔ འདབ་བཞི་ཕྱོགས་མདོག་ལྟེ་བ་དམར༔ མུ་ཁྱུད་གསུམནི་དམར་པོ་དང་༔ དཀར་པོ་དང་ནི་སེར་པོའོ༔ རྡོ་རྗེ་མེ་རི་སེར་དང་དམར༔ ཐབས་ཤེས་འཁོར་ལོ་འདི་གཉིས་པོའི༔ ཡིག་མགོ་ཐམས་ཅད་ཕྱི་ལ་སྟོན༔ རིལ་བུའི་སྟེང་འོག་གཉིས་ལ་བཀབ༔ ཕན་ཡོན་རྟེན་འབྲེལ་ནུས་མཐུ་ཆེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚེ་ཡི་རིག་འཛིན་བསྒྲུབ་པ་ཡི༔ རྣམ་འབྱོར་དངོས་གྲུབ་མྱུར་ཐོབ་ཕྱིར༔ སྲུང་འཁོར་བླ་རྡོའི་ཙཀྲ་ནི༔ གཞི་མ་དར་དམར་དྲི་མེད་ལ༔ བཟང་དྲུག་གི་ཝཾ་སིནྡྷུ་ར༔ མཚན་ལྡན་གཙང་མའི་རཀྟ་དང་༔ རིན་ཆེན་ལྔ་ཡི་ཁུ་བ་རྣམས༔ རྒྱ་མཚལ་ལྷད་མེད་ནང་དུ་སྦྱངས༔ བཟའ་སྐར་དར་ཞིང་བཀྲ་ཤིས་ཉིན༔ མུ་ཁྱུད་རིམ་པ་བདུན་དུ་བསྐོར༔ ལྟེ་བར་ཧྲཱི༔ མ་འབྲུ་གཉིས་བཀོད༔ དེ་ལ་རྩ་བའི་སྙིང་པོས་བསྐོར༔ འཆི་མེད་ཚི་ཡི་དངོས་གྲུབ་སྩོལ༔ ཞེས་པའི་འདོད་གསོལ་ཤམ་བུ་སྦྱར༔ དེ་ཡི་ཕྱི་རིམ་པད་འདབ་བཞིར༔ ཧ་རི་ནི་ས་འབྲུ་བཞི་བཀོད༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ ར་ཙ་ཧྲཱི་ཡ་འབྲུ་བཞི་བྲི༔ པད་འདབ་བཞི་ཡི་མཐའ་སྐོར་དུ༔ ཚེ་ལྷ་རིགས་བཞི་སོ་སོ་ཡིས༔ ཚེ་ཡི་དངོས་གྲུབ་སྩོལ་ཞེས་པའི༔ འདོད་གསོལ་ཤམ་བུ་སྦྱར་བར་བྱ༔ རྩིབས་བཞིའི་ཤམ་བུ་ལས་བཞི་ཡི༔ སྔགས་ཀྱི་འདོད་གསོལ་བྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཚེ་ཡི་བསྙེན་སྒྲུབ་ལས་སྦྱོར་དང་༔ ཚེ་སྒྲུབ་གཟུངས་སྔགས་ཅི་མང་འགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོ་ཨཱ་ལི་དང་༔ ཀཱ་ལིའི་སྔགས་རྣམས་འགོད་པར་བྱ༔ ཕྱི་རིམ་རྡོ་རྗེ་མེ་རི་བྲི༔ ལྟེ་བ་པདྨ་རྩིབས་རྣམས་ཀྱི༔ ཚོན་ནི་ལྷ་ཡི་སྐུ་མདོག་བསྟུན༔ མུ་ཁྱུད་གཉིས་ནི་སེར་དང་ལྗང་༔ རྡོ་རྗེ་མེ་རི་གོང་དང་མཚུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་ཚེ་སྒྲུབ་བླ་རྡོ་སྟེ༔ འདི་ནི་ཚེ་འཕེལ་ཙཀྲའོ༔ འདི་ནི་དཔལ་བསྐྱེད་འཁོར་ལོ་སྟེ༔ འདི་ནི་སྲུང་བ་རྡོ་རྗེ་ཆེ༔ ཚེ་འཕྲང་ཚེ་ཡི་འཇིགས་པ་དང་༔ ཚེ་ཡི་བར་ཆད་མ་ལུས་སེལ༔ ཚེ་ལྷ་མགོན་པོ་ཡུམ་བཅས་དང་༔ རྒྱལ་བ་རྣམ་ཀྱིས་བྱིན་གྱིས་རློབ༔ དབང་བསྐུར་ལུང་བསྟན་ངེས་པར་འཐོབ༔ དེ་ཕྱིར་སྐལ་མེད་འགྲོ་ལ་སྦོས༔ སྐལ་ལྡན་རྣམས་ཀྱི་གོ་ཆར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།

ཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམས་རྒྱལ་ལས༔ ཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར་བཞུགས༔ ཚེ་ལྷ་རིག་འཛིན་ཚོགས་ལ་འདུད༔ མ་འོངས་རྗེས་འཇུག་སྐྱེས་བུ་ཡིས༔ ཕུང་པོ་ལུས་ཀྱི་བདུད་བཅོམ་ནས༔ འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ ཟབ་མོའི་གནད་ཀྱི་རླུང་སྦྱོར་བཤད༔ ཡི་གེར་བཏབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཡང་ས་བཅད་གསུམ་སྟེ་སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས༔ ཐུན་མོང་ལ་ཡང་ལུས་གནད་བཅའ་བ༔ བླ་མའི་རྣམ་འབྱོར༔ སྟོང་ར་སྒོམ་པའོ༔ དང་པོ་ལུས་གནད་བཅའ་བ་ནི་བདུན་སྟེ༔ རྐང་པ་གཉིས་རེའུ་མིག་ལྟར་བསྣོལ་བ་དང་གཅིག༔ སྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་སྲོང་བ་དང་གཉིས༔ དཔུང་པ་བྱ་རྒོད་ཀྱི་གཤོག་པ་ལྟར་རྒྱང་བ་དང་གསུམ༔ ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ་བ་དང་བཞི༔ མགྲིན་པ་ལྕགས་ཀྱུ་ལྟར་འགུགས་པ་དང་༔ མིག་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་ལྟ་དང་དྲུག༔ ལྕེ་ཡ་རྐན་ལ་སྦྱར་བ་དང་བདུན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི༔ བླ་མ་བསྐྱེད་པ༔ འཁོར་བསྐྱེད་པ༔ དམ་ཚིག་ཡེ་ཤེས་གཉིས་མེད་དུ་གསལ་བ༔ མོས་གུས་རྩེ་གཅིག་ཏུ་བྱ་བ༔ གསོལ་བ་གདབ་པ༔ དབང་བཞི་ལེན་པ༔ ཐུགས་ཡིད་བསྲེ་བ་དང་བདུན༔ དང་པོ་བླ་མ་བསྐྱེད་པ་ནི༔ རང་ཉིད་ཀྱི་སྤྱི་བོར་པདྨ་གེ་སར་གྱི་སྡོང་པོ་འདབ་མ་སྟོང་ཕྲག་དུ་མ་དང་ལྡན་པའི་སྟེང་དུ༔ ངོ་བོ་ནི་རང་གི་དྲིན་ཅན་གྱི་བླ་མ་ཡིན་པ་ལ༔ རྣམ་པ་ནི་བདག་ཉིད་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་གསལ་གདབ་པའོ༔ གཉིས་པ་འཁོར་བསྐྱེད་པ་ནི༔ དེའི་སྤྱི་གཙུག་ཏུ་བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ དེའི་སྤྱི་གཙུག་ཏུ་འཕགས་པ་ཚེ་དཔག་མེད༔ དེའི་སྤྱི་གཙུག་ཏུ་ཆོས་སྐུ་སྣང་བ་མཐའ་ཡས༔ དེའི་གཡས་གཡོན་དང་སྟེང་འོག་གི་ཆ་ལ་རྩ་གསུམ་ཆོས་སྐྱོང་༔ སྲུང་མ་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་དམིགས་སོ༔ གསུམ་པ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་གསལ་བ་ནི༔ དེ་ལྟ་བུའི་སྐྱབས་ཡུལ་གྱི་ཚོགས་ཐམས་ཅད་དང་༔ ཁྱད་པར་བླ་མའི་སྐུ་རུ་གསལ་བ་དེ་གཟུགས་ཀྱི་སྐུ་མ་ཡིན་པར་ཆོས་ཀྱི་སྐུའི་རང་བཞིན་ཅན༔ སྟོང་གསལ་འོད་ལྔ་ལས་གྲུབ་པ༔ ངོས་བཟུང་མེད་པར་སྟོང་པ༔ སྟོང་པའི་རང་མདངས་སུ་ཤར་བ་བླ་མའི་གཟུགས་བརྙན༔ མེ་ལོང་གི་གཟུགས་དང་ཆུ་ཟླ་འཇའ་ཚོན་ལྟར་བསྐྱེད་པས༔ སྐུ་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པར་རྒྱས་གདབ་པའི་རིམ་པའོ༔ བཞི་པ་མོས་གུས་རྩེ་གཅིག་ཏུ་བྱ་བའི་རིམ་པ༔ དེ་ཡང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ནི་བླ་མ་ཁོ་ན་ཡིན་ཞིང་༔ དེ་ཐམས་ཅད་ཀྱི་རྩ་བ་ནི་དད་པ་དང་མོས་གུས་ཁོ་ན་ལ་རགས་ལས་པས༔ ང་ཡི་སྐྱབས་གནས་དམ་པ་འདྲེན་མཆོག་ཆོས་ཀྱི་རྗེ་རིན་པོ་ཆེ་འདི་ནི༔ སངས་རྒྱས་སྟོང་གི་བྱིན་རླབས་རྗེ་འདི་ཉིད་ལ་འདུས་ཤིང་༔ ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ཀྱི་འང་བདག་ཉིད་ལས་ངན་པའི་སེམས་ཅན་འདྲེན་པའི་ཆེད་དུ་སྤྲུལ་བའི་འཁོར་ལོས་འགྲོ་བ་འདྲེན་པའི་མཆོག་ཏུ་གྱུར་པར་སྤྲུལ་པ༔ རིན་པོ་ཆེ་འདི་ནི་བདག་ལ་སངས་རྒྱས་སྟོང་ལས་ཀྱང་བཀའ་དྲིན་ཆེའོ༔ བདག་གི་གསང་བ་བླ་ན་མེད་པའི་ཆོས་གྲངས་མེད་མང་པོར་ཐོས་པར་དཀའ་བ་འདི་ལྟ་བུ་ཐོས་ཤིང་ཉམས་ལེན་བྱེད་རྒྱུ་བྱུང་བ་འདི་ཡང་༔ མཚན་ལྡན་གྱི་བླ་མ་འདིའི་དྲིན་ཡིན་ད་བདག་གིས་ཉམས་ལེན་ཟབ་མོ་ཞིག་བྱེད་དང་༔ འཁོར་བ་ལས་རྒྱབ་གྱེས་བླ་མེད་ཀྱི་ཡུལ་མཐོང་བ་ཡང་རྗེ་རིན་པོ་ཆེ་འདིའི་དྲིན་ཡིན༔ ངས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་འཚེངས་ཆེ་བའི་བླ་མ་འདི་ལྟ་བུ་མཇལ་བ་ཚོགས་རེ་བསགས༔ དོན་དང་ལྡན་བསམས་པའི་ངང་ནས༔ བླ་མས་མཛད་སྤྱོད་ཇི་ལྟར་བསྟན་ཀྱང་མོས་གུས་དང་དད་པ་ལ་ལྟེམ་རྐྱང་མེད་པས་རྩེ་གཅིག་ཏུ་སྤྱི་བོས་བསྟེན་པར་བྱའོ༔ དེ་ལྟར་གྱི་ཕན་ཡོན་ནི་བརྗོད་ལས་འདས་པའོ༔ དེ་ལས་ལོག་པར་གྱུར་པ་རྣམས་ནི༔ བྱིན་རླབས་དང་ཉམས་རྟོགས་ཀྱི་དངོས་གྲུབ་ཐམས་ཅད་རིང་དུ་འགྱུར་རོ༔ ལྔ་པ་གསོལ་བ་གདབ་པ་ནི༔ དེ་ལྟར་གྱི་བླ་མ་དམ་པ་དེ་ལ་མོས་གུས་དང་དད་པ་ཞིག་བྱས་ནས་བསྡད་པས་མི་ཆོག་ཅིང་གསོལ་བ་འདེབས་པ་ཁོ་ན་གཙོ་ཆེ་སྟེ༔ དཔེར་ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཡོད་པའི་མི་ཞིག་ལ་ལྟ་ཞོག༔ ཡིད་བཞིན་གྱི་ནོར་བུ་དེ་ནི་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས་སུ་ཡོད་ཀྱང་༔ བདག་པོ་དེས་ནོར་བུ་ཡིན་པར་ངོ་ཤེས་བདག་ཏུ་བཟུང་ཞིང་འདོད་པའི་དོན་ལ་གསོལ་བ་མ་བཏབ་ན༔ དངོས་གྲུབ་རྣམས་འབྱུང་བ་ལྟ་ཞོག་རྡོ་ཕལ་བ་དང་ཁྱད་པར་མེད་པར་འགྱུར་རོ༔ དེ་བཞིན་དུ་བླ་མ་ནི་ཡིད་བཞིན་གྱི་ནོར་བུ༔ དད་པ་མོས་གུས་བྱེད་པ་ནི་ནོར་བུ་ཡིན་པར་ངོ་ཤེས་ནས་བདག་ཏུ་བཟུང་བ་ལྟ་བུ༔ འདོད་པའི་དོན་ལ་གསོལ་བ་མ་བཏབ་པ་ནི༔ བླ་མ་སངས་རྒྱས་སུ་ཤེས་ནས་གསོལ་བ་སྙིང་ནས་མ་བཏབ་སྟེ༔ སྨིན་གྲོལ་གྱི་དངོས་གྲུབ་མ་ཐོབ་པ་ལྟ་བུའོ༔ དེས་ན་ཐུན་དུ་བཅད་དེ་གསོལ་བ་གདབ་པར་བྱའོ༔ དྲུག་པ་དབང་བཞི་ལེན་པ་ནི༔ དངོས་གྲུབ་ཐམས་ཅད་འདུས་པའི་དཔལ་དམ་པ་སྟེ༔ གསོལ་བ་གང་བཏབ་པའི་འབྲས་བུ་ནི་དབང་བཞིའི་དངོས་གྲུབ་ཀྱི་དོན་ནོ༔ དེ་ཡང་དཔེར་ན་རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བ་ཞིག་གི་སྦྱིན་པ་གང་ལ་གང་དགོས་སུ་གཏོང་བར་དམ་བཅས་པའི་གན་དུ༔ མུ་ཏོ་བའི་མི་ཞིག་ཕྱིན་ནས༔ ནོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཅི་མང་ཞུས་ཏེ༔ རང་གིས་བདག་ཏུ་མ་བཟུང་བར་དུར་ཁྲོད་དུ་མི་རོ་དོར་བ་ལྟར་བདག་མེད་དུ་སྐྱུར་ནས་བཏང་ན༔ ཤིན་ཏུ་འགྱོད་པའི་གནས་དམ་པ་སྟེ༔ དཔེ་དེ་བཞིན་དུ་བླ་མ་ལ་གསོལ་བ་བཏབ་པ་ནི༔ སྦྱིན་གཏོང་གི་རྒྱལ་པོ་ལས་ནོར་སློང་བ་ལྟ་བུའོ༔ སྦྱིན་གཏོང་གི་རྒྱལ་པོས་ནོར་དང་ལོངས་སྤྱོད་གང་དགོས་གཏད་པ་བདག་མེད་དུ་བོར་བའི་དཔེ་ནི༔ བླ་མ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དུ་གསལ་བ་ལ་གསོལ་བ་བཏབ་ནས་དབང་བཞི་མ་བླངས་པ་ལྟ་བུའོ༔ དེས་ན་འོད་ཟེར་གྱི་སྤྲོ་བསྡུ་བསྒྱུར་ཞིང་མོས་གུས་ཀྱི་ངང་ནས་ཐུན་མཇུག་རྣམས་དང་ནམ་དགོས་སུ་དབང་བཞི་ལེན་པར་བྱའོ༔ དེས་ནི་ཚེ་རབས་གྲངས་མེད་ཀྱི་སྔིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ༔ དཔེར་ན་སྦྱང་གཞི་རང་གི་ཉེས་ལྟུང་ནི་བ་མོ་ལྟ་བུ་ལ༔ སྦྱོང་བྱེད་བླ་མའི་ཐུགས་རྗེ་ནི་གྲངས་མེད་བསྐལ་པ་མང་པོ་ནས་འཕེལ་ཞིང་རྒྱས་པས་ཉི་མའི་སྙིང་པོ་ལྟ་བུའོ༔ སྦྱངས་འབྲས་སྐུ་དང་ཡེ་ཤེས་མངོན་དུ་བྱེད་པ་ནི༔ རྩིབས་སྟོང་ལྡན་པའི་འཁོར་ལོ་སྤྱི་བོར་བབས་ན༔ སྟོང་གསུམ་གྱི་འཇིག་རྟེན་ལ་དབང་བསྒྱུར་བ་ལྟར༔ སྐུ་བཞི་ཡེ་ཤེས་ལྔའི་ཁྱབ་བདག་ཏུ་གྱུར་ནས་བདག་གཞན་གྱི་དོན་གཉིས་ལ་སྤྱོད་པའོ༔ བདུན་པ་ཐུགས་ཡིད་བསྲེ་བ་ནི༔ མཐར་ཐུག་གི་དངོས་གྲུབ་མཆོག་གི་རང་བཞིན་ཏེ༔ དབང་བཞི་བླངས་ནས་ཐུགས་ཡིད་མ་བསྲེས་ན༔ གླང་པོ་ཆེ་རྙེད་ནས་དོར་ཏེ་གླང་པོ་ཆེའི་རྗེས་གཞན་དུ་འཚོལ་བ་དང་འདྲ་སྟེ༔ བླ་མ་ལ་གསོལ་བ་བཏབ་ཅིང་དབང་བཞི་བླངས་པའི་མཇུག༔ སྐད་ཅིག་མའི་ཤེས་པ་དེ་ནི་ཐོག་མར་མ་སྐྱེས༔ བར་དུ་མི་གནས༔ ཐ་མར་མི་འགག་ཅིང་སྨྲ་བསམ་བརྗོད་པ་ཐམས་ཅད་ཀྱི་གཤིས་དང་བྲལ་ཞིང་ཡུལ་ལས་འདས་པ༔ ངོ་བོ་ཉིད་ཀྱིཡེ་ཤེས་ལ་རང་གསལ་དུ་བལྟས་པས་ཆོག་པ་དེ༔ བླ་མའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་ཀྱང་བྱ༔ རང་གི་བརྗོད་མིན་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བྱ༔ དུས་གསུམ་སངས་རྒྱས་ཀྱི་རང་ཞལ་བསྟན་པ་ཞེས་ཀྱང་བྱ་བས༔ བསྐལ་པ་མང་པོར་བཙལ་ཀྱང་རྙེད་པར་དཀའ་བ་དེ་ལྟ་བུ༔ བླ་མའི་བྱིན་རླབས་ཀྱི་ངོ་བོ་རང་ཐོག་ཏུ་འཕྲོད་དུས༔ བདག་མེད་དུ་སྐྱུར་ནས་གཞན་གྱི་ཆོས་ལ་འཇུག་པ་ནི༔ གླང་ཆེན་མི་བལྟ་རྗེས་ལ་བལྟ་བ་ལྟ་བུའོ༔ དེས་ན་དུས་གསུམ་གྱི་ཤེས་པ་བློ་འདས་སུ་འབོལ་ལེ༔ ཀ་དག་གི་ཡེ་ཤེས་སུ་ལྷན་ནེ༔ མཉམ་ཉིད་ཀྱི་རང་མདངས་སུ་ཝལ་ལེ༔ གཅིག་ཤེས་ཀུན་གྲོལ་དུ་ཆམ་མེ༔ ཡེ་གྲོལ་གྱི་རང་བབས་སུ་ལྷོད་དེ་སྐྱོང་བར་བྱའོ༔ གསུམ་པ་སྟོང་ར་བསྒོམ་པ་ནི༔ མ་དག་པའི་སྟོང་ར་དང་༔ དག་པའི་སྟོང་ར་དང་༔ བརྗོད་མིན་ལྷན་ཅིག་སྐྱེས་པའི་སྟོང་ར་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་མ་དག་པའི་སྟོང་ར་ནི༔ ད་ལྟར་གྱི་ཐ་མལ་དུ་སྣང་བའི་གཟུགས་འདིའི་ཡར་གྱི་སྤྱི་བོའི་གཙུག་དང་༔ མར་གྱི་རྐང་མཐིལ་ཡན་ཆད་ཐམས་ཅད་སྟོང་པ་ཕྲུ་མ་ཕུས་གང་བ་ལྟ་བུར་བསམ་ཞིང་༔ སྣ་བུག་གཡས་ནས་ཞེ་སྡང་གི་རླུང་མཐིང་ཀ༔ སྣ་བུག་གཡོན་ནས་འདོད་ཆགས་ཀྱི་རླུང་དམར་པོ༔ སྣ་བུག་གཉིས་ཆར་ནས་གཏི་མུག་གི་རླུང་ནག་པོ་གསུམ༔ ལན་དགུ་སྤྲུགས་སུ་བུས་པས་སངས་སངས་ཕྱི་རོལ་དུ་སོང་༔ འབྱུང་བ་བཞིའི་ཀློང་དུ་ཐིམ༔ ཚུར་སྣ་བུག་ནས་རླུང་རྔུབས་པའི་དུས༔ ནམ་མཁའ་སྟོང་པ་ཉིད་ཀྱི་སྣང་ཆ་ལས༔ སྟོང་ཉིད་ཀྱི་རང་མདངས་སུ་ཤར་བའི་རླུང་བྱུང་༔ ལུས་སྟོང་ཉིད་དང་འདྲེས༔ ཕྱི་སྟོང་པ་ཉིད་དང་ནང་སྟོང་པ་ཉིད་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད་ཅིང་ཕོ་བར་དགང་༔ མ་ཐུབ་ཙ་ན་ཕྱི་ནང་གི་སྟོང་པ་གཉིས་ཐབས་ཤེས་སུ་འདྲེས་པའི་སྟོབས་ཀྱིས་དུག་གསུམ་གྱི་རླུང་སྔ་མ་བཞིན་ཕྱི་རོལ་དུ་བུས་པར་དམིགས་ཤིང་༔ སླར་ཡང་སྔ་མ་ལྟར་གནད་དུ་བསྣུན༔ འདི་ནི་ཅི་མང་དུ་སྦྱངས་པས་ལས་ཀྱི་རླུང་ཐམས་ཅད་སྟོང་ཉིད་ཀྱི་རླུང་དུ་འགྱུར་ཞིང་༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་བག་རྡུལ་ཕྱགས་མས་ཕྱགས་པ་ལྟར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དག་པའི་སྟོང་ར་ནི༔ རང་ཉིད་ཀྱི་ལུས་འདི་མི་དམིགས་པ་ལས༔ སྐད་ཅིག་གི་ལྷ་མོ་དམར་མོ་གྲི་ཐོད་ཀྱི་ཕྱག་རྒྱ་ལ་བརྐྱང་བསྐུམ་གྱི་གར་སྟབས་ཅན༔ གཅེར་བུ་མདངས་དང་ལྡན་ཞིང་མཆེ་བ་རྣམ་པར་གཙིགས་པ༔ མེ་འབར་བའི་ཀློང་དུ་བཞུགས་པར་དམིགས་ཤིང་༔ སྐུ་དེ་ཡང་ཤ་དང་རུས་པ་དང་ཁྲག་དང་ཆུ་སེར་དང་༔ རྩ་རྒྱུས་པགས་པ་ལ་སོགས་ལས་གྲུབ་པ་མ་ཡིན་པར་འོད་དམར་པོའི་གཟུགས་ལ༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ དར་དམར་པོའི་གུར་ལྟ་བུའམ་མེ་ཤེལ་དྲི་མ་མེད་པ་ལྟ་བུ་ཞིག་ཏུ་བསྒོམ་ཞིང་༔ རླུང་ཕྱིར་བུས་པའི་དུས་སུ་ཡི་གེ་ཧ་ལྗང་ནག་གི་རྣམ་པར་ཕྱིར་སོང་༔ ཀུན་གཞི་མ་རིག་པའི་བག་ཆགས་དང་བཅས་པའི་རྣམ་པ་དེ་དབང་ཆེན་གསེར་གྱི་ས་གཞ་ིལ་ཐིམ༔ འོག་གཞི་རྒྱ་མཚོ་ཆེན་པོའི་ཀློང་དུ་ཡལ་བར་དམིགས༔ རླུང་ཚུར་བཟུང་བའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བ་དང་༔ ལྷོ་ཕྱོགས་དཔལ་དང་ལྡན་པ་དང་༔ ནུབ་ཕྱོགས་བདེ་བ་ཅན་དང་༔ བྱང་ཕྱོགས་ལས་རབ་རྫོགས་པ་དང་༔ དབུས་ཕྱོགས་སྟུག་པོ་བཀོད་པ་ལ་སོགས་ནས་དཀར་སེར་དམར་ལྗང་མཐིང་གའི་རྣམ་པ་མང་པོར་ཡེ་ཤེས་ཀྱི་རླུང་ཚུར་བསྡུས༔ སྣ་བུག་གཉིས་ནས་ནང་དུ་རྔུབ༔ འོད་ལུས་ལྷ་མོ་གོས་དཀར་མོ་ལ་བསྟིམ༔ ཆེས་ཆེར་བཀྲག་དང་ལྡན་ཞིང་གཟི་བརྗིད་དཔལ་དུ་འབར༔ འོད་ཀྱིས་འཁོར་འདས་ཐམས་ཅད་ཁྱབ༔ དག་པ་ལྷའི་ཞིང་ཁམས་ནས་སྐུ་བཞི་ཡེ་ཤེས་ལྔའི་བྱིན་རླབས༔ མ་དག་པ་འཁོར་བའི་གནས་སྟོང་གསུམ་ནམ་མཁའི་མཐར་ཐུག་ནས༔ འབྱུང་བཞིའི་བཅུད་དང་འགྲོ་བའི་ཚེ་བསོད༔ མདོར་ན་རང་གི་ཡང་བླ་ཚེ་ཆད་ཉམས་དང་བཅས་པ་ཐམས་ཅད་འོད་ལྔ་ལྡན་གྱི་རླུང་དུ་བསྡུས༔ ལྷ་མོའི་སྐུ་དང་གཉིས་སུ་མེད་པར་དམིགས་ཤིང་གནད་དུ་བསྣུན་པས༔ མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་འཆར༔ བར་ཆད་ཀྱི་ཚོགས་ཐམས་ཅད་བྱང་༔ སྒྲིབ་པ་གཉིས་དྲུང་ནས་འབྱིན༔ རྩ་ཐམས་ཅད་ཡེ་ཤེས་ཀྱི་རྩ་འཁོར་ལ༔ རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་རྒྱུ༔ འདི་གཅིག་པུ་གནད་དུ་བསྣུན་ནས་ཞག་གསུམ་མམ༔ ཞག་བདུན་སོགས་ཉམས་སུ་བླངས་ཏེ༔ བཟའ་བཏུང་གི་འཁྲི་བ་ཐམས་ཅད་སྤངས་ནས་ཉིན་ཞག་ཕྲུགས་རེ་ལ་ཆང་ཞིམ་པ་སྒོང་སྐོགས་རེ་ལས་མ་བསྟེན་ན༔ རླུང་གི་བཅུད་ལེན་ཡིན་པས་འོད་ལུས་མྱུར་དུ་འགྲུབ་ཅིང་༔ མཁའ་སྤྱོད་མངོན་དུ་བྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བརྗོད་མིན་ལྷན་ཅིག་སྐྱེས་པའི་སྟོང་ར་ནི༔ ལུས་གནད་དང་བཅས་པའི་ངང་ནས་ངོ་བོ་ཉིད་ཀྱི་རང་མལ་དུ་བཞག་ཅིང་༔ བློ་འདས་ཀྱི་རྟོག་པ༔ ཀ་དག་གི་ཤེས་པ༔ ཆོས་ཉིད་ཀྱི་གནས་ལུགས་ཆམ་བརྡལ་ཏེ༔ རླུང་འཇམ་ལ་དལ་བུས་ཡང་ཡང་བཟུང་བས༔ ལས་རླུང་ཐམས་ཅད་རང་སར་དག་ཅིང་གེགས་དང་གོལ་ལམ་གྱི་སྒྲིབ་པ་ཐམས་ཅད་དག་ནས་རྩ་རླུང་ལས་སུ་རུང་སྟེ༔ འབྲས་བུ་མྱུར་དུ་འཐོབ་པར་འགྱུར་རོ༔ འདི་ནི་མཉམ་གཞག་གི་ཕྱག་རྒྱ་ཆེན་པོའི་རླུང་ཞེས་བྱ་བ་སྟེ་ཡང་དག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རླུང་གི་ཉམས་ལེན་གྱི་རིམ་པ་ནི༔ རྩ་འཁོར་བསྐྱེད་པ༔ ཡི་གེ་བཀོད་པ༔ དུས་བསྟན་པ༔ རླུང་བཟུང་བ༔ བདེ་སྟོང་གི་འབར་འཛག༔ དགའ་བཞིའི་ཡེ་ཤེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྩ་འཁོར་བསྐྱེད་པ་ནི༔ རང་ལུས་དབུས་ཀྱི་ཆ་ལ་ཁང་སྟོང་དུ་ཀ་བ་རྒྱབ་པའི་རྣམ་པར་རྩ་ཨ་བ་དྷཱུ་ཏིའི་ཡར་སྣེ་སྤྱི་གཙུག་ཚངས་བུག་ལ་ཟུག་པ༔ མར་སྣེ་ལྟེ་འོག་གཉེར་པོ་ཆེར་ཡོད་པ༔ ཕྱི་དཀར་བ༔ ནང་དམར་བ༔ ཤིན་དུ་དྲང་བ༔ ཁྲག་དང་ཆུ་སེར་སོགས་མེད་པ༔ དེའི་གཡས་སུ་རོ་མ་དམར་པོ༔ གཡོན་རྐྱང་མ་དཀར་པོ་ཡར་སྣེ་སྨིན་མཚམས་ནས་སྣ་བུག་གཡས་གཡོན་ལ་ཟུག་པ༔ མར་སྣེ་དབུ་མའི་ནང་དུ་ཚུད་ཅིང་༔ རྩ་གསུམ་པོ་ཀ་བའི་ཚུལ་ཅན་གྱི༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་མ་སུམ་བརྒྱ་དང་དྲུག་ཅུ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་གཉིས་བཅུ་དྲུག་པ་སྟེ༔ ཡར་མར་གཉིས་པོ་འདི་གདུགས་ཀྱི་རྩིབས་མའི་རྣམ་པ་ཅན་ནོ༔ སྙིང་ག་ཆོས་ཀྱི་འཁོར་ལོ་སུམ་ཅུ་རྩ་གཉིས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འདི་གཉིས་ཀྱང་གོང་ལྟར་གདུགས་ཀྱི་རྩིབས་མའི་རྣམ་པའོ༔ རྩ་དེ་ཐམས་ཅད་ནི་སྲབ་པ་དང་༔ མཉེན་པ་དང་༔ དྭངས་པ་དང་༔ ཤིན་ཏུ་དྲང་བ་དང་༔ གྲོ་སོག་གི་སྦུ་གུ་ལྟར་བདེ་སྟོང་གི་རྒྱུན་ལམ་ཅན་དུ་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཡི་གེ་བཀོད་པ་ནི༔ དབུ་མའི་ཡར་སྣེ་སྤྱི་བོའི་ཚངས་བུག་ལ་ཟུག་པའི་ཁར་ཟླ་བ་ཉ་གང་བ་ཞིག་གིས་བགགས་པའི་དབུས་ན༔ ཐབས་ཀྱི་རང་བཞིན་བྱང་སེམས་དཀར་པོ་དངུལ་ཆུའི་མདོག་ལྟར་འོད་དུ་འཚེར་བ་ལ༔ ཡི་གེ་ཧཾ་གི་གཟུགས་བརྙན་མགོ་བོ་ཐུར་དུ་བསྟན་པས་མཚན་པར་བསམས༔ དབུ་མའི་མར་སྣེའི་རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཤེས་རབ་ཀྱི་ཆ་ལས་བྱང་སེམས་དམར་པོ་བྱི་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པ་ལྟ་བུ་ཤིན་ཏུ་དམར་བའི་མདངས་དང་ལྡན་པ་ལ༔ ཡི་གེ་ཨ་མགོ་བོ་གྱེན་དུ་བསྟན་པའི་རྣམ་པར་བསྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དུས་བསྟན་པ་ནི༔ ཕྱི་ལོ་ཟླ་རླུང་གི་དགྲར་ཤར་དུས་རླུང་སྦྱོར་གྱི་ཉམས་ལེན་མི་བྱ༔ ཉིན་གུང་དང་མཚན་གུང་རླུང་སྦྱོར་ལ་མི་འབད༔ ཐོ་རངས་དང་དགོང་མོ་ནི་ཁྱད་པར་ཅན་ནོ༔ གསང་བ་ཕོ་རླུང་གཡས་ནས་རྒྱུ་དུས་ཚ་ཤས་ཅན་གྱི་རྣལ་འབྱོར་པས་སྤང་ཞིང་གྲང་ཤས་ཅན་གྱིས་བསྟེན་པར་བྱའོ༔ མོ་རླུང་གཡོན་ནས་རྒྱུ་དུས་གྲང་ཤས་ཅན་གྱིས་སྤང་ཞིང་ཚ་ཤས་ཅན་གྱིས་བསྟེན་པར་བྱའོ༔ རླུང་སྦྱོར་ལས་སུ་རུང་བའི་དུས་ཁྱད་པར་ཅན་ནི་མ་ནིང་གི་རླུང་ཞེས་བྱ་བ་དབུས་ནས་རྒྱུ་དུས་མཆོག་གོ༔ འདི་ནི་ཚ་གྲང་ཀུན་གྱི་གྲོགས་སུ་འགྲོ་ཞིང་གེགས་རྣམས་མི་འབྱུང་བའི་དུས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་རླུང་སྦྱོར་གྱི་རིམ་པ་ནི༔ སྔོན་འགྲོའི་སྐབས་ལྟར་རླུང་རོ་ལན་དགུ་བུས་པའི་མཇུག་ཏུ་དལ་བུས་རྔུབ་ཅིང་རླུང་རྟིང་རྫོགས་པ་དང་༔ སྟོད་དུ་མ་ལུས་པར་བུམ་ཅན་དུ་རབ་ཏུ་དགང་ཞིང་བསྐྱིལ་ལོ༔ ལར་རྣལ་འབྱོར་ཚ་གྲང་གོ་རིགས་ཀྱིས་རླུང་དྲག་པོས་འཛིན་པ་དང་༔ ཞི་བས་འཛིན་པ་དང་༔ ཞི་དྲག་སྤེལ་མས་འཛིན་པ་སོགས་རིགས་པའི་མདས་བསྣུན་ཞིང་༔ རང་རང་གི་ཁམས་དང་བསྟུན་ཤེས་པ་ནི་ཤིན་ཏུ་གསང་བའི་གནད་དོ༔ རླུང་སྦྱོར་གྱི་མཐར་ཐུག་པ་ཤིན་ཏུ་འཇམ་བུའམ་དལ་བའི་རིམ་པ་ལས་ཡོན་ཏན་སྐྱེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བདེ་སྟོང་འབར་འཛག་ནི༔ དེ་ལྟར་རླུང་གནད་གཅུན་པས་རོ་རྐྱང་གི་ལམ་བརྒྱུད༔ རྩ་གསུམ་འདུས་མདོའི་དམར་ཆ་ཉི་དཀྱིལ་ལ་རྒྱུན་ཆད་མེད་པར་རླུང་གིས་བུས་པས་དམར་ཆ་ཨ་ཡིག་ལས་མེ་དམར་ཉུག་ཉུག་ཏུ་འབར༔ རླུང་ཁུག་བདུན་བཞི་ཉི་ཤུ་རྩ་བརྒྱད་ཀྱིས་སྤྱི་བོར་མེ་ལྕེས་སླེབ་པར་བསྒོམ་ཞིང་༔ དཀར་ཆ་ཧཾ་ཡིག་ལས་བདེ་བའི་བསིལ་རྒྱུན་ཐིགས་པ་བཅུ་དྲུག་ཕབ༔ བཞི་བཞིས་རྩ་འཁོར་ལོ་རེ་རེ་གང་ཞིང་ལྟེ་བར་ཧཾ་ཡིག་གི་བསིལ་རྒྱུན་དང་༔ ཨ་ཡིག་གི་མེ་དམིགས་འབར་འཛག་འབྲོས་འདེད་ཡུན་རིང་དུ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་དགའ་བཞིའི་ཡེ་ཤེས་ནི༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་མེ་དམིགས་དང་བསིལ་རྒྱུན་འཕྲོས་ནས༔ ཧཾ་ཡིག་ཐིགས་པ་རྣམས་ཕབ་ཅིང་༔ ཐིགས་པ་བཞི་བཞིས་སྤྱི་གཙུག་བདེ་བ་ཆེན་པོ་རྩ་འཁོར་རྣམས་གང་རིམ་བཞིན་དགའ་བ་དང་༔ མཆོག་དགའ་དང་༔ དགའ་བྲལ་དང་༔ ལྷན་ཅིག་སྐྱེས་པའི་དགའ་བ་སྟེ༔ དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ཤིང་བདེ་སྟོང་གི་ངོ་བོ་ལ་བལྟ་སྟེ་ངོས་བཟུང་བར་བྱའོ༔ ཡས་འཛེགས་ལ་འང་མས་འབེབས་ལྟར་སྦྱང་ཞིང་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ འཁྲུལ་འཁོར་དང་ལས་ལ་སྦྱར་བ༔ དམ་ཚིག་བསྟན་པ༔ ཕན་ཡོན་ནོ༔ དང་པོ་འཁྲུལ་འཁོར་ནི༔ རླུང་བཟུང་ལུས་གནད་དང་བཅས་པའི་ངང་ནས་ལག་གཉིས་པུས་མོ་ལ་བཀབ་སྟེ༔ ཕོ་སྐེད་གཡས་གཡོན་དུ་གསུམ་གསུམ་བསྐོར་ཞིང་༔ མགོ་བོ་ཡང་དེ་བཞིན་དུ་སྒྲིལ་ཞིང་མདུན་རྒྱབ་ཏུ་དགྱེ་དགུ་བྱ༔ ཁ་མིག་ལྕེ་གསུམ་གདང་བཙུམ་བསྐོར་བ་སོགས་ཀྱང་གཡས་གཡོན་གསུམ་གསུམ་གྱི་མཐར༔ རླུང་འབུད་སྣ་ནི་འཕུར་གསུམ་ལན་གསུམ་བྱའོ༔ དེ་ནས་ལག་གཉིས་ཀྱིས་མདུན་རྒྱབ་མགོ་བོ་ལན་གསུམ་གསུམ་འཕུར་ཞིང་༔ ཡན་ལག་བཞི་ཤེད་ཀྱིས་བསྒྲིམ་ནས་འཕུར་བའི་མཇུག་ཏུ་བརྐྱང་བསྐུམ་གསུམ་རེ་རིམ་བཞིན་བྱ༔ མཇུག་ཏུ་འབེབས་རྒྱག་ཧ་སྤྲུག་གསུམ་གནད༔ འདི་ནི་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་ཞེས་བྱ་བ་རྩ་རླུང་ཀུན་གྱི་འཁྲུལ་འཁོར་གྱི་སྔོན་འགྲོའོ༔ དེ་ནས་དངོས་གཞིའི་འཁྲུལ་འཁོར་ནི༔ སེང་གེའི་རོལ་རྩེད༔ སྟག་མོའི་སྐྱུགས༔ ཝ་མོའི་སྣོམ་ཚུལ༔ གཡང་མོའི་རྩལ་སྤྲུག༔ གྱི་ལིང་བཞི་ཕྲ༔ སེང་ཆེན་རྩལ་སྤྲུག་རྣམས་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལས་ལ་སྦྱར་བ་ནི༔ སྔོན་དུ་རྩ་འདུལ་སྦྱོང་ལས་སུ་རུང་ནས་རྩ་འཁོར་ལོ་ལྔ་བར་བསྒོམ་ཞིང་༔ དབུ་མའི་མར་སྣེ་གསང་གནས་ཀྱི་རྡོ་རྗེ་ཡིན་ལ་ཡིན་བཞིན་པར་བསྐྱེད་དེ༔ དབུ་མ་ལས་སྦྱོར་གྱི་དམིགས་པ་ཞེས་བྱ་བས༔ རྩ་དབུ་མ་དེ་རླུང་ཇི་ལྟར་བཟུང་བ་ཚུག་གི༔ དབུ་མ་ཇེ་ཆེར་སོང་ཞིང་ནམ་མཁའི་མཐའ་དང་མཉམ་པར་བསམ༔ དབུ་མ་དང་ནམ་མཁའ་སྟོང་ཉིད་ཕྱག་རྒྱ་ཆེན་པོ་གསུམ་དབྱེར་མེད་ཀྱི་ངང་ནས་རླུང་ཅི་མང་ལ་བསླབ༔ སླར་དབུ་མ་ཚུར་བསྡུ་ཞིང་རྡོ་རྗེའི་རང་ཚད་དུ་བསམས༔ དངོས་གཞིའི་འཁྲུལ་འཁོར་རྣམས་བརྩེ་ཞིང་འདྲེན་ལ་སྦྱང་༔ དེ་ལས་སུ་རུང་བ་དང་༔ རང་གི་མདུན་དུ་མཚན་དང་ལྡན་པའི་བུ་མོ་ཡིད་དུ་འོང་བ་ཞིག་བསམ་ཞིང་༔ དབབ་པ་བསྐྱིལ་བ་འདྲེན་པ་འཁྲེམས་པ་དང་བཅས་པའི་དམིགས་པའི་འཁྲུལ་འཁོར་དགའ་བ་བཞིའི་ཡེ་ཤེས་སོགས་ངོས་ཟིན་ངེས་པར་བྱ༔ དེ་ལས་སུ་རུང་བ་དང་༔ རང་གི་ལག་པ་གཡས་མཚན་ལྡན་དུ་དམིགས་ཤིང་དབབ་ལྡོག་སོགས་སྔ་མ་ལྟར་སྦྱངས༔ དེ་ལས་སུ་རུང་བ་དང་༔ བུད་མེད་རྒན་རྒོན་རྩ་ཡངས་ཤིང་ཆགས་པ་ཆུང་བའི་རིགས་ལ་སྦྱང་༔ དེ་ལས་སུ་རུང་བ་དང་༔ གཞན་ལུས་ལྟར་ཉམས་སུ་ལེན་ཞིང་དམ་ཚིག་དང་ལྡན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དམ་ཚིག་བསྟན་པ་ནི༔ རྩ་དང་རླུང་གི་ཉམས་ལེན་ཚུལ་དང་མི་ལྡན་པར་དེས་ཆོག་དང་༔ ལེ་ལོ་འདོད་ལོག་ཉོན་མོངས་པ་རང་རྒྱུད་དུ་སྤྱོད་པ་སོགས་བྱས་ན༔ མཚམས་མེད་པ་ལྔ་ལས་ཤིན་ཏུ་ཉེས་ཆེ་བས་སྤང་བར་བྱའོ༔ རང་ལུས་ཚགས་སུ་ཚུད་ཀྱང་གཞན་ལུས་ཆོ་ག་ལྟར་མ་བརྟེན་པར༔ འབོག་ཆོལ་དུ་སྤྱད་དེ་དྭངས་མ་ཡུངས་འབྲུ་ཙམ་ཉམས་ན༔ མཁའ་འགྲོའི་གྲོང་ཁྱེར་འབུམ་ཕྲག་རེ་སྟོངས་ཤིང་༔ ཕྱི་མ་རྡོ་རྗེའི་དམྱལ་བར་རབ་ཏུ་འཚོད་པས་ཆོ་ག་ལྟར་བརྟེན་མཁས་པར་བྱའོ༔ འདི་གསང་བ་བླ་ན་མེད་པའི་མྱུར་ལམ་ཡིན་པས༔ ལས་ཅན་གྱི་སྐྱེས་བུ་རེ་རེ་ཙམ་ལས་ཀུན་དང་ཐུན་མོང་མ་ཡིན་པས༔ ནམ་མཁའི་བྱ་དང་བར་སྣང་གི་རླུང་དང་སྔོན་མོའི་ཆུ་ལ་ཡང་གསང་བ་གནད་དམ་པ་སྟེ༔ གལ་སྲིད་རྒྱ་རལ་ན་མཁའ་འགྲོ་རྒྱ་མཚོས་བཀའ་ཆད་འབེབས་ཤིང་༔ ཚེ་འདིར་ཡང་མི་རུང་བ་མང་པོས་མནར་བ་དང་༔ ཕྱི་མ་དམྱལ་བའི་སྡུག་བསྔལ་ལ་སྤྱོད་ཅིང་༔ དམྱལ་བ་ལས་ཐར་བའི་དུས་སུའང་བསྐལ་བ་སྟོང་གི་བར་དུ་གསང་སྔགས་ཀྱི་སྒྲ་མི་ཐོས་པར་སྐྱེ་བས༔ ཤིན་ཏུ་གསང་ཞིང་ཡང་དག་པར་གསང་བར་བྱའོ༔ སྐལ་ལྡན་གྱི་སྐྱེས་བུ་ཚེ་འདི་བློས་བཏང་ཞིང་ཕྱི་མའི་དོན་དུ་གཉེར་བ་རྣམས་ཀྱི་སྤྱོད་ཡུལ་ལས༔ གཞན་ལ་བསྟན་ན་སློབ་དཔོན་དང་སློབ་མ་གཉིས་ཀར་ཚེ་འདིར་བཀའ་ཆད་འབེབས་ཤིང་ཕྱི་མའང་གོང་ལྟར་སྡུག་བསྔལ་ལ་སྤྱོད་དགོས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཕན་ཡོན་བསྟན་པ་ནི༔ ཡང་ཟབ་བླ་ན་མེད་པའི་ཆོས་འདི་མྱུར་ལམ་ཐར་པའི་གསང་ལམ་ཆེན་མོ་ཞེས་བྱ་བ་སྟེ༔ ཆོས་གཞན་གྱི་ས་ལམ་དང་འབྲས་བུ་ཡིད་སྨོན་དུ་སྤྱོད་ཅིང་༔ འདིར་ནི་མངོན་སུམ་རང་ཐོག་ཏུ་ངོས་འཛིན་ཞིང་རང་གསལ་དུ་ཐག་བཅད་དེ༔ དགའ་བ་བཞིའི་ཡེ་ཤེས་བླ་མེད་དུ་ལ་བཟླས་པས་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་སྟེ༔ ཆོས་རྣམས་ཀུན་གྱི་སྙིང་པོ༔ མན་ངག་ཀུན་གྱི་མཐར་ཐུག༔ རྒྱུད་ལུང་ཀུན་གྱི་རྩེ་རྒྱལ༔ བླ་མེད་དོན་གྱི་མྱུར་ལམ་ཞེས་བྱ་བས༔ ཚུལ་བཞིན་ཉམས་སུ་བླངས་པའི་སྐལ་ལྡན༔ ཚེ་འདིར་སྐྱེ་འཆི་མེད་པར་བདེ་ཆེན་འཕོ་བ་ཆེན་པོར་འདུ་བྱེད་པའམ༔ ཚེའི་རིག་འཛིན་ལ་སྤྱོད་ཅིང་༔ བདག་གཞན་གྱི་དོན་ནི་བདག་ཉིད་པདྨ་འབྱུང་གནས་ལྟར་རོ༔ རང་ལུས་ལས་སུ་རུང་བས་འགྱུ་བ་དབུ་མར་དྭངས༔ གཞན་ལུས་ལས་སུ་རུང་བས་ཟག་བཅས་ཟག་མེད་དུ་གྲོལ༔ བདེ་སྟོང་ལས་སུ་རུང་བས་དགའ་བཞི་མངོན་དུ་འགྱུར༔ སྐྱེ་ཤི་མེད་པའི་ཚེ་སྒྲུབ་པ་དང་༔ བླ་མེད་སངས་རྒྱས་ཀྱི་ལམ་ལ་བགྲོད་པ་ལ་འདི་ལས་མྱུར་བ་དང་༔ འདི་ལས་ཟབ་པ་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་གནད་ཀྱི་མན་ངག་མཆོག༔ ཀུན་དང་ཐུན་མོང་མ་ཡིན་བླ་མེད་ཆོས༔ སྤེལ་བར་ཕངས་ནས་བརྡ་ཡི་ཡི་གེར་བཏབ༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་བཅོལ༔ ལས་འཕྲོ་ཅན་གྱི་བུ་ལ་འདི་སྤྲོད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་། ཕུག་ནག་བདེ་བ་ཆེན་པོར་ཟབ་ཤོག་ལས་བཤུས་པའོ། །མངྒ་ལཾ། །།

ཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ མ་འོངས་རྗེས་འཇུག་སྐལ་ལྡན་རྣམས༔ ཉོན་མོངས་ལས་ཀྱི་བདུད་གཞོམ་ཕྱིར༔ ཐབས་ཤེས་བདེ་སྟོང་གཞན་ལུས་ཀྱིས༔ ཚེ་ཡི་རིག་འཛིན་བསྒྲུབ་པའི་ཐབས༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་དུ་འགྲོ་བ་དང་༔ དངོས་གཞི་རྗེས་དང་རྣམ་པ་གསུམ༔ རིམ་པར་དབྱེ་སྟེ་གསལ་བར་བཀོད༔ དང་པོ་སྔོན་དུ་འགྲོ་བ་ལ༔ ས་བཅད་རྣམ་པ་བདུན་ཡིན་ཏེ༔ གནས་དང་དུས་དང་ཡོ་བྱད་དང་༔ བརྟག་དང་འགུགས་དང་སྒྲིབ་པ་དང་༔ བློ་ཁ་སྒྱུར་དང་རྣམ་པ་བདུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གནས་ཀྱི་མཚན་ཉིད་ནི༔ ཤིན་ཏུ་དབེན་ཞིང་དྲོ་ལ་འཐིབ༔ ནགས་འདབས་བྲག་ཕུག་ལུང་སྟོང་ལྗོངས༔ མི་མེད་འཚེ་བ་མེད་པ་དང་༔ གཡེང་བ་བྲལ་ཞིང་གྲོང་ལས་འཕགས༔ གོང་མས་ཞབས་ཀྱིས་བཅགས་པའམ༔ དབེན་པའི་གནས་སུ་ཉམས་ལེན་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དུས་ནི་རང་ལུས་གྲོལ༔ ལས་སུ་རུང་ཞིང་ཁམས་རྒྱས་པའི༔ བཅུ་དྲུག་ཉེར་ལྔ་སོ་ལྔའི་ལོ༔ རྣལ་འབྱོར་དམ་ཚིག་ལྡན་པས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡོ་བྱད་ཕུན་སུམ་ཚོགས༔ ཁམས་དང་དྭངས་མ་རྒྱས་བྱེད་ཟས༔ བཅུད་ལྡན་བསྒྲུབ་ཅིང་ཁ་ཚ་རུལ༔ མ་སྨིན་ཟས་དང་སྔོ་བཙོང་སྒོག༔ རྗེན་རིགས་ཚྭ་སྒོག་གཡེར་སོགས་སྤང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་མཚན་ལྡན་བརྟག་པ་ནི༔ གནས་ལས་སྐྱེས་དང་ཞིང་ལས་སྐྱེས༔ སྔགས་ལས་སྐྱེས་དང་ལས་ལས་སྐྱེས༔ པདྨ་ཅན་དང་དུང་ཅན་མ༔ གླང་སྣ་མ་དང་རི་དྭགས་ཅན༔ བཅུ་དྲུག་ཉེར་ལྔའི་བར་གནས་མ༔ ལུས་དབྱིབས་ཕྲ་ཞིང་སྐད་སྙན་ལྡེམ༔ སྐྲ་སེར་བཞིན་མཛེས་སོ་འགྲིག་དཀར༔ ནུ་མ་མཁྲེག་ཅིང་ནུ་འཕྲག་དོག༔ གདོང་གཡོན་སྨད་ལ་སྨེ་བ་ཅན༔ དཀར་དམར་མདངས་སམ་སྣ་ཚོགས་མདོག༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ གཡེམ་ཆུང་གསང་ཐུབ་སྦྱོར་ལ་མཁས༔ འདོད་ཆགས་ཆེ་ལ་མིག་སེར་ཆུང་༔ འདི་ནི་རིགས་ཀྱི་རིགས་མཆོག་འཆང་༔ ཚེ་རབས་སྔ་མ་མང་པོ་ནས༔ སྨིན་གྲོལ་དྲོད་དང་གསང་དབང་ཐོབ༔ དམ་ཚིག་མཁའ་འགྲོ་བདེ་བ་ཅན༔ བླ་ན་མེད་ཅིང་མྱུར་ལམ་འཆང་༔ ཚུལ་བཞིན་བརྟག་ཅིང་ཚུལ་བཞིན་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་འགུགས་པའི་རིམ་པ་ནི༔ དེ་ལྟར་མཚན་དང་ལྡན་པའི་གྲོགས༔ ཚེ་གཅིག་མྱུར་ལམ་བགྲོད་པའི་རྟེན༔ གང་དུ་འདུག་པའི་དྲུང་དུ་ཕྱིན༔ ཆུ་ཤུལ་ས་ལ་སྔགས་འདི་བཟླས༔ དབང་དུ་འགྱུར་བ་གདོན་མི་ཟ༔ ཨཱོཾ་མུ་དྲ་པདྨ་ངྷཀྐི་ནི་ཙག་ཙག་ལོང་ལོང་༔ ཏྲི་ཁུག་ནྲི་ཁུག་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཆེ་གེ་མོ་འདི་ཞེས་བྱ་བ་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་སྒྲིབ་པའི་རིམ་པ་ནི༔ སྐྱེ་བོ་ཕོ་མོའི་ཡ་ག་ལས༔ རྒྱལ་ཕྱིར་མན་ངག་འདི་ལ་བརྩོན༔ ཀུ་ཀུ་ནག་པོ་སྤུ་དཀར་མེད༔ རྨང་ཁའི་སྤུ་ལ་ཆུན་པོ་གསུམ༔ འདབ་ཆག་ཀེ་ཀེའི་དང་རུ་གཡས༔ མི་ཁྱིས་མ་འགོམས་འཇག་སོར་དགུ༔ སྔགས་གདབ་ཕྱག་རྒྱའི་མགུལ་དུ་གདགས༔ ན་མོ༔ རུ་ཊ་ཡ་ཧི་རི་མི་རི་སྭཱ་ཧཱ༔ མི་དང་མི་མིན་ཐམས་ཅད་སྒྲིབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་བློ་ཁ་སྒྱུར་བ་ནི༔ རྒྱུ་འབྲས་མི་རྟག་ལྷ་ཆོས་ཀྱིས༔ འཇིག་རྟེན་ཚེ་འདིའི་བློ་ཁ་བསྒྱུར༔ གསང་སྔགས་ཟབ་མོའི་སྨིན་གྲོལ་གྱིས༔ སྒོ་གསུམ་བག་ཆགས་བློ་ཁ་བསྒྱུར༔ རྩ་རླུང་མྱུར་ལམ་གདེང་བཤད་ཀྱིས༔ ལོག་ལྟ་ཐེ་ཚོམ་བློ་ཁ་བསྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ ས་བཅད་རིམ་པ་རྣམ་པ་བདུན༔ སྟ་གོན་ཆགས་པ་སློང་བ་དང་༔ སྦྱོར་དང་དབབ་དང་བསྐྱིལ་བ་དང་༔ འདྲེན་དང་ཁྲེམས་སུ་དགྲམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྟ་གོན་རིམ་པ་ནི༔ མཚན་ལྡན་སྤོས་ཆབ་ཁྲུས་ནས་ཕྱུངས༔ དྲི་བཟང་བྱུག་ཅིང་རྒྱན་གྱིས་སྤྲས༔ ནང་ཚངས་ཅན་གྱི་གདན་སྟེང་དུ༔ ཡབ་ཡུམ་གཅེར་བུ་ཕྱེད་སྐྱིལ་འདུག༔ ཕྱི་ནང་གསང་བའི་མཚམས་རྣམས་བསྡམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཆགས་པ་སློང་བ་ནི༔ བལྟ་རེས་བྱ་ཞིང་ལག་བཅངས་འཁྱུད༔ ཆགས་པའི་གཏམ་ནི་སྣ་ཚོགས་བརྗོད༔ གཡའ་དགོག་སེན་འདེབས་ནུ་མ་འཕུར༔ འོ་བྱ་ལྕེ་འཇིབ་གསང་གནས་བལྟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྦྱོར་བའི་རིམ་པ་ནི༔ རྡོ་རྗེ་པདྨ་ལས་རུང་ཚེ༔ རྡོ་རྗེ་རྡོ་རྗེ་པདྨ་པད༔ རྩེ་ལྔ་པ་དང་འདབ་བརྒྱད་པའི༔ ཧཱུྃ་སྔོན་ཕཊ་སེར་བུ་ག་བཀག༔ རྡོ་རྗེས་པདྨའི་མཐའ་ནས་བརྩོག༔ མི་བཟོད་བདེ་བ་རྒྱས་པའི་ཚེ༔ དལ་བུས་ཡུམ་གྱི་མཁའ་ལ་བསྣུན༔ དར་ཅིག་མི་སྤྱོད་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་དབབ་པའི་རིམ་པ་ནི༔ དཔའ་བོ་ཡབ་ཀྱི་གནས་ལྔ་རུ༔ ཚེ་བདག་བཅོམ་ལྡན་རིགས་ལྔ་བསྒོམ༔ ཕྱག་རྒྱའི་གནས་ལྔར་ཡུམ་ལྔ་བསྒོམ༔ དལ་བུས་སྤྱོད་ཅིང་མཉམ་པར་བཞག༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ ཚེ་ལྷ་སྣང་མཛད་ཡབ་ཡུམ་སྦྱོར༔ བྱང་སེམས་དཀར་དམར་རྒྱུན་བབས་པས༔ སྤྱི་བོའི་རྩ་འཁོར་རབ་ཏུ་གང་༔ དེ་བཞིན་མགྲིན་པ་སྙིང་ག་དང་༔ ལྟེ་བ་གསང་གནས་རྩ་འཁོར་དུ༔ ཡབ་ཡུམ་སྙོམས་འཇུག་བྱང་སེམས་དབབ༔ བདེ་བའི་རང་བཞིན་དགའ་བ་ཆེ༔ དབབ་ཅིང་དགའ་བཞིའི་ཡེ་ཤེས་བལྟ༔ གཞན་ཡང་ཚེ་ལྷ་རིག་པ་འཛིན༔ བརྒྱུད་ལྡན་རྩ་གསུམ་རྒྱལ་བའི་ཚོགས༔ བ་སྤུའི་འོད་ཀློང་རེ་རེ་བཞིན༔ སྙོམས་འཇུག་བདེ་སྟོང་དགའ་བཞི་རྒྱས༔ བསམས་ཤིང་སྙིང་པོའི་དོན་ལ་བལྟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བསྐྱིལ་བའི་རིམ་པ་ནི༔ ཡང་སྤྱོད་ཡང་བལྟ་མཉམ་པར་བཞག༔ བདེ་བ་བདེ་ཆེན་བདེ་བའི་རྒྱལ༔ བདེ་བའི་ངོ་བོ་སྟོང་པ་ཆེ༔ བདེ་བའི་རང་མདངས་གསལ་བ་ཆེ༔ བདེ་བའི་འབྲས་བུ་མི་རྟོག་པ༔ གང་དུའང་མ་གྲུབ་མི་དམིགས་པ༔ བློ་འདས་ལྷུན་གྲུབ་གཞི་རྩ་བྲལ༔ རྣམ་པར་རྟོག་མེད་ཆོས་ཀྱི་སྐུ༔ འདི་ནི་བདེ་བ་རྡོ་རྗེ་འཆང་༔ འདི་ནི་མི་རྟོག་ཡེ་ཤེས་ཆེ༔ ཆགས་མེད་ཆགས་བྱེད་རྒྱུ་རྐྱེན་བྲལ༔ ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་དེ༔ རང་ངོར་གསལ་ཞིང་རང་ངོར་བལྟ༔ ཡུན་དུ་བརྟེན་ཞིང་ཡུན་དུ་བསྐྱིལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་འདྲེན་པའི་རིམ་པ་ནི༔ དཀར་དམར་འདྲེས་པའི་བྱང་ཆུབ་སེམས༔ སྨྱུག་སྦུག་ནང་ནས་ཆུ་འདྲེན་བཞིན༔ གཅུན་ཞིང་འཁྲུལ་འཁོར་ཚགས་སུ་འཛུད༔ ཉི་ཟླ་མཁར་འཕུར་རྐང་སོར་བསྐུམ༔ གླིང་བཞི་དབང་དུ་སྡུད་པར་བྱེད༔ རོ་འཛིན་རང་མལ་དག་ཏུ་སྐྱལ༔ རྒྱ་མཚོ་རི་བོའི་ངོས་ལ་བཅར༔ ཧཱུྃ་ཧིད་ཧ་ཧེ་ཧོ་ཡིས་འདྲེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་ཁྲེམས་སུ་དགྲམ་པ་ནི༔ རྡོ་རྗེ་པདྨའི་གནས་ལས་ཕྱུངས༔ སེང་གེ་བརྩེ་ཞིང་སྟག་མོའི་སྐྱུགས༔ ཝ་མོའི་སྣོམ་ཚུལ་གཡང་མོའི་སྤྲུགས༔ གྱི་ལིང་བཞི་ཕྲ་སེངྒེའི་རྩལ་སྤྲུགས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ས་བཅད་རྣམ་པ་གསུམ་གྱིས་རྫོགས༔ ཡུལ་གསུམ་བརྟག་དང་དགྲ་གསུམ་སོད༔ འཇིགས་པའི་བདུད་བཞི་ཆོམས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཡུལ་གསུམ་བརྟག་པ་ནི༔ ཕྱི་ཡུལ་རང་ལུས་བདེ་སྟོང་འབར༔ ཐ་མལ་ལུས་སུ་ཚོར་བ་མེད༔ ནང་ཡུལ་ཡིད་ཀྱི་རྣམ་རྟོག་འགགས༔ དབུགས་ཀྱི་འགྱུ་བ་ཚོར་བ་མེད༔ གསང་ཡུལ་བདེ་སྟོང་ངོ་བོར་དག༔ ཉོན་མོངས་འདོད་ཆགས་ཚོར་བ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དགྲ་གསུམ་སོད་པ་ནི༔ ཕྱི་དགྲ་གཟུང་འཛིན་རྣམ་རྟོག་དགྲ༔ ཕྱོགས་བྲལ་འཛིན་མེད་སྐྱེས་པས་བསད༔ ནང་དགྲ་ཉོན་མོངས་དུག་གསུམ་དག༔ གནས་ངན་ལེན་ཡུལ་བག་ཆགས་བསད༔ གསང་དགྲ་བདག་རྟོག་ཡེ་ཤེས་སྐུ༔ སྐྱེ་འཆིར་འཛིན་པའི་དགྲ་བོ་བསད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བདུད་བཞི་ཆོམས་པ་ནི༔ ཡབ་ཡུམ་སྐུ་ལ་སྣང་ཞེན་བྲལ༔ ཕུང་པོའི་བདུད་ནི་དེ་དུས་ཆོམས༔ ཡེ་ཤེས་རང་བྱུང་དགའ་བྲོད་བྲལ༔ ལྷ་བུའི་བདུད་ནི་དེ་དུས་ཆོམས༔ ཐབས་ཤེས་རྡོ་རྗེ་སྐྱེ་འཆི་བྲལ༔ འཆི་བདག་བདུད་ནི་དེ་དུས་ཆོམས༔ བདེ་ཆེན་ཡེ་ཤེས་ཆོས་ཀུན་རྫོགས༔ ཉོན་མོངས་བདུད་ནི་དེ་དུས་ཆོམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་མྱུར་ལམ་མཆོག༔ གཞུང་བཞིན་ཉམས་སུ་བླངས་པའི་ཚེ༔ སྐལ་ལྡན་རིགས་ཀྱི་བུ་དེ་ལ༔ ཉམས་རྟོགས་ཡེ་ཤེས་དཔག་མེད་འཆར༔ སྐྱེ་འཇུག་ཆོས་ལ་རང་དབང་བསྒྱུར༔ མི་གནས་མི་འཁོར་གཡང་ས་ཆོད༔ བླ་མེད་བླ་མ་རྡོ་རྗེ་འཆང་༔ ས་གསུམ་དེད་དཔོན་རྣམ་པར་རྒྱལ༔ དེ་ཕྱིར་ཕྱི་རབས་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ བདག་སྤྲང་བནྦྷེ་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །

དབང་ལག་གིི་བཅུད་ལེན་ལྷ་བུའི་བདུད་བཅོམ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ དབང་ལག་གིི་བཅུད་ལེན་ལྷ་བུའི་བདུད་བཅོམ་བཞུགས༔ རིག་འཛིན་ཚེ་ཡི་ལྷ་ལ་འདུད༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ མ་འོངས་རྗེས་འཇུག་དོན་ཕྱིར་དུ༔ ལྷ་ཡི་བུ་ཡི་བདུད་གཞོམ་ནས༔ ཚེ་ལ་དབང་བའི་དངོས་གྲུབ་དོན༔ དབང་ལག་རྒྱལ་པོའི་བཅུད་ལེན་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ ལྷ་དང་ལྷ་མིན་འཐབས་ཤིང་འཁྲུགས༔ ལྷ་དབང་བརྒྱ་བྱིན་ལག་པ་ལ༔ ལྷ་མིན་མཚོན་ཆའི་འཁོར་ལོ་ཕོག༔ འཇིག་རྟེན་ཁམས་སུ་ས་ལ་ལྷུང་༔ བདུད་རྩི་དབང་པོ་ལག་པ་སྐྱེས༔ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས༔ མངོན་ཤེས་ལྡན་པའི་ལྷ་ཕྲུག་རྣམས༔ འོད་ཀྱི་རྟར་ཞོན་ས་ལ་བབས༔ བདུད་རྩི་དབང་པོ་ལག་པ་ཟོས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ དེ་ཚེ་མ་རུངས་ལྷ་མིན་གྱི༔ སྤྲུལ་པ་འདྲེ་ལག་རྐང་གསུམ་དང་༔ རྐང་གཉིས་རྐང་གཅིག་མཉམ་དུ་སྐྱེས༔ དེ་ཟོས་མཆོག་ཐུན་དངོས་གྲུབ་བསྒྲིབས༔ དེ་ཚེ་བདག་ཉིད་པདྨ་འབྱུང་༔ ལྷ་དབང་བརྒྱ་བྱིན་དེ་ཡིན་པས༔ ལྷ་ཕྲུག་རྣམས་ཀྱིས་བདག་ལ་ཞུས༔ ལྷ་དབང་ཁྱོད་ཕྱག་ས་ལ་བབས༔ ངེད་ཅག་ལྷ་ཕྲུག་རྣམས་ཀྱིས་ཟོས༔ མཆོག་དང་ཐུན་མོང་ཀུན་གྱིས་ཐོབ༔ དེ་ལ་བར་དུ་གཅོད་པའི་བགེགས༔ ལྷ་མིན་སྤྲུལ་པ་འདྲེ་ལག་སྐྱེས༔ ཟོས་པས་མཆོག་ཐུན་དངོས་གྲུབ་འགགས༔ ནད་དང་ཉེ་བར་འཚེ་བ་མང་༔ སྐྱོན་དང་ཡོན་ཏན་དབྱེ་གསལ་ཞུ༔ ཟེར་བས་བདག་གིས་སྐྱོན་ཡོན་བསྟན༔ ཡོན་ཏན་གོང་འཕེལ་མན་ངག་བྱིན༔ སེམས་བསྐྱེད་ངང་ནས་སྨོན་ལམ་བཏབ༔ ཨེ་མ་ང་ཡི་ལག་པ་ལ༔ ལྷ་མིན་མཚོན་ཆའི་འཁོར་ལོ་ཕོག༔ ས་ལ་ལྷུངས་ཀྱང་ས་ལས་སྐྱེས༔ ཡོན་ཏན་འབྱུང་བའི་བདུད་རྩིར་འཁྲུངས༔ དྲི་མེད་སྤྱན་ལྡན་ལྷ་བུས་ཟོས༔ ཁྱད་པར་འཕགས་པའི་ཟས་མཆོག་དེའི༔ དངོས་གྲུབ་འཕྲོག་པའི་འདྲེ་ལག་སྐྱེས༔ ད་སྟེ་ང་ཡི་སེམས་བསྐྱེད་དང་༔ ལེགས་ཉེས་སྐྱོན་ཡོན་བསྟན་པ་ཡིས༔ ལྷ་ཀླུ་མི་གསུམ་ཀུན་གྲོལ་ནས༔ ཡོན་ཏན་ཐམས་ཅད་འཐོབ་པར་ཤོག༔ དངོས་གྲུབ་ཐམས་ཅད་རྙེད་པར་ཤོག༔ དེ་སྐད་བརྗོད་པས་སྟེང་གི་ལྷ༔ འོག་གི་ཀླུ་དང་བར་གྱི་མི༔ ལས་དང་སྐལ་ལྡན་རྣམས་ཀྱིས་ཐོས༔ དབང་ལག་རྒྱུད་དང་ལས་ཚོགས་སུ༔ རང་རང་ཡུལ་གྱི་ཡི་གེར་བཏབ༔ བསྟེན་པས་མཆོག་ཐུན་དངོས་གྲུབ་ཐོབ༔ སྔོན་བྱུང་ལོ་རྒྱུས་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཡོན་ཏན་ལྡན་པ་ཡི༔ རྫས་མཆོག་དབང་ལག་བརྟག་པ་ནི༔ ལོ་མ་ཏ་ལ་ལྟ་བུ་ལ༔ སྡོང་པོ་ནས་ཀྱི་སྙེ་མ་འདྲ༔ མེ་ཏོག་དར་ཡུགས་དྲིལ་བ་འདྲ༔ རྩ་བ་མི་ཡི་ལག་པ་འདྲ༔ སོར་མོ་བདུན་དང་ལྔ་བ་དང་༔ བཞི་བ་གསུམ་པ་མཆོག་འབྲིང་ལ༔ བསྟེན་དུ་མི་རུང་གཉིས་པ་དང་༔ གཅིག་པ་ལྷ་མིན་འདྲེ་ལག་རིགས༔ ལེགས་པར་བཙལ་ཞིང་བསྒྲུབ་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་མཚན་ཉིད་བརྟགས་པའི་རྫས༔ བཙལ་ཞིང་བསྒྲུབ་པའི་དུས་བསྟན་པ༔ བསྟེན་པ་པོ་ཡི་གང་ཟག་གི༔ ཚ་ཤས་གྲང་ཤས་ཚ་གྲང་སྙོམས༔ རང་གི་ཁམས་དང་བསྟུན་ཏེ་བསྒྲུབ༔ དབྱར་ཟླ་གསུམ་ལ་དྲོད་ཆེ་ཞིང་༔ ནུས་པ་སྣུམ་དང་ལྡན་པར་བཤད༔ དཔྱིད་ཟླ་གསུམ་ལ་རྩུབ་ཅིང་ཚ༔ འབྱུང་བ་མི་སྙོམས་ཡོན་ཏན་ཉུང་༔ སྟོན་ཟླ་གསུམ་ལ་རོ་མངར་ཞིང་༔ ཚ་གྲང་སྙོམས་པའི་དུས་ཡིན་ནོ༔ དགུན་ཟླ་གསུམ་ལ་ཁམས་སྙོམས་ཞིང་༔ ཤིན་ཏུ་ནུས་པ་ཆེ་བར་བཤད༔ གང་ཟག་དབང་པོའི་ཁམས་བསྟུན་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཕྱི་ནང་ཁམས་བསྟུན་ནས༔ གྲོགས་སུ་གྱུར་པའི་དུས་དག་ཏུ༔ རྣལ་འབྱོར་བྱང་ཆུབ་སེམས་བསྐྱེད་ནས༔ པདྨ་དབང་གི་ཏིང་འཛིན་གྱིས༔ ཕྱག་གཡས་ལྕགས་ཀྱུ་དམར་པོ་བསྣམས༔ ས་ལ་བརྒྱབ་པས་འབྱུང་བཞིའི་བཅུད༔ འོད་ཟེར་དམར་པོའི་འཕྲོ་འདུ་ཡིས༔ དབང་པོ་ལག་པར་ཐིམ་པར་བསམས༔ ཁྲོ་བོའི་ཏིང་འཛིན་ང་རྒྱལ་གྱིས༔ བར་གཅོད་གདོན་བགེགས་བསྐྲད་པར་བསམས༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ འབྱུང་བཞིའི་རོ་ནུས་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིང་འཛིན་སྔགས་དང་དམིགས་པས་བརྐོ༔ ཐོན་པའམ་རིན་ཆེན་སྣོད་དུ་བསགས༔ ཁ་ནི་ས་བདག་འཁོར་ཚུལ་བལྟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གྲུབ་འབྱུང་བའི་རྫས༔ གད་དང་འཁྲུད་པ་ལེགས་བྱས་ནས༔ བཅུད་ལྡན་འོ་མ་བྲེ་གང་ནང་༔ དབང་པོ་ལག་པ་ཕུལ་གང་འཚོད༔ ཀ་ར་མང་ཉུང་རན་ཙམ་བཏབ༔ སྐོལ་བའི་སྣོད་དེ་ཕག་མོ་ཡུམ༔ བསྲུབ་པའི་སྐྱ་བ་རྡོ་རྗེ་ཡབ༔ རྗས་དེ་དགའ་བཞིའི་རོལ་པ་ལས༔ ཐབས་ཤེས་བྱང་སེམས་དཀར་དམར་གཉིས༔ དབྱེར་མེད་གཅིག་ཏུ་འདྲེས་པར་བསམས༔ ཧྱ་གྷྲཱི་བའི་སྔགས་བགྲང་ཞིང་༔ མེ་ནི་ཆེ་ཆུང་རན་པས་གདུ༔ འདམ་ཐག་བཏང་ནས་རིལ་བུ་བསྒྲིལ༔ ཆུང་ངུ་འབྲིང་དང་ཆེན་པོར་བསླབ༔ བདུན་ནམ་ཟླ་འབྲེལ་ལོ་ལ་སོགས༔ ཚུལ་བཞིན་བསྟེན་པའི་ཕན་ཡོན་ནི༔ རྒས་པ་མེད་ཅིང་ལོ་བརྒྱ་ཐུབ༔ བཀྲག་བཟང་ནད་དང་གཅོང་རིགས་འབྱང་༔ རྩ་རླུང་ཐམས་ཅད་རང་སོར་རྒྱུ༔ ཤ་ལུས་རྒྱས་ཤིང་ཀུནྡ་འཕེལ༔ མཚན་ལྡན་མུ་དྲ་བརྒྱ་ལ་ཐུབ༔ དེ་ལ་བུ་རམ་སྦྱར་ཟོས་ནས༔ གྲང་བ་རླུང་ནད་ཐམས་ཅད་སེལ༔ སེམས་ནི་ལས་སུ་རུང་བ་དང་༔ དབུགས་ཀྱི་སྒྲ་དབྱངས་འབྲུག་ལྟར་འགྱུར༔ དབང་པོ་ལག་པ་ཕུལ་གང་ནང་༔ བ་རའི་འོ་མ་བྲེ་ཕྱེད་བླུགས༔ ཀ་རའི་ཕྱེ་མ་ཁ་ཚར་བཏབ༔ རིལ་བུ་ཤ་རིལ་ཙམ་དུ་སྒྲིལ༔ ཐོ་རངས་དག་ལ་མ་ཆག་ཟ༔ ཏིང་འཛིན་སེམས་ཀྱི་ཉམས་རྟོགས་འཕེལ༔ བཀྲག་བཟང་བཞིན་དཀར་དབང་པོ་གསལ༔ ཡིད་དུ་འོང་ཞིང་ཚེ་རིང་སྟེ༔ བུད་མེད་བརྒྱ་ལ་སྤྱོད་པར་ནུས༔ དབང་པོ་ལག་པ་ཕུལ་གང་ནང་༔ བུར་དཀར་སྦྲང་རྒོད་ཕུལ་དོ་རེ༔ ཀ་རའི་ཁ་ཚར་ཚོད་ཙམ་བཏབ༔ ཨ་རུ་ཤ་ཆེན་ཅི་མང་བཏབ༔ བཟང་པོ་དྲུག་གི་ཐུན་རེ་ལ༔ འབྲི་མར་བྲེ་གསུམ་ནང་དུ་བསྲུབ༔ སྦྲང་བུར་མར་གསུམ་ཆུ་ཆོད་ཚེ༔ སྨན་རྣམས་བཏབ་སྟེ་བསྟེན་པར་བྱ༔ ཕན་ཡོན་བསམ་འདས་བརྗོད་མི་ལང་༔ རང་ལུས་རྡོ་རྗེ་ལས་རུང་ནས༔ བཅུད་ལེན་འདི་དང་གཞན་ལུས་དང་༔ ཚེ་ཡི་སྒྲུབ་ཐབས་གསུམ་དྲིལ་ན༔ ཉི་ཟླ་ལྟ་བུའི་ཚེ་འཐོབ་ཅིང་༔ ཚེ་ཡི་རིག་འཛིན་མ་གྲུབ་ན༔ བདག་ཉིད་པདྨས་ཕྱི་རབས་བསླུས༔ བདུན་གཅིག་བདུན་གཉིས་བདུན་གསུམ་དུ༔ བསྟེན་ཀྱང་བཅུ་ཐུབ་བརྒྱ་ཐུབ་ཅིང་༔ བརྒྱ་ཐུབ་ཉིས་བརྒྱ་ཐུབ་པར་འགྱུར༔ ཚུལ་བཞིན་ལོ་དང་ཟླ་འབྲེལ་བསྟེན༔ སོ་བུད་སྐྲ་དཀར་རྒན་པོ་ཡང་༔ སོའུ་སྐྱེ་དང་སྐྲ་ནག་འཆར༔ གཉེར་མ་མེད་ཅིང་ཤ་ལུས་རྒྱས༔ སྟོབས་རྩལ་གླང་ཆེན་སྨྱོན་པ་འདྲ༔ ཡང་རྩལ་སེང་གེ་དཀར་མོ་ལ༔ བང་ནི་འདབ་ཆགས་བྱ་བཞིན་ཏེ༔ བཀྲག་མདངས་མེ་ཏོག་པདྨ་འདྲ༔ ཉམས་རྟོགས་མཐར་ཕྱིན་དྲོད་རྟགས་འཐོབ༔ མ་མོ་མཁའ་འགྲོ་སྤྲིན་བཞིན་འདུ༔ སྣང་སྲིན་ལྷ་འདྲེས་ཅི་བསྒོས་ཉན༔ འཇིག་རྟེན་མི་མོར་སྤྱོད་པ་རེམ༔ རྩ་རླུང་བདེ་སྟོང་དགའ་བཞི་འཕེལ༔ མཆོག་ཐུན་རྣམ་གཉིས་ཨེ་མ་ཧོ༔ དབང་ལག་སྨན་མར་སྦྱར་ཐབས་ནི༔ གཙང་ཆབ་འབབ་ཆུ་ཕུལ་དོའི་ནང་༔ དབང་ལག་ཕྱེ་མ་ཕུལ་གང་བཏབ༔ འོ་མ་ཕུལ་གང་བཏབ་ལ་འཚོད༔ དེ་ལ་འདམ་ཐག་སོང་བ་དང་༔ འབྲི་མར་བྲེ་དོ་བཅུག་ལ་བཙོ༔ སྦྲང་བུར་ཕུལ་དོ་ཆུ་བཅད་བསྲེས༔ ཀ་རའི་ཁ་ཚར་རན་ཚོད་དང་༔ བཟང་པོ་དྲུག་ནི་ཐུན་རེ་བཏབ༔ ཞག་བདུན་ལྔ་གསུམ་ནས་དཀྱིལ་སྦ༔ དང་པོར་ཆུང་ངུ་བར་དུ་འབྲིང་༔ ཐ་མར་ཁམས་དང་བསྟུན་ཏེ་བཟའ༔ ལོ་དང་ཟླ་བ་གང་འབྱོར་བསྟེན༔ རླུང་སྦྱོར་འཁྲུལ་འཁོར་སྲང་ལ་གཅུན༔ ཚེ་ནི་ཉི་ཟླ་གཉིས་དང་མཉམ༔ ཉམས་རྟོགས་ཁྱད་འཕགས་ཁོར་ཡུག་འཆར༔ གཅོང་ནད་སྡེ་དགུ་ཐམས་ཅད་བྱང་༔ ལོ་བརྒྱ་སོང་ཡང་བཅོ་ལྔའི་མདངས༔ བཞིན་རས་རྒྱས་ཤིང་སྟོབས་རྩལ་ལྡན༔ བདུད་རྩི་དབང་པོ་ལག་པ་དང་༔ མུ་ཏིག་སྦྱར་ཏེ་རིལ་བུར་བསྒྲིལ༔ ཡི་དམ་དབང་ཆེན་རྟ་མགྲིན་གྱི༔ སྙིང་པོ་ཅི་མང་བཏབ་སྟེ་ཟ༔ ཀླུ་རིགས་བཞི་ཡིི་མཛེ་ནད་བྱང་༔ བདུད་རྩི་དབང་པོ་ལག་པ་དང་༔ ཅོང་ཞི་གུ་གུལ་དཀར་པོ་དང་༔ ཆུ་དག་ཨ་རུ་གླ་རྩི་དྲུག༔ སྦྱར་ནས་ཡི་དམ་སྔགས་སྟོང་བཏབ༔ ནང་དུ་བཟའ་ཞིང་ཕྱི་ནས་བྱུག༔ གཉན་ལྷོག་སྐྲངས་དང་ཤུ་བ་དང་༔ རྨ་ལེབ་ཕོལ་མིག་གནོད་པ་ཐུབ༔ བདུད་རྩི་དབང་པོ་ལག་པ་དང་༔ གུ་གུལ་དཀར་པོ་གཉིས་སྦྱར་ནས༔ འབྲས་ལ་ཡུན་དུ་བྱུགས་གྱུར་ན༔ འབྲས་ཀྱི་གནོད་པ་འཇོམས་པར་བྱེད༔ བདུད་རྩི་དབང་པོ་ལག་པ་དང་༔ ཨ་རུ་ར་དང་ཙན་དན་སྦྱར༔ ཧཱུྃ་ཡ་ར་ཙ་ག་མོ་ཏ་ན་མ་ར་ན་སོལ་སོལ་སྭཱ་ཧཱ༔ སྔགས་འདི་འབུམ་ཚོ་གཅིག་བཟླས་ནས༔ མིག་ལ་བྱུག་ཅིང་ཁ་རུ་བཟའ༔ རབ་རིབ་མིག་གི་གནོད་པ་སེལ༔ བདུད་རྩི་དབང་པོ་ལག་པ་དང་༔ ཁྱི་ལུད་ཁུ་བར་མཁྲིས་སྣ་གང་འཛོམ་སྦྱོར༔ ཨཱོཾ་ཁྲག་རཾ་ཆེ་སྭཱ་ཧཱ༔ སྔགས་ཆུ་འཐུངས་པས་ཤ་དུག་སེལ༔ བདུད་རྩི་དབང་པོ་ལག་པ་དང་༔ ལྕ་སྒ་སྦྱར་ནས་ཁོང་དུ་བཏང་༔ ཕྱི་ནས་བྱུགས་པས་ཕོ་གླང་སེལ༔ བདུད་རྩི་དབང་པོ་ལག་པ་དང་༔ ཟས་དང་བསྲེས་པའི་ཁུ་བ་བཙགས༔ འཐུངས་པས་བུད་མེད་མངལ་ཁྲག་འཆད༔ བདུད་རྩི་དབང་པོ་ལག་པའི་ཕྱེ༔ ཞིབ་བཏགས་མིག་ཏུ་བཏབ་པ་ན༔ མིག་གི་ནད་ནི་ལིང་ཏོག་དང་༔ ཁ་བས་ཕྱིད་དམ་དུ་བས་ཕྱིད༔ རབ་རིབ་མིག་ནད་ཀུན་ལ་ཕན༔ བདུད་རྩིའི་ཕྱེ་མ་ཚིལ་བུའམ༔ མར་དང་སྦྱར་ནས་བྱུགས་གྱུར་ན༔ འབྲུཾ་བུ་སྐྲངས་བརྡོལ་ཤ་ཀྲ་དང་༔ ཟ་འཕྲུག་གཡེམ་པ་མེ་ལྕེ་འཁོར༔ བས་ལྡགས་སྐྲངས་པ་རྣམས་ལ་ཕན༔ བདུད་རྩིའི་ཕྱེ་མ་ཆུ་དང་སྦྱར༔ ལྡེ་གུ་བྱས་ནས་བྱུགས་གྱུར་ན༔ འབྲས་ཀྱི་ཤ་རོ་ཕོལ་མིག་འཇོམས༔ བདུད་རྩིའི་ཕྱེ་མ་མར་ཁུའམ༔ སྦྲང་རྩི་ཆུ་བཅད་གང་རིགས་སྦྱར༔ ནས་ཀྱི་དཀྱིལ་དུ་སྦས་ནས་ཀྱང་༔ ཐོ་རངས་ཁམ་རེ་ཆག་མེད་བཟའ༔ རླུང་མཁྲིས་བད་ཀན་འདུས་པ་རྣམས་ཀྱང་བྱང་༔ གདམས་པ་ཟབ་མོ་འདི་དག་གི༔ ཉམས་ལེད་བྱེད་དུས་ཤ་རུལ་དང་༔ ཉ་རུལ་སྒོག་བཙོང་ལ་ཕུག་དང་༔ སྔོ་རིགས་ཟྭ་ཚོད་ཐམས་ཅད་སྤང་༔ མཐུན་སྦྱོར་གང་ཟག་ཁམས་དང་བསྟུན༔ ཤ་ཆང་གསར་པ་དཀར་མངར་བཟང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་ཆོས་ཆ་རྐྱེན་དུ༔ ལྷ་ཡི་བུ་ཡི་བདུད་གཞོམ་ཕྱིར༔ ཚེ་ཡི་རིག་འཛིན་འཐོབ་པའི་ཕྱིར༔ དབང་ལག་ལས་ཚོགས་བཅུད་ལེད་རྣམས༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྦྲང་བན་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།

བདུད་རྩི་རྟག་ངུའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ བདུད་རྩི་རྟག་ངུའི་བཅུད་ལེན་བཞུགས༔ འཆི་མེད་ཚེ་ཡི་ལྷ་ལ་འདུད༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན༔ ཚེ་སྒྲུབ་ཟབ་མོའི་ཆ་རྐྱེན་དུ༔ བདུད་རྩི་རྟག་ངུའི་བཅུད་ལེན་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉའམ་གནམ་གང་ཚེས་བཅུ་སོགས༔ དུས་ཆེན་ཉིན་པར་ཁྱེའུ་དང་༔ བུ་མོ་མགོ་གཙང་ཁྲུས་བྱས་རྒྱན༔ བྱིན་རླབས་ཅན་གྱི་གནས་ཆེན་ནས༔ བསིལ་དྲོད་སྙོམས་པའི་རི་བོ་ནས༔ བདུད་རྩིའི་རྒྱལ་པོ་རྟག་ངུ་བཏུས༔ ཆུ་གཙང་ནང་དུ་ཁཎྜར་གདུ༔ ཀ་ར་སྦྲང་རྩི་འབྲི་མར་དང་༔ བ་དང་མཛོ་མོའི་མར་ཡང་གདབ༔ འབྲས་བུ་གསུམ་གྱི་ཕྱེ་མ་དང་༔ བདུད་རྩི་སྨན་སྒྲུབ་བཏབ་ཏེ་བསྲུབ༔ འདམ་ཐག་བྱས་ཏེ་རིལ་བུ་བསྒྲིལ༔ ཐོ་རངས་བྱ་རོག་མ་གྲག་གོང་༔ རང་ཉིད་ཚེ་དཔག་མེད་དུ་བསྒོམ༔ སྙིང་པོ་བརྒྱ་དང་རྩ་བརྒྱད་བཟླས༔ རིལ་བུ་ཟ་ཞིང་རླུང་གནད་གཅུན༔ མཇུག་ཏུ་འཁྲུལ་འཁོར་ལུས་སྦྱོང་འབད༔ དང་པོ་ཉུང་ངུ་བར་དུ་འབྲིང་༔ གོམས་ནས་ཁམས་དང་བསྟུན་ཏེ་ཟ༔ བདུན་གཅིག་བདུན་གཉིས་བདུན་གསུམ་བསྟེན༔ ཚེ་ཡི་བར་ཆད་ཀུན་ལས་གྲོལ༔ ཟླ་བ་འམ་ནི་ལོར་བསྟེན་ན༔ ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར༔ ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ༔ ལོ་བརྒྱ་སོང་བའི་རྒན་པོ་ཡང་༔ སྐྲ་དཀར་གཉེར་མ་མི་འབྱུང་ཞིང་༔ བཅུ་དྲུག་གཞོན་ནུའི་མདངས་དང་ལྡན༔ ཉམས་རྟོགས་ཡོན་ཏན་མཐར་ཕྱིན་ཏེ༔ མཆོག་དང་ཐུན་མོང་མང་དུ་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུད་རྩིའི་རྒྱལ་པོ་རྟག་ངུ་དང་༔ སྨན་མཆོག་ཨ་རུ་ར་གཉིས་པོ༔ ཞིབ་ཏུ་བརྡུངས་ནས་འབྲི་མར་སྦྱར༔ ཟླ་བ་དྲུག་ཏུ་ཟོས་གྱུར་ན༔ འཆི་མེད་ཚེ་ཡི་རིག་འཛིན་འཐོབ༔ ས་མ་ཡཱ༔ རྒྱ༔ བདུད་རྩིའི་རྒྱལ་པོ་རྟག་ངུ་དང་༔ དངུལ་ཆུ་བྲག་ཞུན་སྦྲང་རྩིར་སྦྱར༔ འབྲི་མར་བཏབ་ཅིང་མཐེ་བོང་ཙམ༔ ཟླ་བ་དྲུག་ལ་བསྟེན་གྱུར་ན༔ རྣལ་འབྱོར་ཚེ་ནི་ཉི་ཟླ་འདྲ༔ ས་མ་ཡཱ༔ རྒྱ༔ བདུད་རྩིའི་རྒྱལ་པོ་རྟག་ངུ་དང་༔ ར་མཉེ་ཉེ་ཤིང་ཁཎྜ་དང་༔ དབང་ལག་ཀ་ར་བུ་རམ་སྦྱར༔ འོ་མར་བཏབ་སྟེ་ཁུ་བ་གདུ༔ རིལ་བུ་ཆེ་ཆུང་རན་ཙམ་བསྒྲིལ༔ ཟླ་བ་གཅིག་ཏུ་བསྟེན་གྱུར་ན༔ ཤ་ལུས་རྒྱས་ཤིང་དབང་པོ་དྭངས༔ རྐང་མགྱོགས་དངོས་གྲུབ་འཐོབ་པར་འགྱུར༔ ས་མ་ཡཱ༔ རྒྱ༔ འོད་ལྡན་ལྕམ་པའི་ཁཎྜ་ཡིས༔ ཤ་ཡི་བཅུད་ནི་འཕེལ་བར་འགྱུར༔ ས་མ་ཡཱ༔ རྒྱ༔ འོད་ལྡན་ར་མཉེའི་ཁཎྜ་ཡིས༔ རུས་པའི་བཅུད་རྣམས་འཕེལ་བར་བྱེད༔ ས་མ་ཡཱ༔ རྒྱ༔ འོད་ལྡན་ཉེ་ཤིང་ཁཎྜ་ཡིས༔ ཆུ་རྒྱུས་བཅུད་ནི་འཕེལ་བར་བྱེད༔ ས་མ་ཡཱ༔ རྒྱ༔ འོད་ལྡན་གཟེ་མའི་ཁཎྜ་ཡིས༔ གྲང་བ་ཡོངས་སུ་སེལ་བར་བྱེད༔ ས་མ་ཡཱ༔ རྒྱ༔ འོད་ལྡན་འོམ་བུའི་ཁཎྜ་ཡིས༔ ཤ་ཡི་དུག་རྣམས་སེལ་བར་བྱེད༔ ས་མ་ཡཱ༔ རྒྱ༔ འོད་ལྡན་སྒ་ཡི་ཁཎྜ་ཡིས༔ སྟོད་ཁྲག་རྒྱས་པ་སེལ་བར་བྱེད༔ ས་མ་ཡཱ༔ རྒྱ༔ འོད་ལྡན་དོང་གས་དང་ག་འབྱེད༔ ས་མ་ཡཱ༔ རྒྱ༔ འོད་ལྡན་མགོ་ཡི་ཁཎྜ་ཡིས༔ ཡ་མ་སེལ་བར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས། ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།

བདུད་རྩི་ཅོང་ཞིའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ བདུད་རྩི་ཅོང་ཞིའི་བཅུད་ལེན་བཞུགས༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ལ༔ གུས་པས་བཏུད་དེ་མ་འོངས་དོན༔ བདུད་རྩི་ཅོང་ཞིའི་བཅུད་ལེན་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས༔ ས་བཅད་གསུམ་གྱིས་ཕྱེ་སྟེ་བརྗོད༔ སྔོན་འགྲོ་བརྟག་དང་འདུལ་བ་དང་༔ དངོས་གཞི་བསྟེན་ཞིང་ལས་ལ་སྦྱར༔ རྗེས་ནི་ཕན་ཡོན་དམ་ཚིག་གོ༔ དང་པོ་བརྟག་པའི་རིམ་པ་ནི༔ ཕོ་ཅོང་རྩུབ་མཁྲེགས་རྟ་སོ་འདྲ༔ མོ་ཅོང་མཉེན་འཇམ་སོག་རྒྱུས་འདྲ༔ མ་ནིང་ཅོང་ཞི་ཆུར་བ་འདྲ༔ ཕོ་ཅོང་བསྟེན་པས་འདོད་ཆགས་འཕེལ༔ བགེགས་དང་བར་ཆད་རབ་ཏུ་རྩུབ༔ མོ་ཅོང་བདུད་རྩིའི་རང་བཞིན་ཏེ༔ འདོད་པའི་དངོས་གྲུབ་མྱུར་དུ་འཐོབ༔ མ་ནིང་ཅོང་ཞིས་ནད་ཀུན་འཇུག༔ འབྱུང་འཁྲུག་བགེགས་ཀྱི་རང་བཞིན་སྤང་༔ གཉིས་པ་འདུལ་བའི་རིམ་པ་ནི༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ མཚན་ཉིད་ལྡན་པའི་ཅོང་ཞི་བཙལ༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་ལ༔ གསེར་སྐྱེམས་མཆོད་ཅིང་འཕྲིན་ལས་བཅོལ༔ ས་ཡི་ལྷ་མོ་བསྟན་མ་ཡིས༔ རྫས་མཆོག་བདུད་རྩི་ཕུལ་བར་བསམས༔ ཚེ་སྒྲུབ་སྙིང་པོ་བཟླས་པའི་མཇུག༔ སརྦ་སིངྔྷི་སརྦ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་བཟླས་གཙང་མའི་སྣོད་དུ་བསགས༔ གཞི་མ་མཁྲེགས་པའི་རྡོ་ལེབ་སྟེང་༔ ནས་ཙམ་བརྡུང་ཞིང་ལྷད་རྣམས་བསལ༔ ཆུ་ཡིས་བཀྲུས་ཤིང་ཞིབ་ཏུ་བཏགས༔ རབ་ཏུ་དུལ་ནས་ལྕགས་སྣོད་དུ༔ ཆུ་དང་འོ་མ་འདྲེས་མར་འཚོད༔ རུས་ཁུ་ཚིལ་དང་མར་རྙིང་དང་༔ སྦྲང་བུར་ཀ་ར་ཨ་རུ་ར༔ སྔོན་དུ་བཏབ་སྟེ་ལེགས་པར་གདུ༔ ཉི་མར་སྐམ་ཞིང་ཆ་གཉིས་ཡོས༔ ཆ་གཅིག་ཅོང་ཞི་ལ་བྱས་ཏེ༔ ཟན་དང་སྐྱོ་ཚ་འགམ་ཕྱེ་སོགས༔ སྒྲུབ་པ་པོ་ཡི་ཁམས་བསྟུན་སྤྱོད༔ གཉིས་པ་དངོས་གཞིའི་རིམ་པ་ལས༔ དང་པོ་བསྟེན་པའི་རིམ་པ་ནི༔ རང་ཉིད་མགོན་པོ་ཚེ་དཔག་མེད༔ བསྐྱེད་རིམ་ལྡན་པའི་སྤྱི་གཙུག་ཏུ༔ རང་གི་རྩ་བའི་བླ་མ་ལ༔ བརྒྱུད་པའི་བླ་མས་བསྐོར་བར་བསམས༔ བདག་ནི་འཁོར་བ་འདིར་སྐྱོ་ཞིང་༔ བྱང་ཆུབ་བླ་མེད་འདོད་པའི་བུ༔ ཚེ་འདིར་ཆགས་ཞེན་འཁྲི་བ་བཅད༔ སྐྱབས་མེད་བདག་འདྲ་རྨོངས་པའི་རིགས༔ སངས་རྒྱས་ཀུན་འདུས་བླ་མ་རྗེ༔ ཐུགས་རྗེ་བྱིན་རླབས་མཛོད་ཁང་ནས༔ རྣམ་འཕྲུལ་དཔག་ཡས་འོད་ཟེར་གྱིས༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ དམ་རྫས་གསང་བའི་བཅུད་ལེན་འདི༔ ལས་སུ་རུང་བར་བྱིན་གྱིས་རློབས༔ ལོངས་སྤྱོོད་བདུད་ཀྱི་སླུ་བྲིད་ལ༔ ཞེན་ཆགས་མེད་པར་བྱིན་གྱིས་རློབས༔ སྔོན་དུས་ཚེ་དབང་རིག་འཛིན་རྣམས༔ ཐུགས་བསྐྱེད་མཐར་ཕྱིན་སྨོན་ལམ་མཐུས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ ཅེས་པའི་གསོལ་བ་ཡང་ཡང་བཏབ༔ དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ༔ ཟན་ལྟར་བསྟེན་ནམ་སྐྱོ་ཚ་འམ༔ འགམ་ཕྱེ་ལ་སོགས་རང་འདོད་བསྟུན༔ འདྲིས་ཤིང་སྐྱོ་བར་མི་སེམས་ཚེ༔ ཅོང་ཞི་ཆ་གཉིས་ཕྱེ་ཆ་གཅིག༔ དེ་ལས་རབ་ཏུ་འདྲིས་པའི་ཚེ༔ ཅོང་ཞི་གཅིག་པུར་བསྟེན་པར་བྱ༔ གཉིས་པ་ལས་ལ་སྦྱར་བ་ནི༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ རུས་ཁུ་རྙིང་པ་བུ་རམ་སྦྱར༔ ཡུན་དུ་བསྟེན་པས་རླུང་ནད་རིགས༔ རབ་ཏུ་སེལ་ཞིང་གྲོལ་བར་བྱེད༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ ཀ་ར་སྦྲང་རྩི་དུག་མོ་ཉུང་༔ སྦྱར་ཞིང་བསྟེན་པས་མཁྲིས་ནད་འཇོམས༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ སྒ་དང་སེའུ་འབྲུ་པི་པི་ལིང་༔ སྦྱར་ཞིང་བསྟན་པས་བད་ཀན་སེལ༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ བྲག་ཞུན་སྦྱར་བཏང་ཆུ་སེར་ཞི༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ ཨ་རུ་གསེར་མདོག་བྱ་རོག་མིག༔ སྦྱར་ཞིང་བསྟུན་པས་རབ་རིབ་སེལ༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ ལུག་མགོའི་གདུས་ཁུ་བཏབ་སྟེ་བཏང་༔ རྣ་བ་འོན་པ་སེལ་བར་བྱེད༔ བདུད་རྩིའི་རྒྱལ་པོ་ཅོང་ཞི་ལ༔ ཚ་སྦྱར་བསྟེན་པས་མ་ཞུ་འཇོམས༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ འདིར་ལྟར་བསྟན་པའི་ཕན་ཡོན་ནི༔ འདུ་འཛི་ལོངས་སྤྱོད་འཁྲི་བ་ཆོད༔ བྱང་ཆུབ་སེམས་མཆོག་ལས་སུ་རུང་༔ ཏིང་འཛིན་འཕེལ་ཞིང་ཉམས་རྟོགས་འཆར༔ རླུང་སེམས་ལས་རུང་དབུ་མར་དྭངས༔ འབྱུང་བ་བཞི་ལ་ཟང་ཐལ་འགྲོ༔ རྒས་མེད་ཚེ་དབང་རིག་འཛིན་འཐོབ༔ གཅོང་ཆེན་སྡེ་བཞིའི་ནད་རྣམས་བྱང་༔ གཉིས་པ་དམ་ཚིག་རིམ་པ་ནི༔ རླུང་སྦྱོར་གཅུན་ཞིང་འཁྲུལ་འཁོར་འབུང་༔ ཨ་ཧཾ་འབར་འཛག་གནད་དུ་བསྣུན༔ སྒོག་བཙོང་སྔོ་ཚོད་ལ་ཕུད་དང་༔ བསིལ་ཟས་ར་ཤ་སྣུམ་ནག་གྲོ༔ མེ་དང་ཉི་མ་འདོད་ལོག་སྤང་༔ རྫོགས་རིམ་མི་རྟོག་ཏིང་འཛིན་ངང་༔ ཚེ་ཡི་སྒྲུབ་ཐབས་སྔགས་དམིགས་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྒྱ་གར་འཕགས་ཡུལ་ནས༔ གསང་སྔགས་མཁའ་འགྲོའི་གསང་མཛོད་བརྡོལ༔ བདག་འདྲ་པདྨ་འབྱུང་གནས་ངས༔ སངས་རྒྱས་སྟོང་གི་འཕྲིན་ལས་པ༔ པྲེ་ཏ་བོད་ཀྱི་རྒྱལ་ཁམས་འདིར༔ བསྟན་པ་བཙུགས་ཤིང་ལྷ་འདྲེ་བཏུལ༔ བླ་མེད་ཆོས་གཏེར་ས་འོག་བཀང་༔ མ་འོངས་འགྲོ་ལ་དྲིན་ཆེན་བྱས༔ དུས་ངན་སྙིགས་མའི་འགྲོ་བ་རྣམས༔ དྲིན་ནི་མི་དྲན་ཁྱེད་རྣམས་ཤེས༔ མ་འོངས་བོད་ཀྱི་རྒྱལ་ཁམས་འདིར༔ ཆོས་པར་ཁ་གཡར་ཚེ་འདི་སྒྲུབས༔ སྟོོ་གོས་ཕོངས་པ་ཞེ་ལ་བཅགས༔ དཀའ་ཐུབ་བཅུད་ལེན་རྒྱང་དུ་འབོར༔ ངན་སོང་གསུམ་ལ་ཁྱུ་དེད་འཁྱམ༔ དེ་ཚེ་ང་ཡི་སྤྲུལ་པ་ཡིས༔ ཆོས་འདི་རྙེད་ནས་བསྟན་འགྲོ་ཡི༔ བདེ་བ་ཡུན་དུ་བསྐྲུན་པར་ཤོག༔ སྲུང་མས་བཀའ་འདིའི་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་སྒོམ་སྡེ་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ༔ མངྒལཾ། །

སྨན་མཆོག་ཨ་རུ་རའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ སྨན་མཆོག་ཨ་རུ་རའི་བཅུད་ལེན་བཞུགས༔ འཆི་མེད་ཚེ་ཡི་ལྷ་ལ་འདུད༔ ཟབ་ཆོས་ཚེ་སྒྲུབ་ཆ་རྐྱེན་དུ༔ སྨན་མཆོག་རྒྱལ་པོ་ཨ་རུ་རའི༔ བཅུད་ལེན་བཀོད་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ཨ་རུ་གསེར་མདོག་ཤ་ཆེན་རིགས༔ ཉེར་ལྔ་སུམ་ཅུ་ཞེ་ལྔ་སོགས༔ རབ་འབྲིང་ཐ་མ་ཇི་སྙེད་བསགས༔ བྲེ་གང་འོ་མར་ཞག་འགའ་སྦང་༔ ལུག་ཤ་བཅུད་ལྡན་ལྷུ་གཅིག་པ༔ ཞིབ་ཏུ་བཏུལ་ནས་བྲེ་གང་ཆུར༔ གདུས་ཏེ་སྐོལ་ཐག་བཏང་བར་བྱ༔ ཤིན་ཏུ་ཉུང་ངུར་འདུས་པ་དང་༔ ཁུ་བ་བཙགས་ནས་འོ་མར་བསྲེ༔ ཆེ་ཆུང་རན་པའི་མེ་ལ་བསྐོལ༔ འོ་མ་ཁོལ་དུས་ཨ་རུ་འཚོད༔ འདམ་ཐག་ཁར་བ་ཨ་རུར་གདུ༔ གྲིབ་མར་བསྐམ་ཞིང་རིམ་གྱིས་བསྟེན༔ རླུང་སྦྱོར་འབད་ཅིང་འཁྲུལ་འཁོར་བརྩོན༔ སྤྱི་བོར་མགོན་པོ་ཚེ་དཔག་མེད༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་བབས༔ གསོལ་བ་བཏབ་པའི་མོས་གུས་ཀྱིས༔ རྩ་གསུམ་འཁོར་ལོ་ཀུན་གང་རྒྱས༔ ཚེ་བསོད་ཉམས་རྟོགས་ཡོངས་འཕེལ་ནས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམས༔ བླ་མ་མགོན་པོ་ཚེ་དཔག་མེད༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག༔ མགོན་མེད་བདག་གི་སྐྱབས་མཆོག་རྗེ༔ རྩེ་གཅིག་ངང་ནས་གསོལ་བ་འདེབས༔ ཐུགས་རྗེའི་ཡེ་ཤེས་བྱིན་རླབས་དང་༔ ཟབ་མོ་གནད་ཀྱི་རྟེན་འབྲེལ་གྱིས༔ སྣང་སྲིད་སྣོད་བཅུད་འོད་སྐུར་གྲོལ༔ སྒྱུ་ལུས་ཕུང་པོ་ཟག་མེད་འགྲུབ༔ བདེ་སྟོང་ཡེ་ཤེས་རང་ས་ཟིན༔ སྐུ་བཞིའི་འབྲས་བུ་མངོན་གྱུར་ནས༔ ཕྱག་རྒྱ་ཆེན་པོའི་རིག་པ་འཛིན༔ ཚེ་དབང་དངོས་གྲུབ་བདག་ལ་སྩོལ༔ ཚེ་བྷྲཱུྃ་ཛྙཱ་ན་སརྦ་སིངྔྷི་ཧཱུྃ༔ ཅེས་བརྗོད་ཚེ་སྒྲུབ་སྙིང་པོ་བགྲང་༔ ཐུན་མཇུག་བླ་མ་ཚེ་དཔག་མེད༔ འོད་དུ་ཞུ་ནས་རང་ལ་བསྟིམ༔ བླ་མའི་ཐུགས་མཆོག་ཡེ་ཤེས་ཆེ༔ རང་གི་རིག་པ་དྲི་མ་མེད༔ དབྱེར་མེད་བསྲེས་ནས་མངོན་སུམ་སྐྱོང་༔ སྐྱེ་ཤི་མེད་པའི་གདེང་ཐོབ་ནས༔ ཚེ་ཡི་དངོས་གྲུབ་འཐོབ་པ་དང་༔ མཆོག་དང་ཐུན་མོང་འབད་མེད་འགྲུབ༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།

བདུད་རྩི་ཉེ་ཤིང་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ བདུད་རྩི་ཉེ་ཤིང་བཅུད་ལེན་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ ཚེ་ཡི་དངོས་གྲུབ་འཐོབ་པ་དང་༔ ལོངས་སྤྱོད་ལྷ་བུའི་བདུད་གཞོམ་ཕྱིར༔ བདུད་རྩི་ཉེ་ཤིང་བཅུད་ལེན་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རང་ཉིད་རྟ་མགྲིན་ང་རྒྱལ་གྱིས༔ ཉེ་ཤིང་ཡོད་པའི་ཡུལ་དུ་ཕྱིན༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་ལ༔ གསེར་སྐྱེམས་མཆོད་ཅིང་འཕྲིན་ལས་བཅོལ༔ འབྱུང་པོའི་བར་ཆད་བདུད་ཀྱི་ཚོགས༔ རྟ་མགྲིན་དྲག་སྔགས་བཟླས་ལ་བསྲེག༔ གཡས་པའི་ལྕགས་ཀྱུ་དམར་པོ་ཡིས༔ ས་ལ་བརྒྱབས་པས་འཁོར་འདས་བཅུད༔ འོད་ཟེར་དམར་པོས་དབང་དུ་བསྡུས༔ ཉེ་ཤིང་བདུད་རྩིའི་རྫས་ལ་བསྟིམ༔ དངོས་གྲུབ་འབྱུང་བའི་ཕུང་པོར་བསམས༔ སརྦ་སིངྔྷིའི་སྔགས་བཟླས་ཤིང་༔ ས་ལས་བརྐོས་ཏེ་སྣོད་དུ་བསགས༔ ཆོམས་ཙམ་བརྡུང་ཞིང་དྲི་ཆུར་བཏབ༔ མེ་ལ་བསྐོལ་ཞིང་རས་ལ་བཙགས༔ ལན་གསུམ་ཁུ་བ་གདུ་བར་བྱ༔ ཅོང་ཞི་འདུལ་མ་གཙོ་བོར་སྦྱར༔ ཨ་བར་སྐྱུར་གསུམ་ཕྱེ་མ་དང་༔ བུ་རམ་སྟོན་མར་ཅི་འབྱོར་བཏབ༔ རིལ་བུ་ཆེ་ཆུང་རན་ཙམ་བསྒྲིལ༔ བདག་བསྐྱེད་ཚེ་སྒྲུབ་དམིགས་པ་ལ༔ སྤྱི་བོར་རྩ་བའི་བླ་མ་གསལ༔ ཚེ་ལྷ་དྲང་སྲོང་རིག་འཛིན་དང་༔ བརྒྱུད་ལྡན་རྩ་གསུམ་འཁོར་ཚོགས་བསྐྱེད༔ རྒྱལ་བ་རྒྱ་མཚོ་ཚེ་དཔག་མེད༔ མཚུངས་མེད་བླ་མ་ཆོས་ཀྱི་རྗེ༔ ཚེ་ལྷ་དྲང་སྲོང་རིག་པ་འཛིན༔ རྩ་གསུམ་ཆོས་སྐྱོང་སྲུང་མ་ལ༔ མི་ཕྱེད་གསོལ་བ་སྙིང་ནས་འདེབས༔ བདུད་རྩི་ཉེ་ཤིང་བཅུད་ལེན་འདི༔ འཕྲིན་ལས་སྦྱོར་བ་ལས་རུང་ཞིང་༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ མཁའ་སྤྱོད་འགྲུབ་པའི་དངོས་གྲུབ་སྩོལ༔ གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་སྩོལ༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་སྩོལ༔ ཅེས་པའི་གསོལ་འདེབས་གནད་བསྣུན་ནས༔ ལྷ་ཚོགས་བླ་མ་རང་ལ་བསྟིམ༔ དབང་བཞི་ལེན་ཞིང་མ་བཅོས་བཞག༔ རང་ལུས་རླུང་སྦྱོར་གནད་དུ་བསྣུན༔ འཁྲུལ་འཁོར་གཅུན་ཞིང་ཆུང་ངུ་འབྲིང་༔ གོམས་ནས་ཆེས་ཆེར་བསྟེན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བསྟེན་པའི་རྣལ་འབྱོར་ལ༔ ཏིང་འཛིན་ཁོར་ཡུག་གསལ་བ་དང་༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་འཐོབ༔ ཟག་པ་ཟད་ནས་ཟག་མེད་གྲོལ༔ ཚེ་ནི་ཚེ་དཔག་མེད་དང་མཉམ༔ ན་ཆུང་གཞོན་ནུའི་བཅུད་འཕྲོག་ཅིང་༔ ཁམས་དང་དྭངས་མ་ཆེས་ཆེར་རྒྱས༔ བཀྲག་དང་གཟི་བརྗིད་འོད་དུ་འཚེར༔ ནད་དང་ཉེར་འཚེ་ཐམས་ཅད་གྲོལ༔ ཟབ་པའི་སྙིང་པོ་དམ་པ་འདི༔ མ་འོངས་དུས་ཀྱི་ཡང་མཐའ་ལ༔ ལས་འཕྲོ་ཅན་གྱིས་རྙེད་གྱུར་ནས༔ འགྲོ་བའི་དོན་ཆེན་འབྱུང་བར་ཤོག༔ སྲུང་མས་ཆོས་འདིར་མེལ་ཚེ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།། །།

ར་མོ་ཤག་གི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ར་མོ་ཤག་གི་བཅུད་ལེན་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ར་མོ་ཤག་ཤིང་བཅུད་ལེན་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནས༔ རྫས་མཆོག་སྐྱེ་བའི་ལུང་པར་ཕྱིན༔ གཉུག་མར་གནས་ལ་ཕུད་ཀྱིས་མཆོད༔ བདེན་པ་བདར་ཞིང་འཕྲིན་ལས་བཅོལ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཁམས་གསུམ་སྐྱེ་འགྲོ་འཁོར་འདས་དཔལ༔ འོད་ཀྱིས་བསྡུས་ནས་རྫས་ལ་བསྟིམ༔ བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསྒོམ༔ ཨཱོཾ་ཨཱཿཧཱུྃ་བྷྲཱུྃ་བཛྲ་རཀྵ་སྭཱ་ཧཱ༔ སྔགས་བཟླས་གཙང་མའི་སྣོད་དུ་བསགས༔ གང་བྱས་གཙང་པོའི་ཆུ་ལ་འཁྲུད༔ རྡོ་གཞོང་ནང་དུ་བརྡུངས་ནས་ཀྱང་༔ བཟང་པོའི་སྣོད་དུ་མེ་ལ་བསྐོལ༔ དེ་ནས་ལྦུ་བ་ལན་གསུམ་གཅོད༔ ཁུ་བ་ཕྱུངས་ཤིང་རས་ཀྱིས་བཙགས༔ ལན་གསུམ་བསྐྱར་བའི་ཐ་མ་ལ༔ འདམ་ཐག་གཏོང་ཞིང་ཁཎྜར་གདུ༔ སྦྲང་དང་བུ་རམ་མར་དང་ནི༔ འབྲས་བུ་གསུམ་གྱི་ཕྱེ་མ་བཏབ༔ ཆོས་བསྐོར་རིས་སུ་བསྲུབས་ནས་ཀྱང་༔ བུ་རམ་ཆུ་ཚོད་བཞིན་བྱུང་དུས༔ གཡམ་པ་བཟང་འཇམ་མཁྲེགས་པར་སྒོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བདུད་རྩི་རིན་ཆེན་འདི༔ སྙིང་པོའི་བཅུད་འདུས་བླ་ན་མེད༔ སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ༔ མ་ཡེངས་རྩེ་གཅིག་གསོལ་བ་འདེབས༔ ཀྱེ་ཧོ་རྒྱལ་བ་འདུས་པའི་སྐུ༔ བླ་མ་མགོན་པོ་དབྱེར་མེད་ལ༔ བདག་ནི་སྙིང་ནས་གསོལ་བ་འདེབས༔ ཁྱེད་ཀྱི་ཐུགས་རྗེའི་གྲུ་ཆེན་གྱིས༔ བརྩེ་བས་སྐྱོངས་ལ་བྱིན་གྱིས་རློབས༔ ནུས་པས་དངོས་གྲུབ་དུས་འདིར་སྩོལ༔ གསང་བའི་རྫས་མཆོག་བཅུད་ལེན་འདི༔ ལས་སུ་རུང་བར་བྱིན་གྱིས་རློབས༔ བདེ་སྟོང་ཟག་མེད་ཡེ་ཤེས་རྒྱས༔ སྐྱེ་ཤི་མེད་པའི་ཚེ་གྲུབ་ནས༔ བདག་གཞན་དཔལ་ལ་སྤྱོད་པར་ཤོག༔ ཅེས་པའི་གསོལ་བ་ཕུར་ཚུགས་བཏབ༔ དབང་བཞི་ལེན་ཞིང་མཉམ་པར་འཇོག༔ ཚེ་སྒྲུབ་དམིགས་རིམ་ཏིང་འཛིན་གསལ༔ སྙིང་པོ་བཟླ་ཞིང་བདུད་རྩི་ཡིས༔ ཕུང་ཁམས་སྐྱེ་མཆེད་རྩ་འཁོར་རྣམས༔ གང་ཞིང་རྒྱས་པས་དགའ་བཞི་ཡི༔ བདེ་སྟོང་ཟག་མེད་ཉམས་རྟོགས་རྣམས༔ རང་གི་རྒྱུད་ལ་སྐྱེས་པར་བསམས༔ རླུང་སྦྱོར་འཁྲུལ་འཁོར་གཞུང་བཞིན་འབད༔ ཆུང་ངུ་འབྲིང་དང་ཆེན་པོ་སོགས༔ རིམ་བཞིན་བསླབ་ཅིང་ཚུལ་བཞིན་བསྟེན༔ ཁ་ཚྭ་རུལ་སུངས་སྔོ་བཙོང་སྒོག༔ མདོར་ན་མ་སྨིན་རིགས་ཀྱི་ཟས༔ ཁམས་ཉམས་འདོད་ལོག་ལ་སོགས་དང་༔ རྗེན་དང་ཆང་ལད་ཐམས་ཅད་སྤང་༔ བདུན་ནམ་ཟླ་བ་ལོ་ལ་སོགས༔ བསྟེན་པར་གྱུར་པའི་གང་ཟག་ལ༔ ཟག་མེད་ཉམས་མྱོང་འབར་ཞིང་རྒྱས༔ གཅོང་དང་ནད་རིགས་ཐམས་ཅད་བྱང་༔ ཞ་གྲུམ་ཡན་ལག་རེངས་ཀུན་ཞི༔ དབང་པོ་རྣམས་ཀྱི་སྒོ་ཡང་གསལ༔ ཤ་ལུས་རྒྱས་ཤིང་སྟོབས་རྩལ་ལྡན༔ འོད་དང་བཀྲག་མདངས་ཆེས་ཆེར་འབར༔ མཁའ་འགྲོ་དབང་དུ་འདུ་བ་དང་༔ སྲུང་མ་རྣམས་ཀྱིས་འཕྲིན་ལས་བསྒྲུབ༔ རྩ་རླུང་ལས་སུ་རུང་བར་བྱེད༔ འཇིག་རྟེན་མི་མོར་སྤྱོད་ལ་རེམ༔ ཕ་རོལ་སྣང་བ་དབང་དུ་འདུ༔ ཚེ་རིང་རྒས་སྲ་དཔལ་འབྱོར་རྒྱས༔ རི་བྲག་རྣམས་ལ་ཟང་ཐལ་འགྲོ༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ འདི་ལྟར་བླ་མེད་མན་ངག་འདི༔ ཟབ་ཆོས་ཚེ་སྒྲུབ་ཆ་རྐྱེན་དུ༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ མ་འོངས་དུས་སུ་འགྲོ་དོན་འབྱུང་༔ མཚོ་རྒྱལ་ཁྱོད་ཀྱི་སྐྱེ་མཐའ་ཡིས༔ ཆོས་འདི་ཉམས་ལེན་བྱེད་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།། །།

རིན་ཆེན་བྱེ་མའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱ་ལས༔ རིན་ཆེན་བྱེ་མའི་བཅུད་ལེན་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ སྒྲུབ་ཐབས་ཟབ་མོའི་ཆ་ལག་ཏུ༔ རིན་ཆེན་བྱེ་མའི་བཅུད་ལེན་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚ་ཤས་ཅན་གྱི་རྣལ་འབྱོར་པས༔ སྲིབས་ཀྱི་བྱེ་མ་བསྟེན་པར་བྱ༔ གྲང་ཤས་ཅན་གྱི་རྣལ་འབྱོར་པས༔ ཉིན་གྱི་བྱེ་མ་བསྟེན་པར་བྱ༔ ཚ་གྲང་སྙོམས་པའི་གང་ཟག་གིས༔ གཙང་འགྲམ་བྱེ་མ་བསྟེན་པར་བྱ༔ ཁམས་དང་མཐུན་པའི་བྱེ་རི་ནས༔ བརྒྱུད་པའི་བླ་མར་གསོལ་བ་གདབ༔ དབང་ཆེན་རྟ་མགྲིན་ང་རྒྱལ་གྱིས༔ བྱེ་མ་བླང་ཞིང་སྔགས་འདི་བརྗོད༔ ཨཱོཾ་ཨཱཾཿཧཱུྃ་ཛྙཱ་ན་ཚེ་བྷྲཱུྃ་སརྦ་སིངྔྷི་སྭཱ་ཧཱ༔ ས་ཡི་ལྷ་མོ་བསྟན་མ་ཡིས༔ ས་བཅུད་བྱེ་མའི་དངོས་གྲུབ་ཕུལ༔ མཆོག་ཐུན་བསྒྲུབ་པའི་རྫས་སུ་བསམ༔ སྣོད་དུ་བསགས་ནས་ཆུ་ཁོལ་ནང་༔ བྱེ་མ་འཚོད་ཅིང་དུག་དབྱུང་སྟེ༔ ལེགས་པར་བསྐམས་ནས་བསྟེན་པར་བྱ༔ དང་པོ་བདུན་ཕྲག་གཅིག་པ་ལ༔ རྩམ་པ་ཆ་གཉིས་བྱེ་མ་ནི༔ ཆ་གཅིག་བྱས་ཏེ་བསྟེན་པ་གནད༔ དེ་ནས་བདུན་ཕྲག་གཉིས་པ་ལ༔ བྱེ་མ་ཆ་གཉིས་རྩམ་པ་ཡང་༔ ཆ་གཅིག་བྱས་ཏེ་བསྟེན་པར་བྱ༔ དེ་ནས་བདུན་ཕྲག་གསུམ་པ་ལ༔ བྱེ་མར་རྩམ་པ་འདྲེས་ཙམ་བྱ༔ དེ་ནས་རིམ་བཞིན་གོམས་པ་དང་༔ རྩམ་པ་སྤང་ཞིང་བྱེ་མ་བསྟེན༔ བཟའ་དུས་ཁྲོ་བོ་རྟ་མགྲིན་ནམ༔ ཚེ་སྒྲུབ་ལྷ་ཡི་ང་རྒྱལ་གྱིས༔ དྲན་པ་ཡེངས་མེད་ངང་ནས་བཟའ༔ ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས༔ རིག་འཛིན་མགོན་པོ་ཚེ་ཡི་ལྷ༔ རྩ་བར་བརྒྱུད་པའི་བླ་མ་རྣམས༔ བདག་ལ་ཐུགས་རྗེས་ཡོངས་གཟིགས་ཏེ༔ རིན་ཆེན་བྱེ་མའི་བཅུད་ལེན་འདི༔ ལས་སུ་རུང་བར་བྱིན་གྱིས་རློབས༔ བཅུད་མཆོག་ལོན་པར་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད༔ ཚེ་སྒྲུབ་སྙིང་པོ་བཟླ༔ བླ་མའི་རྣལ་འབྱོར་ཡང་ཡང་བསྒོམ༔ དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ༔ འཇམ་རླུང་བཟུང་ཞིང་ཕོ་སྐེད་རྣམས༔ དལ་བུས་བསྐོར་བ་སྐབས་རེ་གནད༔ ལུས་གནད་ཙོག་པུ་ཆོས་བདུན་གཙོ༔ འགྲོ་འཆག་ལུས་སྦྱོང་ཆེར་མི་བྱ༔ གེགས་ཀྱི་རྣམ་པ་ཅི་བྱུང་ཡང་༔ མར་དཀར་བག་རེ་སྦང་ཕྱེ་ཅུང་རེ་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཉམས་བླངས་རྣལ་འབྱོར་ལ༔ མཆོག་གི་དངོས་གྲུབ་མཁའ་སྤྱོད་འགྲུབ༔ ཐུན་མོང་རྒས་སྲ་ཚེ་རིང་ཞིང་༔ བར་ཆད་རྐྱེན་དང་ནད་གདོན་བྱང་༔ བད་ཀན་ཕོ་ནད་གཅོང་རིགས་སེལ༔ ཙི་ཙི་ཛཱ་ལའི་ནད་ལ་བསྔགས༔ ལྟོ་གོས་ཞེན་པ་འབྲལ་བར་འགྱུར༔ ཏིང་འཛིན་དགའ་བཞིའི་ཡེ་ཤེས་སྐྱེ༔ དམ་ཚིག་སྔོ་བཙོང་བཅའ་བ་གཞན༔ ཤ་སོགས་སྤང་བ་གནད་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཟབ་པའི་སྙིང་པོ་འདི༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ལས་འཕྲོ་ཅན་གྱིས་རྙེད་གྱུར་ནས༔ ཆོས་བཞིན་སྤྱོད་པའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།། །།

བདུད་རྩི་ཆུའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ བདུད་རྩི་ཆུའི་བཅུད་ལེན་བཞུགས༔ ཚེ་ལྷ་རིག་འཛིན་ཚོགས་ལ་འདུད༔ མ་འོངས་སྐལ་ལྡན་འགའ་ཡི་དོན༔ རང་བྱུང་བདུད་རྩི་ཆུ་ཡི་བཅུད༔ ཉམས་སུ་ལེན་ཐབས་གདམས་པ་འབྲི༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གངས་ཆུ་རྫ་ཆུ་ཕོ་ཡི་ཆུ༔ རྣལ་འབྱོར་ཚ་ཤས་ཅན་གྱིས་བསྟེན༔ ལུ་མ་འབབ་ཆུ་དལ་འགྲོས་ཅན༔ མོ་ཆུ་གྲང་ཤས་ཅན་གྱིས་བསྟེན༔ གཡའ་ཤིང་འདྲེས་པ་མ་ནིང་ཆུ༔ ཚ་གྲང་སྙོམས་པའི་རིགས་ཀྱིས་བསྟེན༔ བྲག་དཀར་མཐོ་དམན་སྙོམས་པའི་ཆུ༔ ལྷ་ཡི་ཆུ་སྟེ་ཡོན་ཏན་འཕེལ༔ ཆུ་མིག་ལྐུགས་རུལ་བ་ཚྭ་ཅན༔ འདྲེ་ཆུ་ཡིན་པས་སྤང་བར་རིགས༔ བྱང་དུ་ལྟ་བའི་ཆུ་མིག་རིགས༔ ཇི་ལྟར་ལེགས་ཀྱང་སྤང་བར་བྱ༔ ལར་ནི་སྐྱོན་དག་ཡོན་ཏན་ཚང་༔ ཆུ་ཡི་བདུད་རྩི་གཙང་ཆབ་ཡིན༔ བསྟེན་པས་ཕན་ཡོན་ལུང་བཞིན་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སྐྱོན་ཡོན་བརྟགས་ནས་ཀྱང་༔ རང་ཉིད་པདྨ་དབང་ཆེན་བསྒོམ༔ མཚོ་སྨན་ཆུ་ཡི་ལྷ་མོ་ཡིས༔ བདུད་རྩི་ཆུ་ཡི་སྙིང་པོ་ཕུལ་བར་བསམས༔ ཨཱོཾ་བཛྲ་པུཥྤེ་པཱུ་ཙ་ཧོ༔ ཅེས་བརྗོད་འབྲུ་ཡི་མེ་ཏོག་གཏོར༔ ཨཱོཾ་བཛྲ་ཨ་མྲྀ་ཏེ་སིངྔྷི་སྟྭཾ༔ ཆུ་བླངས་འགྲོ་དོན་སེམས་བསྐྱེད་གསལ༔ གྲང་ཤས་ཅན་གྱི་རྣལ་འབྱོར་པས༔ གཙང་མའི་སྣོད་དུ་མེ་ལ་བསྐོལ༔ སུམ་ཆར་གདུས་པ་བཏུང་བར་བྱ༔ ཚ་ཤས་ཅན་གྱི་རྣལ་འབྱོར་པས༔ སྐོལ་ཐག་མི་གཏོང་རང་བྱུང་བསྟེན༔ ཚ་གྲང་སྙོམས་པའི་རྣལ་འབྱོར་པས༔ བསྐོལ་ཐག་ཡོད་ཙམ་གཏོང་ནས་ཀྱང་༔ རླངས་པ་ཡལ་བའི་དུས་སུ་བསྟེན༔ འབྱུང་བ་ཆུ་ཡི་དུག་དབྱུང་ཕྱིར༔ རཾ་ཡཾ་ཁཾ་གིས་སྦྱངས་བཀྲུས་བྱ༔ ཨཱོཾ་བཛྲ་ཀྲོ་ངྷ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ༔ གསང་བའི་སྙིང་པོ་འདིས་སྤེལ་ཞིང་༔ བདུད་རྩིའི་རང་བཞིན་ཉིད་དུ་བསྒྱུར༔ ཕུད་ཀྱིས་དཔའ་བོ་མཁའ་འགྲོ་མཆོད༔ ཉིན་གཅིག་ཐུན་གསུམ་བཏུང་བའམ༔ མང་ཉུང་རང་གི་ཁམས་དང་བསྟུན༔ རང་ཉིད་ཡི་དམ་པདྨ་དབང་༔ སྤྱི་བོར་མགོན་པོ་ཚེ་དཔག་མེད༔ པདྨ་ང་དང་དབྱེར་མེད་བསྒོམ༔ ཨེ་མ་འགྲོ་མགོན་ལྷ་ཡི་ལྷ༔ ཚེ་དཔག་མེད་པ་རྒྱལ་བའི་སྐུ༔ མི་ཕྱེད་གུས་པས་གསོལ་བ་འདེབས༔ ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ཀྱིས༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ བདུད་རྩི་ཆུ་ཡི་བཅུད་ལེན་འདི༔ ལས་སུ་རུང་བར་བྱིན་གྱིས་རློབས༔ བཅུད་མཆོག་ལོན་པའི་བྱིན་རླབས་ཀྱིས༔ གེགས་མེད་ཡོན་ཏན་ཀུན་འཐོབ་ཅིང་༔ རྩ་དང་རླུང་དང་ཐིག་ལེ་ལ༔ བརྟེན་ནས་ཉམས་རྟོགས་གོང་འཕེལ་ཏེ༔ མཆོག་ཐུན་དངོས་གྲུབ་འཐོབ་པར་ཤོག༔ ཅེས་པའི་གསོལ་བ་རྩེ་གཅིག་གདབ༔ ཚེ་ལྷ་ཡབ་ཡུམ་སྦྱོར་མཚམས་ནས༔ བདུད་རྩིའི་རྒྱུན་བབས་ཚངས་བུག་ཞུགས༔ རྩ་གསུམ་འཁོར་ལོ་ཀུན་གང་རྒྱས༔ བདེ་དྲོད་ཨ་དང་ཧཾ་ཡིག་གི༔ འབར་འཛག་དམིགས་པའི་འཁྲུལ་འཁོར་གཅུན༔ དལ་ལ་འཇམ་པའི་རླུང་སྦྱོར་འབད༔ སྐབས་སྐབས་ཕོ་སྐེད་བསྐོར་ཞིང་མཉེ༔ འཁྲུལ་འཁོར་རང་ལུས་ལྟ་བུར་གཅུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཉམས་ལེན་བརྩོན་པའི་ཚེ༔ ཤིན་ཏུ་བཀྲེས་པའ་ིཉམས་ཆེ་ན༔ ཕྱུར་བ་བཙོས་པའི་ཁུ་བ་དང་༔ དོ་བའི་རྩ་བ་ལུག་རིལ་ཙམ༔ མར་དཀར་ནང་དུ་དྲིལ་ནས་ཀྱང་༔ བག་རེ་སྐབས་སྐབས་གཏོང་བར་བྱ༔ བད་ཀན་སྟོབས་ཀྱིས་ཁམས་གཉེར་ན༔ སྒ་ཡི་ཐང་གཏོང་མེ་དམིགས་འབད༔ གཞན་ཡང་ཡན་ལག་སྐྲང་བ་དང་༔ གེགས་ཀྱི་རྣམ་པ་ཅི་བྱུང་ཡང་༔ རླུང་སྦྱོར་དལ་ལ་མེ་དམིགས་མྱུར༔ འཁྲུལ་འཁོར་རྒྱག་ཅིང་འབྲུ་མར་གྱི༔ བཀུ་མཉེ་བྱ་ཞིང་ཉི་མར་བསྲེག༔ བླ་མའི་རྣལ་འབྱོར་སྟོང་ར་བསྒོམ༔ དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ༔ བར་ཆད་མེད་པའི་གསོལ་བ་གདབ༔ ཞག་བདུན་སོང་བའི་ཐོར་ཁ་ལ༔ རུས་ཁུ་རན་ཙམ་བསྟེན་པར་བྱ༔ ཞག་བཅུའི་ཉིན་མོ་ཆུ་ཁོལ་དུ༔ མར་དཀར་བག་ཙམ་བཏབ་པ་གཏོང་༔ བདུན་ནས་ཟླ་བར་བསྟེན་བྱེད་ན༔ རུས་ཁུ་མར་དཀར་གོང་བཞིན་འགྲེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་མན་ངག་འདི༔ ཉམས་སུ་བླང་བའི་སྐལ་ལྡན་ལ༔ ཕན་ཡོན་རྣམ་པ་བརྗོད་ལས་འདས༔ ཏིང་འཛིན་གསལ་ཞིང་འོད་གསལ་འཆར༔ ཉམས་རྟོགས་རྒྱས་ཤིང་བདེ་དྲོད་འབར༔ ཆོས་ཉིད་མངོན་སུམ་རང་ཞལ་མཐོང་༔ མ་དང་མཁའ་འགྲོས་ལུང་བསྟན་བྱེད༔ ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར༔ བདག་ཉིད་པདྨས་དབང་མཆོག་བསྐུར༔ སྐལ་པ་ས་བཅུ་དག་དང་མཉམ༔ ཐུན་མོང་རྒས་སྲ་ཚེ་རིང་ཞིང་༔ འདུ་བ་རྣམ་བཞིའི་ནད་རྣམས་དང་༔ སྲིན་རིགས་རླུང་ནད་ཐམས་ཅད་འཇོམས༔ བཀྲེས་སྐོམ་མུ་གེའི་བསྐལ་པ་འཇོམས༔ མཁའ་ལ་འཕུར་ཞིང་ས་ལ་སྤྱོད༔ ཆུ་བྲག་ཁམས་ལ་ཟང་ཐལ་འགྲོ༔ འབྱུང་བ་བཞི་ལ་རང་དབང་བསྒྱུར༔ སྟོབས་རྩལ་གཟི་བརྗིད་ཕུན་སུམ་ཚོགས༔ ཚེ་ཡི་རིག་འཛིན་མངོན་དུ་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་བཅུད་སྙིང་ཏིག་མན་ངག་འདི༔ ཟབ་ཆོས་ཚེ་སྒྲུབ་ཆ་རྐྱེན་དུ༔ ཟབ་ཤོག་མཁའ་འགྲོའི་ཡི་གེར་བཏབ༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ བསྟན་དང་འགྲོ་བའི་དོན་བྱེད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས། གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་ནས་གདན་དྲངས་ཤིང་། ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

བདུད་རྩི་རྡོའི་བཅུད་ལེན།

བཀའ་རྫོགས་་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ བདུད་རྩི་རྡོའི་བཅུད་ལེན་བཞུགས༔ འཆི་མེད་ཚེ་ཡི་ལྷ་ལ་འདུད༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་དོན༔ བདུད་རྩི་རྡོ་ཡི་བཅུད་ལེན་བསྟེན༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ ལྷ་རྡོ་དཀར་པོ་ཞེས་བྱ་བ༔ རི་ཐང་མཚམས་དང་ཆུ་ལ་གནས༔ ཤིན་ཏུ་འཇམ་ལ་སྒོ་ངའི་དབྱིབས༔ ཡང་ན་སྣ་ཚོགས་དབྱིབས་ཅན་འཇམ༔ བྱང་ཆུབ་སེམས་བསྐྱེད་རྣལ་འབྱོར་པས༔ རྩ་གསུམ་ལྷ་ལ་གསོལ་བ་གདབ༔ ཨཱོཾ་ཨཱ༔ ཧཱུྃ་གསུམ་བཟླ་ཞིང་ཐུ༔ ཚ་ཤས་ཆེ་ན་ཆུ་རྡོ་བསྒྲུབ༔ འབབ་ཆུར་གད་བྱས་བསྟེན་པར་བྱ༔ གྲང་ཤས་ཆེ་ན་རི་རྡོ་བསྒྲུབ༔ ཆུ་ཁོལ་ནང་དུ་བཀྲུས་ནས་བསྟེན༔ དམིགས་པ་རང་ཉིད་ཚེ་དཔག་མེད༔ རྡོ་དཀར་ཡེ་ཤེས་སེམས་དཔའི་སྐུ༔ ཁ་རུ་ཟོས་ནས་ལུས་ལ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་འདྲེས༔ ཚེ་སྒྲུབ་སྙིང་པོ་བརྒྱ་རྩ་བཟླས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམས༔ གཏུམ་མོའི་རྣལ་འབྱོར་མེ་དམིགས་སྦར༔ ཕོ་སྐེད་བསྐོར་ཞིང་འཁྲུལ་འཁོར་བྱ༔ དང་པོར་ཉུང་ངུ་བར་དུ་འབྲིང་༔ དེ་ནས་ཅི་མང་བསྟེན་པའམ༔ ཡང་ན་ཁམས་དང་བསྟུན་ཏེ་བཟའ༔ མི་རྟོག་ཉམས་ལེན་གཙོ་བོར་བཏོན༔ རིག་པ་དྭངས་ཤིང་དབང་པོ་གསལ༔ ཉམས་རྟོགས་འཕེལ་ཞིང་དག་སྣང་འཆར༔ མོས་གུས་འབར་ཞིང་ངེས་འབྱུང་སྐྱེ༔ གཅོང་བྱང་ནད་ཞི་བར་ཆད་གྲོལ༔ ཚེ་རིང་རྒས་སྲ་སྡིག་སྒྲིབ་འདག༔ དེ་སོགས་ཡོན་ཏན་དུ་མ་འཐོབ༔ དེ་ཕྱིར་སྐལ་ལྡན་རྣམས་ཀྱིས་སྤྱོད༔ ས་མ་ཡཱ༔ རྒྱ༔ ཉམས་ལེན་འདི་ལ་འབད་པའི་ཚེ༔ གེགས་ཀྱིས་དྲི་མ་འགགས་པ་ན༔ སྨན་མཆོག་རྒྱལ་པོ་ཨ་རུ་དང་༔ མར་དཀར་གདུས་པའི་ཁུ་བ་བཏང་༔ གྲང་རླུང་རྒྱས་དང་མགོ་འཁོར་ན༔ ཚིགས་བཞི་ལ་སོགས་གཟེར་བ་ལ༔ སྐྱོ་ཚ་བཏང་ཞིང་མར་རྙིང་བྱུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ངྷེས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།། །།

ཆོ་གའི་རིམ་པ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཆོ་གའི་རིམ་པ་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ བདག་འདྲ་མཚོ་སྐྱེས་རྡོ་རྗེ་ངས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཚེ་ཡི་ལས་འགྲིགས་ཆོ་ག་འགོད༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་སྟོན་པར་བྱ་སྟེ༔ དང་པོ་སྔོན་དུ་འགྲོ་བ་ནི་དོན་རྣམ་པ་བརྒྱད་དེ༔ བཀའ་བསྒོ་བ༔ མཚམས་གཅོད་པ༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ ཡན་ལག་བདུན་པ༔ མཆོད་པ་བྱིན་གྱིས་བརླབ་པ༔ དམ་བཅའ་བཟུང་བ༔ དམ་བཤགས་འབུལ་བ་དང་བརྒྱད་དོ༔ དང་པོ་བཀའ་བསྒོ་བ་ནི༔ ཧཱུྃཿཧྲཱི༔ གདོད་ནས་དག་པའི་སེམས་ཉིད་འདི༔ རང་ངོ་རང་གིས་མ་ཤེས་པས༔ གཉིས་སྣང་འཁྲུལ་པའི་འདྲེ་དང་བགེགས༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་དེངས༔ ཧྲཱི༔ བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་པ་ནི༔ ཧཱུྃཿཧྲཱི༔ ཀ་ནས་དག་པའི་གཞལ་ཡས་འདིར༔ སྐྱེ་འགག་འགྱུར་མེད་ཆོས་ཀྱི་དབྱིངས༔ སྐུ་གསུམ་ཡེ་ཤེས་ལྷུན་གྱིས་གྲུབ༔ རེ་དོགས་འདྲེ་བགེགས་མཚམས་ཆོད་ཅིག༔ ཨཱོཾ་ཨཱཿཧཱུྃ་ངྷརྨ་ངྷརྟུ་བཛྲ་རཀྵ་རཀྵ་ཧཱུྃཿ གསུམ་པ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃཿཧྲཱི༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ སྐྱབས་མཆོག་རིག་འཛིན་ཚེ་ཡི་ལྷ༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ བདག་ཅག་གུས་པས་སྐྱབས་སུ་མཆི༔ བཞི་པ་སེམས་བསྐྱེད་པ་ནི༔ ཧཱུྃཿཧྲཱི༔ སྐྱེ་རྒ་ན་འཆིའི་རྦ་ཀློང་དུ༔ ཐར་མེད་འཁོར་བར་འཁྱམ་པ་ཡི༔ མར་གྱུར་འགྲོ་བ་སེམས་ཅན་རྣམས༔ ཚེ་ཡི་རིག་འཛིན་ཐོབ་པར་བྱ༔ ལྔ་པ་ཡན་ལག་བདུན་པ་ནི༔ ཧཱུྃཿཧྲཱི༔ ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས༔ འགྱུར་མེད་ཀློང་དུ་ཕྱག་འཚལ་ཞིང་༔ སྤྲོས་མེད་ངང་ནས་མཆོད་པ་འབུལ༔ རང་བྱུང་ཀློང་དུ་གཟུང་འཛིན་བཤགས༔ རང་སེམས་ཆོས་སྐུར་ཡི་རང་ངོ་༔ རྣམ་དག་ཆོས་དབྱིངས་འཁོར་ལོ་བསྐོར༔ སྐྱེ་མེད་ཀློང་དུ་བཞུགས་སུ་གསོལ༔ འགགས་མེད་དགེ་ཚོགས་འགྲོ་ལ་བསྔོ༔ དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃཿཧྲཱི༔ ཆོས་དབྱིངས་ཡེ་ཤེས་རང་རྩལ་ལས༔ རྣམ་དག་མཆོད་པའི་སྤྲིན་ཕུང་གཏིབས༔ མ་དག་བག་ཆགས་གཟུང་འཛིན་བྲལ༔ རྩ་གསུམ་མཆོད་རྫས་བླ་ན་མེད༔ རཾ་སྥ་ར་ན་ཕཊ༔ སཾ་ཧ་ར་ན་ཧཱུྃ༔ ཡཾ་སྥ་ར་ན་ཕཊ༔ སཾ་ཧ་ར་ན་ཧཱུྃ༔ ཁཾ་སྥ་ར་ན་ཕཊ༔ སཾ་ཧ་ར་ན་ཧཱུྃ༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་སརྦ་མ་ཧཱ་པཉྩ་པཱུ་ཙ་ཧོ༔ བདུན་པ་དམ་བཅའ་བཟུང་བ་ནི༔ ཧཱུྃཿཧྲཱི༔ ༔ འདུ་འབྲལ་མེད་པའི་གཞལ་ཡས་འདིར༔ རེ་དོགས་མེད་པའི་ཡི་དམ་ལྷ༔ འགྲོ་འོང་མེད་པའི་ཏིང་འཛིན་གྱིས༔ ཡང་དག་བློ་འདས་ངང་ནས་བསྒྲུབ༔ ཧཱུྃ་ཛྙཱ་ན་ཙིཏྟ་བཛྲ་ཧཱུྃ་ཧྲཱིཿཐཱ༔ བརྒྱད་པ་དམ་བཤགས་འབུལ་བ་ནི༔ ཧཱུྃཿཧྲཱི༔ རྣམ་དག་ཀུན་ཁྱབ་བཅོམ་ལྡན་འདས༔ རང་བྱུང་རང་ལ་མ་རྟོགས་ཏེ༔ བློ་སྣང་འཛིན་པས་བསྒྲིབས་པ་ཡི༔ ཉམས་ཆགས་སྡིག་སྒྲིབ་ཉེས་ལྟུང་བཤགས༔ ཛྙཱ་ན་བཛྲ་ས་མ་ཡཱ་ཨཱ༔ གཉིས་པ་དངོས་གཞིའི་དོན་ལ་བརྒྱད་དེ༔ ལྷ་བསྐྱེད་པ༔ སྤྱན་འདྲེན་པ༔ བཞུགས་སུ་གསོལ༔ ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ བསྟོད་པས་བསྟོད་པ༔ ལྷག་ཆད་བཤགས་པ༔ འཛབ་བསྐུལ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཡེ་ནས་དག༔ གཟུང་འཛིན་བག་ཆགས་མཚན་མ་བྲལ༔ ཆོས་དབྱིངས་ཀུན་ཁྱབ་དེ་བཞིན་ཉིད༔ སྟོང་ཉིད་བློ་འདས་ཆེན་པོར་སྨྲ༔ ངྷརྨཱ་ངྷརྟུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཤཱུངྔྷོ྅ཧཾ༔ ཧཱུྃཿཧྲཱི༔ སྣང་བའི་ཆོ་འཕྲུལ་གཞལ་ཡས་ཁང་༔ རིན་ཆེན་སྣ་ལྔའི་ཕོ་བྲང་ལ༔ དཀར་སེར་དམར་ལྗང་འོད་ཟེར་འཁྲིག༔ གྲུ་བཞི་སྒོ་གྲུ་རྟ་བབས་རྫོགས༔ ཆོས་འཁོར་གདུགས་ཏོག་དྲ་ཕྱམ་དང་༔ སྣ་ཚོགས་མཛེས་པའི་རྒྱན་ཕྲེང་ཅན༔ པདྨ་རྡོ་རྗེ་མེ་རིས་བསྐོར༔ ཕྱི་ནང་མེད་པའི་གཞལ་ཡས་ཁང་༔ ཆོས་དབྱིངས་ངང་དུ་ལྷུན་གྱིས་གྲུབ༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷཱུྃ༔ ཧཱུྃ་ཧྲཱི༔ སྟོང་པའི་རང་བཞིན་ཕོ་བྲང་དབུས༔ འདབ་བཞི་འདབ་བརྒྱད་ཕྱི་ནང་བཅས༔ མུ་ཁྱུད་ཕྲེང་བ་འོད་ལྔས་མཚན༔ པདྨ་ཉི་ཟླ་རིན་ཆེན་གདན༔ ཛྙཱ་ན་ཏིཥྛ་ས་མ་ཡཱ་ཨཱཿཧཱུྃ༔ ཧཱུྃཿཧྲཱི༔ སྣང་སྟོང་གཉིས་མེད་ཐུགས་སྲོག་ཧྲཱིཿ རང་རིག་དག་པའི་ངོ་བོ་ལས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བཅོམ༔ མཁྱེན་བརྩེ་ཡེ་ཤེས་བླ་མེད་ལྡན༔ དུ་མ་རོ་གཅིག་ཀློང་དུ་འདས༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ དུས་གསུམ་སངས་རྒྱས་ཀུན་འདུས་པ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བཅུ་དྲུག་གཞོན་ཚུལ་ལོངས་སྤྱོད་རྫོགས༔ དཀར་དམར་མདངས་ལྡན་ཞལ་གཅིག་པ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ན་བཟའ་སྟོད་གཡོགས་སྨད་དཀྲིས་ཅན༔ སྣ་ཚོགས་དར་དང་རྒྱན་ཕྲེང་མཛེས༔ རལ་པའི་གཙུག་ཏོར་རིགས་ལྔས་བརྒྱན༔ ཞལ་འཛུམ་བཞད་མདངས་མུ་ལེར་བསྒོམ༔ ཧཱུྃཿཧྲཱིཿ ཡུམ་མཆོག་ལྷ་མོ་ཚེ་ཡི་བདག༔ དམར་སྐྱ་ཞལ་གཅིག་ཕྱག་གཉིས་ན༔ ཚེ་ཡི་བུམ་པ་མདའ་དར་བསྣམས༔ དགྱེས་སྦྱོར་ཞབས་གཉིས་ཡབ་ལ་འཁྲིལ༔ ནུ་འབུར་བྷ་ག་ལང་ཚོ་རྒྱས༔ ཐབས་ཤེས་གཉིས་མེད་ཟུང་འཇུག་བསྒོམ༔ ཧཱུྃཿཧྲཱི༔ སྤྱི་གཙུག་རིགས་བདག་འོད་དཔག་མེད༔ ཆོས་སྐུ་སྣང་བ་མཐའ་ཡས་དམར༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ལ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ གཙུག་ཏོར་འཁོར་ལོ་མཚན་དཔེ་ཅན༔ ངུར་སྨྲིག་ཆོས་གོས་ན་བཟའ་གསོལ༔ པདྨ་ཉི་ཟླའི་གདན་ལ་བསྒོམ༔ ཧཱུྃཿཧྲཱི༔ ཤར་ཕྱོགས་པདྨ་ཉི་ཟླའི་སྟེང་༔ དཀར་པོ་རྣམ་སྣང་ཚེ་དཔག་མེད༔ མཁའ་འགྲོ་དཀར་མོ་ཡུམ་དང་འཁྲིལ༔ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ སེར་པོ་རིན་འབྱུང་ཚེ་དཔག་མེད༔ མཁའ་འགྲོ་སེར་མོ་ཡུམ་དང་འཁྲིལ༔ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེང་༔ དམར་པོ་པདྨ་ཚེ་དཔག་མེད༔ མཁའ་འགྲོ་དམར་མོ་ཡུམ་དང་འཁྲིལ༔ བྱང་ཕྱོགས་པདྨ་ཉི་ཟླའི་སྟེང་༔ ལྗང་གུ་ཀརྨ་ཚེ་དཔག་མེད༔ མཁའ་འགྲོ་ལྗང་མོ་ཡུམ་དང་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ ལོངས་སྤྱོད་རབ་རྫོགས་ཅོད་པན་འཕུར༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་༔ ཡུམ་རྣམས་མདའ་དར་ཚེ་བུམ་བསྣམས༔ ཟུང་འཇུག་ཞབས་གཉིས་ཡབ་ལ་འཁྲིལ༔ ཡབ་ཡུམ་ཐམས་ཅད་སྤྱན་གསུམ་པ༔ ཁྲོ་འཛུམ་འགྱིང་བག་འོད་ཟེར་འཕྲོ༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ ཧཱུྃཿཧྲཱི༔ དེ་ཡི་ཕྱི་རོལ་འདབ་བརྒྱད་ལ༔ ཤར་དུ་སྤྱན་མ་སྐུ་མདོག་སེར༔ ཕྱག་ན་གསེར་གྱི་བུམ་པ་བསྣམས༔ ལྷོ་རུ་མཱ་ཀི་སྐུ་མདོག་ལྗང་༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ ནུབ་ཏུ་གོས་དཀར་སྐུ་མདོག་དམར༔ ཕྱག་ན་ཟངས་ཀྱི་བུམ་པ་བསྣམས༔ བྱང་དུ་དམ་ཚིག་སྒྲོལ་མ་ལྗང་༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ གཡས་རྣམས་མདའ་དར་རིགས་ལྔ་ཐོགས༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ དབུ་སྐྲ་ཕྱེད་བཅིངས་ལྕང་ལོ་ཅན༔ ཞབས་གཉིས་སྐྱིལ་ཀྲུང་པད་གདན་བཞུགས༔ ཧཱུྃཿཧྲཱི༔ ཤར་ལྷོར་མཁའ་འགྲོ་བདུད་འདུལ་མ༔ དཀར་མོ་རྡོ་རྗེ་ཚེ་བུམ་འཛིན༔ ལྷོ་ནུབ་མཁའ་འགྲོ་ཞི་བ་མཚོ༔ སེར་མོ་རིན་ཆེན་ཚེ་བུམ་འཛིན༔ ནུབ་བྱང་གླིང་གི་མཁའ་འགྲོ་མ༔ དམར་མོ་པདྨ་ཚེ་བུམ་འཛིན༔ བྱང་ཤར་མཁའ་འགྲོ་ཕྲ་མེན་མ༔ ལྗང་མོ་རྒྱ་གྲམ་ཚེ་བུམ་འཛིན༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་རབ་བགྲད་མཆེ་བ་གཙིགས༔ རཏྣ་དར་དང་རུས་པས་བརྒྱན༔ ཕྱེད་སྐྱིལ་པདྨའི་གདན་ལ་བཞུགས༔ ཧཱུྃཿཧྲཱི༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་༔ དཀྱིལ་འཁོར་གྲུ་ཆད་བར་ཁྱམས་ལ༔ བླ་མ་ཡི་དམ་མཁའ་འགྲོ་གིང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་འཛིན༔ གླུ་ལེན་གར་བྱེད་རོལ་མོ་འཁྲོལ༔ ནམ་མཁའ་ས་གཞི་ཁྱབ་པར་བསྒོམ༔ ཧཱུྃཿཧྲཱི༔ ཚེ་ཡི་ཕོ་བྲང་སྒོ་སྐྱོང་བ༔ ཤར་ཕྱོགས་དཀར་མོ་ལས་བྱེད་མ༔ ལྕགས་ཀྱུ་གཡས་ལ་ཚེ་བུམ་གཡོན༔ ལྷོ་ཕྱོགས་རིན་ཆེན་ལས་བྱེད་མ༔ ཞགས་པ་གཡས་ལ་ཚེ་བུམ་གཡོན༔ ནུབ་ཕྱོགས་པདྨ་ལས་བྱེད་མ༔ ལྕགས་སྒྲོག་གཡས་ལ་ཚེ་བུམ་གཡོན༔ བྱང་ཕྱོགས་ཀརྨ་ལས་བྱེད་མ༔ དྲིལ་བུ་གཡས་ལ་ཚེ་བུམ་གཡོནཿ བརྐྱང་བསྐུམ་གར་སྟབས་འགྱིང་བག་ཅན༔ རིན་ཆེན་རུས་རྒྱན་ཅོད་པན་འཕུར༔ རང་འོད་པདྨའི་གདན་སྟེང་དུ༔ སྣང་སྟོང་ངང་ནས་ལྷམ་མེར་གསལ༔ ཧཱུྃཿཧྲཱི༔ ལྷ་ཚོགས་ཀུན་གྱི་གནས་གསུམ་ལས༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ ཆོས་དབྱིངས་དག་པའི་ཞིང་མཆོག་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་པ་སྤྱན་འདྲེན་པ་ནི༔ རོལ་མོ་འཁྲོལ༔ གླིང་བུ་འབུད༔ དྲི་ཞིམ་གྱི་དུད་པ་གཏོང་སྟེ་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃཿཧྲཱི༔ ཆོས་དབྱིངས་བདེ་བ་ཆེན་པོ་དང་༔ ཕྱོགས་བཅུ་དག་པའི་ཞིང་ཁམས་མཆོག༔ རིག་འཛིན་ཚེ་ཡི་གནས་མཆོག་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡབ་ཡུམ་འཁོར་ཚོགས་བརྒྱུད་པར་བཅས༔ ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་ནས་ཀྱང་༔ དམ་ཚིག་དབང་གིས་དངོས་གྲུབ་སྩོལ༔ སྐུ་ཡིས་གར་སྒྱུར་ནམ་མཁར་སྒྱུར༔ ཆོས་དབྱིངས་ནམ་མཁའི་ཁྱོན་བཀང་སྟེ༔ ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་ནས༔ གར་སྟབས་ཁྲིག་ཁྲིག་གཤེགས་སུ་གསོལ༔ ཨཱ་ལི་ཀཱ་ལིའི་སྔགས་ཀྱི་རྒྱུན༔ གྲགས་སྟོང་ཆོས་དབྱིངས་བརྗོད་མེད་གསུང་༔ སྒྲ་གྲགས་རང་བྱུང་ཡེ་ཤེས་སྒྲའི༔ འཛབ་དབྱངས་དིར་དིར་གཤེགས་སུ་གསོལ༔ འཁོར་འདས་ཡོངས་གྲོལ་ངོ་བོ་ཉིད༔ ཀ་དག་བརྗོད་མེད་ལྷན་སྐྱེས་ཐུགས༔ ཚེ་བདག་མགོན་པོ་སྐྱེ་འཆི་བྲལ༔ འཆི་མེད་སྩོལ་ཕྱིར་གཤེགས་སུ་གསོལ༔ ཐུགས་རྗེའི་སྤྲུལ་པ་སྤྲིན་ལྟར་འཁྲིགས༔ ཡེ་ཤེས་སེམས་དཔའ་ཆར་ལྟར་བབས༔ བདག་གིས་བསྒྲུབ་པའི་གནས་མཆོག་འདིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཚེ་དབང་བསྐུར་ཕྱིར་གཤེགས་སུ་གསོལ༔ བདུད་བཞི་བཟློག་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་བཛྲ་ས་མ་ཡཱ་ཛ༔ ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃཿཧྲཱི༔ ཡེ་ནས་དག་པའི་གཞལ་ཡས་འདིར༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་བཛྲ་སམ་ཡཱ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི༔ ཧཱུྃཿཧྲཱི༔ སྐྱེ་འཆི་འཇིགས་མེད་རྡོ་རྗེའི་སྐུ༔ མྱ་ངན་མི་འདའ་འགྲོ་བའི་མགོན༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ འདབ་ལྡན་མེ་ཏོག་ཅི་མཆིས་པ༔ ཐོགས་མེད་བློ་ཡིས་ཡོངས་བསྡུས་ཏེ༔ དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་པུཥྤེ་པཱུ་ཙ་ཨཱཿཧཱུཾ༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ དྲི་ཞིམ་བདུག་སྤོས་ཅི་མཆིས་པ༔ ཐོགས་མེད་བློ་ཡིས་ཡོངས་བསྡུས་ཏེ༔ དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་དྷཱུ་པེ་པཱུ་ཙ་ཨཱ༔ ཧཱུྃ༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ སྣང་གསལ་སྒྲོན་མེ་ཅི་མཆིས་པ༔ ཐོགས་མེད་བློ་ཡིས་ཡོངས་བསྡུས་ཏེ༔ དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་ཨ་ལོ་ཀེ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ དྲི་བཟང་སྤོས་ཆབ་ཅི་མཆིས་པ༔ ཐོགས་མེད་བློ་ཡིས་ཡོངས་བསྡུས་ཏེ༔ དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་གྷནྡྷེ་པཱུ་ཙ་ཨཱ༔ ཧཱུྃ༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ རོ་མཆོག་ཞལ་ཟས་ཅི་མཆིས་པ༔ ཐོགས་མེད་བློ་ཡིས་ཡོངས་བསྡུས་ཏེ༔ དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་ནཻ་ཝི་ཏེ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཀླས་པར༔ སྒྲ་སྙན་རོལ་མོ་ཅི་མཆིས་པ༔ ཐོགས་མེད་བློ་ཡིས་ཡོངས་བསྡུས་ཏེ༔ དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་ཤཔྟ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃཿཧྲཱི༔ རབ་འབྱམས་ནམ་མཁའི་མཐའ་ཐུག་པར༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ དབང་པོའི་མཆོད་པ་ཅི་མཆིས་པ༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཨཱོཾ་བྷུངྔྷ་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ངྷེ་ཝ་ངྷཀྐི་ནི་རཱུ་པ་ཤཔྟ་གྷན་ངྷེ་ར་ས་པཪྴེ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃཿཧྲཱི༔ དུམ་གཅིག་མཚན་ལྡན་ཐོད་པའི་ནང་༔ མཆོག་ཐུན་རྫས་མཆོག་ཨ་མྲྀ་ཏ༔ ཟག་མེད་ཡེ་ཤེས་བདུད་རྩིས་གཏམས༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ཀྱི༔ ཞལ་དུ་སྟབ་བོ་ཁ་རཾ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཚན་དོན་སྦྱར་ཏེ་འབུལ༔ ཧཱུྃཿཧྲཱི༔ རང་བྱུང་རྫས་མཆོག་བདུད་རྩི་སྨན༔ རྒྱུ་རྐྱེན་མཚན་མ་རྣམ་པར་དག༔ ལྕེ་ཡི་དབང་པོར་མྱོང་བ་ཡི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃཿ ཚེ་བྷྲུྃ་ཡུ་བྷྲུྃ་ཡུ་ཚེ་བྷྲུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དངོས་གྲུབ་བླང་ངོ་༔ ཧཱུྃཿཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་སྦྱར༔ ཉོན་མོངས་རྒྱུ་དྲུག་བསྒྲལ་བའི་ཁྲག༔ རཀྟ་དམར་གྱི་མཆོད་པ་འདི༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ཀྱི༔ ཞལ་དུ་སྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃཿཧྲཱི༔ གཏོར་སྣོད་བྷནྡྷ་ཡངས་པའི་ནང་༔ འབྲུ་བཅུད་ཞལ་ཟས་ཕུན་སུམ་ཚོགས༔ རོ་བརྒྱ་ནུས་ལྡན་བྷ་ལིང་ཏ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་ཀྱི༔ ཞལ་དུ་སྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་བྷ་ལིང་ཏ་ལ་ཁཱ་ཧི༔ ཧཱུྃཿཧྲཱི༔ གཟུགས་མཛེས་ལྷ་མོ་སྣང་བའི་ཡུམ༔ བདེ་ཉམས་གར་འཁྱུག་ལང་ཚོ་རྒྱས༔ སྟོང་པའི་རྩལ་ཁ་བདེ་བའི་ཡུམ༔ རིག་འཛིན་ཚེ་ཡི་ལྷ་ལ་འབུལ༔ དགའ་བཞི་བླ་མེད་མཆོད་པ་བཞེས༔ མ་ཧཱ་མུ་དྲ་ས་མ་ཡ་སྟྭཾ་པཱུ་ཙ་ཧོ༔ ཧཱུྃཿཧྲཱི༔ བདེན་པ་རྣམ་བཞིའི་བྲུབ་ཁུང་དུ༔ ཐོགས་མེད་ཡེ་ཤེས་ཕུར་བུ་ཡིས༔ ང་བདག་གཟུང་འཛིན་དབྱིངས་སུ་བསྒྲལ༔ སྐྱེ་རྒ་ན་འཆི་བརྩད་ནས་གཅོད༔ སྒྲལ་མཆོད་ཚེ་ཡི་ལྷ་ལ་འབུལ༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃཿ ཧྲཱི༔ མ་ཆགས་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ འཆི་མེད་ཚེ་དབང་རིག་འཛིན་གྲུབ་པའ་ིསྐུ༔ འགྲོ་བའི་དོན་དུ་སྤྲུལ་པ་དཔག་མེད་འགྱེད༔ ཚེ་དཔག་མེད་མགོན་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ཡི་ཡུམ་མཆོག་གསང་བའི་ངྷཀྐི་མ༔ དགའ་བཞིིའི་དབང་ཕྱུག་བདེ་བའི་དབང་མོ་ཆེ༔ འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཐོགས་མེད་བདག༔ ཡུམ་མཆོག་བདེ་ཆེན་ལྷ་མོར་ཕྱག་འཚལ་བསྟོད༔ ཧཱུྃཿཧྲཱི༔ དེ་ཡི་འཁོར་ཚོགས་རིགས་བཞི་ཚེ་དཔག་མེད༔ ལས་བཞིའི་འཕྲིན་ལས་ཚེ་ཡི་དངོས་གྲུབ་སྟེར༔ དཀར་སེར་དམར་ལྗང་རང་འོད་ཡུམ་དང་འཁྲིལ༔ ཚེ་བདག་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃཿཧྲཱི༔ ཐུགས་ལས་སྤྲུལ་པའི་ལྷ་མོ་རྣམ་པ་བཞི༔ དངོས་གྲུབ་སྟེར་བའི་མགྱོགས་མ་རྣམ་པ་བཞི༔ འཕྲིན་ལས་བསྒྲུབ་པའི་སྒོ་མ་རྣམ་བཞི་སྟེ༔ རིག་འཛིན་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ལུས་ངག་ཡིིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ བདུན་པ་བཤགས་པ་ནི༔ ཧཱུྃཿཧྲཱི༔ དགོངས་ཤིག་རིག་འཛིན་མགོན་པོ་ཚེ་དཔག་མེད༔ བདག་ནི་ཐོགས་མེད་དུས་ནས་ལས་ཀྱིས་མནར༔ མ་རིག་ལ་སོགས་ཉོན་མོངས་རྒྱུ་བསགས་པས༔ ཆོ་གའི་ལྷག་ཆད་འགལ་འཁྲུལ་ཅི་མཆིས་རྣམས༔ རྣམ་དག་ཆོས་དབྱིངས་ཀློང་དུ་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་༔ བརྒྱད་པ་འཛབ་བསྐུལ་བ་ནི༔ ཧཱུྃཿཧྲཱི༔ བདེ་ཆེན་ཕོ་བྲང་སྣང་སྟོང་འཇའ་གུར་ཀློང་༔ ཐབས་ཤེས་ཉི་ཟླ་པདྨ་བརྩེགས་པའི་སྟེང་༔ རང་རིག་རྣམ་དག་མགོན་པོ་འོད་དཔག་མེད༔ སྐྱེ་འཆི་འཇིགས་བྲལ་རིག་འཛིན་ཚེ་དཔག་མེད༔ ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ལས་བྱེད་ཚོགས༔ མདངས་གསལ་ལྷུན་གྲུབ་མ་འགགས་རོལ་པར་གསལ༔ གྲགས་སྟོང་བརྗོད་མེད་སྔགས་ཀྱི་འདུ་འཕྲོ་བསྒྱུར༔ དྲན་བསམ་རང་གྲོལ་ལྷ་དང་གཉིས་སུ་མེད༔ ཡེ་ནས་རང་བྱུང་རང་ཤར་རང་རིག་ལྷ༔ རང་གསལ་རང་ངོར་དུས་གསུམ་འདུ་འབྲལ་མེད༔ རྒྱ་ཆད་ཕྱོགས་ལྷུང་སྐྱེ་མཆེད་མུ་མཐའ་བྲལ༔ གཅིག་ཏུ་མ་ཡིན་དུ་མ་རོ་གཅིག་ཀློང་༔ བརྗོད་མེད་རང་བྱུང་དོན་གྱི་སྔགས་སྒྲ་སྒྲོགས༔ ཨཱོཾ་ཧཱུྃ་ཏྲཾ༔ ཧྲཱིཿ ཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཚེ་བྷྲུྃ༔ ཡུ་བྷྲུྃ༔ ཡུ་ཚེ་བྷྲུྃ༔ ཅེས་དར་དྲག་ལ་ཡུན་རིང་བར་བཟླ་ཞིང་༔ གྲུབ་པའི་རྟགས་ནི་སྒྲུབ་པའི་རིམ་པ་ལྟར་རོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་དགུ་སྟེ༔ ཚོགས་འཁོར་བསྐོར་བ༔ ལྷག་མ་བསྔོ་བ༔ ཆད་ཐོ་བསྒྲག་པ༔ བསྟན་མ་སྐྱོང་བ༔ བཀྲ་ཤིས་བརྗོད་བ༔ བསྔོ་བས་རྒྱས་འདེབས་པ༔ སྨོན་ལམ་གྱིས་མཚམས་སྦྱོར་བ༔ ཡེ་ཤེས་པ་གཤེགས་པ༔ དམ་ཚིག་པ་བསྡུ་ཞིང་རྒྱུན་སྤྱོད་ལ་འཇུག་པའོ༔ དང་པོ་ཚོགས་ཀྱི་འཁོར་ལོ་ཚོགས་པར་བཤམས་ལ༔ བསང་ཆུ་འཐོར་ཞིང་འདི་སྐད་དོ༔ ཧཱུྃཿཧྲཱི༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ༔ གཉིས་འཛིན་འབག་རྩོག་དྲི་མ་ཡེ་ནས་དག༔ རྣམ་དག་ཆོས་དབྱིངས་མཆོག་གི་མཆོད་རྫས་འདི༔ རང་བྱུང་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃཿཧྲཱི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ རང་བྱུང་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ ཆོས་སྐུའི་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར༔ ཚོགས་ཀྱི་མཆོད་པ་འབུལ་ཕྱིར་སྤྱན་འདྲེན་གཤེགས༔ སྟེང་འོག་ཕྱོགས་བཅུ་དག་པའི་ཞིང་ཁམས་ནས༔ མ་འགགས་རང་གསལ་ཚེ་བདག་རིགས་ལྔ་ལ༔ ལོངས་སྤྱོད་རྫོགས་སྐུ་ཚེ་ལྷ་འབུམ་གྱིས་བསྐོར༔ ཚོགས་ཀྱི་མཆོད་པ་འབུལ་ཕྱིར་སྤྱན་འདྲེན་གཤེགས༔ སྒྲུབ་གནས་རི་བོ་ཏ་ལའི་དབང་ཕུག་ནས༔ རང་རིག་སྤྲུལ་སྐུ་པདྨ་ཡབ་ཡུམ་ལ༔ ཚེ་ཡི་རིག་འཛིན་དཔའ་བོ་དཔའ་མོས་བསྐོར༔ ཚོགས་ཀྱི་མཆོད་པ་འབུལ་ཕྱིར་སྤྱན་འདྲེན་གཤེགས༔ རྟ་མཆོག་རོལ་པ་དབང་གི་གཞལ་ཡས་ནས༔ ཁྲོ་བོའི་རྒྱལ་པོ་དབང་ཆེན་ཡབ་ཡུམ་ལ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ཀྱི་མཆོད་པ་འབུལ་ཕྱིར་སྤྱན་འདྲེན་གཤེགས༔ བཀའ་དང་བསྟན་པ་བསྲུང་བའི་གཞལ་ཡས་ནས༔ ཆོས་སྐྱོང་སྲུང་མ་ལས་བྱེད་རྒྱ་མཚོ་ལ༔ སོ་སོའ་ིསྤྲུལ་པ་བྲན་གཡོག་འབུམ་དང་བཅས༔ ཚོགས་ཀྱི་མཆོད་པ་འབུལ་ཕྱིར་སྤྱན་འདྲེན་གཤེགས༔ བདེ་ཆེན་བཀོད་པའི་ཞིང་འདི་ཉམས་རེ་དགའ༔ རཱ་ག་ཚེ་ཡི་དཀྱིལ་འཁོར་མདངས་རེ་གསལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་རྒྱ་རེ་ཆེ༔ རིག་འཛིན་འདུས་པའི་ལྕམ་དྲལ་ཉམས་རེ་བཟང་༔ དྲི་བཟང་སྤོས་ཀྱི་དུད་པ་དངས་རེ་སྤྲོ༔ རྔ་ཤང་རོལ་མོའི་སྒྲ་སྐད་གསུང་རེ་སྙན༔ ཚོགས་ཀྱི་མཆོད་པ་དམ་པ་ཡར་བཞེས་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃཿཧྲཱི༔ རོ་མཆོག་བརྒྱ་ལྡན་ཚོགས་ཀྱི་མཆོད་པ་འདི༔ རིག་འཛིན་འདུས་པ་ཚེ་ཡི་ལྷ་ཚོགས་དང་༔ རྩ་གསུམ་མཁའ་གྲོ་ཆོས་སྐྱོང་བཅས་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱ༔ ཧཱུྃ་སརྦ་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཧཱུྃཿཧྲཱི༔ བདག་ནི་ཉོན་མོངས་བག་ཆགས་སྒྲིབ་པ་ཅན༔ ཉེས་བྱས་འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ གནོང་ངོ་འགྱོད་དོ་རིག་འཛིན་ཚེ་ཡི་ལྷ༔ མཐོལ་བཤགས་ཚོགས་ཀྱི་འཁོར་ལོས་དག་གྱུར་ཅིག༔ ཉེས་ལྟུང་བག་ཆགས་སརྦ་ཤུངྔྷེ་ཨཱཿ ཧཱུྃཿཧྲཱི༔ ཚེ་ཡི་བར་ཆད་གནོད་བྱེད་འདུལ་བའི་ལྷ༔ ལས་བྱེད་ཕོ་ཉ་ཁྲོ་བོ་ཁྲོ་མོ་འབུམ༔ རྣོ་ངར་ལྡན་པའི་མཚོན་ཆ་ཟངས་སེ་ཟང་༔ ཚེ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས༔ མངོན་སྤྱོད་དྲག་པོས་འདུལ་བའི་དུས་ལ་བབས༔ བཛྲ་ཀྲོ་ཏ་ནྲི་ཏྲི་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ གཉིས་པ་ལྷག་མ་བསྔོ་བ་ནི༔ ཧཱུྃཿཧྲཱི༔ ལས་བྱེད་སྲུང་མ་མ་སྲིང་མཁའ་འགྲོ་འབུམ༔ དཀར་མོ་ཟླ་འདབ་དུང་གི་མཆེ་བ་ཅན༔ རྡོ་རྗེ་རིགས་ཀྱི་བྲན་གཡོག་འཁོར་དང་བཅས༔ སེར་མོ་ས་འདབ་གསེར་གྱི་གོ་ཁྲབ་ཅན༔ རིན་ཆེན་རིགས་ཀྱི་བྲན་གཡོག་འཁོར་དང་བཅས༔ དམར་མོ་ཉི་འདབ་ཁྲག་གི་རལ་པ་ཅན༔ པདྨ་རིགས་ཀྱི་བྲན་གཡོག་འཁོར་དང་བཅས༔ ལྗང་མོ་རླུང་འདབ་སྤུ་གྲིའི་གཤོག་པ་ཅན༔ ལས་ཀྱི་རིགས་ཀྱི་བྲན་གཡོག་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་བསྲུང་༔ ཟས་དང་སྐོམ་དུ་ཤ་དང་ཁྲག་ལ་དགྱེས༔ ལེགས་ཉེས་བཀའ་ཡི་སྟངས་འཛིན་བྱ་ར་བ༔ འབར་མ་ཆེན་མོ་མ་སྲིང་ཁྱེད་རྣམས་ཀྱིས༔ དཔལ་གྱི་ཚོགས་ལྷག་ཞལ་ཟས་འདི་ལོང་ལ༔ བཀའ་དང་བསྟན་པ་གཉན་པོ་ཡུན་དུ་སྲུངས༔ འཁོར་དང་གང་ཟག་རྟག་ཏུ་་སྐྱོང་བ་དང་༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ བྷི་ཤ་ལོ་ཀ་སརྦ་ས་མ་ཡཱ་ཨི་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ གསུམ་པ་ཆད་ཐོ་བསྒྲག་པ་ནི༔ གཏོར་མ་སྤགས་སྨན་རག་སྦྲེང་༔ དཔལ་འབར་འཛུགས་ཏེ་འདི་སྐད་དོ༔ ཧཱུྃཿཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀས༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དབང་དུ་བསྡུས༔ ཐ་ཚིག་བོར་ནས་བཀའ་དང་དམ་ལ་བཏགས༔ བཀའ་ཡི་བྱ་ར་བསྟན་པ་བསྲུང་བར་ཆད༔ རྣལ་འབྱོར་སྐྱོང་ཞིང་དངོས་གྲུབ་སྩོལ་བར་མནོས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དེ་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ འཕྲིན་ལས་རྣམ་བཞི་བཅོལ་བའི་གཉེར་གཏད་སྒྲུབས༔ ཧཱུྃཿཧྲཱི༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ ཟབ་ལུང་གནས་མཆོག་རྡོ་རྗེའི་ཀེའུ་ཚང་དུ༔ སྐྱེ་འཆི་འཇིགས་མེད་པདྨ་འབྱུང་གནས་ཀྱིས༔ མ་སྲིང་རྒྱ་མཚོ་སྡེ་བརྒྱད་དབང་དུ་བསྡུས༔ སྲོག་སྙིང་ཕུལ་ནས་བཀའ་དང་དམ་ལ་བཏགས༔ རྗེས་འཇུག་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་༔ བསྟན་པ་བསྲུང་ཞིང་དགྲ་བགེགས་སྒྲོལ་བར་ཆད༔ སྔོན་ཚེ་སློབ་དཔོན་བཀའ་ལུང་དེ་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བཞི་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃཿཧྲཱི༔ བོད་ཡུལ་ཁ་ལ་གངས་ཀྱི་ལ་ཐོག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པ་མ་སྲིང་བསྟན་མའི་ཚོགས༔ འདིར་གཤེགས་བཀའ་ཡི་བཤལ་ཆུ་འདི་བཞེས་ལ༔ གསང་སྔགས་བླ་མེད་བཀའ་དང་བསྟན་པ་སྲུངས༔ རིག་འཛིན་སྒྲུབ་པ་པོ་ཡི་འགལ་རྐྱེན་ཟློག༔ རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ་པ་དང་༔ བཅོལ་བའི་འཕྲིན་ལས་དུས་འདིར་གྲུབ་པར་མཛོད༔ ཨུ་ཚིནྡྷ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ ལྔ་པ་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃཿཧྲཱི༔ སྐྱེ་འཆིའི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ མཚན་དཔེ་ཡོངས་རྫོགས་རིག་འཛིན་ཚེ་ཡི་ལྷ༔ ཕུན་སུམ་ཚོགས་པ་བཀྲ་ཤིས་འབྱུང་བའི་གནས༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ཡི་བཀྲ་ཤིས་ཤོག༔ འགག་མེད་རོལ་པ་གསུང་དབྱངས་ཆོས་ཀྱི་སྒྲ༔ ཞི་བ་ཆགས་བྲལ་འགྲོ་བ་འདྲེན་པའི་མཆོག༔ གྲགས་སྟོང་བརྗོད་མེད་ལྷན་སྐྱེས་དེ་བཞིན་ཉིད༔ དཀྱིལ་འཁོར་ལྷ་ཚོགས་གསུང་གི་བཀྲ་ཤིས་ཤོག༔ སྣ་ཚོགས་རང་གྲོལ་མཁྱེན་དང་བརྩེ་བའི་བདག༔ འཁོར་འདས་ཡོངས་ཁྱབ་བརྗོད་མེད་ཆོས་ཀྱི་སྐུ༔ ལྷན་ཅིག་སྐྱེས་སྦྱོར་སྙིང་པོ་རྡོ་རྗེ་འཆང་༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀྱི་བཀྲ་ཤིས་ཤོག༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུའི་ཚུལ༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ༔ ཡིད་བཞིན་འགྲོ་བའི་རེ་བ་སྐོང་མཛད་པ༔ དཀྱིལ་འཁོར་ལྷ་ཚོགས་ཡོན་ཏན་བཀྲ་ཤིས་ཤོག༔ དྲག་རྩལ་སྟོབས་ཀྱིས་ཁམས་གསུམ་དབང་དུ་སྡུད༔ ནུས་མཐུའི་སྟོབས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན༔ ཕྲིན་ལས་སྟོབས་ཀྱིས་དགྲ་བགེགས་གདུག་པ་འདུལ༔ དཀྱིལ་འཁོར་ལྷ་ཚོགས་ཕྲིན་ལས་བཀྲ་ཤིས་ཤོག༔ དྲུག་པ་བསྔོ་བས་རྒྱས་འདེབས་པ་ནི༔ ཧཱུྃཿཧྲཱི༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བསྒྲུབས་པ་དང་༔ རྣམ་དཀར་དགེ་བ་སྤྱད་དང་སྤྱོད་པའི་འབྲས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཅི་མཆིས་པ༔ བདག་སོགས་འགྲོ་དྲུག་བྱང་ཆུབ་འཐོབ་ཕྱིར་བསྔོ༔ བདུན་པ་སྨོན་ལམ་གྱིས་མཚམས་སྦྱོར་བ་ནི༔ ཧཱུྃཿཧྲཱི༔ རྣམ་དག་ཆོས་དབྱིངས་མཆོག་གི་བསོད་ནམས་དེས༔ ལུས་ངན་འགྲོ་དྲུག་མངལ་སྒོ་མི་འགྲིམ་ཞིང་༔ རིགས་བདག་ཡི་དམ་ལྷ་ཡིས་རྗེས་བཟུང་ནས༔ སྐུ་དང་ཡེ་ཤེས་མངོན་དུ་འགྱུར་བར་ཤོག༔ བརྒྱད་པ་ཡེ་ཤེས་པ་གཤེགས་པ་ནི༔ ཧཱུྃཿཧྲཱི༔ སྣང་སྟོང་གཉིས་མེད་ཡི་དམ་དཀྱིལ་འཁོར་ལྷ༔ གསལ་སྟོང་འགག་མེད་ཕྱོགས་ཀྱི་ཐིག་ལེར་གཤེགས༔ རིག་སྟོང་མཁྱེན་རྩལ་སླར་ཡང་འགྲོ་བའི་དོན༔ བདག་ཅག་རྣམས་ལ་རྗེས་མཐུན་དངོས་གྲུབ་སྩོལ༔ དགུ་པ་དམ་ཚིག་པ་བསྡུ་ཞིང་རྒྱུན་སྤྱོད་ལ་འཇུག་པ་ནི༔ ཧཱུྃཿཧྲཱི༔ གཙོ་འཁོར་ཡབ་ཡུམ་ཡིག་འབྲུ་ཕྱག་མཚན་བསྒྱུར༔ དེ་ཡང་ཐུགས་སྲོག་ཡི་གེ་ཧྲཱིཿལ་ཐིམ༔ ཧ་ཁོག་ཟླ་ཚེས་ཐིག་ལེ་ནཱ་དར་ཡལ༔ ཀ་དག་གདོད་མའི་དབྱིངས་རིག་མ་བུ་འདྲེས༔ རེ་དོགས་སྤང་བླང་དགག་སྒྲུབ་ངོ་བོར་ཟད༔ མ་བཅོས་མངོན་གྱུར་ཆོས་སྐུ་ཨེ་མ་ཧོ༔ ཨེ་མ་ཟབ་པ་ལས་ཀྱང་ཆེས་ཟབ་པ༔ ཡང་གསང་བླ་མེད་ཚེ་ཡི་སྒྲུབ་པ་ལས༔ ཉམས་ལེན་ཆིག་དྲིལ་ལས་ཆོག་ཕྲིན་ལས་འདི༔ ཨོ་རྒྱན་ཡུལ་གྱི་རིག་འཛིན་པདྨས་བྲིས༔ ཕྱི་རབས་དོན་དུ་ཟབ་མོའི་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ མ་འོངས་ཚེ་ལོ་བཞི་བཅུ་ཁ་རལ་དུས༔ ང་ཡི་ཐུགས་སྲས་སྦས་པའི་རྣལ་འབྱོར་པ༔ སྣང་བ་ཧུར་སྤྱོད་པདྨ་ང་ལ་མོས༔ འབྲེལ་ཚད་དོན་ལྡན་སྐྱེས་བུ་ཁམས་ནས་འོང་༔ ཆོས་འདིར་འཕྲད་དུས་གསང་རྒྱ་ཉམས་ལེན་འབུངས༔ བདག་གཞན་དོན་གཉིས་འཕྲིན་ལས་མཐའ་རུ་ཕྱིན༔ དེ་ནས་ཆོས་བདག་ནོར་མེད་གསང་བར་སྤེལ༔ ཆོས་འདིས་བསྟན་དང་འགྲོ་དོན་དཔག་མེད་འབྱུང་༔ དམ་ཆོས་འཚོ་ཤེས་གྱིས་ཤིག་ཕྱི་རབས་བུ༔ བཀའ་གཙང་ཟོལ་མེད་པདྨ་འབྱུང་གནས་གསུང་༔ ཡིད་བཞིན་རེ་བ་སྐོང་བའི་ནོར་བུ་འདྲ༔ དེ་ཕྱིར་ཉམས་སུ་ལོངས་ཤིག་མ་འོངས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་དུས་མཐའི་སྤྲང་བན་ཉི་མ་གྲགས་པས། ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ། ཤངས་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་གི་རྡོ་རྗེ་ཧཱུྃ་ཅན་གྱི་བྲག་ནས་གདན་དྲངས་པའོ། །༈འཆི་མེད་རིག་འཛིན་ཚེ་སྒྲུབ་ཀུན་གྱི་མཆོགབདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བྱེད་པའི། ཕྲིན་ལས་ཆོ་ག་ཡན་ལག་བཅས་པའི་པར། བསྒྲུབ་པའི་དགེ་བས་བསྟན་འཛིན་སྐྱེས་བུ་དང་། བསྟན་པ་མཆོད་པའི་ཡོན་བདག་འཁོར་དང་བཅས། སྐྱེ་དགུ་ཀུན་ཀྱང་ཚེ་ཡི་གེགས་ཞི་ཞིང་། ཚེ་སྲོག་ཀ་བ་གཞོམ་བྲལ་རྡོ་རྗེ་ལྟར། རབ་བརྟན་ཚེ་དཔག་མེད་མགོན་དབྱེར་མེད་ཤོག །ཅེས་པདྨའི་མིང་ཅན་གྱིས་པར་བྱང་དུ་སྨྲས་པ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ།། །།

ཡེ་ཤེས་བྱིན་འབེབས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཡེ་ཤེས་བྱིན་འབེབས་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ བདག་འདྲ་མཚོ་སྐྱེས་རྡོ་རྗེ་ངས༔ མ་འོངས་རྗེས་འཇུག་སྐལ་ལྡན་གྱིས༔ དངོས་གྲུབ་མྱུར་དུ་འཐོབ་བྱའི་ཕྱིར༔ ཚེ་སྒྲུབ་ཟབ་མོའི་ཆ་ལག་ཏུ༔ དམ་ཚིག་གནད་བསྐུལ་བྱིན་འབེབས་འབྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྒྲུབ་པ་ལ་སོགས་ཀྱི་དུས་ཁྱད་པར་ཅན་ལ་བབས་ཚེ༔ རྣལ་འབྱོར་ཕོ་མོ་ཆས་གོས་ཀྱིས་བརྒྱན་ཞིང་དྲི་བཟང་གི་སྤོས་གཏོང་༔ རོལ་མོའི་སྒྲ་འཁྲོལ༔ ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་དུ་བྱའོ༔ ཧཱུྃཿཧྲཱི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ་ཡི་གཞལ་ཡས་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ༴ བྱིན་ཆེན་དབབ༴ ཟངས་མདོག་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ༴ བྱིན་ཆེན་དབབ༴ ཟབ་ལུང་གནས་མཆོག་རྡོ་རྗེའི་ཀེའུ་ཚངས་ནས༔ ཡེ་ཤེས་མཚོ་རྒྱལ་མཁའ་འགྲོ་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ༴ བྱིན་ཆེན་དབབ༴ ཡེར་པ་ལྷ་རི་སྙིང་པོའི་གཞལ་ཡས་ནས། །ལོ་ཙཱ་ཆེན་པོ་ཀླུ་ཡི་དབང་པོ་ལ། །རྒྱ་བོད་ལོ་ཙཱ་མཁས་གྲུབ་ཚོགས་ཀྱིས་བསྐོར། སྒྲུབ་པའི་ཕོ་བྲང་ཚེ༴ བྱིན་ཆེན་དབབ༴ གནས་མཆོག་སྲིང་མོ་རྫོང་གི་གཞལ་ཡས་ནས། །རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ལ། །གཏེར་སྟོན་གྲུབ་ཐོབ་རིག་འཛིན་ཚོགས་ཀྱིས་བསྐོར། །སྒྲུབ་པའི༴ བྱིན་ཆེན་དབབ་ཅིང༴ དབུས་ཕྱོགས་འཐུག་པོ་བཀོད་པའི་ཞིང་ཁམས་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་ཡབ་ཡུམ་ལ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས༔ སྒྲུབ་པའི༴ བྱིན་ཆེན་དབབ༴ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ རྣམ་སྣང་ཚེ་དཔག་མེད་མགོན་ཡབ་ཡུམ་ལ༔ རྡོ་རྗེ་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང༴ བྱིན་ཆེན་དབབ་ཅིང་༴ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ རིན་འབྱུང་ཚེ་དཔག་མེད་མགོན་ཡབ་ཡུམ་ལ༔ རིན་ཆེན་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ་ཡི༴ བྱིན་ཆེན་དབབ་ཅིང་༴ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང་ཁམས་ནས༔ སྣང་མཐའ་ཚེ་དཔག་མེད་མགོན་ཡབ་ཡུམ་ལ༔ པདྨ་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ་ཡི༴ བྱིན་ཆེན་དབབ་ཅིང་དབང་༴ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ དོན་གྲུབ་ཚེ་དཔག་མེད་མགོན་ཡབ་ཡུམ་ལ༔ ཀརྨ་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ སྒྲུབ་པའི་ཕོ་བྲང་ཚེ་ཡི་གཞལ༴ བྱིན་ཆེན་དབབ་ཅིང་༴ ཚེ་ཡི་ལྷ་མོ་མགྱོགས་མ་སྒོ་མའི་ཚོགས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས༔ སྒྲུབ་པའི་ཕོ་བྲང་ཚེ་ཡི་གཞལ་ཡས་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཧཱུྃཿཧྲཱི༔ བླ་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ དམ་ཚིག་གསང་བའི་རྫས་ལ་བརྟེན༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ བསྙེན་སྒྲུབ་ལས་སྦྱོར་བརྩམ་ལགས་པས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་འབུམ༔ དམ་ཅན་སྲུང་མ་ལས་བྱེད་ཚོགས༔ འོག་མིན་ཆོས་དབྱིངས་ཞིང་ཁམས་དང་༔ མཁའ་སྤྱོད་རིག་འཛིན་ཕོ་བྲང་ཆེ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ སྐུ་ཡི་གར་སྟབས་ལིངས་སེ་ལིང་༔ གསུང་གི་གད་རྒྱངས་ཡ་ལ་ལ༔ ཐུགས་ཀྱི་ཏིང་འཛིན་ཏ་ལ་ལ༔ རྒྱན་ཆ་མང་པོ་སིལ་ལི་ལི༔ ཅོད་པན་མང་པོ་པུ་རུ་རུ༔ རོལ་མོ་མང་པོ་དིར་རི་རི༔ བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཚེ་བྷྲུྃ་ཡུ་བྷྲུྃ་ཡུ་ཚེ་བྷྲུྃ༔ ཛྙཱ་ན་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཅེས་བརྗོད་པས་རྩ་བ་གསུམ་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་མངོན་སུམ་དུ་བྱིན་ཐིབས་ཐིབས་བྱོན་ནས༔ མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྩལ་ཞིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པའི་མོས་པ་རྩེ་གཅིག་ཏུ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཟབ་ལུང་པཱ་ལོ་གུ་རུའི་སྒྲུབ་ཕུག་གི་རྡོ་རྗེ་ཧཱུྃ་རྒྱ་བྲག་ནས། ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོངས་མོ་དབང་གི་དུས་སུ་གདན་དྲངས་ཤིང་། ས་མོ་ལུག་ལོ་ཧོར་ཟླ་བདུན་པའི་ཚེས་དགེ་བར་ཤོག་སེར་ལས་བཤུས་པའོ། །མངྒ་ལཾ། །

འཛབ་དགོངས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ འཛབ་དགོངས་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ༔ མ་འོངས་བུ་ཡི་དོན་ཕྱིར་དུ༔ འཛབ་དགོངས་དོན་ཚིག་གསལ་འདེབས་ཤིག༔ བདག་འདྲ་པདྨས་བཀོད་པར་བྱ༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འཛབ་ཀྱི་དུས་སུ་རྡོ་རྗེ་མཆེད་ལྕམ་རྣམས་ལུ་གུ་རྒྱུད་སྦྲེལ་ལ༔ འཛབ་དགོངས་བསྟོད་ཚིག་འདི་ལྟར་བྱ༔ ཧཱུྃཿཧྲཱི༔ དབུས་ཕྱོགས་འཁོར་ལོ་འབར་བའི་གཞལ་ཡས་ནས༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང་༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང་༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ལ༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃཿཧྲཱི༔ ཤར་ཕྱོགས་རྡོ་རྗེ་འབར་བའི་གཞལ་ཡས་ནས༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང་༔ རྡོ་རྗེ་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང་༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ལ༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃཿཧྲཱི༔ ལྷོ་ཕྱོགས་རིན་ཆེན་འབར་བའི་གཞལ་ཡས་ནས༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང་༔ རཏྣ་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་སེར་ལ་འོད་ཟེར་འཕྲོ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང་༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ལ༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃཿཧྲཱི༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་ནས༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང་༔ པདྨ་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང་༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ལ༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃཿཧྲཱི༔ བྱང་ཕྱོགས་རྒྱ་གྲམ་འབར་བའི་གཞལ་ཡས་ནས༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང་༔ ཀརྨ་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང་༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ལ༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་ཅིང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་རིག་འཛིན་ཚེ་ཡི་ལྷ་ཚོགས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་། ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

ཐུགས་དམ་བསྐུལ་ཆོག་ཚེ་འགུགས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལསཿ ཐུགས་དམ་བསྐུལ་ཆོག་ཚེ་འགུགས་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ མ་འོངས་སྐལ་ལྡན་རྗེས་འཇུག་དོན༔ ཐུགས་དམ་གནད་ནས་བསྐུལ་བ་དང་༔ དངོས་གྲུབ་ཟབ་མོ་ལེན་པའི་ཐབས༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྒྲུབ་པ་དང་སྒྲུབ་ཆེན་དབང་ལ་སོགས་པའི་དུས་ཁྱད་པར་ཅན་གྱི་ཚེ༔ དུས་དྲུག་གམ་དུས་གསུམ་དུ་ཚེ་ཡི་མདའ་དར་གཡབ་ཅིང་འདི་སྐད་དུ་བསྐུལ་ཞིང་ཚེ་འགུགས་པར་བྱའོ༔ ཧཱུྃཿཧྲཱི༔ ཆགས་མེད་བདེ་ཆེན་ཚེ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་ལྷ་མོ་ངྷཀྐི་མ༔ ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་བསྒྲུབ་ཕྱིར༔ འཆི་མེད་དངོས་གྲུབ་སྩོལ་ཕྱིར་སྐུ་བསྐྱོད་འཚལ༔ ཧཱུྃཿཧྲཱི༔ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རིགས་ཀྱི་བདག་པོ་སངས་རྒྱས་སྣང་མཐའ་ཡས༔ སྐུ་གསུམ་རྩ་བརྒྱུད་བླ་མ་འཁོར་དང་བཅས༔ ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་བསྒྲུབ་ཕྱིར༔ འཆི་མེད་དངོས་གྲུབ་སྩོལ་ཕྱིར་སྐུ་བསྐྱོད་འཚལ༔ ཧཱུྃཿཧྲཱི༔ ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་བསྒྲུབ་ཕྱིར༔ འཆི་མེད་དངོས་གྲུབ་སྩོལ་ཕྱིར་སྐུ་བསྐྱོད་འཚལ༔ ཧཱུྃཿཧྲཱི༔ ཤར་ཕྱོགས་མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ རྡོ་རྗེ་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ ཚེ་ཡི་མཁའ་འགྲོ་ལྷ་མོ་མགྱོགས་མའི་ཚོགས༔ ཁྱེད་ཀྱི་རྗེས་སུ༴ འཆི་མེད་དངོས་གྲུབ༴ ཧཱུྃཿཧྲཱི༔ ལྷོ་ཕྱོགས་མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ རིན་ཆེན་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ ཚེ་ཡི་མཁའ་འགྲོ་ལྷ་མོ་མགྱོགས་མའི་ཚོགས༔ ཁྱེད་ཀྱི་རྗེས་སུ༴ འཆི་མེད་དངོས་གྲུབ༴ ཧཱུྃཿཧྲཱི༔ ནུབ་ཕྱོགས་སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ པདྨ་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ ཚེ་ཡི་མཁའ་འགྲོ་ལྷ་མོ་མགྱོགས་མའི་ཚོགས༔ ཁྱེད་ཀྱི་རྗེས་སུ༴ འཆི་མེད་དངོས་གྲུབ༴ ཧཱུྃཿཧྲཱི༔ བྱང་ཕྱོགས་བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཀརྨ་རིགས་ཀྱི་ཚེ་ལྷ་འཁོར་དང་བཅས༔ ཚེ་ཡི་མཁའ་འགྲོ་ལྷ་མོ་མགྱོགས་མའི་ཚོགས༔ ཁྱེད་ཀྱི་རྗེས་སུ༴ འཆི་མེད་དངོས་གྲུབ༴ ཧཱུྃཿཧྲཱི༔ བཀའ་དང་དམ་ཚིག་གཉན་པོའི་གཞལ་ཡས་ནས༔ གནས་ཡུལ་དཔའ་བོ་དཔའ་མོ་དུར་ཁྲོད་བདག༔ སྲུང་མ་ལས་བྱེད་དམ་ཅན་རྒྱ་མཚོའི་ཚོགས༔ ཁྱེད་ཀྱི་རྗེས་སུ༴ འཆི་མེད་དངོས་གྲུབ༴ ཅེས་བརྗོད་པས་རྩ་གསུམ་ཚེ་ལྷ་རིགས་འཛིན་བཀའ་སྡོད་དང་བཅས་པ་ཐམས་ཅད་ཐུགས་དམ་དབང་གིས་བྱོན་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བསྒོམ་ཞིང་༔ སླར་ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་ཚེའི་ལྷ་མོ་མགྱོགས་མ་སྒོ་མ་དང་བཅས་པ་གྲངས་མེད་དཔག་ཏུ་མེད་པ་འཕྲོས་ནས༔ ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་གི་འཁོར་འདས་ཐམས་ཅད་ཡོངས་སུ་ཁྱབ་ཅིང་༔ ཕྱོགས་བཅུའི་ཞིང་རབ་འབྱམས་རྡུལ་གྱི་གྲངས་མཉམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ནུས་སྟོབས་དྲག་རྩལ༔ ཕྱི་སྣོད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱཿ ཉི་རྡུལ་གྱི་གྲངས་དང་མཉམ་པའི་འབྱུང་བ་བཞིའི་ཁམས་ཀྱི་དྭངས་མ་དང་རྩི་བཅུད་ཀྱི་ནུས་པ༔ ནང་བཅུད་ཀྱི་སྐྱེ་འགྲོ་ཁམས་གསུམ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་དཔལ་འབྱོར་བ་སྟོབས་གཟི་བརྗིད་ཁ་རྗེ་དབང་ཐང་ལུང་རྟོག་གི་ཡོན་ཏན་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འུབས་འུབས་བསྡུས་ཏེ༔ རང་དང་སྒྲུབ་རྫས་དམིགས་བྱ་ཐམས་ཅད་ལ་གཉིས་སུ་མེད་པར་སིབ་སིབ་ཐིམ་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྐད་ཅིག་ཉིད་ལ་ཐོབ་པར་བསམས་ཤིང་འདི་སྐད་དོ༔ ཧཱུྃཿཧྲཱི༔ མ་ཆགས་སྐྱོན་བྲལ་དབང་གི་དཀྱིལ་འཁོར་ནས༔ ཚེ་ལྷ་ཡབ་ཡུམ་རིགས་བདག་པདྨ་དབང་༔ རིགས་བཞིའི་ཚེ་བདག་ཡབ་ཡུམ་འཁོར་དང་བཅས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལས་བྱེད་འབུམ༔ འཆི་མེད་ཚེ་བུམ་རིན་ཆེན་མདའ་དར་བསྣམས༔ རྡོ་རྗེ་ཚེ་དབང་གྲུབ་པའི་ལས་མཛོད་ཅིག༔ ཧཱུྃཿཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ནས༔ སངས་རྒྱས་སྤྱན་མ་སྐུ་མདོག་སེར༔ ཕྱག་གཡས་རྡོ་རྗེ་མདའ་དར་གཡབ༔ གཡོན་པས་ཚེ་ཡི་བུམ་པ་བསྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ ཤར་ཕྱོགས་དྲི་ཟ་ཕོ་མོའི་ཚེ༔ ཕྱི་སྣོད་འབྱུང་བའི་དངས་མ་དང་༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ འོད་ཟེར་སྤྲོ་བསྡུའི་འཕྲོ་འདུ་ཡིས༔ བདག་ཅག་རྣམས་ལ་གཉིས་མེད་བསྟིམས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བཻཌཱུརྱ་ཡི་གཞལ་ཡས་ནས༔ ཡུམ་མཆོག་མཱ་ཀི་སྐུ་མདོག་ལྗང་༔ ཕྱག་གཡས་རིན་ཆེན་མདའ་དར་གཡབ༔ གཡོན་པས་གཡུ་ཡི་བུམ་པ་བསྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོའི་ཚེ༔ ཕྱི་སྣོད་འབྱུང་བའི་དྭངས་མ་དང་༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ འོད་ཟེར་སྤྲོ་བསྡུའི་འཕྲོ་འདུ་ཡིས༔ བདག་ཅག་རྣམས་ལ་གཉིས་མེད་བསྟིམས༔ རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ༔ པདྨ་རཱ་གའི་གཞལ་ཡས་ནས༔ ཡུམ་མཆོག་གོས་དཀར་སྐུ་མདོག་དམར༔ ཕྱག་གཡས་པདྨ་མདའ་དར་གཡབ༔ ཕྱག་གཡོན་ཟངས་ཀྱི་བུམ་པ་བསྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ ནུབ་ཕྱོགས་ཀླུ་དབང་ཕོ་མོའི་ཚེ༔ ཕྱི་སྣོད་འབྱུང་བའི་དྭངས་མ་དང་༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ འོད་ཟེར་སྤྲོ་བསྡུའི་འཕྲོ་འདུ་ཡིས༔ བདག་ཅག་རྣམས་ལ་གཉིས་མེད་བསྟིམས༔ པདྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཨིནྡྲ་ནཱི་ལའི་གཞལ་ཡས་ནས༔ དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་༔ ཕྱག་གཡས་རྒྱ་གྲམ་མདའ་དར་གཡབ༔ ཕྱག་གཡོན་ཤེལ་གྱི་བུམ་པ་བསྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་ཚེ༔ ཕྱི་སྣོད་འབྱུང་བའི་དངས་མ་དང་༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ འོད་ཟེར་སྤྲོ་བསྡུའི་འཕྲོ་འདུ་ཡིས༔ བདག་ཅག་རྣམས་ལ་གཉིས་མེད་བསྟིམས༔ ཀརྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃཿཧྲཱི༔ ཤར་ལྷོ་མཚམས་ནས་ཚེ་འགུགས་མ༔ མཁའ་འགྲོ་བདུད་འདུལ་དཀར་མོ་ནི༔ ཐུགས་སྤྲུལ་དཀར་མོ་འབུམ་དང་བཅས༔ མེ་ལྷ་ཕོ་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷོ་ནུབ་མཚམས་ནས་ཚེ་འགུགས་མ༔ སེར་མོ་རིན་ཆེན་ཞི་བ་མཚོ༔ ཐུགས་སྤྲུལ་སེར་མོ་འབུམ་དང་བཅས༔ སྲིན་པོ་ཕོ་མོའི་ལག་ནས་ཚེ་ཁུག་ཅིག༔ ནུབ་བྱང་མཚམས་ནས་ཚེ་འགུགས་མ༔ རྒྱ་མཚོོའི་གླིང་གི་མཁའ་འགྲོ་དམར༔ ཐུགས་སྤྲུལ་དམར་མོ་འབུམ་དང་བཅས༔ རླུང་ལྷ་ཕོ་མོའི་ལག་ནས་ཚེ་ཁུག་ཅིག༔ བྱང་ཤར་མཚམས་ནས་ཚེ་འགུགས་མ༔ ཕྲ་མེན་མཁའ་འགྲོ་སྐུ་མདོག་ལྗང་༔ ཐུགས་སྤྲུལ་ལྗང་མོ་འབུམ་དང་བཅས༔ དབང་ལྡན་ཕོ་མོའི་ལག་ནས་ཚེ་ཁུག་ཅིག༔ ཧཱུྃཿཧྲཱི༔ ཁམས་གསུམ་ཀུན་གྱི་ཚེ་བདག་ནི༔ ཤར་ཕྱོགས་ཞི་བའི་འཕྲིན་ལས་བདག༔ དཀར་མོ་ལྕགས་ཀྱུའི་ལས་མཛད་མ༔ ཤར་གྱི་སྒོ་མས་ཚེ་ཁུག་ཅིག༔ དུས་གསུམ་ཀུན་གྱི་ཚེ་བདག་ནི༔ ལྷོ་ཕྱོགས་རྒྱས་པའི་འཕྲིན་ལས་བདག༔ སེར་མོ་ཞགས་པའི་ལས་མཛད་མ༔ ལྷོ་ཡི་སྒོ་མས་ཚེ་ཁུག་ཅིག༔ སྲིད་གསུམ་ཀུན་གྱི་ཚེ་བདག་ནི༔ ནུབ་ཕྱོགས་དབང་གི་འཕྲིན་ལས་བདག༔ དམར་མོ་ལྕགས་སྒྲོག་ལས་མཛད་མ༔ ནུབ་ཀྱི་སྒོ་མས་ཚེ་ཁུག་ཅིག༔ སྐུ་གསུམ་ཀུན་གྱི་ཚེ་བདག་ནི༔ བྱང་ཕྱོགས་དྲག་པོའི་འཕྲིན་ལས་བདག༔ ལྗང་མོ་དྲིལ་བུའི་ལས་མཛད་མ༔ བྱང་གི་སྒོ་མས་ཚེ་ཁུག་ཅིག༔ གནད་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃཿཧྲཱི༔ གསང་བ་ཚེ་ཡི་དཀྱིལ་འཁོར་འདིར༔ ཚེ་ལྷ་རིག་འཛིན་གཙོ་དང་འཁོར༔ ཆོས་སྐུ་སྣང་བ་མཐས་ཡས་དང་༔ ལོངས་སྐུ་འཕགས་པ་སྤྱན་རས་གཟིགས༔ སྤྲུལ་སྐུ་འཆི་མེད་པདྨ་འབྱུང་༔ མཁའ་འགྲོའི་དབང་ཕྱུག་མཚོ་རྒྱལ་མ༔ འཁོན་ཆེན་ཀླུ་ཡི་དབང་པོ་དང་། །རིག་འཛིན་ཆེན་པོ་ཉི་མ་གྲགས། ཐུགས་སྲས་རྩ་བརྒྱུད་བླ་མའི་ཚོགས། གཞན་ཡང་མཁའ་སྤྱོད་ཞིང་ཁམས་དང་༔ རྒྱ་བོད་གནས་མཆོག་ཐམས་ཅད་ནས༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ ཚེ་ལ་དབང་བའི་གྲུབ་ཐོབ་རྣམས༔ ཁྱེད་རྣམས་ཐུགས་རྗེའི་མངའ་བདག་ཅན༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ བསྐུལ་ཞིང་གསོལ་བ་བཏབ་པའི་ཚེ༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ རྣམ་འཕྲུལ་དཔག་མེད་དཀྱིལ་འཁོར་ནས༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ སྐྱེ་འཆི་མེད་པའི་དབང་ཆེན་བསྐུར༔ འགྱུར་བ་མེད་པའི་བྱིན་ཆེན་ཕོབ༔ འབྱུང་བཞི་ཕྱི་ཡི་བཅུད་བསྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམས༔ ཚེ་བསོད་དཔལ་འབྱོར་ཉམས་པ་གསོས༔ ཁྱེད་རྣམས་ཐུགས་དམ་དུས་ལ་བབས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དགོངས༔ འཆི་མེད་དངོས་གྲུབ་དུས་འདིར་སྩོལ༔ ཚེ་དབང་རིག་འཛིན་དུས་འདིར་སྩོལ༔ ཚེ་སྲོག་ཆད་ཉམས་འཐོར་བ་སྡུས༔ གས་པ་སྦྱོར་ལ་ཡོ་བ་སྲོང་༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགྱུར་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྙིང་པོ་ཚེ་ཡི་དངོས་གྲུབ་སྩོལ༔ རྣམ་དག་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་ཐུགས་དམ་གནད་ནས་བསྐུལ་ཞིང་དངོས་གྲུབ་ཀྱི་དབང་བཞི་ཏིང་ངེ་འཛིན་གྱིས་བླང་ངོ་༔ མདདོར་ན་འདི་ནི་སྒྲུབ་ཆེན་དང་༔ སྒྲུབ་པ་དང་དབང་སོགས་གང་བྱེད་ཀྱང་༔ ཐུགས་དམ་གནད་བསྐུལ་གྱི་ཚེ་འགུགས་དངོས་གྲུབ་ལེན་ཆོག་དང་བཅས་པ་ཡིན་པས་ཀུན་ལ་སྦྱར་ཤེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་རྩོད་ལྡན་བཞི་བཅུའི་མར་གྲིབ་ལ༔ ང་ཡི་ཐུགས་སྲས་སྦས་པའི་རྣལ་འབྱོར་པ༔ བྱ་བ་བྲལ་ཞིང་འདོད་བློའི་ཞེན་པ་ཟད༔ བདེན་རྫུན་སྣ་ཚོགས་རྟ་སྐད་ཆོ་ལེར་སྨྲ༔ ཕ་རོལ་གཞན་གྱི་སྣང་བར་མི་བསྟུན་ཞིང་༔ ལེགས་ཉེས་འདེམས་སོར་མེད་ཅིང་ཐག་ཆོད་མྱུར༔ པདྨ་ང་ལ་སྙིང་ནས་མོས་པའི་བུ༔ འབྲེལ་ཚད་དོན་ལྡན་སྐྱེས་བུ་ཁམས་ནས་འོང་༔ ཟབ་ཆོས་འདིར་འཕྲོད་དོན་གཉིས་མཐར་ཕྱིན་ཤོག༔ གཏེར་བདག་སྲུང་མས་ཆོས་འདིའི་བྱ་ར་གྱིས༔ དུས་ལ་བབས་ཚེ་མ་ནོར་འཆུག་མེད་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ། །

སྦྱིན་སྲེག

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ སྦྱིན་སྲེག་བཞུགས༔ མགོན་པོ་ཚེ་དཔག་མེད་མགོན་ལ༔ གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ལས༔ སྦྱིན་སྲེག་མེ་ཡི་འཕྲིན་ལས་ཤིག༔ མ་འོངས་དོན་དུ་ལེགས་པར་འབྲི༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ཞི་སོགས་འཕྲིན་ལས་རྣམ་པ་བཞིའི༔ མེ་མཆོད་ལག་ལེན་བསྟན་པ་ནི༔ མཎྜལ་འདོམ་གང་གྲུ་བཞི་པའི༔ དབུས་སུ་ལིང་ཙེ་བཞི་བྱས་ཏེ༔ དྲི་བཟང་ཆུ་ཡིས་ཆག་ཆག་གདབ༔ ལས་བཞིའི་ཐིག་ཆོག་སྤྱི་འགྲོས་བསྟུན༔ དབུས་སུ་འདབ་བཞི་ལྟེ་བ་ཟླུམ༔ ཚེ་ལྷ་རིགས་ལྔའི་ས་བོན་ནམ༔ ཕྱག་མཚན་ཚོན་གྱིས་བྲི་བར་བྱ༔ ཙན་དན་རྒྱ་ཤུག་་མཛོ་མོ་ཤིང་༔ ཚེར་མ་ཅན་སོགས་ཤིང་སྣ་བཞི༔ ཟླུམ་པོ་གྲུ་བཞི་ཟླ་གམ་དང་༔ གྲུ་གསུམ་ཚུལ་དུ་ཐབ་ཁུང་བརྩིག༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ༔ སྟོང་པའི་རང་རྩལ་ཐབ་ཁུང་བཞི༔ རིན་ཆེན་གཞལ་ཡས་ཁང་དུ་བསམས༔ བསོད་ནམས་ཅན་ལས་མེ་བླངས་སྦར༔ མེ་ལྷ་སྤྱན་འདྲེན་འདི་སྐད་དོ༔ ཨཱོཾ་ཚུར་བྱོན་འབྱུང་བ་མེ་ཡི་ལྷ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ མེ་རླུང་བ་དན་ཕྱག་ན་བསྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བར་གཅོད་ཞི་དང་ཚེ་བསོད་སྤེལ༔ སྣང་སྲིད་དབང་སྡུད་སྡེ་བརྒྱད་འདུལ༔ འཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་༔ སྲེག་བླུགས་ཞལ་ཟས་མཆོད་པ་བཞེས༔ མེ་ལྷའི་ལྟོ་བར་མགོན་པོ་ཚེ་ཡི་ལྷ༔ རིག་འཛིན་བརྒྱུད་པའི་སློབ་དཔོན་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཏིལ་གང་ལྟ་བུར་གསལ༔ རྩ་སྔགས་ཤམ་བུར༔ ཨཱོཾ་ཨགྣ་ཡེ་ནད་གདོན་བར་ཆད་ཤིནྟང་ཀུ་རུ་ཡེ་སྭཱ་ཧཱ༔ ཤར་དུ་འབུལ༔ དེ་བཞིན་ལྷོ་རུ་ཚེ་དང་བསོད་ནམས་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཏུ་ལྷ་འདྲེ་མི་གསུམ་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་དུ་དགྲ་བགེགས་གནོད་བྱེད་ཐམས་ཅད་སརྦ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ བརྒྱ་དང་རྩ་བརྒྱད་དག་གིས་ལེགས་པར་འབུལ༔ གསེར་དངུལ་ཟངས་ལྕགས་སྣོད་ནང་དུ༔ འཕྲིན་ལས་བཞི་ཡི་སྲེག་རྫས་རྣམས༔ དངུལ་དུང་འབྲས་ཏིལ་མར་དཀར་ཤར༔ གསེར་དང་འབྲུ་སྨན་གཏོར་མ་ལྷོ༔ ཟངས་དང་ཤ་ཆེན་ལན་ཚྭ་ནུབ༔ ལྕགས་དང་སྲན་མ་ཏིལ་ནག་བྱང་༔ ཀུན་གྱི་སྐྱོབས་ནི་ཕྱེ་དང་མར༔ མཆོད་རྫས་འདོད་ཡོན་ལྔ་རུ་བསམས༔ ཡི་གེ་འབྲུ་གསུམ་སྔགས་བྱིན་བརླབ༔ ཡེ་ཤེས་བསྐྱེད་བསྟིམ་ལས་གཞུང་བསྲང་༔ ཁྱད་པར་རྫས་ལ་ངེས་པ་མེད༔ རང་གི་འདོད་པའི་ལོངས་སྤྱོད་རྫས༔ མཁོ་དགུ་ཡིད་ལ་ཅི་འདོད་རྣམས༔ སྔགས་ཀྱི་ཤམ་བུ་འདོད་གསོལ་བསྒྱུར༔ འབུལ་བ་མན་ངག་གནད་ཡིན་ནི༔ འདི་ནི་ཕྲིན་ལས་རྩ་བ་སྟེ༔ བསམ་པའི་དོན་འགྲུབ་བར་ཆད་ཞི༔ དབང་དྲག་ལས་ལ་ཐོགས་མེད་འགྱུར༔ དེ་ལྟར་ཆོ་ག་རྫོགས་ནས་ཀྱང་༔ ལྷ་ཚོགས་རང་གིི་སྙིང་གར་བསྡུ༔ ད་ལ་བསྡུ་ཞིང་བསྔོ་སྨོན་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦྱིན་སྲེག་མེ་ཡི་འཕྲིན་ལས་འདི༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ མ་འོངས་དོན་དུ་གཏེར་དུ་སྦོས༔ ཡ་མཚན་མཁའ་འགྲོ་འདུ་བའི་གླིང་༔ ཟབ་བུ་ལུང་གི་བར་སྒོ་ན༔ པདྨ་ང་ཡི་སྒྲུབ་ཕུག་ཏུ༔ རྒྱ་གསུམ་བཏབ་པའི་ཟབ་ཆོས་འདི༔ མ་འོངས་དུས་ཀྱི་ཡང་མཐའ་ལ༔ སྦས་པའི་རྣལ་འབྱོར་ང་ཡི་བུ༔ མཐའ་འཁོབ་ཁམས་ཀྱི་ཡུལ་ནས་འོང་༔ པདྨ་རིགས་ཀྱི་དཔའ་བོ་སྟེ༔ གསང་མཚན་རྡོ་རྗེ་སྨེ་བས་བརྒྱན༔ མ་སྲིང་རྒྱ་མཚོ་ཤུགས་ཀྱིས་འཁོར༔ ངེས་མེད་སྣང་སྤྱོད་ཆོ་ལེ་བ༔ ཀླུ་དབང་སྐྱེ་བའི་ཐ་མ་ལ༔ ཉི་མའི་མིང་ཅན་མ་བྱུང་བར༔ སྲུང་མས་ཆོས་འདིའི་བྱ་ར་གྱིས༔ ལས་འཕྲོ་ཅན་གྱི་ལག་ཏུ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ བདག་སྤྲང་བན་གཡུ་རྣ་ཅན་གྱིས། ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་ཉིན་མོ་གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་པཱ་ལོ་གུ་རུའི་སྒྲུབ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།

གཏེར་སྲུང་ཀླུ་སྨན་མཆོད་ཐབས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ གཏེར་སྲུང་ཀླུ་སྨན་མཆོད་ཐབས་བཞུགས༔ ཚེ་ལྷ་རིགས་འཛིན་ཚོགས་ལ་འདུད༔ གཏེར་བདག་ཀླུ་སྨན་རྒྱལ་མོ་ལ༔ མཆོད་ཅིང་འཕྲིན་ལས་བཅོལ་བའི་ཐབས༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཙང་མའི་གནས་སུ་གདན་དཀར་སྟེང་༔ འབྲས་སམ་འབྲུ་ཡི་ཚོམ་བུ་དགོད༔ འབྲས་སམ་དཀར་མོའི་ནས་ཕྱེ་ལ༔ ཟླུམ་གཏོར་པད་འདབ་བརྒྱད་ལྡན་པའི༔ པད་འདབ་སྟེང་དུ་རིལ་བུ་བཞག༔ དར་ཚོན་སྣ་ལྔ་ཀླུ་སྨན་བཏབ༔ ཆུ་གཙང་འོ་མ་དག་གིས་སྦྲན༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ༔ མདུན་དུ་རྒྱ་མཚོ་འཁྱིལ་བའི་ཀློང་༔ པད་སྡོང་དཀར་སེར་ཟེའུ་འབྲུའི་སྟེང་༔ ཀླུ་མོ་ཆེན་མོ་གཟི་འབར་མ༔ ཀླུ་སྨན་འབུམ་གྱིས་བསྐོར་བར་བསྐྱེད༔ ཐུགས་ཀར་ནཱ་ཡིག་ས་བོན་དཀར༔ འོད་ཟེར་འཕྲོས་པས་ཀླུ་ཡུལ་ནས༔ ལྷ་མོ་འཁོར་བཅས་སྤྱན་དྲངས་བསྟིམ༔ སྤོས་དཀར་དྲི་ཞིམ་དུད་པ་གཏོང་༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཨཱོཾ་ནཱ་ག་གྷོ་བུ་ཏེ་སརྦ་ཨ་ཧི་ར་མུ་ཡ་ཛཿཧཱུྃ༔ བཛྲ་ས་མ་ཡ་ཛ༔ ཛ༔ ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ རིན་ཆེན་འབར་བའི་ཕོ་བྲང་ནས༔ ཀླུ་མོ་ཆེན་མོ་ལྷ་མོ་མཆོག༔ འདོད་སྒྱུར་ཆེན་མོ་འཕྲུལ་མོ་ཆེ༔ ཀླུ་ཆེན་དུང་སྐྱོང་སྲས་མོ་ཆེ༔ ནོར་འཛིན་དངོས་གྲུབ་ཀུན་གྱི་བདག༔ དཔལ་གྱི་ལྷ་མོ་དཔལ་གྱི་འཕྲུལ༔ ཀླུ་མོ་ཆེན་མོ་གཟི་འབར་མ༔ སྐུ་མདོག་དཀར་དམར་མཛེས་འཛུམ་ལྡན༔ ཞལ་གཅིག་ཕྱག་གཉིས་ནོར་བུ་དང་༔ རིན་ཆེན་གཏེར་གྱི་སྒྲོམ་བུ་བསྣམས༔ དར་དཀར་ན་བཟའ་སྐུ་ལ་གསོལ༔ དབུ་སྐྲ་ཕྱེད་བཅིངས་ཐུར་ལ་འཕྱང་༔ ནོར་བུ་དབང་གི་རྒྱལ་པོས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཕུར༔ ཀླུ་སྨན་འབུམ་གྱི་འཁོར་དང་བཅས༔ ད་ཚུར་ད་ཚུར་གནས་འདིར་བྱོན༔ མྱུར་དུ་སྐུ་སྐྱོད་གཏེར་སྲུང་མ༔ མ་ཐོགས་ད་ཚུར་གཤེགས་སུ་གསོལ༔ སྤྱན་འདྲེན་གནས་འདིར་གཤེགས་པའི་ཚེ༔ ནོར་བུའི་རྒྱན་ཆ་ཁྲ་ལ་ལ༔ རིན་ཆེན་གདུ་བུ་སི་ལི་ལི༔ དར་དཔྱངས་ཅོད་པན་པུ་རུ་རུ༔ དངོས་གྲུབ་རྒྱ་མཚོ་ཤ་ར་ར༔ བཞིན་བཟང་འཛུམ་མདངས་མུལ་ལུ་ལུ༔ ཞལ་བཟང་བཞད་གད་ཡ་ལ་ལ༔ མཆོད་པའི་གནས་འདིར་གཤེགས་ནས་ཀྱང་༔ ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་༔ ནང་མཆོད་དཀར་གསུམ་མངར་གསུམ་དང་༔ གསང་མཆོད་བྷ་ལིང་རྒྱན་ལྡན་རྣམས༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ ཧཱུྃཿ ལྷ་མོ་ཆེན་མོ་དཔལ་ལྡན་མ༔ སྟེང་གི་ལྷ་རྣམས་སྐྱོང་བའི་ཚེ༔ ལྷ་མོ་ཆེན་མོ་དཔལ་འབར་མ༔ འོག་གི་ཀླུ་རྣམས་སྐྱོང་བའི་ཚེ༔ ཀླུ་མོ་ཆེན་མོ་གཟི་འབར་མ༔ བར་གྱི་གཉན་ཁམས་སྐྱོང་བའི་ཚེ༔ གཉན་མོ་ཆེན་མོ་གངས་དཀར་མ༔ སྟོང་གསུམ་འཇིག་རྟེན་སྐྱོང་བའི་ཚེ༔ ས་ཡི་ལྷ་མོ་བསྟན་བྱེད་མ༔ བླ་མེད་བསྟན་པ་བསྲུང་བའི་ཚེ༔ བསྟན་སྲུང་ཆེན་མོ་གཟི་བརྗིད་ལྡན༔ ཆོས་འཁོར་གནས་དགོན་སྐྱོང་བའི་ཚེ༔ ལྷ་མོ་ཆེན་མོ་དུད་སོལ་མ༔ ཉམས་པའི་དགྲ་བགེགས་སྒྲོལ་བའི་ཚེ༔ བདུད་མོ་ཆེན་མོ་རེ་མ་ཏཱི༔ སྦས་ཡུལ་མེལ་ཚེ་བསྟན་བསྲུང་ཚེ༔ ནག་མོ་ཆེན་མོ་རལ་གཅིག་མ༔ མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བརྟེན་ཅིང་བསྒྲུབ་ཏེ་ཐུགས་དམ་བསྐང་༔ འབོད་ཅིང་རྦད་དེ་ལས་ལ་བསྐུལ༔ དཔལ་དང་གྲགས་པའི་དངོས་གྲུབ་སྩོལ༔ སྟོབས་དང་གཟི་བརྗིད་དངོས་གྲུབ་སྩོལ༔ འདུ་བ་རྣམ་བཞིའི་དངོས་གྲུབ་སྩོལ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ རིན་ཆེན་སྣ་ལྔའི་དངོས་གྲུབ་སྩོལ༔ དར་ཟབ་གོས་ཀྱི་དངོས་གྲུབ་སྩོལ༔ འབྲུ་སྣ་སྟོང་གི་དངོས་གྲུབ་སྩོལ༔ ཁྱེའུ་སྲིད་ཀྱི་དངོས་གྲུབ་སྩོས༔ བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ༔ མཆོག་ཐུན་བདེ་ལེགས་ཡོན་ཏན་ཀུན༔ བདག་ལ་དུས་འདིར་མཆིས་པར་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ འདོད་པའི་དངོས་གྲུབ་ལེགས་སྩལ་ནས༔ ལྷ་མོ་དབྱིངས་སུ་གཤེགས་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་ཕྲིན་ལས་ཀུན་གྱི་བདག༔ ཁྱད་པར་ཐུན་མོང་ལས་རྣམས་ཀུན༔ མཆོད་ཅིང་བསྟོད་པས་གྲུབ་པར་བྱེད༔ སྒྲུབ་པ་ལས་སྦྱོར་བྱ་མི་དགོས༔ གསོལ་མཆོད་འབུངས་ན་དོན་ཀུན་འགྲུབ༔ སྙིང་ཉེ་དམ་གཙང་འཁུ་ལྡོག་ཆུང་༔ རྒྱུན་དུ་ཆག་མེད་མཆོད་བསྟོད་ན༔ དཀོར་བདག་མེལ་ཚེ་ངེས་པར་བྱེད༔ མོ་ཆགས་ཡིན་པས་སེར་སྣ་ཆེ༔ ལྷ་མོ་ཡིན་པས་སྤོས་དང་ནི༔ མེ་ཏོག་ལ་སོགས་ཕྱི་མཆོད་དགྱེས༔ ཀླུ་མོ་ཡིན་པས་དཀར་གསུམ་དང་ཿ མངར་གསུམ་མཆོད་པས་ཐུགས་རྒྱུད་དགྱེས༔ ནོར་བདག་ཡིན་པས་འབྲུ་སྣ་དང་༔ དར་ཟབ་གཏོར་མས་ཤིན་ཏུ་དགྱེས༔ འདི་ཉིད་རྒྱུན་དུ་བརྟེན་བྱེད་ན༔ སྐུ་གཟུགས་བཟོས་ནས་མཛོད་དུ་སྦ༔ སྤྱན་གཟིགས་ཀ་ཆ་ཅི་འབྱོར་བཤམས༔ དུས་སུ་མཆོད་ཅིང་གཏོར་མ་འབུལ༔ དམ་ཚིག་ཡུགས་ས་མཛེ་མོ་དང་༔ ནལ་དང་རྨུགས་ཀྱི་གྲིབ་ལ་འཛེམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།

རྒྱུད་པའི་གསོལ་འདེབས།

ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་གསོལ་འདེབས་བཞུགས། ཨཱོཾ་ཚེ་བྷྲུྃ་སིངྔྷི་ཕ་ལ་ཧཱུྃ། །བདེ་བ་ཅན་གྱི་ཞིང་ཁམས་ནས། །འོད་དཔག་མེད་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །མ་ར་ཏི་ཀའི་གནས་མཆོག་ནས། །ཚེ་དཔག་མེད་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་༴ ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཟངས་མདོག་དཔལ་རིའི་རྩེ་མོ་ནས། །སློབ་དཔོན་ཆེན་པོར་གསོལ་བ་འདེབས། །འཆི་མེད༴ དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཟབ་བུ་ལུང་གི་གཞལ་ཡས་ནས། །རྒྱལ་བའི་ཡུམ་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ༴ བདུད་བཞི་ཆོམས་པར་བྱིན་གྱིས་རློབས། །འཆིམས་ཕུ་དབེན་རྩའི་ཕོ་བྲང་ནས། །ནཱ་ག་ཨིནྟྲར་གསོལ་བ་འདེབས། །འཆི་མེད་ཚེ་ཡི༴ སྐྱེམེད་རྟོགས་པར་བྱིན་གྱིས་རློབས། །སྨོན་ལམ་མཐར་ཕྱིན་ཕོ་བྲང་ནས། །སཱུརྱ་ཀིར་ཏིར་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྐྱེ་འཆི་མེད་པར་བྱིན་གྱིས་རློབས། །བདེ་ཆེན་དག་པའི་ཞིང་ཁམས་ནས། །ཐུགས་སྲས་དམ་པར་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྐུ་བཞི་འགྲུབ་པར་བྱིན་གྱིས་རློབས། །སྲིང་རྫོང་རྒྱལ་བའི་གནས་མཆོག་ནས། །རྡོ་རྗེ་སྙིང་པོར་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདི་ཡང་སྔགས་འཆང་གུ་རུ་རྣམ་སྲས་ཀྱིས་བསྐུལ་ངོར་རིག་འཛིན་རྣམ་རྒྱལ་གྱིས་མཛད་པའོ། །

ཚེ་སྒྲུབ་ཀྱི་བསྐང་བ་སོགས།

ཚེ་སྒྲུབ་ཀྱི་བསྐང་བ་བདུད་རྩི་ལག་མཆོད་བསྙེན་བསྟོད་ཆད་ཐོའི་མཚམས་སྦྱོར་སྒྲུབ་ཁོག་ནས་བྱུང་བའི་ལྟ་བྲོ་རྣམས་བཞུགས། །ཧཱུྃཿཧྲཱི༔ བསྐང་ངོ་བསྐལ་བར་ཐུགས་དམ་བསྐང་། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡུམ་མཆོག་ལྷ་མོ་གོས་དཀར་མོ། ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་། རིགས་ཀྱི་བདག་པོའི་ཐུགས་དམ་བསྐང་། །ཚེ་ལྷ་རིགས་ལྔའི་ཐུགས་དམ་བསྐང་། །ཡུམ་མཆོག་ལྔ་ཡི་ཐུགས་དམ་བསྐང་། །ལྷ་མོ་བཞི་ཡི་ཐུགས་དམ་བསྐང་། །མགྱོགས་མ་བཞི་ཡི་ཐུགས་དམ་བསྐང་། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་བར་ཆད་སོལ། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུྃཿཧྲཱི༔ བཀའ་ཡི་སྲུང་མ་དམ་ཚི་ཅན། །རང་རང་མཆོད་པའི་རྫས་ཀྱིས་བསྐང་། །ཐུགས་དམ་བསྐང་ལ་ཕྲིན་ལས་སྒྲུབས། །དགྲ་བགེགས་སྒྲོལ་ལ་རྐྱེན་རྣམས་ཟློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་འདི་ཡང་མདོ་ཁམས་སྒོམ་སྡེ་པ་དགེ་ཚུལ་དཀོན་མཆོག་གིས་བསྐུལ་ངོར་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་སུ་སྦྱར་བའོ། །བདུད་རྩི་ལག་མཆོད་ནི། །ཨཱོཾ་ཨཱ༔ ཧཱུྃཿ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཚེ་དཔག་མེད་མགོན་ཞལ་དུ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ལོ་ཆེན་ཀླུ་ཡི་དབང་པོའི་ཞལ་དུ༴ རིག་འཛིན་ཉི་མ་གྲགས་པའི་ཞལ་དུ༴ དྲིན་ཅན་རྩ་བའི་བླ་མའི་ཞལ་དུ༴ རིག་འཛིན་ཚེ་ཡི་ལྷ་ཚོགས་ཞལ་དུ༴ བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཞལ་དུ༴ ཞེས་བརྗོད་དོ། །སྒྲུབ་ཐབས་ལས་བྱུང་བའི་བསྙེན་པ་ནི། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཾ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཚེ་བྷྲུྃ༔ ཡུ་བྷྲུྃ༔ ཡུ་ཚེ་བྷྲུྃ༔ མ་མ་སརྦ་སིདྡྷཱི་སྡུས་སྡུས་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་ལྷ་རིགས་ལྔའི་མཆོད་བསྟོད། ཧཱུྃཿཧྲཱི༔ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཚེ་ཡི་ལྷ༔ གཙོ་དང་འཁོར་གཡོག་ལྷ་མོ་མགྱོགས་མར་བཅས། །མ་ལུས་འཁོར་དང་བཅས་ལ་མཆོད་ཅིང་བསྟོད། །འཆི་མེད་ཚེ་དབང་རིག་འཛིན་དངོས་གྲུབ་སྩོལ། ཧཱུྃཿཧྲཱི༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཚེ་ཡི་ལྷ། །གཙོ་དང་༴ མ་ལུས༴ འཆི་མེད༴ ཧཱུྃཿཧྲཱི༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཚེ་ཡི་ལྷ། གཙོ་དང་༴ མ་ལུས༴ འཆི་མེད༴ ཧཱུྃཿཧྲཱི༔ ནུབ་ཕྱོགས་པདྨ་རིགས་ཀྱི་ཚེ་ཡི་ལྷ། །གཙོ་དང་༴ མ་ལུས༴ འཆི་མེད་ཚེ་དབང་རིག་འཛིན་དངོས་གྲུབ་སྩོལ། །ཧཱུྃཿཧྲཱི༔ བྱང་ཕྱོགས་ཀརྨ་རིགས་ཀྱི་ཚེ་ཡི་ལྷ། །གཙོ་དང་༴ ། མ་ལུས༴ འཆི་མེད་ཚེ་དབང་རིག་འཛིན་དངོས་གྲུབ་སྩོལ། ༈ཧཱུྃཿཧྲཱི༔ དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ། །རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ཡིས། །སྨོན་ལམ་སྟོབས་དང་གུ་རུའི་ཐུགས་རྗེའི་མཐུས། །ཟབ་གཏེར་སྒོ་འཕར་སྲུང་མས་བསྐུལ་བྱང་མཛད། །གཏེར་བདག་ཀླུ་སྨན་དམ་ཅན་རྒྱ་མཚོ་ཡིས། །དམ་བཅས་ཐ་ཚིག་གཡར་དམ་རྗེས་དགོངས་ལ། །གཏོར་མ་བཞེས་ལ་རྐྱེན་ངན་བར་ཆད་ཟློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་པ་འདི་རྣམས་གཏེར་སྟོན་གྱི་ལྗགས་བསྒྲིགས་ཡིན་ནོ། ༈སྒྲུབ་ཁང་གི་ཐེམ་འོག་ཏུ་ལྟ་བྲོ་བརྡུང་ཞིང་འདི་སྐད་དོ༔ ཧཱུྃཿཧྲཱི༔ གསང་བ་ཚེ་ཡི་དཀྱིལ་འཁོར་དུ༔ བསྙེན་སྒྲུབ་ཟབ་མོའི་རྗེས་འབྲང་ཞིང་༔ བསྒྲུབ་ལ་བར་གཅོད་སྒབ་འདྲེ་རྣམས༔ གཏོར་གཞོང་རི་རབ་གླིང་འོག་མནན༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ དགྲ་བགེགས་སརྦ་ཤ་ཏྲུཾ་སྟམ་བྷ་ཡ་ནན་ནན༔ ཅེས་བརྗོད་ལྟ་བྲོའི་རྒྱ་ཡིས་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྟོབ་པ་ནིཿ ཧཱུྃཿཧྲཱིཿ མ་རིག་ཏུ་ཏྲ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལཿ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱོང་བའི་ཕྱིརཿ ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཡང་སྤྲུལ་བཅསཿ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་སྟོབཿ ཁ་རཾ་ཁཱ་ཧིཿ མངྒ་ལཾ།

ཞི་བའི་སྦྱིན་སྲེག་ཀུནྡའི་འདོད་འཇོ།

ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་ཁ་བསྐང་ཞི་བའི་སྦྱིན་སྲེག་ཀུནྡའི་འདོད་འཇོ་བཞུགས། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རྣལ་འབྱོར་པ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གྲངས་ཚད་དུས་རྟགས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་ཞི་བར་བྱ་བ་དང་། །བསྙེན་པའི་ཁ་སྐོང་སོགས་སུ་སྦྱིན་སྲེག་གི་ཆོ་ག་བརྩམ་པར་བྱ། སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ནི། ཤིང་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཡོད་པའི་ཡར་ངོ་བཀྲ་ཤིས་པའི་གཟའ་སྐར་སྦྱོར་བྱེད་དང་ལྡན་པའི་སྔ་དྲོའི་ཚེ། སྐབས་སུ་གང་བབས་ཀྱི་གནས་ཁང་ཕྱགས་བདར་ལེགས་པར་བྱས་ལ། སྔར་དུལ་བའི་དགོན་གནས་ཡུལ་ཕྱོགས་ཡིན་ན་མི་དགོས་ཤིང་། །དེ་མ་ཡིན་པའི་རིགས་ལ་རྒྱས་པར་སྒྲུབ་ཆེན་ལྟར་ས་བརྟགས་བླང་སྦྱང་འདུལ་གྱི་ཆོ་ག་བྱ་ཞིང་། །རྒྱས་པ་གཏན་ནས་མ་གྲུབ་ན་བསྡུས་པར་ཡི་གེ་བརྒྱ་པ་དང་སྙིང་པོ་བགྲང་ཞིང་ས་ལ་ཆུ་འཐོར། ལྟོ་འཕྱེའི་འཁོར་ཚུལ་དང་བསྟུན་ཏེ་ལྟོ་བ་ནས་ས་བླང་ཞིང་། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲི་ཝ་ཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ༔ སྭཱ་ཧཱ་བྷྲཱུྃ་ཏྲཾ་ཧྲཱིཿཨཱ༔ ཅེས་བརྗོད་ཅིང་བྱིན་གྱིས་བརླབས་པའི་སར་སྟེགས་བུ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་ས་དཀར་པོས་ཁ་དོག་བསྒྱུར་བ་ལ་དཀྱིལ་འཁོར་ཟླུམ་པོ་ལྟེ་བའི་པདྨ་ཕྱི་ནང་ལྷ་གྲངས་དང་མཉམ་པ། ལྷའི་སྐུ་མདོག་དང་མཐུན་པའི་ཚོན་གྱིས་བསྒྱུར་བའི་དབུས་རྣམས་སུ་ལྷ་གྲངས་ཀྱི་ཕྱག་མཚན་ནམ་ཚོམ་བུ་བཀོད་པའི་ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བ་བྲིས་པའི་སྟེང་དུ་ཙན་དན་དཀར་པོ་དང་འོ་མ་ཅན་ལ་སོགས་པའི་ལས་མཐུན་གྱི་བུད་ཤིང་དྲི་བཟང་པོས་བྱུགས་པས་ཟླུམ་པོ་སྲིད་དང་དཔངས་སོགས་དཀྱིལ་འཁོར་དང་མཐུན་པར་བརྩེག༔ ཡི་དམ་ཆོས་སྐྱོང་གི་གཏོར་མ་སྨན་རག་སོགས་ཕྱི་ནང་གི་མཆོད་པ་རྒྱས་དང་། རང་གི་མདུན་དུ་རྡོར་དྲིལ་ཌཱ་མ་རུ། ཀུ་ཤ། རླུང་གཡབ། དགང་གཟར་བླུགས་ཁ་སྦྱར་ཏེ་ཡ་མ་བྲལ་བར་བཞག་པ་དང་། གཡས་སུ་ཙན་དན་ནམ་འོམ་བུ་འམ་མེ་ཅན་སོགས་དཀར་པོའི་ཤིང་དྲི་ཞིམ་པོ་དང་ལྡན་པ་སྲིད་དུ་སོར་བཅུ་གཉིས་སྦོམ་ཕྲ་མཐེའུ་ཆུང་ཙམ་པའི་ཁ་མཉམ་པར་བཅད་པ་ལ་འཇིགས་པ་ཆེན་པོ་བརྒྱད་སོགས་ནད་གདོན་བར་བཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤན་ཏིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བྲིས་པའི་རྩེ་གཉིས་སུ་མར་དང་སྦྲང་རྩིས་བྱུགས་པའི་ཡམ་ཤིང་གང་མང་དང་། མར་ཁུ། ཏིལ་དཀར། ཡུངས་དཀར། ཟས་སྣ། དུརྦ། འབྲས། སོ་བ། ནས། སྲན་མ། གྲོ། ཀུ་ཤ། ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག་སྟེ་སྤྱི་རྫས་དང་། ཁྱད་པར་གྱི་རྫས་པད་དཀར། ཙམ་པ་ཀ། ཙན་དན་དཀར་པོ། ག་པུར། རྩི་མར། དྲི་སྣ། དུང་། ཤེལ། དངུལ་སོགས་དཀར་པོའི་རིགས་ཀྱི་རིན་ཆེན་དར་གོས་འབྲུ་སྨན་ཅི་འབྱོར་བ་དང་། གཡོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉེར་སྤྱོད། ཚར་གཉིས་གཏོར་མ་སྨན་རག་བཅས་པའི་མཆོད་རྫས་བསང་ཆུ་རྣམས་བཤམས་ལ། ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་ལས་བྱང་ཀླུ་མོ་སོགས་གང་བྱེད་པའི་ཆོས་སྐྱོང་གི་འཕྲིན་ལས་བསྐང་གསོལ་དང་བཅས་པ་རང་གཞུང་ལས་བྱང་གི་ལྷག་གཏོར་ཡན་གྲུབ་ནས། གདན་དཀར་པོའི་སྟེང་དུ་དར་དཀར་སོགས་ཆས་གོས་དཀར་་པོ་དང་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་མི་ཚིག་གིས་བར་མ་ཆོད་པར་རོལ་མོ་འཁྲོལ་ཏེ་འཛབ་དབྱངས་གར་དུ་འཁྲབ་ཅིང་མེ་ཐབ་ལན་གསུམ་བསྐོར་ཏེ། ཨཱོཾ་སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དབུས་སུ་ཧཱུྃ་དེ་ལ་རཾ་གྱིས་མཚན་པ་ལས་ཡེ་ཤེས་ཀྱི་མེ་དཔུང་དཀར་པོ་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བརླགས། ཚུར་འདུས་ཕྱོགས་མཚམས་ཐམས་ཅད་མེ་རིའི་གུར་དུ་གྱུར་པར་བསམས་ཤིང་། ཧཱུྃ༔ བསྐལ་པའི་མེ་ཆེན་འབར་བའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གདོན་བགེགས་འབྱུང་པོ་བར་དུ་གཅོད་པའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་མདག་འབར་བའི་སྦྲང་བུ་བཞིན་དུ་སྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཨགྣ་ཡེ་ཛྭ་ལ་རཾ་རཾ༔ ཨཱོཾ་སུམ་བྷཱ་ནི་སོགས་བརྗོད༔ དེ་ནས་རྫས་རྣམས་ཀྱི་ཉེས་སྐྱོན་སྦྱང་ཞིང་བྱིན་གྱིས་བརླབ་པ་ནི། བསང་ཆུའི་སྣོད་ནས་ཀུ་ཤའི་རྩེ་མོས་ལག་པ་གཡས་པས་ཆུ་བླངས་ཏེ་མཆོད་སྲེག་གི་ཡོ་བྱད་ཐམས་ཅད་ལ་རང་གི་མདུན་ནམ་གཡས་བསྐོར་དུ་འཐོར་ཞིང་། ནང་མཆོད་ཀྱིས་ཀྱང་བསངས་ལ་རྡོ་རྗེའི་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད། ཨཱོཾ་ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམས༔ ཨཱོཾ་ཨཱཿསྭཱ་ཧྭས་ཡམ་ཤིང་དང་། ཨོཾ་ཤྲཱི་སྭཱ་ཧཱས་ཞུན་མར་དང་། ཨཱོཾ་ཛྲིམ་སྭཱ་ཧཱ་འབྲུ་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་ལས་གཞན་པའི་རྫས་རྣམས་ཀྱི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡི་གེ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་རྣམ་པ་འདོད་པའི་ཡོན་ཏན་ལྔ་སོགས་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨཱོཾ་ཨཱཿཧཱུྃ་གསུམ་མམ་བདུན་བརྗོད། དེ་ནས་རྒྱལ་རིགས་ཀྱི་ཁྱིམ་ནས་མེ་བླངས་ཏེ་སྣོད་དུ་བཞག་ལ། ཨཱོཾ་ཨཱཿཧཱུྃ་བརྗོད་ཅིང་ཞུན་མར་གྱི་སྒྲོན་མེ་སྦར་བས་སྦར་ལ་རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྦར་མས༔ དྲི་ཟའི་ལག་ནས་མེ་ལོངས་ལ༔ ཞི་བའི་མེ་ནི་སྦར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབས་ཤིག༔ ཨཱོཾ་ཨཱགྣེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་བརྗོད་ཅིང་སྤར་ལ་ཞུན་མར་བླུགས་གཟར་བདུན་གྱིས་ཀྱང་གསོའོ། །དེ་ནས་ཀུ་ཤ་ལ། ཨོཾ་བཛྲ་ས་ཏྭ་ཨཱ༔ བདུན་གྱི་བྱིན་གྱིས་བརླབས་པའི་རྩེ་མོ་གཉིས་གཤིབས་པ་ལག་ཏུ་བཟུང་ལ། ཨཱོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་གེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །མེ་ཐབ་ཀྱི་ཁ་ཁྱེར་ལ་རང་གི་ཁ་ལྟ་ཕྱོགས་ལ་ཤར་དུ་བྱས་པའི་རྩེ་མོ་ཕྱོགས་བཞིར་ཡོང་བར་བྱས་ལ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་བ་ལང་གི་རྣ་བའི་དབྱིབས་ལྟར་ཧ་ཅང་མི་རིང་བར་དགྲམ་མོ། །གཉིས་པ་དངོས་གཞི་ལ་འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། ཨཱོཾ་སྭཱ་བྷཱ་ཝཱའི་སྔགས་ཀྱིས་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རཾ་དཀར་པོ་འོད་དུ་ཞུ་བ་ལས། མེ་ཐབ་གཞལ་ཡས་ཀྱི་ཁང་པ་དཀར་ཞིང་འཚེར་བ་ཁ་ཁྱེར་ཕྱིར་ཕྱོགས་པའི་སྟེང་དུ་རྡོ་རྗེའི་ཕྲེང་བས་མཚན་པའི་དབུས་སུ་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང་དང་གཡོན་མེ་ཐབ་བསྣམས་པ། འཁོར་དུ་དྲང་སྲོང་མང་པོས་བསྐོར་ཞིང་པདྨ་དང་ཟླ་བའི་གདན་ལ་གནས་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་དང་བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམས་ཤིང་། སྦྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཤར་ལྷོ་མཚམས་ཀྱི་གཞལ་ཡས་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ བསྐྱེད་པའི་གནས་འདིར་གཤེགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡཱ་ཛ༔ ཛ༔ ཨེ་ཧ་ཡེ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ འབར་བ་མེ་ཡི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་དེ་ཝ་བཛྲ་ས་མ་ཡ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣཱེ་ཡེ་ངྷེ་ཝ་ཨ་ལ་ལ་ཨ་ཏི་པུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་གདུང་བའི་དབྱངས༔ ཕྱི་མཆོད་འདོད་ཡོན་ལོངས་སྤྱོད་ཚོགས༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ༔ གྷན་ངྷེ་ནཻ་ཝི་དྱ་ཤཔྟ་པུཥྩ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ རཀྟ་དམར་གྱི་ཡོན་ཆབ་དང་༔ དབང་པོ་ལྔ་ཡི་མེ་ཏོག་ཚོགས༔ ཤ་ཆེན་རྣམ་ལྔའི་བདུག་སྤོས་དང་༔ ཞུན་ཆེན་སྣང་གསལ་མར་མེ་མཆོག༔ བདུད་རྩི་ལྔ་ལྡན་བྱུག་པ་དང་༔ རྣམ་དག་མཆོག་གི་ཞལ་ཟས་སོགས༔ བླ་མེད་ནང་གི་མཆོད་པ་འདི༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་ཛྙཱ་ན་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བྷ་ལིང་རྒྱན་ལྡན་གཏོར་མའི་ཚོགས༔ གྷ་ན་ཙཀྲ་ལོངས་སྦྱོད་རྫས༔ བླ་མེད་གསང་བའི་མཆོད་པ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིང་ཏ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འབྲོག་འབྲང་འབུལ་བ་ནི༔ ཧཱུྃ༔ གསུར་ཆེན་དང་ནི་ཤ་ཆེན་དྲི༔ སྐྱེ་བའི་རྒྱུ་ལས་བྱུང་བ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ སརྦ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཡམ་ཤིང་འབུལ་བ་ནི༔ ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས༔ གཉིས་སུ་་མེད་པར་འབུལ་ལགས་ན༔ བཞེས་ནས་ནད་གདོན་བར་གཅོད་ཚོགས༔ ཞི་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེེ་དེ་ཝ་ཨ་སྱ་ཧ་ན་ཡ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧཱུྃ་ཡིག་འོད་ཟེར་དང་ལྡན་པས་མཚན་པར་གྱུར་པར་བསམས་ཤིང་། ལག་པ་གཡོན་ཁུ་ཚུར་བཅིང་བའི་སྟེང་ནས་མཐེ་བོས་བཀབས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱང་བ་གན་རྐྱལ་བྱས་པས་དགང་གཟར་མར་ཁུའི་བཀང་བ་བཟུང་། གཡས་པའང་དེ་བཞིན་དུ་བྱས་པ་ཁ་ཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་བཟུང་བ་གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་སྟེ་དགང་གཟར་གྱི་ཁར་བླུགས་་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ལས་མི་འདའ་བར་གཡས་སུ་བསྐོར་ཏེ་འབུལ་ཞིང་། ཨཱོཾ་ཨགྣཱེ་ཡེ་གྷནྡྷེེ་སྭཱ་ཧཱ༔ ནད་གདོན་ཐམས་ཅད་ཤནྟཾ་ཀུ་རུ་་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ སྡིག་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་སརྦ་ཨཪྠ་ས་ངྷཱ་ཡ་སྭཱ་ཧཱ༔ བགེགས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དུརྦཱ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་རྒྱས་པ་ལ༴ ནས་ལ། ཨཱོཾ་མ་ཧཱ་བེ་གྷ་ཡ་སྭཱ་ཧཱ༔ མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས་རྒྱས་པ་ལ༴ གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ སྲུང་བ་མཆོག་ལ༴ ཕྲུཾ་ལ། ཨཱོཾ་ཨཱ༔ སྭཱ་ཧཱ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ༴ འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ མངའ་ཐང་ཕུན་སུམ་ཚོགས་པ་ལ༴ ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲི་བ་ཡ་སྭཱ་ཧཱ༔ དཔལ་ཕུན་སུམ་ཚོགས་པ་ལ༴ དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚིགས་བཅད་ཀྱིས་དབུལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ནད་གདོད་སྡིག་སྒྲིབ་བར་གཅོད་བགེགས༔ ཞི་བའི་འཕྲིན་ལས་མཛད་དུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་ག་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྡུས་པར་བྱེད་ན་ཚིགས་་བཅད་འདིའི་མཇུག་ཏུ་མཆོད་པ་གོང་མ་རྣམས་ཕུལ་ཀྱང་རུང་༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འཕྲིན་ལས་ཐམས་ཅད་སྒྲུབ་པའི་ལྷ༔ རིག་སྔགས་དྲང་སྲོང་གྲུབ་པའི་ཚུལ༔ འོད་འབར་བསྐལ་མེའི་ཕྲེང་བ་ཅན༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ཐབས་ཀྱི་ཐེག་པ་ར་ལ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་༔ ཚངས་སྐུད་དྲི་མེད་ཅོད་པན་སྤྲས༔ མཉམ་མེད་ཐུགས་རྗེ་ཆེར་མངའ་བའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ འཕྲིན་ལས་བཅོལ་བ་ནི། ཧཱུྃ་དྲང་སྲོང་ཆེན་པོ་གཟི་རྗིད་འཆང་བའི་གར༔ འབར་བའི་ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ དམ་རྫས་འབར་བའི་མེ་མཆོད་འདི་འབུལ་བས༔ ཞི་བའི་འཕྲིན་ལས་བསྒྲུབ་པའི་དུས་ལ་བབས༔ ཅེས་འཕྲིན་ལས་བཅོལ༔ བཛྲ་མུ༔ ས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ཏེ་བཞུགས་པར་གྱུར། གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། མེ་ཐབ་ཏུ་རྡོ་རྗེའི་བསང་ཆུ་འཐོར་ཞིང་། ཨཱོཾ་སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས། མེ་ལྷའི་ལྟོ་བར་ཟབ་ཡངས་རྒྱ་ཆེ་བར། །སྣང་བའི་ཆོ་འཕྲུལ་གཞལ་ཡས་ཁང་༔ རིན་ཆེན་སྣ་ལྔའི་ཕོ་བྲང་ལ༔ ཅེས་པ་ནས༔ བསྒྲལ་མཆོད་ཚེ་ཡི་ལྷ་ལ་འབུལ༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ ཞེས་པའི་བར་ལས་བྱང་ལྟར་འདོན་བསྒོམ་སྒྲགས་མར་བྱ་སྟེ་དེ་ནས་སྲེག་རྫས་རྣམས་འབུལ་བའི་ཚེ་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པས་དགྱེས་པར་བཞེས་ཏེ་ཟག་པ་མེད་པའི་དབྱིངས་སུ་ཐུགས་དམ་གྱི་རྒྱུད་ཡོངས་སུ་སྐོངས་ནས་ཇི་ལྟར་གསོལ་བ་བཏབ་པའི་ལས་རབ་འབྱམས་མངོན་པར་བསྒྲུབ་པར་བསམ་ཏེ། ཡམ་ཤིང་ལ། ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས༔ གཉིས་སུ་མེད་པར་འབུལ་ལགས་ན༔ བཞེས་ནས་ནད་གདོན་བར་གཅོད་ཚོགས༔ ཞི་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཨོཾ་ཨགྣཱེ་ཡེ་གྷནྦྷེ་དེ་ཝ་ཨསྱ་ཧ་ན་ཡ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱི༔ ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ༔ བདུད་རྩིའི་བཅུད་ལྡན་སྙིང་པོའི་མར། །འཆི་མེད་ཚེ་ཡི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་བཞེས་ནས་ཀྱང་། །ནད་གདོན་བགེགས་སོགས་ཞི་བར་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཨཱོཾ་ཨགྣ་ཡེ་གྷནྡྷེ་སྭཱ་ཧཱ༔ ནད་གདོན་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཧཱུྃ༔ ཞི་བའི་རྫས་སུ་བསྡགས་པའི་ཏིལ། །ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །སྡིག་ལྟུང་མཐའ་དག་ཞི་བར་མཛོད། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ སྡིག་་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཡུངས་ཀར་བགེགས་འཇོམས་ཁྲོ་བོའི་མཚོན། །མགོན་པོ་ཚེ་ཡི་ལྷ་ཚོགས་ལ། །བློ་ཡིས་བླངས་ཏེ་འབུལ་ལགས་ན། །བགེགས་དཔུང་མ་ལུས་ཞི་བར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲ྄ཱུྃ༔ ཨཱོཾ་སརྦ་ཨཪྠ་ས་ངྷ་ཡ་སྭཱ་ཧཱ༔ བགེགས་ཐམས་ཅད་ཤིནྟང་༴ ཟས་སྣ། རོ་བརྒྱ་ལྡན་པ་ལྷ་ཡི་ཟས། ཚེ་དཔག་མེད་མགོན་ལ་འབུལ་གྱིས། དམིགས་མེད་ཀློང་དུ་བཞེས་ནས་ཀྱང་། བདེ་བའི་བར་གཅོད་ཀུན་ཞི་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲ྄ཱུྃ༔ ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདེ་བ་མཆོག་ལ་བར་དུ༴ དཱུརྦ་ལབཀྲ་ཤིས་དཱུརྦ་འཆི་མེད་རྫས། །མགོན་པོ་ཚེ་ཡི་ལྷ་ཚོགས་ལ། འབུལ་བས་དགྱེས་པ་ཡོངས་བསྐྱེད་དེ། །ཚེ་ཡི་བར་ཆད་ཡོངས་ཞི་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ༴ འབྲས་ལ། །བཀྲེས་པའི་གུད་པ་ཡོངས་སེལ་བའི། །འབྲས་དཀར་ས་ལུ་ལྷ་ཡི་ཟས། །ཚེ་དཔག་མེད་མགོན་ལ་འབུལ་གྱིས། །བསོད་ནམས་ལ་འཚེ་ཀུན་ཞི་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ༴ སོ་བ་ལ། ཡིད་འོང་རྣམ་པར་རྒྱལ་བའི་འབྲུ། །སོ་བ་ཟས་ཀྱི་མཆོག་དམ་པ། །མགོན་པོ་ཚེ་ཡི་ལྷར་འབུལ་གྱིས། །འབྲུ་ནོར་ལ་འཚེ་ཀུན་ཞི་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ༔ ནོར་དང་འབྲུ་རྒྱས་པ་ལ༴ ནས་ལ། །དབུལ་བ་རྒྱུན་གཅོད་སྐལ་བཟང་ནས། །ཚེ་དཔག་མེད་མགོན་འཁོར་བཅས་ལ་འབུལ་ལོ་མྱུར་བའི་ཤུགས་དག་ལ། །བར་དུ་གཅོད་པ་ཞི་བར་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱ༔ ༴ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ་ལ། རོ་བཅུད་ཕུལ་ཕྱིན་སྲན་མའི་འབྲུ། །ཚེ་མཐའ་ཡས་པ་འཁོར་བཅས་ལ། །ཐོགས་མེད་བློ་ཡིས་འབུལ་ལོ་བཞེས། །སྟོབས་ལ་འགོག་པ་ཞི་བར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས་རྒྱས་པ་ལ༴ གྲོ་ལ། །སྐྱེ་འགྲོའི་སྲོག་གི་ཟུངས་འཛིན་གྲོ། །མགོན་པོ་ཚེ་ཡི་ལྷར་འབུལ་ན། །བརྩེ་བའི་ཤུགས་ཀྱིས་བཞེས་ནས་ཀྱང་། །ནད་མེད་རིང་འཚོའི་གེགས་ཞི་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱ༔ ཨཱོཾ་བཛྲ་གྷཱསྨ་རེ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤ་ལ། །བྱང་ཆུབ་མཆོག་གདན་ཀུ་ཤའི་རྩྭ། །ཚེ་དཔག་མེད་མགོན་ལ་འབུལ་ན། །དགྱེས་ཤིང་ཚིམ་པར་ཡོངས་བཞེས་ནས། །སྲུང་བའི་གོ་བཤིག་གེགས་ཞི་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ སྲུང་བ་མཆོག་ལ༴ ཕྲུམ་ལ། དཀར་གསུམ་བདུད་རྩི་ལས་བྱུང་ཕྲུམ། ཚེ་མཐའ་ཡས་པར་འབུལ་ལགས་ན། །ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པ་ཞི་བར་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་ཨཱ༔ སྭཱ་ཧཱ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ༴ འབྲུ་སྣ་ལ། ཕུན་ཚོགས་གཏེར་ལྡན་སྣ་ཚོགས་འབྲུ། །མགོན་པོ་ཚེ་ལྷ་འཁོར་བཅས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས། །མངའ་ཐང་ལ་འཁུའི་གེགས་ཞི་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་ཛྲིཾ་སྭཱ་ཧཱ། མངའ་ཐང་ཕུན་སུམ་ཚོགས་པ་ལ༴ ཤིང་ཏོག་ལ། བདུད་རྩིའི་རོ་བཅུད་ཉེར་སྨིན་པའི། །ཡིད་འོང་ལྗོན་པའི་རིན་ཆེན་འབྲས། །ཚེ་དཔག་མེད་པར་འབུལ་ལགས་ན། །དཔལ་ལ་གནོད་པ་ཞི་བར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ༔ དཔལ་ཕུམ་སུམ་ཚོགས་པ་ལ༴ དར་སྣ་ལ། །དབང་པོའི་གཞུ་ཡི་ཚོན་བཀྲ་བའི། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །ཚེ་མཐའ་ཡས་པའི་ལྷ་ལ་འབུལ། །བསོད་ནམས་འཕེལ་བའི་གེགས་ཞི་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། བསོད་ནམས་རྣམ་པར་རྒྱས་པ་ལ༴ རྫས་སྔགས་མེད་པའི་སྲེག་རྫས་ཐམས་ཅད་ལ་ཕྱོགས་་གཅིག་ཏུ། །མི་ཟད་འདོད་དགུའི་ལོངས་སྤྱོད་རྫས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །འཆི་མེད་ཚེ་ཡི་ལྷར་འབུལ་གྱིས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད༴ ཞེས་འབུལ། གསུམ་པ་རྗེས་ཀྱི་རིམ་པ་ནི། །མགོན་པོ་ཚེ་ཡི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། ཕྱི་མཆོད་ཉེར་སྤྱོད་རྣམ་པ་ལྔ༔ ནང་མཆོད་ཤ་ལྔ་བདུད་རྩི་ལྔ། །གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན། ཐམས་མཆོག་མཐར་ཕྱིན་བདུད་རྩི་དང་། །ཤེས་རབ་མཐར་ཕྱིན་རཀྟ་དམར། །ཐབས་ཤེས་དབྱེར་མེད་གཏོར་མ་འདི། སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཨཱོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ནས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་པཉྩ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། ཅེས་པས་མཆོད། བསྟོད་པ་ནི། ཧཱུྃ་ཧྲཱི༔ མ་ཆགས་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ ནསལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེ་ནས་དངོས་གྲུབ་བླང་བ་ནི། ཚེ་རིལ་ཚེ་ཆང་ཟས་སྣ་རྣམས་བཏེག་སྟེ། རང་དང་མེ་ལྷ་ཚེ་དཔག་མེད་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པའི་སྣ་ལ་ཚེ་ཡི་ལྷ་མོ་མགྱོགས་མ་སྒོ་མ་དང་བཅས་པ་སྤྲོས་ཏེ་ཕྱོགས་བཅུ་ནམ་མཁའི་མཐའ་ཁྱབ་ཏུ་སོང་ནས། རང་གི་བླ་ཚེ་སྲོག་དབུགས་ཉམས་ཤིང་ཁྱེར་བ། ཕྱི་རོལ་འབྱུང་བཞིའི་དྭངས་མ། ཟག་བཅས་འཁོར་བ་པ་ཟག་མེད་མྱ་ངན་ལས་འདས་པའི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཨ་ནྲྀ་དང་འོད་ཟེར་གྱི་རྣམ་པར་བཀུག་སྟེ། རང་ལ་ཐིམ་པས་ཚེ་སྲོག་ཉམས་པ་སོར་ཆུད་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་ལོངས་སྤྱད་པས་ལེགས་ཚོགས་ཀྱི་དཔལ་ཡོན་ལྷུན་གྱིས་གྲུབ་པར་གྱུར་པར་བསམ་ཞིང་། ཧཱུྃ་ཧྲཱི༔ གསང་བ་ཚེ་ཡི་དཀྱིལ་འཁོར་འདིར༔ ནསརྣམ་དག་ཚེ་ཡི་དངོས་གྲུབ་སྩོལ༔ གྱི་བར་བརྗོད་ལ་དངོས་གྲུབ་བླང་ཞིང་རོལ། བཟོད་པར་གསོལ་བ་ནི། ཧཱུྃ༔ ཡེ་ཤེས་མེ་ལྷ་དྲང་སྲོང་བདག་ལ་དགོངས༔ བདག་གི་འཕྲིན་ལས་མེ་མཆོད་ཆོ་ག་འདི༔ ཚུལ་བཞིན་བགྱིད་པར་སེམས་ཀྱང་ནོར་དང་འཁྲུལ༔ ལྷག་གམ་ཆད་དམ་སྒྲ་ཉམས་རྫས་མ་འཛོམ༔ ཏིང་འཛིན་ཀློང་དུ་མ་གྱུར་ཉེས་བྱས་ཚོགས༔ ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨཱོཾ་བཛྲ་མུ༔ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་གཏང་རག་གི་མཆོད་བསྟོད་དང་སྲེག་རྫས་རྣམས་སྔར་མེ་ལྷ་མཆོད་པའི་སྐབས་སྟར་ཕུལ་རྗེས། །གཏོར་མ་ལ་ཡང་། །ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་བ་ལིངྟ་པཱུ་ཙ་ཁཱ་ཧི། གསུམ་གྱིས་མཆོད་ལ་འདོད་དོན་ལ་གསོལ་བ་གདབ། །སླར་ཡང་། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨ་རྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཤེགས་གསོལ་ནི། ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འབར་བའི་འཕྲིན་ལས་གྲུབ་མཛད་ནས། །རང་བཞིན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་རྗེས་མཐུན་དངོས་གྲུབ་སྩོལ། །ཨཱོཾ་ཨགྣཱེ་ཡེ་དེ་ཝ་བྷྱ༔ བཛྲ་མུ༔ ཞེས་བརྗོད། ཤིས་བརྗོད་ནི། ཧཱུྃ་ཧྲཱི༔ སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ ནས་དཀྱིལ་འཁོར་ལྷ་ཚོགས་འཕྲིན་ལས་བཀྲ་ཤིས་ཤོག༔ བསྔོ་བ་ནི༔ ཧཱུྃ་ཧྲཱི༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བསྒྲུབ་པ་དང་༔ རྣམ་དཀར་དགེ་བ་སྤྱད་དང་སྤྱོད་པའི་འབྲས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཅི་མཆིས་པ༔ བདག་སོགས་འགྲོ་དྲུག་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་ཆོས་དབྱིངས་མཆོག་གི་བསོད་ནམས་དེས༔ ལུས་ངན་འགྲོ་དྲུག་མངལ་སྒོ་མི་འགྲིམ་ཞིང་༔ རིགས་བདག་ཡི་དམ་ལྷ་ཡིས་རྗེས་བཟུང་ནས༔ སྐུ་དང་ཡེ་ཤེས་མངོན་དུ་འགྱུར་བར་ཤོག༔ ཅེས་བརྗོད། ཐལ་བ་རླུང་ལ་འཕྱར་བའམ་ཆུ་བོ་བཟང་པོ་ལ་གཤེགས། དེ་ལྟར་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་ཞི་བའི་སྦྱིན་སྲེག་འདི་ནི། འཇམ་དབྱངས་བློ་གྲོས་མཆོག་ལྡན་གྱིས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ཞི་བའི་སྦྱིན་སྲེག་མཛད་པ་ལས་ཚིག་ཕྲད་ལྷ་སྔགས་བསྒྱུར་བ་ཙམ་ལས་བཅོས་མེད་འདི་ནི། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པ་ཡིན་ནོ། །སརྦ་མངྒ་ལཾ།། །།

རྒྱས་པའི་སྦྱིན་སྲེག་རྫོགས་ལྡན་སྤྲིན་གྱི་ཁང་བཟང་།

ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་རྒྱས་པའི་སྦྱིན་སྲེག་རྫོགས་ལྡན་སྤྲིན་གྱི་ཁང་བཟང་ཞེས་བྱ་བ་བཞུགས། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་སྒོ་ནས་རྒྱས་པའི་སྦྱིན་སྲེག་བྱ་བར་འདོད་པ་ལ། སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དུ་འོང་བའམ། ཤིང་རྩི་དང་ལོ་འབྲས་རྒྱས་ཤིང་སེར་ལ་དྭངས་པའི་སར། ས་མ་དུལ་བའི་རིགས་ལ་སྒྲུབ་ཆེན་ནས་འབྱུང་བ་ལྟར། ས་བརྟག་བླང་སྦྱང་བ་དང་ལྟོ་འཕྱེ་བརྟག་པ་སོགས་ཚུལ་བཞིན་བྱས་པའི་ས་ལ། ཇི་སྐད་དུ། གཞུང་ལས། མཎྜལ་འདོམ་གང་གྲུ་བཞི་པའི༔ དབུས་སུ་ལིང་རྩེ་བཞི་བྱས་ཏེ༔ དྲི་བཟང་ཆུ་ཡིས་ཆག་ཆག་གདབ༔ ལས་བཞིའི་ཐིག་ཆོག་སྤྱི་འགྲོས་བསྟུན༔ ཞེས་པ་ལྟར། མཎྜལ་འདོམ་གང་གྲུ་བཞི་བྱས་པའི་ཁར། རྒྱས་པར་བྱེད་ན་ལྷ་གྲངས་དང་མཉམ་པའི་པད་འདབ། བསྡུ་ན་འདབ་བཞི་ལྟེ་བ་ཟླུམ་པོར་ཚེ་ལྷ་རིགས་ལྔའི་ས་བོན་ནམ་ཕྱག་མཚན་ཚོན་གྱིས་འབྲི་ཞིང་། དེའི་ཕྱི་རོལ་གྲུ་བཞིར་བཅད་པའི་ཁ་ཁྱེར་ལ་རིན་པོ་ཆེས་མཚན་པ་འབྲི། རྒྱ་ཤུག་སོགས་རྒྱས་པའི་ཤིང་གུར་གུམ་གྱི་ཁུ་བ་ལ་དྲི་བཟང་བཏབ་པས་ཁ་དོག་སྒྱུར་བ་གྲུབ་བཞིར་བརྩེགས་ལ། གཡས་སུ་རྒྱས་པའི་ཤིང་སོར་བཅུ་གཉིས་པ་གྲུ་བཞིར་བཞོགས་ལ་རྩེ་མོ་མེ་ཏོག་གིས་མཚན་པ་ལ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའི་འདོད་གསོལ་བྲིས་པ་ལ་སྦྲང་རྩི་དང་ཏིལ་མར་གྱིས་སྦགས་པ་གྲངས་ལྡན་དང་། མར་ཁུ། ཏིལ། ཡུངས་ཀར། ཟས་སྣ། དཱུ་རྦ། འབྲས། སོ་བ། ནས་། སྲན་མ། གྲོ། ཀུ་ཤ། ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག་སྟེ་སྤྱི་རྫས་དང་། ཁྱད་པར་གྱི་རྫས་གུར་གུར། གི་ཝཾ། བུ་རམ། སྦྲང་རྩི། གསེར། དར་སེར། སྤོས་ཤེལ། ཤིང་འབྲས་སྣ་ཚོགས་སོགས་སེར་ཆས་རྒྱས་རྫས་གང་འབྱོར་བཤམས། གཡོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྨན་རག་གཏོར་མ་དང་། མདུན་དུ་རྡོར་དྲིལ་ཌཱ་མ་རུ། ཀུ་ཤ། རླུང་གཡབ། དགང་གཟར་བླུགས་ཁ་་སྦྱར་ཏེ་མ་བྲལ་བ། ལས་བུམ་རྣམས་བཤམས། ཚེའི་ལས་བྱང་གཞུང་བསྲང་། ལྷག་གཏོར་ཡན་གྲུབ་ནས་ལས་བུམ་བསང་སྦྱང་། པད་ཟླར་བྷྲུཾཾ་ལས་བུམ་པ་བཅུད་ལྡན་དབུས། །རྟ་མགྲིན་དམར་པོ་རྡོ་རྗེ་དྲིལ་བུ་འཛིན། །ཕག་མོ་ཡུམ་འཁྱུད་དཔལ་གྱི་ཆས་དགུ་རྫོགས། །རྟ་སྐད་འཚེར་ཞིང་གྱད་ཀྱི་དོར་སྟབས་བཞུགས། །སྐུ་ལས་རང་འདྲའི་ཁྲོ་བོ་དཔག་མེད་འཕྲོས། །གདོན་བགེགས་ཚར་བཅད་བུམ་པའི་ཆུ་དང་འདྲེས། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་གང་མང་བཟླ། ལྷ་ཉིད་ཞུ་ནས་བུམ་པའི་ཆུ་ལ་ཐིམ། བུམ་ཆུ་ནུས་ལྡན་བདུད་རྩིའི་རྒྱ་མཚོར་གྱུར། །གཉིས་པ་དངོས་གཞི་ནི། དར་སེར་གྱི་གོས་གསེར་སོགས་རིན་པོ་ཆེ་ལས་བྱས་པའི་རྒྱན་གྱིས་མཛེས་པར་བརྒྱན་ཏེ་བཞེངས་ནས་རོལ་མོ་འཁྲོལ་ཞིང་སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས། །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གི་དབང་ཆེན་ཁྲོ་བོའི་རྒྱལ་པོ་སྐུ་མདོག་དམར་ནག་མེ་ཡི་ཚ་ཚ་འཕྲོ་བ། །ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ནམ་མཁར་འཕྱར་ཞིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ་ཕག་མོ་ཡུམ་དང་མཉམ་པར་སྦྱོར་ཞིང་སྤྱི་གཙུག་ནས་རྟ་མགོས་འཚེར་བས་ཁམས་གསུམ་དབང་དུ་བསྡུད་ཅིང་ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་བཞུགས་པའི་ཐུགས་ཀའི་ཧྲཱིཿ ལས་དམར་ནག་མེའི་ཕྲེང་བ་ཕྱོགས་བཅུར་འཕྲོས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་རྒྱ་མཚོའི་ཕ་རོལ་དུ་བསྐྲད་ཅིང་ཐལ་བའི་རྡུལ་དུ་བརླགས། ཚུར་འདུས་རྡོ་རྗེའི་ས་གཞི་རྭ་གུར་འབར་བའི་ཕྲེང་བ་འཁྲུག་པ་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར་པར་བསམས་ཤིང་། ཧཱུྃ༔ ང་ནི་རབ་འཇིགས་དབང་ཆེན་སྐུ། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་གནས་གཞན་དུ་སོང་། །བསྒོ་བའི་བཀའ་ལ་མི་ཉན་ན། །དབང་ཆེན་ཁྲོས་པའི་ཐུགས་ཀ་ནས། །ཁྲོ་བོ་ཁྲོ་མོ་མཚོན་ཆ་དང་། །རབ་འབར་མེ་ཡི་ཕྲེང་བ་ཡི། །ལུས་ངག་ཐལ་བའི་རྡུལ་དུ་གཏོང་། །དེ་བས་སྲིད་པ་གཞན་དུ་དེངས། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨཱོཾ་སུམ་བྷཱ་ནི་སོགས་བརྗོད། ཧཱུྃ༔ འཁོར་འདས་གདོད་ནས་དག་པ་ལ། །བགེགས་དང་ལོག་འདྲེན་མི་དམིགས་ཀྱང་། །མ་རིག་འཁྲུལ་པའི་གཉིས་འཛིན་བགེགས། །རང་སྣང་ཆོས་སྐུའི་ཀློང་དུ་བསྟིམ། །འགག་མེད་རིག་པའི་རང་རྩལ་ལས། །མི་ཤིགས་རྡོ་རྗེའི་ར་བ་དང་། །ཡེ་ཤེས་མེ་ཡི་གུར་ཁང་ལ། །སུས་ཀྱང་མི་ཆོད་མི་ཤིགས་པའི། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཨཱོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ ཞེས་བརྗོད་ཅིང་མེ་ཐབ་ལན་གསུམ་བསྐོར་ཏེ་ཁ་ལྷོར་ཕྱོགས་པའི་གདན་དུ་འཁོད་དེ། རྫས་རྣམས་ལ་ལས་བུམ་གྱི་ཆུས་འཐོར་ཞིང་། སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས། །སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཱོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་ཀྱི་དངོས་པོ་རྣམས་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ། རྣམ་པ་སོ་སོའི་མཚན་ཉིད་འགོག་པ་མེད་པར་ཡོངས་སུ་འཆར་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་མཐའ་ཡས་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་ཨཱཾཿཧཱུྃ་ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཞེས་བདུན་ནམ་གསུམ་བརྗོད། དེ་ནས་བྲམ་ཟེའི་ཁྱིམ་ནས་མེ་བླངས་ལ་སྦར་ནས། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ། གོས་དཀར་མོ་ཡི་ངོ་བོ་ཉིད། །འབྱུང་བ་མེ་ཡི་ལྷ་མོ་ཡིས། །ཚེ་བསོད་རྒྱས་པའི་མེ་སྦོར་ལ། །ཕན་བདེའི་ཕུན་ཚོགས་རྒྱས་པར་མཛོད། །དམ་ཚིག་སྒྲོལ་མའི་སྒྱུ་འཕྲུལ་གར། །སྟོབས་ལྡན་རླུང་ལ་དབང་སྒྱུར་མས། །དྲི་བཞོན་ཁྲོས་པའི་ཤུགས་དྲག་གིས། །བ་དན་གཡོབས་ལ་བྱིན་ཟ་སྦོར། ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་བརྗོད་ཅིང་ཞུན་མར་བླུགས་གཟར་བདུན་གྱིས་གསོ། དེ་ནས་ཀུ་ཤ་ཐོགས་ལ། ཨཱོཾ་ཀུ་ཤ་འདི་ནི་ཙང་ཞིང་དགེ། རྩ་གསུམ་དཀོན་མཆོག་མཉེས་བྱེད་རྫས། །འདབ་ལྡན་ཀུན་གྱི་སྙིང་པོ་སྟེ། །བདག་གི་བགེགས་སོགས་མི་མཐུན་ཚོགས། ཞི་ཞིང་ཤིས་པར་མཛད་དུ་གསོལ། །ཨཱོཾ་བཛྲ་ས་ཏྭ་ཨཱ༔ ཞེས་ཐབ་ཀྱི་ཁ་ཁྱེར་ལ་ཕྱོགས་བཞིར་རྩེ་མོ་ཡོང་བར་བྱས་ཏེ་སྔ་མའི་རྩེས་ཕྱི་མའི་རྩ་བ་གནོན་པར་བ་ལང་གི་རྣ་བའ་ིདབྱིབས་སུ་དགྲམ་མོ། །གཉིས་པ་དངོས་གཞི་ལ་འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། མེ་ཐབ་མི་དམིགས་སྟོང་པའི་ངང་། །སྟོང་པའི་རང་རྩལ་འགག་མེད་ལས། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །པདྨ་ཟླ་བའི་གདན་སྟེང་དུ། །རཾ་གྱི་ཡི་གེ་ལས་བྱུང་བའི། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྐུ་མདོག་གསེར་སྦྱངས་བཙོ་མའི་མདོག། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་གཡོན་མེ་རླུང་བ་དན་བསྣམས། །རྩལ་ལྡན་ར་སྐྱེས་ཁམས་པ་བཅིབས། །སྣ་ཚོགས་དར་དང་རིན་པོ་ཆེའི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞི་འཛུམ་སྒེག་པའི་ཉམས་དང་ལྡན། །འབར་བའི་ཕྲེང་བ་འཁྲིགས་པ་ཡི། །དབུས་ན་བཞུགས་པའི་གནས་གསུམ་དུ། །ཡི་གེ་གསུམ་གྱིས་མཚན་པ་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས། །རང་དང་འདྲ་བའི་ཡེ་ཤེས་པ། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། གཞུང་ལས། ཨཱོཾ་ཚུར་སྤྱོན་འབྱུང་བ་མེ་ཡི་ལྷ༔ ཆིབས་སུ་ར་སྐྱེས་ཁམས་པ་བཅིབས༔ མེ་རླུང་བ་དན་ཕྱག་ན་བསྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཚེ་དང་བསོད་ནམས་དཔལ་འབྱོར་རྣམས༔ རབ་ཏུ་རྒྱས་པར་བྱ་བའི་ཕྱིར༔ རང་བཞིན་དག་པའི་གནས་མཆོག་ནས། །དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཨཱོཾ་ཨགྣཱེ་དེ་ཝ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ། དྲང་སྲོང་ཆེན་པོ་འཁོར་དང་བཅས། །འབར་བ་མེ་ཡི་གཞལ་ཡས་འདིར། །རིན་པོ་ཆེ་དང་པད་ཟླའི་ཁྲིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། གཟི་བརྗིད་འབར་བ་སྣང་བའི་གཏེར། །རབ་འབྱམས་འཕྲིན་ལས་བསྒྲུབ་པའི་ལྷ། །འདོད་དགུ་འཇོ་བའི་ཡིད་བཞིན་ནོར། །མེ་ཡི་ལྷ་ལ་གུས་ཕྱག་འཚལ། །ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙྪ་ཧོ༔ མཆོད་པ་ནི༔ ཧཱུྃ། དངོས་བཤམས་ཡིད་ལས་བྱུང་བ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །རོ་ལྡན་ཟས་དང་སྙན་པའི་སྒྲ། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། བདུད་རྩི་སྨན་དང་རཀྟ་དམར། །དམ་རྫས་བརྗིད་ལྡན་གཏོར་མ་སོགས། །ནམ་མཁའ་གང་བའི་མཆོད་པའི་སྤྲིན། །བློ་ཡིིས་བླངས་སྟེ་འབུལ་ལགས་ན། །དགྱེས་པར་བཞེས་ལ་འཕྲིན་ལས་མཛོད། ཨཱོཾ་ཨགྣཱེ་དེ་ཝ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །གསེར་མདོག་རིན་ཆེན་རྒྱན་གྱིས་བརྒྱན། །ཐབས་ཤེས་ཕྱག་ན་མེ་རླུང་བསྣམས། །ཞི་འཛུམ་བརྗིད་པའི་ལང་ཚོར་ལྡན། །མྱུར་བའི་ཤུགས་ལྡན་ར་སྐྱེས་བཅིབས། །མི་ཟད་ཕྲིན་ལས་རྒྱ་མཚོའི་མཛོད། །བསྲེག་བྱ་ཟ་བའི་ལྷ་ལ་བསྟོད། །དེ་ནས་བྱོན་ཟན་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་སེར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱིཿཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ལག་པ་གཡོན་ཁུ་ཚུར་བཅིངས་པའི་སྟེང་ན་མཐེ་བོང་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱང་བ་གན་རྐྱལ་བྱས་པས་དགང་གཟར་མར་ཁུས་དགང་བ་བཟུང་། གཡས་པའང་དེ་བཞིན་བྱས་པ་ཁ་ཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་བཟུང་བ་གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་སྟེ། དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ་འབུལ་ཞིང་ཨཱོཾ་ཨགྣཱ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ ཨོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འབུལ། ཡམ་ཤིང་ལ། ཨཱོཾ་བྷོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར༴ མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ༴ ཡུངས་ཀར་ལ། ཨཱོཾ་སརྦ་ཨརྠ་ས་ངྷཱ་ཡ་སྭཱ་ཧཱ༔ བདག་ཅག་དཔོན་སློབ༴ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདག་ཅག་༴ དཱུརྦ་ལ། ཨཱོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ༴ འབྲས་ལ། ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ བདག་ཅག༴ སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ བདག་ཅག༴ ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ བདག་ཅག༴ སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ བདག་ཅག༴ གྲོ་ལ། ཨཱོཾ་བཛྲ་གྷ་སྨརེ་སྭཱ་ཧཱ༔ བདག་ཅག༴ ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ བདག་ཅག༴ ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱ༔ བདག་ཅག༴ འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ བདག་ཅག་དཔོན་སློབ༴ ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ༔ བདག་ཅག་དཔོན་སློབ༴ དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ༴ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར༴ དེ་ནས་མཆོད་པ་ནི། འཇིག་རྟེན་འདི་འམ་གཞན་དག་ན། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་པར་འོས་པའི་མཐུན་རྫས་རྣམས། །མེ་ལྷ་འཁོར་དང་བཅས་ལ་འབུལ། ཨཱོཾ་ཨགྣཱེ་ཡེ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ཁཱ་ཧི་བསྟོད་པ་ནི། ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་པའི་སྲས། གཟི་བརྗིད་ཉི་མ་འབུམ་དུ་འབར། །དགོས་འདོད་རེ་སྐོང་ནོར་བུའི་མཛོད། །ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། །འཕྲིན་ལས་བཅོལ་བ་ནི། །ཧཱུྃ༔ མེ་ལྷའི་རྒྱལ་པོ་ཁྱོད་ཉིད་ཀྱིས། །ཚེ་བསོད་མ་ལུས་རྒྱས་པ་དང་། །ཡེ་ཤེས་མེ་ཡི་ལས་རབ་འབྱམས། །མ་ལུས་བསྒྲུབ་པར་མཛད་དུ་གསོལ། །ཨགྣཱ་ཡེ་ཛྭ་ལ་གཙྪ་མུ༔ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོ་མཛད་པར་གྱུར། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། ཧཱུྃ་ཧྲཱི༔ དམ་ཚིག་མེ་ལྷའི་ལྟོ་བའི་ཀློང་། །ཟབ་ཅིང་རྒྱ་ཆེའི་ནང་ཉིད་དུ། །སྣང་བའི་ཆོ་འཕྲུལ་གཞལ་ཡས་ཁང་༔ རིན་ཆེན་སྣ་ལྔའི་ཕོ་བྲང་ལ༔ ཞེས་པ་ནས། རིག་འཛིན་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཅེས་བསྟོད་པས་ལྷ་ཚོགས་ཐམས་ཅད་སྐུ་མདོག་བཙོ་མའི་གསེར་གྱི་རི་བོ་ལ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟ་བུའི་སྐུ་ལས་འོད་ཟེར་གྱི་ཚོགས་མཐའ་ཡས་པར་འཕྲོས་པས་རང་གཞན་ཐམས་ཅད་ཀྱི་ལེགས་ཚོགས་ཀྱི་ཡོན་ཏན་མ་ལུས་པ་རྒྱ་ཆེར་རྒྱས་པར་མཛད་པའི་ལས་ལ་གཅིག་ཏུ་དགྱེས་པར་གྱུར་པར་མོས་ལ། བྱོན་ཟན་དབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་སེར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱིཿཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ༔ ཚེ་བྷྲུྃ༔ ཡུ་བྷྲུྃ༔ ཡུ་ཚེ་བྷྲུྃ༔ ཨཱོཾ་ཨགྣཱ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མར་ཁུ་དགང་གཟར་བདུན་འབུལ། ཡམ་ཤིང་ལ། ཧཱུྃ། དྲི་ཞིམ་ངད་ལྡན་བྱང་ཆུབ་ཤིང་། །འཆི་བ་མེད་པ་ཚེ་ཡི་ལྷ། །འཁོར་དང་བཅས་ལ་འབུལ་ལགས་ན། །འཆི་བདག་གཡུལ་ལས་རྒྱལ་བར་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ༔ ཚེ་བྷྲུཾ༔ ཡུ་བྷྲུྃ༔ ཡུ་ཚེ་བྷྲུྃ༔ ཨོཾ་བྷོ་ངྷི་བྲྀཀྵ་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། རྩི་བཅུད་སྙིང་པོ་བསྡུས་པའི་མར། བདུད་རྩི་མཆོག་གི་བཅུད་ལེན་དུ། །ཚེ་མཐའ་ཡས་པ་འཁོར་བཅས་ལ། །འབུལ་ལོ་ཚེ་བསོད་རྒྱས་པར་མཛོད། །ཨཱོཾ་བྷྲུྃ་ཏྲཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ༔ ཚེ་བྷྲུྃ༔ ཡུ་བྷྲུྃ༔ ཡུ་ཚེ་བྷྲུྃ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ བདག་ཅག༴ ཏིལ་ལ། །མི་མཐུན་ཕྱོགས་ཀུན་ཞི་བྱེད་པའི། །རྫས་མཆོག་དམ་པ་ཏིལ་དཀར་འབྲུ། །རྡོ་རྗེ་ཚེ་དཔག་མེད་ལ་འབུལ། །མི་ཤིགས་གཡུང་དྲུང་སྙིང་པོ་སྩོལ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ༴ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ བདག་ཅག༴ ཡུངས་ཀར་ལ། །བགེགས་དཔུང་འཇོམས་ལ་ཆེས་དཔའ་བའི། ཡུངས་ཀར་ཡེ་ཤེས་ཁྲོ་བོའི་མཚོན། །མགོན་པོ་ཚེ་ཡི་ལྷ་ལ་འབུལ། །ལེགས་ཚོགས་ཡོན་ཏན་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ༴ ཨཱོཾ་སརྦ་ཨརྠ་ས་ངྷཱ་ཡ་སྭཱ་ཧཱ༔ བདག་ཅག༴ ཟས་སྣ་ལ། ལྷ་མིའི་དཔལ་འབྱོར་བསྡུས་པའི་ཟས། །ཟག་མེད་བདུད་རྩིར་བྱིན་བརླབས་ནས། །གཉིས་སུ་མེད་པར་འབུལ་ལགས་ན། །དཔལ་དང་འབྱོར་བ་རྒྱ་ཆེར་སྤེལ། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿ ཨ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདག་ཅག༴ དཱུརྦ་ལ། རྣམ་པ་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་དང་ཡེ་ཤེས་སྤེལ་བའི་རྫས། །རྩྭ་མཆོག་དཱུརྦ་འབུལ་གྱིས་བཞེས། །བདེ་ལེགས་དབྱར་གྱི་མཚོ་ལྟར་བསྐྱིལ། །ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བདག་ཅག༴ འབྲས་ལ། འབྲས་དཀར་ས་ལུ་འབྲུ་ཡི་མཆོག །འཆི་མེད་དབང་པོའི་ཉེར་སྤྱོད་ཟས། །གུས་པའི་བློ་ཡིས་འབུལ་ལགས་ན། བསོད་ནམས་རབ་ཏུ་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ༔ བདག་ཅག༴ སོ་བ་ལ། །བཀྲེས་པའི་གུད་པ་སེལ་བའི་སྨན། །རབ་མཆོག་དམ་པ་སོ་བའི་འབྲུ། །མགོན་པོ་འཁོར་དང་བཅས་ལ་འབུལ། །ནོར་དང་འབྲུ་མཆོག་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཨཱོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ༔ བདག་ཅག༴ ནས་ལ། །བསྐལ་པ་མཆོག་ཏུ་བཟང་པོའི་ནས། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་གྱི། །བྱིན་གྱིས་བརླབས་ཏེ་འབུལ་ལགས་ན། །མྱུར་བའི་སྟོབས་ཤུགས་རྒྱས་པར་མཛོད། །ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་མ་ཧཱ་བེ་གྷཱ་ཡེ་སྭཱ་ཧཱ༔ བདག་ཅག༴ སྲན་མ་ལ་ཕུན་ཚོགས་རོ་ལྡན་སྲན་མའི་འབྲུ། །གུས་པའི་ཡིད་ཀྱིས་འབུལ་ལགས་ན། །བདག་ཅག་ཡོན་མཆོད་འཁོར་དང་བཅས། །བསོད་ནམས་སྟོབས་ཤུགས་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ བདག་ཅག༴ གྲོ་ལ། འབྲུ་མཆོག་རོ་བཅུད་ལྡན་པའི་གྲོ། །སྐྱེ་དགུའི་དབུལ་བ་རྒྱུན་གཅོད་འདི། ཚེ་ཡི་བདག་པོ་ལ་འབུལ་གྱིས། །ནད་མེད་ཕུན་ཚོགས་རྒྱས་པར་མཛོད། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ ཨཱོཾ་བཛྲ་གྷ་སྨ་རེ་སྭཱ་ཧཱ༔ བདག་ཅག༴ ཀུ་ཤ་ལ། རྒྱལ་བས་བྱང་ཆུབ་བརྙེས་པའི་གདན། །དྭངས་ཤིང་ཡིད་འོང་ཀུ་ཤའི་རྩ། །འགྲོ་བའི་དོན་དུ་འབུལ་གྱིས་བཞེས། །བསྲུང་བའི་གོ་ཆ་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ༴ ཨཱོཾ་ཨ་པྲ་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ། བདག་ཅག༴ ཕྲུམ་ལ། རྩི་བཅུད་རྣམ་པར་རྒྱས་པ་ཡི། །ཕུན་ཚོགས་ལས་འོང་བདུད་རྩི་ཕྲུམ། །རབ་ཏུ་དང་བས་འབུལ་གྱིས་བཞེས། །འབྱོར་པ་ལོངས་སྤྱོད་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་ཨཱཿ་སྭཱ་ཧཱ༔ བདག་ཅག༴ འབྲུ་སྣ་ལ། འགྲོ་བ་ཀུན་གྱི་ཉེར་འཚོའི་གཞི། །བགྲངས་སུ་ཡས་པའི་སྣ་ཚོགས་འབྲུ། །དམིགས་མེད་ཀློང་དུ་བཞེས་ནས་ཀྱང་། །བདག་སོགས་མངའ་ཐང་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་ཛྲཱིཾ་སྭཱ་ཧཱཿ༴ བདག་ཅག༴ ཤིང་ཏོག་ལ། རིན་པོ་ཆེ་ཡི་ལྗོན་པའི་ཤིང་། །ཕན་བདེའི་ལང་ཚོ་སྨིན་པའི་འབྲས། །ཚེ་དཔག་མེད་མགོན་ལ་འབུལ་གྱིས། །དཔལ་དང་བཀྲ་ཤིས་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ༔ བདག་ཅག༴ དར་སྣ་ལ། རེག་ན་བདེ་བ་ལྷ་རྫས་ཀྱི། །སྣ་ཚོགས་གོས་བཟང་ལྟ་ན་སྡུག །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བསོད་ནམས་རྣམ་པར་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ༴ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ བདག་ཅག༴ སྲེག་རྫས་སྔགས་མེད་པ་རྣམས་ལ། རྒྱས་པའི་རྫས་སུ་ཉེར་བསྔགས་པའི། །འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན། །མ་ཚང་མེད་པ་འདི་འབུལ་བས། །འདོད་དགུ་མ་ལུས་རྒྱས་པར་མཛོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ༴ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སླར་ཡང་། ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ༔ ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ བདུན་གྱིས་བྱོན་ཟན་ལྟར་གཤེགས་སྐྱེམས་འབུལ། ཧཱུྃ་ཧྲཱི༔ མགོན་པོ་ཚེ་ཡི་ལྷ་ཚོགས་ལ། ཕྱི་དང་ནང་གི་ཉེར་སྤྱོད་ལྔ། །སྨར་རག་གཏོར་ཚོགས་མཆོད་པའི་སྤྲིན། །བཞེས་ནས་འཆི་མེད་དངོས་གྲུབ་སྩོལ། ཨཱོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྷ་པཱུ་ཙ་ཁཱ་ཧི། ཅེས་པས་མཆོད་ཅིང་། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས༔ སོ་རྩི་དང་། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་དབུལ། བསྟོད་པ་ནི། ཧཱུྃ་ཧྲཱི༔ མ་ཆགས་སྐྱོན་བྲལ་པད་མ་རིགས་ཀྱི་ལྷ༔ ནས་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཞེས་པའི་བར་གྱིས་བསྟོད། དེ་ནས་ཚེ་རིལ་ཚེ་ཆང་ཟས་སྣ་རྣམས་བཏེག་སྟེ། རང་དང་མེ་ལྷ་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པའི་སྣ་ལ། ཚེའི་ལྷ་མོ་མགྱོགས་མ་དང་སྒོ་མ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱོགས་བཅུ་ནམ་མཁའི་མཐའ་ཁྱབ་ཏུ་སོང་ནས། རང་གི་བླ་ཚེ་སྲོག་དབུགས་ཉམས་ཤིང་ཁྱེར་བ་ཕྱི་རོལ་འབྱུང་བ་བཞིའི་དྭངས་མ་ཟག་བཅས་འཁོར་བ་པ་ཟག་མེད་མྱ་ངན་ལས་འདས་པའི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཨ་ནྲི་དང་འོད་ཟེར་གྱི་རྣམ་པར་བཀུག་སྟེ། རང་ལ་ཐིམ་པས་ཚེ་སྲོག་ཉམས་པ་སོར་ཆུད། དངོས་གྲུབ་ཀྱི་རྫས་ལ་ཐིམ་པ་ལོངས་སྤྱོད་པས་ལེགས་ཚོགས་ཀྱི་དཔལ་ཡོན་ལྷུན་གྱིས་གྲུབ་པར་གྱུར་པར་བསམས་ཤིང་། ཧཱུྃ་ཧྲཱི༔ གསང་བ་ཚེ་ཡི་དཀྱིལ་འཁོར་འདིར༔ ནས་རྣམ་དག་ཚེ་ཡི་དངོས་གྲུབ་སྩོལ༔ གྱི་བར་བརྗོད་ལ་དངོས་གྲུབ་བླང་ཞིང་རོལ༔ དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་བཀང་ཞིང་། ཧཱུྃ༔ མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཞེས་པས་ནོངས་པ་བཟོད་པར་གསོལ། ཧཱུྃ་ཧྲཱི༔ སྣང་སྟོང་གཉིས་མེད་ཡི་དམ་དཀྱིལ་འཁོར་ལྷ༔ ཞེས་པ་ནས། བདག་ཅག་རྣམས་ལ་རྗེས་མཐུན་དངོས་གྲུབ་སྩོལ། ཨཱོཾ་བཛྲ་མུ༔ ཞེས་པས་ཡེ་ཤེས་པ་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྟིམ། སླར་ཡང་འཇིག་རྟེན་པའི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་ཨཱོཾ་བཛྲ་ས་མ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིད་བསྟོད་དེ་ཕྱག་ཀྱང་འཚལ། །དེ་ནས། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ༔ ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་འབུལ་ཨཱོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱཿ ཡམ་ཤིང་གིའོ། །ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ མར་ཁུའོ། །ཨཱོཾ་སརྦ་པཱ་པཾ་ད་ན་བཛྲ་ཡེ་སྭཱ་ཧཱཿ ཏིལ་གྱིའོ། །ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱཿ ཡུངས་ཀར་གྱིའོ། །ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཟས་སྣའོ། །ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱཿ ནས་ཀྱིའོ། །ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱཿ སྲན་མ་ལའོ། ཨཱོཾ་བཛྲ་གྷསྨ་རི་སྭཱ་ཧཱཿ གྲོ་ལའོ། །ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱཿ ཀུ་ཤའོ། ཨཱོཾ་ཨཱཿ སྭཱ་ཧཱཿ ཕྲུམ་གྱིའོ། ཨཱོཾཛྲིཾ་སྭཱ་ཧཱཿ འབྲུ་སྣའོ། །ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱཿ ཤིང་ཏོག་གོ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ དར་སྣ་ལའོ། །ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ཀྱིའོ། །ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱཿ སོ་རྩིའི། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ གོས་ཟུང་གིའོ། །ཞེས་པ་རྣམས་ལ་གསུམ་མམ་བདུན་སོགས་འབུལ། རྒྱས་པར་རེ་རེ་ལའམ། བསྡུ་ན་ཀུན་གྱི་མཐར་འདོད་གསོལ་གཅིག་སྦྱར་ཡང་རུང་། དེ་ནས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་འབུལ། སླར་ཡང་ཨརྒྷཾ་ནས་ཤབྷའི་བར་གྱིས་མཆོད་ཅིང་། ཧཱུྃ༔ གཟི་བརྗིད་ཕུང་པོ་ལྟ་ན་སྡུགའོད་བཟང་ཉི་མའི་དཔལ་དུ་འབར། རབ་འབྱམས་ཕྲིན་ལས་རྒྱ་མཚོའི་དཔལ། ཨགྣི་རཱ་ཛ་ཁྱོད་ལ་བསྟོད། ཅེས་པས་བསྟོད། ཡི་གེ་བརྒྱ་པ་བརྗོད། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །མེ་ལྷའི་རྒྱལ་པོ་གང་ཁྱོད་ཀྱིས། །བདག་གཞན་དོན་གཉིས་ཀུན་མཛོད་ཅིགཆོས་ཉིད་ཀློང་གཤེགས་ནས་ཀྱང་། གསོལ་བ་བཏབ་ན་སླར་ཡང་སྤྱོད། ཨཱོཾ་ཨགྣཱ་ཡེ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེའི་ཕུང་པོར་གྱུར་པར་བསམ་མོ། དེ་ནས་ཤིས་བརྗོད་ནི། ཧཱུྃ་ཧྲཱི༔ སྐྱེ་འཆིའི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ ཞེས་པ་ནས། དཀྱིལ་འཁོར་ལྷ་ཚོགས་འཕྲིན་ལས་བཀྲ་ཤིས་ཤོག༔ བསྔོ་བ་ནི། ཧཱུྃ་ཧྲཱི༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བསྒྲུབས་པ་དང་༔ ཅེས་པ་ནས། བདག་སོགས་འགྲོ་དྲུག་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྨོན་ལམ་ནིཿ ཧཱུྃ་ཧྲཱི༔ རྣམ་དག་ཆོས་དབྱིངས་མཆོག་གི་བསོད་ནམས་དེས༔ ཞེས་པ་ནས། སྐུ་དང་ཡེ་ཤེས་མངོན་དུ་འགྱུར་བར་ཤོག༔ དེ་ནས་ཐལ་བ་རི་བོ་འཕན་བཟང་གི་ལྟོ་བར་སྐྱེལ། ཅེས་ཚེ་སྒྲུབ་བདུད་དབཞིའི་གཡུལ་ལས་རྣམ་རྒྱལ་གྱི་རྒྱས་པའི་སྦྱིན་སྲེག་རྫོགས་ལྡན་སྤྲིན་གྱི་ཁང་བཟང་ཞེས་བྱ་བ་འདི་ཡང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སཱུརྱ་ཀིརྟིའི་གསུང་གི་གསང་བ་གཙུག་ཏུ་བླངས་ཏེ། རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་རིགས་འཛིན་འཁོར་འདས་ཡོངས་གྲོལ་ལམ། མིང་གཞན་འཇམ་དབྱངས་བློ་གྲོས་མཆོག་ལྡན་སོགས་དུ་མའི་མིང་ཅན་གྱིས། གཏེར་གཞུང་རྩ་བའི་རྡོ་རྗེའི་གསུང་གི་ཚིག་ཟིན་གཙོ་བོར་བྱས་ཤིང་། རང་གཞུང་གསང་སྔགས་སྔ་འགྱུར་གྱི་མན་ངག་གཞན་གྱིས་ཀྱང་ཅུང་ཟད་བརྒྱན་ཏེ། རང་བྱུང་པདྨ་རྒྱལ་པོའི་གཏེར་གནས་ཕུག་ནག་ཕག་གདོང་ནག་མོའི་ཡང་དབེན། བདེ་སྐྱིད་གླིང་དུ་སྦྱར་བས་ཀྱང་། བསྟན་བའི་ཉི་འོད་ཕྱོགས་ཐམས་ཅད་དུ་བརྡལ་བའི་རྒྱུར་གྱུར་ཅིག་དགེའོ། ༈བརྟན་གཡོ་སྲིད་ཞིའི་སྙིང་པོ་དངས་མའི་བཅུད། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་པའི་ཚོགས། །འདོད་དགུའི་མཆོག་སྦྱིན་རྒྱས་པའི་སྲེག་བླུགས་ཀྱི། །ངག་འདོན་རྫོགས་ལྡན་དུས་ཀྱི་སྤྲིན་སྔོན་བཞིན། །ཆེས་ཆེར་དཀྲིགས་པའི་ཁང་རྩེགས་བཟང་པོ་ལས། །མི་ཤིགས་ཚེ་དཔལ་འབྱོར་པའི་དབྱིག་གི་ཆར། །ཟད་མཐའ་མེད་པར་ལོངས་སུ་སྤྱོད་པ་ཡི། །ཐབས་ཚུལ་ཁྱད་འཕགས་སོར་རྩེས་བཟོ་སྦྱངས་བསྐྲུན། །དགེ་དེས་ཕྱི་ནང་གསང་བའི་སྦྱིན་སྲེག་ལས། །ཚུལ་བཞིན་འབད་རྣམས་ཟག་བཅས་ཟག་མེད་ཀྱི། །སྙིང་པོའི་བཅུད་དུ་སྨིན་པས་མཆོག་ཐུན་གྱི། །དངོས་གྲུབ་སྐལ་པ་བཟང་པོར་ལོངས་སྤྱོད་ཤོག །ཅེས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་པར་བྱང་དུ་སྨྲས་པའོ། །མངྒ་ལཾ། །

ཚེ་སྒྲུབ་དོན་དབང་ཡིད་བཞིན་དབང་རྒྱལ་འཇུག་བདེར་བཀོད་པ།

ཚེ་ཡི་དབང་ཆོག་བསྡུས་པ་ཡིད་བཞིན་དབང་རྒྱལ་འཇུག་བདེར་བཀོད་པ་བཞུགས། །ཁྱོད་མཚན་ཉི་གཞོན་བྱེ་བའི་གཟིས། །འཆི་བདག་མུན་སྟུག་མཐར་མཛད་པའི། །བླ་མ་ཚེ་མཐའ་ཡས་པ་ཡིས། །ཐུགས་རྗེའི་ཟེེར་གྱིས་རིང་དུ་སྐྱོངས། །འདིར་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གྱི་དོན་དབང་ཡིད་བཞིན་དབང་རྒྱལ་བསྐུར་བ་ལ་དོན་གསུམ་སྟེ། སྦྱོར་དངོས་རྗེས་སོ། དང་པོ་ནི་གང་དུ་བྱ་བའི་གཞི་དེར་རས་བྲིས་སམ་འབྲུ་ཡི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་དབུས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་བཅས་དང་། གཡས་སུ་ཚེ་ཆང་། རྒྱབ་ཏུ་ཚེ་རིལ། མདུན་དུ་ཚེ་གཏོར། གཡོན་དུ་མདའ་དར་དང་། མཐའ་བརྟེན་རྫས་བརྒྱད་རྟགས་བརྒྱད་སྣ་བདུན་རྣམས་ཀྱི་ཙཀ་ལི་དང་། ལས་བུམ་དམ་ཆུ་བཅས་དང་། གཞན་ཡང་གཞུང་མཐུན་ལྟར་གྱི་གཏོར་མཆོད་ཚོགས་སོགས་དང་། སློབ་དཔོན་གྱི་མདུན་དུ་ཌ་དྲིལ་སྤོས་ནས་ཟེ་ཐུན་རྫས་བགེགས་གཏོར་བཅས་བཀོད། གཉིས་པ་ལས་བྱང་གཞུང་བསྲང་བསྐྱེད་རྫོགས་གསལ༔ བརྒྱ་སྟོང་སྐབས་དང་སྦྱར་ཏེ་བསྙེན་པ་གསོ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བདག་འཇུག་བླང་༔ ཞེས་གསུངས་པ་རྣམས་བྱས་ནས་ལྷག་མའི་གོང་དུ་བཞག་ནས། སློབ་མ་རྣམས་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་སྟེ་གནང་བ་ཞུས་ནས། གཉིས་པ་དངོས་གཞིའི་སྔོན་འགྲོ་རྣམ་པ་བརྒྱད༔ ཞེས་པའི་དོན། ལས་བུམ་བསངས་སྦྱངསཨཱོཾ་སྭ་བྷཱ་ཝ་སོགས། པད་ཟླར་བྷྲཱུྃ་ལས་བུམ་པ་བཅུད་ལྡན་དབུས། །རྟ་མགྲིན་དམར་པ་ོརྡོ་རྗེ་དྲིལ་བུ་འཛིན། །ཕག་མོ་ཡུམ་འཁྱུད་དཔལ་གྱི་ཆས་དགུ་རྫོགས། །རྟ་སྐད་འཚེར་ཞིང་གྱད་ཀྱི་དོར་སྟབས་བཞུགས། །སྐུ་ལས་རང་འདྲའི་ཁྲོ་ཆུང་དཔག་མེད་འཕྲོས། །གདོན་བགེགས་ཚར་བཅད་བུམ་པའི་ཆུ་དང་འདྲེས། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་གང་མང་བཟླས། ལྷ་ཉིད་ཞུ་ནས་བུམ་པའི་ཆུ་ལ་ཐིམ། །བུམ་ཆུ་ནུས་ལྡན་བདུད་རྩིའི་རྒྱ་མཚོར་གྱུར། །ཞེས་བསྒྲུབ། དེ་ནས་བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཅེས་དང་ཡིག་བརྒྱས་བཀྲུ། བགེགས་གཏོར་སྭཱ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨཱོཾ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་བར་གྱུར། ཨཱོཾ་ཨཱཿཧཱུྃ་ཧོ༔ གསུམ། ཨོཾ་སརྦ་བིགྷྣན་ཨ་ཀར་ཥ་ཡ་ཛཿཛཿ བགེགས་གཏོར་བསྐོར་ཞིང་དྲིལ་བུ་གསིལ་བ་དང་བཅས། ཨཱོཾ་སརྦ་བིགྷྣན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཏངྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་གཱ་ག་ན་ཁཾ་གྷྲི་ཧ་ན་ཨི་དཾ་བཱ་ལིངྟ་སྭཱ་ཧཱ༔ བདུན། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་འཆི་བ་མེད་པ་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིགགལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོཾ་སུམ་བྷ་ནི་ཧཱུྃ༔ སོགས་ནས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞིར་བ་དྲ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིག་པ་རུ་གྱུར་པའི་མོས་བ་མཛོད། བཛྲ་རཀྵ་རཀྵ༔ མེ་ཏོག་བསྐྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གསང་བའི་བར་ཆད་རྣམས་ཞི་ཞིང་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་ཚེ་ཡི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བྱ། དེ་ཡི་ཕྱིར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པ་ཆས་གྱུར་ཅིང་། སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་དང་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་བསྒྲུབས། །ཅེས་གསུངས་པ་དང་། དེ་ལྟར་ཐོབ་པས་མི་ཆོག་སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་སྙིགས་མ་ལྔ་བདོ་བའི་ཚེ་ཡི་སྙིགས་མའི་མཐར་ཐུག་པས་དུས་མིན་འཆི་བའི་རྐྱེན་དང་བར་ཆད་མང་པོ་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར། སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུ་དུས་མ་ཡིན་པར་འཆི་བའི་རྐྱེན་ནི་ཚེ་དང་ལས་དང་བསོད་ནམས་གསུམ་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་ཟད་པ་དང་གསུམ་ལས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལ་གསོ་བྱའི་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས་གསོ་བྱེད་སློབ་དཔོན་གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ་ནི། དམ་ཉམས་སེམས་དཀྲུག་ཡིད་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིགས་ཉམས་པ་དང་། །གནས་ངན་དག་ཏུ་གནས་མ་འདི་དག་ནི། །ཚེ་ཉམས་དབུག་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང། གཉིས་པ་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་རྣམས། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱེད་ཆེ་ཞིང་དམ་ལྡན་ཞི་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། ཞེས་དང་། བཞི་པ་ནི། ཇི་ལྟར་འོས་པའི་ཐབས་ཀྱི་ཆོ་ག་སྟེ་ཟབ་རྒྱས་ཀྱི་གདམས་པ་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་གཟུངས་མ་མཁར་ཆེན་བཟའ་ལ་ཐུགས་ཀྱི་བརྣོག་ཆོས་སུ་བསྩལ་བ་ཚེ་སྒྲུབ་ཟབ་མོ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་དབང་ཆོག་ཡིད་བཞིན་དབང་གི་རྒྱལ་པོར་གྲགས་པ་བསྐུར་བ་སྐབས་སུ་བབས་པ་སྟེ། དེ་ཡང་ཆོས་ཀ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་ན༔ ཚེ་ལྷ་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱི་སྤྲུལ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་བདག༔ སུམ་སྟོང་ལོན་ནས་ཁ་བ་ཅན་འདིར་འོངས༔ ཟབ་གསང་བླ་མེད་ཆོས་འཁོར་གྲངས་མེད་བསྐོར༔ མངའ་བདག་རྗེ་འབངས་སྨིན་གྲོལ་ལམ་ལ་བཀོད༔ ཁྱད་པར་བོད་ཡུལ་གངས་ཅན་གནས་ཀྱི་མཆོག༔ དབུས་ཀྱི་ཕྱོགས་ན་ཤངས་ཀྱི་ཟབ་བུ་ལུང་༔ མཁའ་འགྲོ་མ་བསྒྲུབ་རང་བཞིན་འདུ་བའི་གནས༔ རྩ་གསུམ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས་པའི་ལུང་༔ དམ་ཅན་ཆོས་སྐྱོང་མངོན་རྒྱུག་བྱེད་པའི་ཞིང་༔ དཔལ་གྱི་གནས་མཆོག་ཤངས་ཀྱི་ཟབ་བུ་རུ༔ སྒྲུབ་པའི་གྲོགས་མོ་མཚན་ལྡན་ངྷཀྐི་མ༔ ལཱ་སྱའི་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཟབ་ཆོས་མང་པོ་དགོས་ཞེས་ཅི་མང་བསྟན༔ ཁྱད་པར་ཟབ་པ་ལས་ཀྱང་ཆེས་ཟབ་པ༔ ཡང་གསང་བླ་མེད་ཚེ་ཡི་སྒྲུབ་ཐབས་འདི༔ སྙིང་པོའི་བཅུད་ཕྱུང་མན་ངག་རྒྱས་བཏབ་སྟེ༔ མགོན་པོ་ཚེ་དཔག་མེད་དེས་བདག་ཉིད་ལ༔ རི་བོ་ཏ་ལ་དབང་གི་ཕུག་པ་རུ༔ ཟླ་དྲུག་ཚེ་སྒྲུབ་བྱས་དུས་མངོན་སུམ་གནང་༔ བདག་ཀྱང་འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ དེས་ན་བརྗོད་པར་དཀའ་ཞིང་སྤེལ་བར་ཕངས༔ འོན་ཀྱང་མཚོ་རྒྱལ་ནན་ཆགས་ཆེ་བ་དང་༔ ཕྱི་མའི་དུས་ཀྱི་སྐལ་ལྡན་འགའ་ཡི་དོན༔ ད་ལྟ་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ༔ ཡི་གེའི་རིས་བཏབ་རིན་ཆེན་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱི་བུ་དང་འདི་འཕྲད་ནས༔ སྐལ་ལྡན་མང་པོས་ཚེ་ཡི་དྲོད་ཐོབ་སྟེ༔ རིག་འཛིན་པདྨ་བདག་དང་དབྱེར་མེད་ཤོག༔ བཀའ་ཡི་སྲུང་མས་ཆོས་འདིའི་བྱ་ར་གྱིས༔ ཀླུ་སྨན་དཀར་མོས་གཏེར་འདིའི་མེལ་ཚེ་མཛོད༔ དུས་ལ་བབས་ཚེ་སྐལ་ལྡན་བུ་ལ་སྤྲོད༔ སྐལ་མེད་ལོག་ལྟ་ཅན་གྱི་དབང་པོ་བསྣུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་རྒྱ་རིམ་པ་བདུན་གྱིས་བཏབ་ནས་གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་རྡོ་རྗེ་ཧཱུྃ་བྲག་ཅན་དུ་གཏེར་དུ་སྦ་བར་གནང་བ་ལས། དུས་ཕྱིས་འགྲོ་འདྲེན་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་ཞེས་ཡོངས་སུ་གྲགས་པའི་སྤྲུལ་པའི་གཏེར་ཆེན་དེ་ཉིད་ཀྱིས་ཤིང་ཡོས་སྣྲོན་ཟླའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་སྤྱན་དྲངས་ནས་ས་མོ་ལུག་ལོ་ཧོར་ཟླ་བདུན་པའི་ཚེས་བཅུ་བདུན་ལ་ཤོག་སེར་ལས་འབེབས་པར་གནང་ནས་དུས་དང་འཚམས་པར་རིམ་པར་སྤེལ་བ་ལས། གདམས་ཟབ་གང་དེས་ཆོས་སྐོར་ལས་བྱུང་བའི་སྨིན་བྱེད་གདམས་པའི་ཡང་སྙིང་ཡིད་བཞིན་དབང་རྒྱལ་དུ་གྲགས་པ་འདི་ཉིད་བསྐུར་བའི་སྐབས་སུ་བབས་པ་སྟེ། དེ་ལ་ཡང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དང་ལྷ་དང་དབྱེར་མེད་དུ་བལྟས་ཏེ་རིག་པའི་མེ་ཏོག་དོར་བས་དབང་བསྐུར་གནང་བ་ཞུ་བ་དང་བདག་འཇུག་པར་བགྱི་བ་སོགས་གོང་དུ་གྲུབ་པ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད་ཞེས་བརྡའ་སྤྲད། ད་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་་དང་བཅས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་མགོན་པོ་ཚེ་དཔག་མེད་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་རིག་འཛིན་ཚེ་ཡི་ལྷ༔ བདག་ཅག་རྣམས་ལ་ཚེ་ཡི་དབང་མཆོག་སྩོལ༔ འཆི་མེད་རིག་འཛིན་ཆོས་ཀྱི་དོན་བསྟན་ནས༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ སློབ་དཔོན་གྱིས༔ ཧོ༔ ཁྱེད་རྣམས་སུ་ཞིག་ད་ལ་འདིར༔ འཇུག་པའི་སེམས་དང་ལྡན་ལགས་ན༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བསྲུང་ནུས་སམ༔ ལན་གསོལ་བ༔ ཀྱེ་དགོངས་ཤིག་དཔལ་ལྡན་བླ་མ་རྗེ༔ བདག་ནི་སྐལ་བཟང་ཐེག་མཆོག་རིགས༔ བླ་མ་རིག་འཛིན་ཚེ་དཔག་མེད༔ ཡང་དག་རིགས་བདག་ལྷ་རུ་འཛིན༔ སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་མགོན་པོ་ཚེ་དཔག་མེད་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས༴ སྐྱབས་མཆོག་རིག་འཛིན༴ དེང་ནས་བཟུང་སྟེ༴ བདག་ཅག་གུས་པས༴ དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་འགྲོ་བ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པས། ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། །མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ སྐྱེ་རྒ་ན་འཆིའི་རྦ༴ ཐར་མེད་འཁོར་བར༴ མར་གྱུར་འགྲོ་བ༴ ཚེ་ཡི་རིག་འཛིན་ཐོབ༴ དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན༔ བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་སོ། །དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་རྣམས་ཀྱི་ཕྱིར་འདིའི་རྗེས་ཟློས་གྱིས། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས༔ འགྱུར་མེད་ཀློང་དུ༴ སྤྲོས་མེད་ངང་ནས༴ རང་བྱུང་ཀློང་དུ༴ རང་སེམས་ཆོས་ཆོས་སྐུར༴ རྣམ་དག་ཆོས་དབྱིངས༴ སྐྱེ་མེད་ཀློང་དུ༴ འགག་མེད་དགེ་ཚོགས༴ དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་དུལ་བར་བྱས་ནས་དངོས་གཞི་དབང་གི་ངོ་བོ་དེ་ཡང་རྐྱེན་རྡོ་རྗེ་སློབ་དཔོན་དང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པར་བྱེད་པ་དམ་ཚིག་དང་སྡོམ་པ་ལ་རག་ལུས་པས་སྒོ་གསུམ་མི་དགེ་བ་ལས་ལྡོག་སྟེ་ལྷ་སྔགས་ཏིང་ངེ་འཛིན་ལས་མི་འདའ་བ་ལ་བསླབ་དགོས་པ་ཡིན་པས་བསྲུང་མཚམས་ངེས་པའི་སྒོ་ནས་ཚུལ་བཞིན་དུ་བསྲུང་བ་གལ་ཆེ་བས་དམ་ཚིག་ལ་གཅེས་པར་མཛད་པའི་ཕྱིར་དམ་ཆུ་འདི་འཐུང་། ལས་བུམ་གྱི་ཆུ་དང་རྣམ་རྒྱལ་བུམ་པའི་ཆུ་བསྲེག་པ་ངག་ཏུ་བླུག་ཅིང་༔ ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཚུལ་བཞིན་དམ་སྲུང་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དེ་ཕྱིར་སྙིང་ལ་བྲོ་བོར་ཞིག༔ ས་མ་ཡཱ་ཧཱུྃ་སྭཱ་ཧཱ༔ འོ་དེ་ལྟར་དམ་ཚིག་གི་ཆུ་སྦྱིན་པ་འདི་ནི་བཞག་པ་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་གི་དཀྱིལ་དུ་འབབ་ནས་དམ་ཚིག་ལས་འགལ་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བའི་སྡིག་པ་ར་ཙ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་ནད་མང་དང་། ཕྱི་མ་རྡོ་རྗེའི་དམྱལ་བར་ལྷུང་ཞིང་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར་ལ། དམ་ཚིག་བསྲུང་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་འགྱུར་ནས་སྲུང་སྐྱོབ་དང་རྟག་ཏུ་བྱིན་གྱིས་རླབས་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་མྱུར་དུ་སྟེར་ནས་དངོས་གྲུབ་མཆོག་གྲུབ་པར་འགྱུར་བས་དམ་ཚིག་ལ་ཚུལ་བཞིན་དུ་གཅེས་སྤྲས་སུ་མཛད་འཚལ། ཞེས་བརྗོད། དེ་ལྟར་ཕྱི་འཇུག་རྣམས་སོང་ནས། དངོས་གཞི་ནང་འཇུག་ཡེ་ཤེས་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་གྱིས། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ལས་བུམ་གྱི་ཆུས་སློབ་མ་རྣམས་བསངས། ཁྱེད་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་སྐད་ཅིག་གི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱིི་བདུད་རྩིས་གང་བའི་བུམ་པ་འཛིན་པ་འཛུམ་པའི་མདངས་ལ་ཞི་བའི་ཉམས་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེའི་སྙན་ཆ་མགུལ་ཆུན་ཕྱག་ཞབས་ཀྱི་གདུ་བུ་སོགས་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་དར་གྱི་ན་བཟའ་ཅན། དེའི་པང་དུ་ཡུམ་མཆོག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་གཅེར་བུ་ཞི་འཛུམ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ཕྱག་གཡས་མདའ་དར་དང་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པ་དང་གཉིས་མེད་དུ་འཁྲིལ་བ་གསལ་གདབ་ཅིང་། དེ་ལྟར་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་མཚན་པའི་འོད་ཟེར་དང་། བླ་མའང་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་ནུབ་ཕྱོགས་བདེ་བ་ཅན་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལྷར་གསལ་བ་ལ་གཉིས་སུ་མེད་པར་སིབ་སིབ་ཐིབ་བྱུང་སྙམ་པའི་མོས་པ་གྱིས། ཞེས་ལས་བྱང་གི་སྤྱན་འདྲེན་ཧཱུྃ་ཧྲཱི༔ ཆོས་དབྱིངས་བདེ་བ་ཆེན་པོ་དང་༔ སོགས་ནས་ཛཿཛཿའི་མཐར་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་སྔགས་དང་སྤོས་རོལ་བྱ་ཞིང་བྱིན་དབབ་ལ་དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་པ་རྣམ་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་སྤྱི་བོར་བཀོད་ལ་རྡོ་རྗེས་རྒྱས་གདབ་བོ། །གཉིས་པ་དངོས་གཞི་དབང་གི་རིམ་པ་ལ་བདུན་ཏེ༔ བླ་ཚེ་ཆད་ཉམས་གསོ་ཞིང་ཤུལ་དུ་འཛུད་པ༔ ཚེ་འགུགས་པ༔ སྐུའི་དབང་བུམ་པ་ལ་རྟེན་ནས་བསྐུར་བ༔ གསུང་གི་དབང་ཚེ་ཆང་ལ་བརྟེན་ནས་བསྐུར་བ༔ ཐུགས་ཀྱི་དབང་ཚེ་གཏོར་ལ་བརྟེན་ནས་བསྐུར་བ༔ ཡོན་ཏན་གྱི་དབང་ཚེ་རིལ་ལ་བརྟེན་ནས་བསྐུར་བ༔ འཕྲིན་ལས་ཀྱི་དབང་རྒྱས་འདེབས་པ༔ ཡོངས་རྫོགས་ཤིས་པ་བརྗོད་པ་དང་བདུན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བླ་ཚེ་འགུགས་པ་ནི་ཚེ་འགུགས་བཞུང་ལྟར་བརྗོད༔ ཧཱུྃ་ཧྲཱི༔ ཆགས་མེད་བདེ་ཆེན་ཚེ་ཡི་དཀྱིལ་འཁོར་ནས༔ སོགས་དམིགས་པ་སྤྲད་མདའ་དར་གྱིས་རྒྱས་གདབ་བོ། །གཉིས་པ་སྐུའི་དབང་བུམ་པ་ལ་བརྟེན་ནས་བསྐུར་བ་ནི༔ བུམ་པ་སློབ་བུའི་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ བུམ་པ་ཡི་དམ་མགོན་པོ་ཚེ་དཔག་མེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དཔལ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཧྱ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨ་ཡུ་ཤེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ གསུམ་པ་ནི་ཚེ་ཆང་མགྲིན་པར་བཞག་ཅིང་ངག་ཏུ་བླུད༔ ཧཱུྃ་ཧྲཱི༔ གསུང་གི་བྱིན་རླབས་རང་བྱུང་ཚེ་ཡི་བཅུད༔ བདུད་རྩིའི་རྫས་མཆོག་ཚེ་ཆང་ཨ་མྲི་ཏ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཾཿ བཞི་པ་ཚེ་གཏོར་སྙིང་གར་བཞག་ཅིང་༔ ཧཱུྃ་ཧྲཱི༔ ཚེ་ཡི་བུམ་པ་རིགས་བདག་འོད་དཔག་མེད༔ ཡེ་ཤེས་རང་བྱུང་ལྷན་ཅིག་སྐྱེས་པའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཚེ་རིལ་ལྟེ་བར་བཞག་ཅིང་ཁ་རུ་སྦྱིན། ཧཱུྃ་ཧྲི༔ ཚེ་ཡི་རིལ་བུ་བཅོམ་ལྡན་ཚེ་དཔག་མེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས། རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ཕྱག་མཚན་གྱིས་སློབ་མའི་གནས་ནས་ལྔར་རྒྱས་འདེབས་ཤིང་། ཧཱུྃ་ཧྲཱི༔ ཡེ་ཤེས་རང་བྱུང་འཇིགས་མེད་རྡོ་རྗེའི་སྐུ༔ འོད་ཟེར་དྲ་བ་སྟོང་ཁམས་ལྷམ་མེ་བ༔ རྡོ་རྗེའི་གོ་ཁྲབ་མི་དམིགས་རྒྱས་གདབ་པས༔ མི་འགྱུར་སྙིང་པོ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ་བཛྲ་རཀྵ་རཀྵ་ཧཱུྃ༔ བདུན་པ་ཡོངས་རྫོགས་ནི་བཀྲ་ཤིས་པའི་རྟགས་རྫས་སྣ་བདུན་རྣམས་ཕྱག་ལེན་དུ་མཛད་སྲོལ་ཡོད་པས་གྲུབ་ན་ཟུར་གསལ་ལྟར་དང་། མི་ལྕོག་ཚེ་གཞུང་ནས་ཡོངས་རྫོགས་ཤིས་པ་བརྗོད་པ་ནི་ལས་བྱང་ལྟར་རོ༔ ཞེས་པས༔ ཧཱུྃ་ཧྲཱི༔ སྐྱེ་འཆིིའི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ སོགས། བརྗོད་ལ་མེ་ཏོག་གི་ཆར་བསྙིལ་བར་བྱའོ། གསུམ་པ་རྗེས་ནི། དེ་ལྟར་ཚེ་སྒྲུབ་བདུད་བཞི་གཡུལ་རྒྱལ་གྱི་ཚེ་དབང་ཟབ་མོ་ཡིད་བཞིན་དབང་རྒྱལ་དུ་གྲགས་པ་ལེགས་པར་བསྐུར་གྲུབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམས་པས་འདིའི་རྗེས་བཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི། ལན་གསུམ་གྱིས་དམ་ཚིག་ཁས་བླངས་རྗེས། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། མཎྜལ་འབུལ་ལོ། །སླར་ཡང་ལུས་ལོངས་སྤྱོད་ལ་སོགས་པ་འཁོར་ལོས་སྒྱུར་པའི་རྒྱལ་པོའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟ་བུར་ཡིད་ཀྱིས་སྤྲུལ་ཞིང་ཕུལ་བས་བཞེས་ཤིང་ཆ་ཤས་ནས་རང་གིས་ཀྱང་ལོངས་སྤྱོད་པའི་མོས་པ་དང་བཅས་འདིའི་རྗེས་བཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་བསྐྱེད་དུ་གསོལ། །ཞེས་བཀའ་དྲིན་ཁུར་ནས། དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་དགེ་བ་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། སོགས། །རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། སོགས་ཀྱིས་དགེ་བ་བསྔོ་ཞིང་ཚོགས་འཁོར་བྱ། སློབ་མ་རྣམས་རང་གནས་སུ་བཏང་རྗེས་ལྷག་མ་བཏང་བ་སོགས་ཀྱིས་མཇུག་ཆོག་རྣམས་འཕྲོ་སྐྱོང་ངོ་། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །ཡང་ཟབ་ཡེ་ཤེས་རྡོ་རྗེའི་ཚོགས། །སྒྲུབ་བྱེད་འཆི་མེད་ཡང་སྙིང་གི། །དབང་ཆོག་འཇུག་བདེ་རབ་དགའི་སྐྱེས། །འདི་ཡང་བླ་མའི་ཕྱག་བཞེས་བཞིན། །འཁྲུལ་མེད་ཡི་གེར་བཀོད་པའི་དགེས། །འགྲོ་ཀུན་འཆི་བདག་ལས་རྒྱལ་ནས། །འཆི་མེད་བདུད་རྩི་བརྙེས་གྱུར་ཅིག །ཅེས་པ་འདི་ཡང་བླ་མ་དམ་པ་མཁས་བཙུན་བཟང་པོའི་ཡོན་ཏན་ལྡན་པ་བླ་མ་འགྱུར་མེད་བློ་ལྡན་གྱི་བཀས་བསྐུལ་བ་ལྟར་གཞུང་དང་བླ་མའི་གསུང་རྒྱུན་རྣམས་ཕན་ཚུན་མཚམས་སྦྱོར་ནས་བླ་མ་མཆོག་གི་ཕྱག་ལེན་ལྟར་བསྒྲིགས་ཤིང་ཡེ་ཤེས་དབབ་པའི་དམིགས་རིམ་གསར་སྤྲོས་ལས་གཞན་རང་བཟོ་མེད་པར་ཚིག་ཚོགས་མང་བ་དག་དོར་ནས་ལག་ཏུ་བླང་དེར་བཀླགས་ཆོག་གི་ཚུལ་དུ་སྤྲང་བན་རྒྱལ་ཁམས་པ་ཝ་གིནྡྲའི་མིང་གི་བྲིས། །

བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་བསྙེན་པ་བྱེད་ཚུལ།

ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་བསྙེན་པ་བྱེད་ཚུལ་བཞུགས་སོ། །བླ་མ་དང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དབང་ལུང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཚེ་སྒྲུབ་ཀྱི་བསྙེན་པ་བྱ་བར་འདོད་པས། དབེན་པའི་གནས་སུ་ལོ་དང་ཟླ་བ་གང་རུང་གི་ཚེས་དགེ་བར་བཟའ་བཏུང་གི་ཡོ་བྱད། མཆོད་གཏོར་གྱི་ཆ་ལག་མཚམས་གཡོག་སོགས་མཁོ་བའི་ཡོ་བྱད་འདིར་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས། གནས་ཁང་ཕྱགས་བདར་སོགས་ལེགས་པར་བྱེས། སྟན་གྱི་འོག་ཏུ་གཡུང་དྲུང་གཡས་སྐོར་དུ་འབྲི། ཉིན་དང་པོའི་དགོང་ཐུན་ནས་དབུ་འཛིན་དགོས་པར། ཐོག་མར་རང་ཉིད་ལྷའི་བསྐྱེད་རིམ་དང་ལྡན་པས་དཀར་གཏོར་འབུལ་ཞིང་ཕྲིན་ལས་བཅོལ་བགེགས་གཏོར་བཏང་ནས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་རོལ་མོའི་སྒྲ་དང་བཅས་བགེགས་བསྐྲད་ཅིང་བསྲུང་བའི་འཁོར་ལོའི་དམིགས་པ་བརྟན་པོ་བྱེད། དེ་ནས་གྲ་འགྲིགས་པ་བྱུང་ན་རྒྱལ་ཐོ་འཛུགས་ཤིང་གཏོར་མ་འབུལ། འཕྲིན་ལས་བཅོལ། དེ་ནས་དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱའི་བསྒོམ་བཟླས། བླ་མའི་རྣལ་འབྱོར་ལ་སོགས་པ་མང་ཉུང་སྐབས་དང་བསྟུན་པ་བྱེད། གཞན་ཡང་དགེ་བའི་རྒྱབ་དཔུང་དུ་གྱུར་ཚད་གྲུབ་ན་བྱའོ། །རང་ཉིད་ཁ་གང་དུ་བལྟ་བ་དང་ཞལ་སྤྲོད་ཀྱི་ཚུལ་དུ་བྲིས་ཐང་ལ་སོགས་པ་བཀྲམ་ཞིང་སྟེགས་བུའི་ཁར་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་ནའང་ཚོམ་བུ། སྒྲུབ་ཐབས་ལས། དེ་ཡི་དབུས་སུ་ཁྲིའུ་མཛེས་པའི་ཁར་དྲི་བཟང་སྨན་སྤོས་ཀྱིས་བཀང་བའི་བུམ་པ་མཚན་ཉིད་དང་ལྡན་པར་རིགས་ལྔའི་ས་བོན་དང་ཕྱག་མཚན་བྲིས་པ་ལ་མགུལ་ཆིངས་དར་དམར་གྱིས་བརྒྱན་པའི་ཁར་རབ་གསེར་དངུལ་ལ་སོགས་རིན་པོ་ཆེའི་རིགས༔ འབྲིང་སྨན་འདག་ལས་གྲུབ་པ༔ ཐ་ནའང་རས་ལ་རིས་སུ་བྲིས་པའི་འདྲ་འབག་གཟུགས༔ དར་དམར་གྱི་གུར་ཕུབ༔ མདུན་དུ་ཟན་བཟང་པོ་ལ་རྩི་བཅུད་དང་སྨན་སྤོས་བཏབ་པའི་ཚེ་བུམ་རྒྱན་དང་ལྡན་པ་བཤམས༔ གཡས་སུ་ཨ་མྲྀ་ཏ་ཛཱ་གད་ཀྱི་ཉིང་ཁུར་བཏབ་པ་དུམ་བུ་གཅིག་པའི་སྣོད་དུ་བཤམས་ཏེཿམེ་ལོང་སིནྡྷུ་རས་བྱུགས་པ་ལ་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་བྲིས་པས་ཁ་བཀབ་ཅིང་དར་གུར་ཕུབ༔ གཡོན་དུ་ཁྲག་སྣ་གང་འཛོམ་ལ་པདྨ་རཀྟའི་ཕབས་བཏབ་པ་བཤམས༔ རྒྱབ་ཏུ་སྨན་སྤོས་སྣ་ཚོགས་ལས་གྲུབ་པའི་ཚེ་རིལ་ཉི་ཟླས་བརྒྱན་པ་བཤམས༔ དམ་ཚིག་བསྐུལ་ཞིང་དངོས་གྲུབ་བསྡུད་པའི་རྟེན་མདའ་རྒོད་སྒྲོ་མ་ལ་དར་སྣ་ལྔས་བརྒྱན་པའི་མདའ་དར་ཡང་གཟུགས༔ དེ་རྣམས་ཀྱི་ཕྱི་རོལ་དུ་ཚོགས་ཀྱི་འཁོར་ལོ༔ ཕྱི་མཆོད་ཀྱི་རིམ་པ༔ བཀའ་བསྲུང་གི་གཏོར་མ་རྣམས་བཤམས༔ འཇུག་པ་བདེ་ཕྱིར་མཆོད་གཏོར་དང་སྨན་རཀ་སོགས་བཤམས་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། དེ་ནས་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ནས་སྔོན་འགྲོ་དང་དཀར་བགེགས་ཀྱང་གཏོང་ན་ལེགས་ཤིང་བལྡབ་པའི་སྐྱོན་དུ་མི་འགྱུར་རོ། །ལས་བྱང་གཞུང་དངོས་ལ་ཏིང་འཛིན་རྣམ་གསུམ་ནས་བསྐྱེད་རིམ་ཇི་ལྟ་བ་ལ་ཁྱད་པར་སྒྲུབ་ཐབས་ནས་གསུངས་པ་འདི་བཞིན་བསྐྱེད་ཅིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས༔ རང་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ༔ ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་ཅན༔ ཞལ་གཅིག་དམར་ལ་དཀར་བའི་མདངས་དང་ལྡན་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་ཅན༔ རལ་པའི་གཙུག་ཏོར་ལ་རིགས་ལྔའི་སྲོག་ཞུ་དང་ཅོད་པན་གྱིས་བརྒྱན་པ༔ འཛུམ་པའི་མདངས་ལ་ཞི་བའི་ཉམས་དང་ལྡན་པར་བསྒོམས་པའི་ཐུགས་ཀར་འོད་ལྔ་འཁྲུག་པའི་ཀློང་དཀྱིལ་ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་ཁང་གི་ནང་དུ༔ དང་པོའི་ཆ་ལ་པདྨ་འདབ་མ་བཞི༔ གཉིས་པ་དེའི་ཕྱི་རིམ་དུ་པདྨ་འདབ་མ་བརྒྱད༔ དེའི་ཕྱི་རིམ་འོད་ལྔའི་ར་བས་ཡོངས་སུ་བསྐོར་བའི་ལྟེ་བར་བདུད་བཞི་དང་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་འདས་དཔལ་ཆེན་པོ་པདྨ་དབང་གི་རྒྱལ་པོ་རྟ་མཆོག་རོལ་པ༔ སྐུ་མདོག་བྱི་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པ་ལྟ་བུ༔ ཤིན་ཏུ་དམར་བའི་མདོག་ཅན༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་སྟབས་ཀྱིས་བགྲད་པ༔ ཕྱག་གཡས་སྣང་བའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ༔ ཕྱག་གཡོན་སྟོང་པའི་རང་བཞིན་དྲིལ་བུ་དཀུར་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཞིང་སྐྲ་ཁམ་སེར་གྱེན་དུ་འབར་བ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་ཞིང་སྐྲ་གསེབ་ནས་རྟ་མགོ་ལྗང་ཞུར་གྱིས་རྟ་སྐད་འཚེར་བ༔ སྣང་སྟོང་རང་འོད་ཀྱི་ཀློང་དུ་བཞུགས་པའི་པང་དུ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དམར་མོ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་ཡབ་ལ་འཁྲིལ་བ༔ ཞལ་གདངས་ལྗགས་འགྲིལ་ཁྲོ་གཉེར་དང་མཆེ་བ་གཙིགས་པ༔ སྤྱན་གསུམ་རབ་ཏུ་བགྲད་པ༔ སྐྲ་ཕྱེད་སྤྱི་བོར་བཅིངས་ཤིང་ཕག་ཞལ་གྱིས་ངུར་སྒྲ་འབྱིན་པ༔ ལྷག་མ་སྐུ་རྒྱབ་ཏུ་སིལ་བུར་འཕྱང་བ༔ རུས་རྒྱན་དང་གཟིག་ཤམ་གྱིས་བརྒྱན་པ༔ མི་མགོའི་དོ་ཤལ་དང་དྲིལ་བུ་གཡེར་ཁའི་ཕྲེང་བ་ཅན༔ རིག་སྟོང་དབྱེར་མེད་ཀྱི་ཀློང་དུ་ལྷམ་མེར་གསལ་ཞིང་༔ དེའི་ཕྱི་རིམ་ཕྱོགས་བཞིའི་པད་འདབ་ལ་ཚེ་ལྷ་ཡབ་ཡུམ་བརྒྱད༔ ལོངས་སྤྱོད་རྫོགས་སྐུ་ཡུམ་དང་འཁྲིལ་བ༔ ཞབས་གཉིས་སྐྱིལ་ཀྲུང་༔ ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པ༔ ཡུམ་རྣམས་མདའ་དར་དང་ཚེ་བུམ་ཅན༔ ཡབ་ཡུམ་ཐམས་ཅད་སྐུ་མདོག་ཕྱོགས་ཀྱི་མདོག་ཅན་གསལ་སྟོང་དབྱེར་མེད་ཀྱི་ངང་ནས་རང་འོད་ཀྱི་ཀློང་དུ་བསྐྱེད་ཅིང་༔ དེའི་ཕྱི་རོལ་པད་འདབ་བརྒྱད་ལ་ལྷ་མོ་བཞི་དང་མགྱོགས་མ་བཞི་རྣམས་ཀྱང་མདངས་གསལ་མ་འགགས་པའི་རོལ་པར་གསལ་ཞིང་༔ དེ་དག་རྣམས་ཀྱི་མཚམས་མཚམས་ཀྱི་ནམ་མཁའི་ཆ་ལ་སྤྲུལ་པའི་གྷུ་རུ་མཚན་བརྒྱད་རྣམས་ཀྱང་བསྐྱེད་དོ༔ རང་ཉིད་ཚེ་དཔག་མེད་ཡབ་ཡུམ་གྱི་སྤྱི་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས༔ ཡན་ལག་བཞི་ལ་སྒོ་མ་བཞི༔ བ་སྤུའི་འོད་ཀློང་རྣམས་སུ་སྐུ་གསུམ་གྱི་སྟོན་པ༔ དུས་གསུམ་གྱི་སངས་རྒྱས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་གསལ་ཞིང་༔ ཚེ་ལ་དབང་བའི་རིག་འཛིན་དཔའ་བོ་དཔའ་མོའི་འཁོར་ཚོགས་འབུམ་འབུམ་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་གནས་གསུམ་ལས་འོད་ཟེར་གྱི་ཚོགས་གྲངས་མེད་པ་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་བདག་མདུན་རྣམས་ལ་ཐིམ་པར་བསྒོམ་ཤིང་༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་ལ་སོགས་ལས་བྱང་ལྟར་བྱ་ཞིང་༔ རང་ལུས་ཀྱི་སྣང་ཆ་ཚེ་དཔག་མེད་ཡབ་ཡུམ༔ རང་རིག་གི་ངོ་བོ་ཙིཏྟ་འོད་ལྔ་འཁྲུགས་པའི་ཀློང་དུ་རྟ་ཕག་ཡབ་ཡུམ་ལ་ཚེའི་ལྷ་དང་ལྷ་མོའི་ཚོགས་སུ་གསལ་བའི་རྟ་ཕག་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་མན་ཤེལ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་སེན་གང་པ་ཞིག་གྱེན་དུ་ལངས་པའི་ལྟེ་བར་ཧཱུྃ་ཡིག་དམར་པོས་མཚན་པའི་ཧ་ཁོག་གི་དཀྱིལ་ན་ཡི་གེ་ཧྲཱིཿ དམར་པོ་ཚེག་དྲག་དང་བཅས་པ་ཞིག་གསལ༔ ཧྲཱིཿ དེའི་ཧ་ཁོག་གི་ནང་དུ་ཚེ་སྲོག་མི་འགྱུར་བའི་ངོ་བོ་ཡི་གེ་ནྲི་ལྗང་གུ་བཀྲག་མདངས་དང་ལྡན་པ་ཞིག་བསྒོམ༔ ཧཱུྃ་དམར་པོའི་མཐའ་སྐོར་ཉི་དཀྱིལ་སྟེང་དུ་གཡས་སྐོར་དུ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧ་ཡ་གྷྲཱི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ་ཡུ་བྷྲུྃ་ཡུ་ཚེ་བྷྲུྃ༔ མ་མ་སརྦ་སིངྔྷི་བསྡུས་བསྡུས་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་པའི་སྔགས་འབྲུ་རྣམས་རང་སྒྲ་དང་བཅས་གཡས་སུ་འཁོར༔ འོད་ཀྱི་ཕྲེང་ཐག་དམར་པོ་གཡོན་དུ་འཁོར༔ ངག་ནས་བཟླས་པས་ཞལ་ནས་ཐོན་ཏེ༔ མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་འཕྲོས༔ གཟུངས་ཐག་ལ་བརྒྱུད་དེ་སོང་༔ མདུན་བསྐྱེད་བུམ་པའི་ལྷ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པའི་ཞལ་དུ་ཞུགས༔ ཐུགས་ཀར་སྔགས་འབྲུ་རྣམས་ལ་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་འཕྲོས༔ སྐུ་གསུམ་གྱི་སྟོན་པ༔ དུས་གསུམ་གྱི་སངས་རྒྱས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས༔ འོད་ཟེར་གྱི་རྣམས་པར་སྤྱན་དྲངས་ཤིང་བདག་མདུན་རྣམས་ལ་ཐིམ༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གཟི་བརྗིད་འོད་དུ་འབར་ཞིང་༔ འཁོར་འདས་ཐམས་ཅད་འོད་དང་ཟེར་གྱིས་ལམ་ལམ་གང་ཞིང་ཡོམ་ཡོམ་འཚེར་བ་ལས༔ ཚེའི་ལྷ་མོ་མགྱོགས་མ་སྒོ་མ་དང་བཅས་པ་གྲངས་མེད་དཔག་ཏུ་མེད་པར་གྱུར་ནས་འཁོར་འདས་ཀུན་གྱི་སྟོབས་དང་གཟི་བརྗིད་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཚེ་བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་༔ འབྱུང་བའི་ཁམས་ཀྱི་དྭངས་མ༔ རང་གི་བླ་ཚེ་ཆད་ཉམས་གས་པ་ཡར་བ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་སྒྲུབ་རྫས་ཀྱི་ངོ་བོར་གསལ་བ་རྣམས་དང་༔ ཁྱད་པར་བདག་ཉིད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡབ་ཡུམ་ཐུགས་ཀའི་ཁྲོ་བོ་ཚེའི་ལྷ་ཚོགས་ཚོམ་བུ་དང་བཅས་པའི་ངོ་བོ་ཡེ་ཤེས་སེམས་དཔའི་རྣམ་པ་ཧཱུྃ་ཡིག་ཧྲཱིཿདང་ཚེ་སྲོག་གི་ངོ་བོ་ནྲྀ་ཡིག་སྔགས་འབྲུ་རྣམས་ལ་ཐིམ་པས༔ དབང་ཆེན་ཡབ་ཡུམ་ཚེ་ལྷ་རིགས་བདག་སྒོ་མ་དང་བཅས་པའི་ཐུགས་རྒྱུད་རབ་ཏུ་དགྱེས་ཤིང་༔ སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་བདེ་སྟོང་ཟག་པ་མེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ཉམས་རྟོགས་རྒྱས་ཤིང་༔ ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་དང་༔ འཁོར་འདས་ཀུན་གྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཀྱིས་ལུས་ཕྱི་ནང་བ་སྤུའི་བུ་ག་ཐམས་ཅད་དུ་བཅུད་དུ་ཧྲིལ་ཧྲིལ༔ བྱིན་རླབས་སུ་ཐིབ་ཐིབ༔ ནུས་མཐུ་རུ་སྤུང་སྤུང་༔ དངོས་གྲུབ་ཏུ་ཤར་ཤར་བསྒོམ་ཞིང་༔ གོང་གི་སྙིང་པོ་ལ་འབུམ་ཚོ་གཅིག་བཟླ་ཞིང་ཁ་འགེངས་སུ་ཁྲི་ཚོ་གཅིག་བཟླ་བར་བཤད་པ་བཞིན་བྱེད་དགོས་ཤིིང་། ཐུན་མཐར་ཐུགས་དམ་བསྐུལ་བ་དང་བཅས་སོང་རྗེས་དབྱངས་གསལ་བྱེད་དང་ཡིག་བརྒྱ་ལན་གསུམ་མམ་བདུན་བརྗོད་ཅིང་། ཧཱུྃ་ཧྲཱི༔ གཙོ་འཁོར་ཡབ་ཡུམ་ཡིག་འབྲུ་ཕྱག་མཚན་བསྒྱུར༔ དེ་ཡང་ཐུགས་སྲོག་ཡི་གེ་ཧྲཱིཿ སོགས་ཀྱིས་བསྐྱེད་རིམ་བསྡུས་ནས་རྫོགས་རིམ་ལ་མཉམ་པར་བཞག་ཅིང་། དེ་ནས་ཐུན་མཚམས་ཀྱི་ལྷར་ལྡང་ཞིང་། ཧཱུྃ་ཧྲཱི༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་སྒྲུབ་པ་དང་༔ རྣམ་དཀར་དགེ་བ་སོགས་ཀྱི་བསྔོ་བ་དང་། ཧཱུྃ་ཧྲཱི༔ རྣམ་དག་ཆོས་དབྱིངས་མཆོག་གི་བསོད་ནམས་དེས༔ ལུས་ངན་འགྲོ་དྲུག་སོགས་ཀྱི་སྨོན་ལམ་དང་། ཧཱུྃ་ཧྲཱི༔ སྐྱེ་འཆིའི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ མཚན་དཔེ་ཡོངས་རྫོགས་སོགས་ཀྱི་ཤིས་པ་བརྗོད་ཅིང་ཐུན་བར་ལ་སྤྱོད། །དེ་ནས་སྲོད་ཐུན་ལ་ཆོ་ག་མགོ་ནས་འཛུག་ཤིང་བསྲུང་འཁོར་གྱི་མཇུག་ཏུ་ཐུན་མཚམས་ཀྱི་འོད་གསལ་དུ་བཅུག་ནས་སྐྱབས་སེམས་ནས་བསྙེན་པའི་བར་དང་། བསྙེན་པའི་མཇུག་སྔར་བཞིན་གྱི་བསྐྱེད་རིམ་བསྡུས་ནས་རྫོགས་རིམ་གྱི་རྗེས་སུ་ལྷར་གསལ་ཏེ་ཆོས་སྐྱོང་སྤྱི་དགོས་གྱི་གཏོར་བསྔོ་ཚོགས་མཆོད་ལྷག་མ་ཆད་ཐོ་བསྟན་སྐྱོང་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱེད་པ་དང་། ཡང་ད་ལྟ་བསྙེན་མཇུག་ཚེ་འགུགས་ཀྱི་རྗེས་སུ་བསྐྱེད་རིམ་མི་བསྡུ་ནས། བསྐྱེད་རིམ་ལ་གནས་བཞིན་པར་ཆོས་སྐྱོང་སྤྱི་སྒེར་གྱི་གཏོར་བསྔོ་ཚོགས་ནས་ལྷག་མ་ཆད་ཐོ་སོགས་མཇུག་བསྡུ་བ་ཡང་བྱེད་བཞིན་ཡོད་པས་དེའི་རྒྱུ་མཚན་ཞིབ་པ་ཞིག་ཤེས་རྒྱུ་མི་འདུག་ཀྱང་། སྐྱེས་བུ་དམ་པ་རྣམས་ཀྱི་བསྙེན་ཡིག་ལ་འདུག་གཤིས་སྔ་མ་ལྟར་བྱས་ན་ལེགས་པའི་ཆ་ཡིན་པ་འདྲ། ཉལ་བའི་ཚེ་ཐུགས་ཀའི་ས་བོན་ལ་དམིགས་པ་གཏད་པའམ་གཞན་དུ་མ་ཡེངས་པར་སྟོང་ཉིད་ལྟ་བ་ལ་མཉམ་པར་བཞག་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་སད་པ་ན་རང་ཉིད་ལྷའི་ང་རྒྱལ་གྱིས་ལངས་ནས་དཀར་བགེགས་གཏོང་ངམ་འཇོག་པ་གང་བདེ་བྱེད་ཅིང་། སྔོན་འགྲོ་གང་རུང་གི་དབུ་འཛིན་ཅིང་ལས་བྱང་ལྟར་བསྙེན་མཇུག་འོད་གསལ་དུ་བཅུག་ནས་བསྔོ་སྨོན་བྱེད་པ་སོགས་སྔར་གྱི་དགོང་ཐུན་དང་འདྲ། དེ་ནས་སྔ་ཐུན་དགོང་ཐུན་སྲོད་ཐུན་རྣམས་ལ་ལས་བྱང་གི་མགོ་ནས་འདོན་ཞིང་། ཐུན་བར་མ་གཉིས་ལ་རྫོགས་རིམ་དང་བསྔོ་སྨོན་ཤིས་བརྗོད་དགོང་ཐུན་དང་འདྲ། སྲོད་ཐུན་གྱི་རྫོགས་རིམ་སོགས་མཚམས་སུ་ཆོས་སྐྱོང་སྤྱི་དགོས་ཀྱི་གཏོར་འབུལ་དང་ཚོགས་མཆོད་བཅས་ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་ཉལ་བའི་རྣལ་འབྱོར་སོགས་སྔ་མ་ཁོ་ན་བཞིན་ནོ། །དེ་ལྟར་ཞག་གྲངས་མང་ཉུང་ཇི་ཙམ་ཀྱང་ཐུན་བཞིའི་ཁྲིགས་དེ་ལྟར་དུ་བཅད་ཅིང་དེའང་ཚེའི་སྒྲུབ་པ་འདིར་ཞུགས་པའི་དུས་སུ་ཉམས་འཐིབ་པ་དང་༔ རིག་པ་བྱིང་བ་དང་༔ སྒྲུབ་རྫས་ལ་བག་རྡུལ་ཆགས་པ་ལ་སོགས་མི་མཐུན་པའི་ལྟས་བྱུང་ན༔ རང་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀའི་རྟ་ཕག་ཡབ་ཡུམ་ལས་ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་འཕྲོས་ཏེ༔ དགྲ་བགེགས་འབྱུང་པོ་གདོན་བགེགས་ཕོ་མོ་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་རྒྱ་མཚོའི་ཕ་རོལ་དུ་བསྐྲད་ཅིང་༔ འོད་ཟེར་ཚུར་འདུས་པས་མཚོན་ཆ་རྣམ་ལྔ་དང་ཁྲོ་ཆུང་གོ་མཚོན་ཅན་གྱི་རྣམ་པ་མང་པོར་གྱུར་ནས༔ སྟེང་འོག་བར་གསུམ་ཐམས་ཅད་བསྲུང་བའི་འཁོར་ལོས་གོ་བགོས་པར་དམིགས་ཤིང་༔ ཧཱུྃ་གི་སྣང་གླུ་ལེན་ཏེ་གུ་གུལ་གྱིས་བདུག་པར་བྱའོ༔ དེས་ནི་ཕྱི་ནང་གི་བར་ཆད་ཀྱི་ཚོགས་ཐམས་ཅད་རིང་དུ་བྱེད་དོ༔ སྐབས་སྐབས་བྱིན་འབེབས་དང་འཛབ་བྲོ་སོགས་བྱ་ཞིང་ངོ་བོ་ཉིད་ཀྱི་ཉམས་སྐྱོང་ངོ་༔ སྒྲུབ་པའི་ལྟས་ནི་སྒྲུབ་གཞུང་བཞིན་དང་༔ མདོར་ན་བཟང་རྟགས་ངན་རྟགས་གང་བྱུང་ཀྱང་དགའ་སྡུག་གི་རེ་དོགས་མི་བྱེད་པར་བསྙེན་སྒྲུབ་ལ་འབུང་ཤིང་༔ དེ་ལྟར་བསྙེན་པ་གྲུབ་ནས་སང་ཉིན་འགྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་བཟུང་མཆོད་གཏོར་ལ་སོགས་པ་བཟང་དུ་བཤམས། རྙིང་པ་རྣམས་ཀྱང་ཁ་གསོ་བྱེད། ཐུན་བཞིའི་བབས་སྤྱིར་སྔར་དང་འདྲ་བ་ལས་ཁྱད་པར་དུ་མདུན་གྱི་སྒྲུབ་རྫས་རྣམས་ལྷར་ཡང་གསལ་དུ་སྒྲུབ་ཅིང་དམིགས་པའི་སྤྲོ་བསྡུ་ཟབ་མོ་དང་བཅས་ཏེ་བསྙེན་སྔགས་ཀྱི་མཇུག་ཏུ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷཱི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་། རྫོགས་རིམ་ནས་བཟུང་གོང་བཞིན་བྱའོ། །དེ་ནས་འགྲོལ་རྒྱུའི་སྔ་ཐུན་ལ་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམས། ལས་བྱང་གཏོང་ཞིང་བཟླས་པ་དཀྱུས་ལྟར་སོང་མཚམས་ཀྱི་རྗེས་སུ་ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་ཚོགས་བསྐང་བ་ཆད་ཐོ་བསྟན་སྐྱོང་རྣམས་སོང་རྗེས་སྒྲུབ་རྫས་ལྷར་གསལ་བ་ལ་སྨན་རག་གཏོར་མས་མཆོད་ཅིང་བསྟོད། སླར་ཡང་འབྱུང་པོ་ལྟ་ཉན་རྣམས་ཚར་གཅོད་པའི་ཕྱིར་དྲག་སྔགས་ཀྱིས་བགེགས་བསྐྲད་ཅིང་བསྲུང་འཁོར་བསྒོམ། ལྷ་དང་འཁོན་གཅུག་སྦྱང་བའི་ཕྱིར་ཡིག་བརྒྱ་དང་བཤགས་པ་བྱ། རང་ཉིད་རྣམས་གཟི་བྱིད་བསྐྱེད་པའི་ཕྱིར་དུ་བྱིན་དབབ། དེ་ནས་ཧཱུྃ་ཧྲཱི༔ ཆགས་མེད་བདེ་ཆེན་སོགས་ཀྱིས་དངོས་གྲུབ་བསྐུལ་ནས་བསྙེན་མཇུག་ཏུ་ཀཱ་ཡ་སོགས་བཏགས་པ་འགའ་ཞིག་བཟླ་ཞིང་སྒྲུབ་རྫས་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་མོས་པ་དང་། མཐར་སྒྲུབ་རྫས་ཀྱི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་དམིགས་པ་བྱ་ཞིང་སྒྲུབ་རྫས་གནས་གསུམ་དུ་འཇོགསྒྲུབ་རྫས་རྣམས་བདུད་རྩིར་མོས་ནས་མྱང་བས་ཟག་མེད་ཀྱི་བདུད་རྩིས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་རང་རྒྱུད་ལ་སྐྱེས་པའི་མོས་པ་དང་བཅས་མཉམ་པར་བཞགམཇུག་གི་ཆོ་ག་རྣམས་ནི་གཞུང་བཞིན་ནོ། །དེ་ཉིན་ཚོགས་མཆོད་དང་སྤྱི་བྱེ་བྲག་གི་གཏོར་ཆོག་རྣམས་ཀྱང་རྒྱས་པའི་ཡན་ལག་ཏུ་བྱ་དགོས་པར་ཤེས་སོ། །བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་འདེབས་པ་ལ་སོགས་གསང་སྔགས་ཀྱི་གཞུང་ནས་བྱུང་བ་བཞིན་སླ་ཆོས་སུ་མ་སོང་བར་ནན་ཏན་ཏུ་བྱ་བར་རིགས་སོ། །ཞིབ་པར་ཁོག་དབུབ་སྒྲུབ་ཐབས་རྣམས་ལས་ཤེས་པར་བྱའོ། །འདི་བྲིས་དགེ་བས་རིགས་བདག་ལྷའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་མཁས་གྲུབ་སྐལ་བཟང་དབང་ལྡན་གྱིས་མཛད། །མངྒ་ལཾ།

རྒྱུག་བྱང་མུན་སེལ་སྒྲོན་མེ།

ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་རྒྱུག་བྱང་མུན་སེལ་སྒྲོན་མེ་ཡོད། འཆི་མེད་རིག་འཛིན་ཚེ་ཡི་ལྷ་ལ་འདུད། །ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི། །རྒྱུག་བྱང་ལག་ལེན་མན་ངག་འདི་ལྟ་སྟེ། །དེ་ལ་དང་པོ་ཚིག་བདུན་གསོལ་འདེབས་ནི། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས་ནས། སིདྡྷཱི་ཕ་ལ་ཧོའི་བར་བྱ། སྐུ་གསུམ་གསོལ་འདེབས་བྱ་བ་ལ། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཞེས་པ་ནས། བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས༔ ཀྱི་བར་བྱ། ཆོས་སྤྱོད་སྤྱི་འགྲོས་ནི། ཧཱུྃ། རིན་ཆེན་སྣ་ཚོགས་ལས་གྲུབ་ཞིང་ཁམས་དབུས༔ ནས། དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཀྱི་བར་བརྗོད། ཚེ་སྒྲུབ་གསོལ་འདེབས་ནི། ཨོཾ་ཚེ་བྷྲཱུྃ་སིངྔྷི་ཕ་ལ་ཧཱུྃ། ནས། སྐྱེ་འཆི་མེད་པར་བྱིན་གྱིས་རློབས། །བྱ་བའི་བར་བརྗོད་། དབང་བཞི་ལེན་པ་ནི། མི་རྟོག་ཡེ་ཤེས་རང་ངོ་འཕྲོད་པ་དང་༔ ནས། རང་རིག་བླ་བར་རྟོགས་པར་བྱིན་གྱིས་རློབས། ཞེས་བརྗོད་དོ། ༈སྔོན་འགྲོ་དཀར་བགེགས་ནི། རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་སྒོམ༔ ནས། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཞེས་པས་དཀར་གཏོར་འབུལ། བགེགས་གཏོར་ནི། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ནས། སུམ་བྷ་ནིའི་བར་བརྗོད། ལས་བྱང་། ཧཱུྃ་ཧྲཱི༔ གདོད་ནས་དག་པའི་སེམས་ཉིད་འདི༔ ཞེས་པ་ནས་རྩ་གསུམ་མཆོད་རྫས་བླ་ན་མེད༔ བརྗོད་། མཆོད་རྫས་རྣམས་ལ་སྨན་རག་སྦྲན་ཅིང་། རཾ་སྥར་ཎ་ཕཊ༔ ནས་། མ་ཧཱ་སརྦ་པཱུ་ཙ་ཧོའི་བར་བྱ། འདིར་ཡེ་ཤེས་བྱིན་འབེབས་འདོན། །དེ་ནས། ཧཱུྃ་ཧྲཱི༔ འདུ་འབྲལ་མེད་པའི་གཞལ་ཡས་ནས། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧིའི་བར་དང་། མཚན་དོན་སྦྱར་བ་ནི། ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་ཞེས་པ་ནས། བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཞལ་དུ། ཅེས་སྨན་མཆོད་དབུལ། ཧཱུྃ་ཧྲཱི༔ རང་བྱུང་རྫས་མཆོག་བདུད་རྩི་སྨན༔ ནས་། བརྗོད་མེད་རང་བྱུང་དོན་གྱི་སྔགས་སྒྲ་སྒྲོག༔ བསྙེན་པ་སྐབས་མཐུན་བཟླ། བཛྲ་པུཥྤེ་དྷུ་པེ་སོགས་དང་། གཙོ་བོ་ཡབ་ཡུམ་གྱི་བསྟོད་པ་བྱས་རྗེས། འཛབ་དགོངས་ནི། ཧཱུྃ་ཧྲཱི༔ དབུས་ཕྱོགས་འཁོར་ལོ་འབར་བའི་གཞལ་ཡས་ནས༔ ཞེས་པ་ནས། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ སོགས་བསྙེན་པ་དུམ་རེ་བྱ། ཚེ་ལྷ་རིགས་ལྔ་སོ་སོར་མཆོད་བསྟོད་འགྲེས་བསྒྱུར། ལས་བྱང་ཁེར་རྐྱང་གི་སྐབས་ཚེ་ལྷ་རིགས་བཞི་ལ་ལས་བཞིའི་ཤམ་བུ་སྦྱར། ཐུགས་དམ་བསྐུལ་ཆོག་ནི། ཧཱུྃ་ཧྲཱི༔ ཆགས་མེད་བདེ་ཆེན་ཚེ་ཡི་དཀྱིལ་འཁོར་ནས༔ རྣམ་དག་ཚེ་ཡི་དངོས་གྲུབ་སྩོལ༔ གྱི་བར་བརྗོད། ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿ མུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧྱ་གྷྲི་ཝ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཡུ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིངྔྷི་ཧཱུྃ་གིས་དངོས་གྲུབ་བླངས་ནས་གཏེར་སྲུང་ཀླུ་སྨན་གྱི་མཆོད་ཐབས་བཏང་། ཚོགས་འཁོར་ནི། བསང་ཆུ་དང་སྨན་རཀ་སྦྲན་ཏེ། ཧཱུྃ་ཧྲཱི༔ ཞལ་ཟས་ལོངས་སྦྱོད་ཚོགས་ཀྱི་འཁོར་ལོ་ལ༔ ནས། གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི༔ བརྗོད་ཅིང་ཚོགས་ཕུད་འབུལ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། ནས། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་བསྐང་བཤགས་པ་ནི། ཧཱུྃ་ཧྲཱི༔ བདག་ནི་ཉོན་མོངས་བག་ཆགས་སྒྲུབ་པ་ཅན༔ ཞེས་པ་ནས་སརྦ་ཤུདྡྷེ་ཨའི་བར་བྱ་ཞིང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། འགུགས་བསྟིམ་བྱས་། ཧཱུྃ་ཧྲཱི༔ ཚེ་ཡི་བར་ཆད་གནོད་བྱེད་འདུལ་བའི་ལྷ༔ ནས། མཱ་ར་ཡ་རྦད་ཀྱིས་བསྒྲལ། བདེ་མཆོག་ཚེ་སྒྲུབ་ལས། ཧཱུྃ་ཧྲཱི༔ མ་རིག་རུ་ཏྲ་ཐུགས་རྗེའི་ཤུགས་ཀྱིས་སྒྲལ༔ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱོང་བའི་ཕྱིར༔ ཁྲོ་བོ་ཁྲོ་མོ་སྤྲུལ་བ་ཡང་སྤྲུལ་ལ༔ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་སྟོབ༔ ཁ་རཾ་ཁ་ཧི༔ ལྷག་མ་ནི། ཧཱུྃ་ཧྲཱི༔ ལས་བྱེད་སྲུང་མ་མ་སྲིང་མཁའ་འགྲོ་འབུམ༔ ནས་ཨི་དམ་བྷ་ལིངྟ་ཁཱ་ཧིའི་བར་དང་། ཆད་ཐོ་ནི། ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ནས། གཏོར་མ་བཞེས་ལ་རྐྱེན་ངན་བར་ཆད་ཟློག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བསྟན་མ་ནི། ཧཱུྃ་ཧྲཱི༔ བོད་ཡུལ་ཁ་ལ་གངས་ཀྱི་ལ་ཐོག་ཏུ༔ ནས། ཨུ་ཚིེནྡྷ་བྷ་ལིངྟ་ཁཱ་ཧིའི་བར་བྱའོ། །རྟ་བྲོ་ནི། འགུགས་སྟིམ་བྱས་ལ། ཧཱུྃ་ཧྲཱི༔ གསང་བ་ཚེ་ཡི་དཀྱིལ་འཁོར་དུ༔ ཞེས་པ་ནས། སརྦ་སྟཾ་བྷ་ཡ་ནན་ནན༔ ཧཱུྃ་ཧྲཱི༔ སྣང་སྟོང་གཉིས་མེད་ཡི་དམ་དཀྱིལ་འཁོར་ལྷ༔ སོགས། ཧཱུྃ་ཧྲཱི༔ གཙོ་འཁོར་ཡབ་ཡུམ་ཡིག་འབྲུ་ཕྱག་མཚན་སྒྱུར༔ གྱིས་རྫོགས་རིམ་དང་། ཧཱུྃ་ཧྲཱི༔ སྒོ་གསུམ་དཀྱིལ་འཁོར་སོགས་ཀྱིས་བསྔོ་བ། ཧཱུྃ་ཧྲཱི༔ རྣམ་དག་ཆོས་དབྱིངས་མཆོག་གི་སོགས་ཀྱི་སྨོན་ལམ། ཧཱུྃ་ཧྲཱི༔ སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ ནས། དཀྱིལ་འཁོར་ལྷ་ཚོགས་ཕྲིན་ལས་བཀྲ་ཤིས་ཤོག༔ ཞེས་སོགས་བཀྲ་ཤིས་ཀྱི་རིམ་པ་རྒྱས་པར་བྱའོ། །དེ་ལྟར་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་འཕྲིན་ལས་གཞུང་བསྲང་བའི་ཚེ་ལག་ལེན་འདི་ནི། རིག་འཛིན་གཏེར་ཆེན་བླ་མ་དམ་པས་མཛད་པའི་རྒྱུག་བྱང་དུ་གྲགས་པ་དེ་ཉིད་གཞིར་བཞག་ཅིང་། ཅུང་ཟད་མ་ཚང་བ་དང་གཏོར་བྲོ་ཕྱིན་སྔ་འགྱུར་ཟབ་གཏེར་གྱི་ཆོ་གའི་ཁྲིགས་སྐྱེས་བུ་དམ་པ་རྣམས་ཀྱི་ཕྱག་བཞེས་གོ་རིམ་བསྒྲིགས་པའི་གསལ་དུ་བཏང་བ་འདི་ནི་ཟབ་གཏེར་འདི་ཉིད་ལ་མི་ཕྱེད་པའི་དད་ལྡན་པདྨ་དབང་དྲག་གིས་བསྐུལ་ངོར། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ། །མངྒ་ལཾ།། །།

བརྟན་བཞུགས་འབུལ་བའི་རིམ་པ་འགྱུར་མེད་རྡོ་རྗེ་ཕ་ལམ།

ཉི་མ་གྲགས་པའི་གཏེར་བྱོན་ཚེ་སྒྲུབ་ཀྱི་གཞུང་ལ་བརྟེན་པའི་བླ་མ་སོགས་ལ་བརྟན་བཞུགས་འབུལ་བའི་རིམ་པ་འགྱུར་མེད་རྡོ་རྗེ་ཕ་ལམ་བཞུགས་སོ། །ཨོཾ་ཨ་མ་ར་སིདྡྷཱི་རསྟུ། འཆི་མེད་གྲུབ་པའི་མཆོག་སྦྱིན་ཚེ་དཔག་མེད། །དབྱེར་མེད་ཚེ་ལ་དབང་ཐོབ་པདྨ་འབྱུང་། །གཏེར་སྟོན་ཉི་མ་གྲགས་པ་བརྒྱུད་པར་བཅས། །མཁྱེན་བརྩེ་ནུས་པས་དོན་གཉིས་ལྷུན་གྲུབ་མཛོད། །དེ་ཡང་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལ་བརྟེན་ནས་ལས་རབ་འབྱམས་ལ་མཁོ་བ་བླ་མ་དཔོན་ཆེན་སོགས་དམིགས་བསལ་གྱི་བརྟན་བཞུགས་ཀྱི་རིགས་ལ་གཞུང་གི་དབང་ཚིག་འབྱིན་འཇུག་བྱས་པའི་འདོན་བདེ་ཐབས་སུ་བཀོད་པ་ལ། ཟླ་བ་ཡར་གྱི་ངོ་སོགས་དུས་ཚེས་གཟའ་སྐར་བཟང་པོ་ལ་གནས་ཁང་བྱི་དོར་ལ་སོགས་རྣམ་པར་བཀྲ་ཞིང་མཛེས་པར་བརྒྱན། ཁྱད་པར་ཚེ་སྒྲུབ་ཀྱི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་ཚོམ་བུ་སོགས་ལ་བརྟེན་ནས་དབང་ཆོག་ཡིད་བཞིན་དབང་རྒྱལ་ལྟར་གྱི་བུམ་པ། ཚེ་གཏོར། ཚེ་ཆང་། མདའ་དར། མཆོད་གཏོར། ཚོགས་ཀྱི་ཡོ་བྱད་ལ་སོགས་ཚང་བ་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རྫས་བརྒྱད། སྙིང་པོ་ལྔ། ཕུན་སུམ་ཚོགས་པའི་ཁྲི། སྟན་དཀར་རྡོ་རྗེའི་རི་མོ་ཅན་དང་། བསུན་བཟློག་རྒྱས་བསྡུས་གང་རུང་ཡོད་ན་དང་། མེད་ཚེ་སྟེགས་གཙང་མའི་ཁར་དམར་གཏོར་ཟུར་གསུམ་གཙོ་འཁོར་ལྔ་ལ་གཏོར་ཆུང་བཅུས་བསྐོར་བ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བྱ་རིགས་གཅན་གཟན་རི་དྭགས་གཡག་ལུག་ཆུ་གནས་ལ་སོགས་གཟུགས་འགྲོས་ཀྱིས་བསྐོར་བ་དང་། རིན་པོ་ཆེ་འབྲུ་སྨན། དར་ཟབ་ལ་སོགས་པ་བཏབ། ཤ་ཆང་མཐེབ་སྐྱུ་སོགས་ཀྱིས་བསྐོར་ཞིང་མདུན་དུ་མར་མེ་བཞགསྟེགས་གཅིག་གི་ནང་དུ་གང་ལ་བྱ་བ་དེ་ཉིད་ཀྱི་སྐུ་གླུད་གཙང་མ་འགྲོན་བུའི་མིག་སོགས་གླུད་ཆས་ཚང་བ་དང་། རིན་ཆེན་འབྲུ་སྨན་སོགས་བཏབ་ཅིང་དར་ཟབ་ཀྱི་གོས་དང་མར་མེ་སོགས་ཀྱིས་བརྒྱན། གཞན་ཡང་དར་ཐག་སོགས་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། སྔོན་འགྲོ་སྐྱབས་སེམས་ནས་བཟུང་བདག་མདུན་བཟླས་པ་ཚོགས་མཆོད་ལ་སོགས་པ་ལས་བྱང་བཞིན་གྲུབ་ནས་སྤྱི་སྒོས་ཀྱི་ཆོས་སྐྱོང་རྣམས་དང་གཞི་བདག་ལ་སོགས་པའི་གཏོར་མ་རྣམས་འབུལ། དེ་ནས་བརྟན་བཞུགས་དངོས་གཞི་བྱ་བ་ནི། གང་ལ་བྱ་བའི་བླ་མ་ལ་སོགས་འབུལ་ཡུལ་དེ་རོལ་མོ་དང་བཅས་ཏེ་གནས་ཁང་དུ་གདན་དྲངས་ནས་བཤམས་པའི་གདན་ཁྲི་ལ་བཞུགས་སུ་གསོལ་ཏེ། དང་པོ་བསུན་མ་རྣམས་ལ་འགལ་རྐྱེན་བཟློག་པའི་སླད་དུ་གླུད་དང་གཏོར་མ་བཤམས་པ་རྣམས་བསངས་སྦྱངས། རཾ་ཡཾ་ཁཾ་ལན་གསུམ་དང་། ཨཱོཾ་ཨཱཿཧཱུྃ། ལན་གསུམ་བྱ། དག་པ་རབ་འབྱམས་ཀྱི་མདངས་ནམ་མཁའི་སྣོད་ཆེན་པོར་འདོད་ཡོན་ལོངས་སྤྱོད་ཟད་པ་མེད་པའི་གཏེར་དུ་གྱུར་པར་བསམ་ལ་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། ཀྱཻ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། །འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང་། ཐུགས་བདེ་ཆེན་གྱི་རབ་མྱོས་སྤྲིན་ཕུང་བཞིན། དེང་འདིར་གཤེགས་བདག་གི་ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། །དེ་ཟག་མེད་བདུད་རྩིར་སྦར་ཏེ་འབུལ། །དམ་རྫས་ཡེ་ཤེས་གཏོར་མ་ལ། །མཐུན་པའི་མཆོད་རྫས་དུ་མས་བརྒྱན། །སྐུ་གླུད་རིན་ཆེན་རྒྱན་ལྡན་ལ། །མཁོ་དགུའི་ཡོ་བྱད་རྣམས་ཀྱིས་སྤྲས། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་མཁའ་འགྲོ་དང་། །ཤུགས་འགྲོར་བཅས་པ་མཁའ་འགྲོ་བཅུ། །ཡེ་ཤེས་རྫས་སྨན་དབྱིངས་མ་སྲིང་། མ་རྒྱུད་མཁའ་འགྲོ་རྒྱ་མཚོ་ཡི། །བྲན་གཡོག་འཁོར་དང་བཅས་པ་ལ། །གཏོར་མ་མཆོད་རྫས་སྐུ་གླུད་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངས། །དགོས་མ་རྒྱུད་མཁའ་འགྲོའི་བསུན་མ་ཟློག །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོའི་མདངས་དང་ལྡན། །རང་འདྲའི་མཁའ་འགྲོའི་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ཤར་གྱི་དར་ཐག་དབྱིངས་སུ་བསྡུས། །ཤར་གྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་ཆོས་མཛད་ཡོངས་ཀྱི་སྡོང་གྲོགས་མཛོད། །སྒོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིངས། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོའི་མདངས་དང་ལྡན། །རང་འདྲའི་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ༴ ལྷོ་ཡི་དར་ཐག་དབྱིངས་སུ༴ ལྷོ་ཡི་བསུན་མ་བཟློག་ཏུ་གསོལ། །སྤྱིར་ཆོས་མཛད་ཡོངས་ཀྱི༴ སྒོས་མཚན་ལྡན་བླ་མའི༴ དམ་རྫས་གཏོར་མ༴ བཅོལ་བའི་འཕྲིན་ལས༴ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོའི་མདངས་དང་ལྡན། །རང་འདྲའི་མཁའ་འགྲོ་འབུམ༴ ཁྱེད་འཁོར་དང་བཅས་ལ༴ ནུབ་ཀྱི་དར་ཐག་དབྱིངས༴ ནུབ་ཀྱི་བསུན་མ༴ སྤྱིར་ཆོས་མཛད་ཡོངས་ཀྱི༴ སྒོས་མཚན་ལྡན་བླ་མའི༴ དམ་རྫས་གཏོར་མ༴ བཅོལ་བའི་འཕྲིན་ལས༴ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོའི་མདངས་དང་ལྡན། རང་འདྲའི་མཁའ་འགྲོ༴ ཁྱེད་འཁོར་དང་བཅས་ལ་གསོལ༴ བྱང་གི་དར་ཐག་དབྱིངས༴ བྱང་གི་བསུན་མ༴ སྤྱིར་ཆོས་མཛད་ཡོངས་ཀྱི༴ སྒོས་མཚན་ལྡན་བླ་མའི༴ དམ་རྫས་གཏོར་མ༴ བཅོལ་བའི་འཕྲིན་ལས༴ དབུས་བུངྔྷ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོའི༴ རང་འདྲའི་མཁའ་འགྲོ་འབུམ༴ ། ཁྱེད་འཁོར་དང་བཅས་ལ༴ དབུས་ཀྱི་དར་ཐག་དབྱིངས༴ དབུས་ཀྱི་བསུན་མ༴ སྤྱིར་ཆོས་མཛད་ཡོངས་ཀྱི༴ སྒོས་མཚན་ལྡན༴ དམ་རྫས་གཏོར་མ༴ བཅོལ་བའི་འཕྲིན་ལས༴ གཏི་མུག་ས་ཁམས་སངས་རྒྱས་ཤུགས་འགྲོ་མ། །ཤ་ཡི་བསུན་མ་སླར་ལ་བཟློག་ཅིང་སྒྱུར༔ ཞེ་སྡང་ཆུ་ཁམས་རྡོ་རྗེ་ཤུགས་འགྲོ་མ༔ ཁྲག་གི་བསུན་མ་སླར་ལ་བཟློག་ཅིང་སྒྱུར༔ ང་རྒྱལ་མེ་ཁམས་རིན་ཆེན་ཤུགས་འགྲོ་མ༔ དྲོད་ཀྱི་བསུན་མ་སླར་ལ་བཟློག་ཅིང་སྒྱུར༔ འདོད་ཆགས་ལྕགས་ཁམས་པདྨ་ཤུགས་འགྲོ་མ༔ རུས་པའི་བསུན་མ་སླར་ལ་བཟློག་ཅིང་བསྒྱུར༔ ཕྲག་དོག་རླུང་ཁམས་ལས་ཀྱི་ཤུགས་འགྲོ་མ༔ དབུགས་ཀྱི་བསུན་མ་སླར་ལ་བཟློག་ཅིང་བསྒྱུར༔ ཡེ་ཤེས་རྗེ་མོ་མ་ལྔ་འཁོར་བཅས་ཀྱི༔ སྲོག་གི་བསུན་མ་སླར་ལ་བཟློག་ཅིང་བསྒྱུར༔ དབྱིངས་ཀྱི་མ་མོ་དྲུག་གི་བཀའ་སྡོད་བཅས༔ ཚེ་ཡི་བསུན་མ་སླར་ལ་བཟློག་ཅིང་བསྒྱུར༔ སྨན་མོ་ལྔ་བཅུ་རྩ་བརྒྱད་འཁོར་བཅས་ཀྱི༔ བླ་ཡི་བསུན་མ་སླར་ལ་བཟློག་ཅིང་བསྒྱུར༔ དམ་ཅན་མ་མོ་ཉི་ཤུ་རྩ་གཅིག་གི༔ འཇིག་རྟེན་བསུན་མ་སླར་ལ་བཟློག་ཅིང་བསྒྱུར༔ གླིང་གི་མཆོག་གྱུར་ལྷོ་རྒྱལ་འཛམ་བུ་གླིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་གླིང་། །དམ་ཆོས་ཉི་ཟླ་ལྟ་བུར་ཤར་བའི་གླིང་། །འཕགས་པའི་དགེ་འདུན་ས་གཞི་གང་བའི་གླིང་། །གླིང་འདི་ལས་ལྷག་པ་གཞན་ན་མེད། །གླིང་འདི་ལ་གཟིགས་ཏེ་བཞུགས་སུ་གསོལ། །འགྲོ་བ་སེམས་ཅན་དོན་དུ་བཞུགས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཡུལ་ལས་ཁྱད་འཕགས་བྱང་ཕྱོགས་བོད་ཀྱི་ཡུལ། །སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་ཁམས་ཡུལ། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤང་བའི་ཡུལ། །བདེ་དགའ་ལོངས་སྤྱོད་ལྷ་དང་མཉམ་པའི་ཡུལ། །ཡུལ་འདི་ལས་ལྷག་པ་གཞན་ན་མེད། །ཡུལ་འདི་ལ་གཟིགས་ཏེ་བཞུགས་སུ་གསོལ། །འགྲོ་བ་སེམས་ཅན་དོན་དུ་བཞུགས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །གནས་འོག་མིན་དང་མཚུངས་དམ་པའི་གནས། །རིག་འཛིན་གོང་མའི་ཞབས་ཀྱིས་བཅགས་པའི་གནས། །ཐེག་ཆེན་ཆོས་ཆར་རྒྱུན་དུ་འབེབས་པའི་གནས། །མ་དང་མཁའ་འགྲོ་ཐམས་ཅད་འདུ་བའི་གནས། །གནས་འདི་ལས་ལྷག་པ་གཞན་ན་མེད། །གནས་འདི་ལ་གཟིགས་ཏེ༴ འགྲོ་བ་སེམས་ཅན་དོན་དུ་བཞུགས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ༴ འཁོར་གྲྭ་སློབ་སྐལ་ལྡན་བུ་མཆོག་འཁོར། །ཕ་བླ་མའི་བརྒྱུད་པ་འཛིན་པའི་འཁོར། །མ་འགྲོ་དྲུག་ཐར་ལམ་འདྲེན་པའི་འཁོར། །འཁོར་ངན་སོང་རྡོག་པས་བརྫིས་པའི་འཁོར། །འཁོར་འདི་ལས་ལྷག་པ་གཞན་ན་མེད། །འཁོར་འདི་ལ་གཟིགས་ཏེ༴ འགྲོ་བ་སེམས་ཅན་དོན་དུ༴ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཁྲི་འགྱུར་བ་མེད་པ་རྡོ་རྗེའི་ཁྲི། །དགོས་འདོད་འབྱུང་བ་ནོར་བུའི་ཁྲི། འཇིགས་བརྒྱད་བྲལ་བ་སེངྒེའི་ཁྲི། །གཡུལ་ལས་རྣམ་རྒྱལ་གླང་ཆེན་ཁྲི། །ཁྲི་འདི་ལས་ལྷག་པ་གཞན་ན་མེད། །ཁྲི་འདི་ལ་གཟིགས་ཏེ་བཞུགས༴ འགྲོ་བ་སེམས་ཅན་དོན་དུ༴ ཆོས་ཀྱི་འཁོར་ལོ༴ གདན་དྲི་མ་མེད་པ་པདྨའི་གདན། །གསལ་འགྲིབ་མེད་པ་ཉི་ཟླའི་གདན། །སྲབ་འཇམས་ཡངས་པ་ལྷ་ཡི་གདན། །གདན་འདི་ལས༴ གདན་འདི་ལ་གཟིགས་ཏེ༴ འགྲོ་བ་སེམས་ཅན་དོན་དུ༴ ཆོས་ཀྱི་འཁོར་ལོ༴ མི་འགྱུར་རི་བོ་ལྟ་བུར་བཞུགས་སུ་གསོལ། །མི་འགག་ཚངས་དབྱངས་ལྟ་བུར་བཞུགས་སུ་གསོལ། །གཡོ་མེད་ལྷུན་པོ་ལྟ་བུར་བཞུགས་སུ་གསོལ། །བརྟན་འཁྱིལ་གཡུང་དྲུང་ལྟ་བུར་བཞུགས་སུ་གསོལ། །འགྲོ་བ་སེམས་ཅན་དོན་དུ་བཞུགས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། །རྒྱུད་འཛིན་བུ་སློབ་རྟག་ཏུ་སྐྱོང་མཛད་ཅིང་། འགྲོ་ཀུན་སྨིན་གྲོལ་ལམ་ལ་འགོད་ཕྱིར་དུ། །ཇི་སྲིད་བསྐལ་པ་བརྒྱ་རུ་བཞུགས་སུ་གསོལ། །བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང་། །ཆོས་ཟབ་དོན་གྱི་གྲངས་མེད་གདུལ་བྱའི་འགྲོ། །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །ཁྱེད་བསུན་མའི་མགྲོན་དུ་གྱུར་པ་རྣམས། །གཏོར་གླུད་སྐུ་ཚབས་འདི་བཞེས་ལ། །རང་རང་གནས་སུ་བདེ་བར་གཤེགས། །བྱང་ཆུབ་སེམས་དང་ལྡན་པར་མཛོད། །ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་པས་ནུབ་ཕྱོགས་སམ་དམིགས་གསལ་ཡོད་ན་དེ་ཕྱོགས་སུ་ཕུལ། དེ་ནས་བརྟན་བཞུགས་འབུལ་ཡུལ་སློབ་དཔོན་གདན་ཁྲི་དང་བཅས་པ་སྭཱ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལསསྣང་སྟོང་གཉིས་མེད་ཐུགས་སྲོག་ཧྲཱི༔ ནས་ཐབས་ཤེས་གཉིས་མེད་ཟུང་འཇུག་བསྒོམ༔ ཞེས་པའི་བར་ལས་བྱང་ལྟར་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་བ་དང་མྱ་ངན་ལས་འདས་པའི་ཐུགས་རྗེ་བྱིན་རླབས་ཚེའི་བཅུད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བཀུག་ནས་ཐུགས་ཀར་ཐིབ་པར་བསམ་ལ། རིག་འཛིན་བསྒྱུད་བསྐུལ་ནི། གནས་འོག་མིན་ཆོས་ཀྱི་དབྱིངས་ནས་རང་གི་སྤྱི་གཙུག་ཡན་ཆད། བླ་མ་བརྒྱུད་པས་ཁེངས་པར་བསམས་ཤིང་། དེ་ཐམས་ཅད་ཀྱི་ཕྱག་ན་ཚེའི་བུམ་པ་རེ་བསྣམས་པ། འཁོར་འཁའ་འགྲོ་མང་པོས་ལུས་ཀྱི་གར་བྱེད་ཤིགས་སེ་ཤིགངག་གི་འཛབ་དང་སྙིང་པོ་དི་རི་རི་འདྲེན་པར་བསམས་ལ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདི་ལྟར་གདབ་བོ། །ཨཱོཾ་ཨཱཿཧཱུྃ་ཨཱོཾ་བཛྲ་ཛྙཱ་ན་ཨཱ་ཡུཿཤེ་ཧཱུྃ་བྷྲཱུྃ་ཎི་ཛ༔ ། བདེ་བ་ཅན་གྱི་ཞིང་ཁམས་ནས། །འོད་དཔག་མེད་མགོན་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སདྡྷཱི་ཕ་ལ་ཧཱུྃ། མ་ར་ཏི་ཀའི་ཞིང་ཁམས་ནས། ཚེ་དཔག་མེད་མགོན་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སིདྡྷཱི་ཕ་ལ་ཧཱུྃ། ཟངས་མདོག་དཔལ་རིའི་རྩེ་མོ་ནས། པདྨ་འབྱུང་གནས་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སིདྡྷཱི་ཕ་ལ་ཧཱུྃ། ཟབ་བུ་ལུང་གི་གནས་མཆོག་ནས། །ཡེ་ཤེས་མཚོ་རྒྱལ་དུས་ལ་བབས། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སིདྡྷཱི་ཕ་ལ་ཧཱུྃ། མཆིམས་ཕུ་དབེན་རྩའི་གནས་མཆོག་ནས། །ཀླུ་ཡི་དབང་པོའི་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སིདྡྷཱི་ཕ་ལ་ཧཱུྃ། སྨོན་ལམ་མཐར་ཕྱིན་ཕོ་བྲང་ནས། །སུཪྻ་ཀིརྟིའི་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སིདྡྷཱི་ཕ་ལ་ཧཱུྃ། གར་བཞུགས་ཆོས་ཀྱི་ཕོ་བྲང་ནས། རྩ་བརྒྱུད་བླ་མའི་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཚེ་བྷྲཱུྃ་སིདྡྷཱི་ཕ་ལ་ཧཱུྃ། །དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ནས། །ཚེ་ཡི་ལྷ་ཚོགས་དུས་ལ་བབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་བྱིན་དབབ་ཅིང་དེ་ནས། ཧཱུྃ་ཧྲཱི༔ ཆགས་མེད་བདེ་ཆེན་ཚེ་ཡི་དཀྱིལ་འཁོར་ནས༔ ཞེས་སོགས་ཐུགས་དམ་བསྐུལ་ཆོག་དང་ཚེ་འགུགས་བཅས་གཞུང་ལྟར་བརྗོད་ཅིང་གདུང་བའི་དབྱངས་ཀྱིས་བསྐུལ་ནས་མདའ་དར་གྱིས་གཡབ། རོལ་མོའི་སྒྲ་དང་བཅས་པས་ཚེ་འགུགས། དེ་ནས་ཚེ་བུམ་ཕྱག་ཏུ་ཕུལ་ཏེ། ཧཱུྃ་ཧྲཱི༔ བུམ་པ་ཡི་དམ་མགོན་པོ་ཚེ་དཔག་མེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དཔལ༔ རྗེ་བཙུན་བླ་མ་མཆོག་ལ་འདི་ཕུལ་བས༔ འཆི་མེད་ཚེ་ཡི་རིག་འཛིན་དབང་ཐོབ་ཤོག༔ རྩ་སྔགས་མཇུག་ཏུ། །ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཚེ་ཆང་ཕུལ་ཏེ། ཧཱུྃ་ཧྲཱི༔ གསུང་གི་བྱིན་བརླབས་རང་བྱུང་ཚེ་ཡི་བཅུད༔ བདུད་རྩིའི་རྫས་མཆོག་ཚེ་ཆང་ཨ་མྲྀ་ཏ༔ རྗེ་བཙུན་བླ་མ་མཆོག་ལ་འདི་ཕུལ་བས། འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཇུག་ཏུ། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་གཏོར་ཕུལ་ཏེ། ཧཱུྃ་ཧྲཱི༔ ཚེ་ཡི་བུམ་པ་རིགས་བདག་འོད་དཔག་མེད༔ ཡེ་ཤེས་རང་བྱུང་ལྷན་ཅིག་སྐྱེས་པའི་དབང་༔ རྗེ་བཙུན་བླ་མ་མཆོག་ལ་འདི་ཕུལ་བས། །འཆི་མེད་ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས་མཇུག་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་ཕུལ་ཏེ། ཧཱུྃ་ཧྲཱི༔ ཚེ་ཡི་རིལ་བུ་བཅོམ་ལྡན་ཚེ་དཔག་མེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དབང་༔ རྗེ་བཙུན་བླ་མ་མཆོག་ལ་འདི་ཕུལ་བས། །འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཇུག་ཏུ། རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་ཕུལ་ཏེ། ཧཱུྃ་ཧྲཱི༔ ཡེ་ཤེས་ལས་བྱུང་འཇིགས་མེད་རྡོ་རྗེའི་སྐུ༔ འོད་ཟེར་དྲ་བས་སྟོང་ཁམས་ལམ་མེ་བ༔ རྡོ་རྗེའི་གོ་ཁྲབ་མི་དམིགས་རྒྱས་གདབ་པས༔ མི་འགྱུར་སྙིང་པོ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཇུག་ཏུ་རཀྵ་རཀྵ་ཧཱུྃ༔ ཞེས་རྒྱས་བཏབསྙིང་པོ་ལྔ་ཕྱག་ཏུ་ཕུལ་ཏེ། སྙིང་པོ་ལྔ་ཡི་བཀྲག་མདངས་རྣམས༔ ལྷ་ཡི་སྙིང་པོ་ལྔ་ལ་ཐིམ༔ ཡི་གེ་འབྲུ་ལྔ་དཔའ་བོ་ལྔ༔ རྗེ་བཙུན་ཐུགས་ཀར་ཐིམ་པ་ཡིས༔ ཚེ་ཡི་འོད་ཀྱི་གོང་བུར་གྱུར༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་ཅིང་ཚེ་ཐམས་ཅད་ཡིག་འབྲུ་ལྔར་གྱུར་ནས་ཐུགས་ཀར་བསྟིམ་མོ། །ཚེ་སྦ་ཞིང་རྒྱས་བཏབ་པ་ནི༔ ཧཱུྃ༔ འཆི་མེད་ཚེ་ཡི་རང་བཞིན་ནི༔ ཡེ་ཤེས་ལྷ་ཡི་ངོ་བོ་སྟེ༔ འོད་ལྔ་གསལ་ལ་མདངས་དང་བཅས༔ མི་ཡི་ཚེ་ནི་སྣུམ་ལ་འདྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀྱི་ཀློང་དུ་སྦ་བར་བྱ༔ མི་དམིགས་སྟོང་པའི་གོ་ཆ་ལ༔ སུས་ཀྱང་གནོད་པར་བྱ་བ་མིིན༔ ཅེས་སྟོང་པའི་ངང་ལ་དར་གཅིག་བཞག་གོ། ཚེ་བསྲུང་བ་ནི། དཔྲལ་བའི་དབུས་སུ་རྟ་མགྲིན་དམར་པོ་ནི༔ ཞལ་གཅིག་ཕྱག་གཉིས་བེ་ཅོན་སྡིགས་མཛུབ་མཛད༔ ཧྲཱི༔ པདྨནྟ་ཀྲིཏ་བཛྲ་ཀྲོ་ངྷ་ཧ་ཡ་གྷྲཱི་ཝ་ཧཱུྃ་བཛྲ་ཀྲོ་དྷ་རཀྴ་ཧཱུྃ༔ ལུས་མགོ་མཇུག་རྡོ་རྗེའི་གོ་ཁྲབ་ཏུ་གྱུར། ནང་གི་རྩ་སྒོ་བསྲུང་བ་ནི། ཧཱུྃ༔ ཙིཏྟ་གསང་བའི་སྒོ་སྲུང་ནི༔ དབང་གི་རྒྱལ་པོ་རྟ་མགྲིན་ཏེ༔ ཚེ་སྲོག་བར་ཆད་བསྲུང་བར་མཛོད༔ འཆི་བདག་བདུད་ཀྱི་སྒོ་ཆོད་ལ༔ ཚེ་བདག་ཆེན་པོར་བཞུགས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ངྷ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ལྟར་ཚེ་ཡི་རྫས་རྣམས་ཕུལ་བས། སྐུ་ཚེ་མི་ཤིགས་པ་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིགཀཱ་ཡ་སིངྔྷི་ཨཱོཾ༔ ཝཱ་ཀྐ་སིངྔྷི་ཨཱ༔ ཙིཏྟ་སིངྔྷི་ཧཱུྃ། དེ་ནས་བཀྲ་ཤིས་རྟགས་བརྒྱད་རྣམས་འབུལ་བ་ལ་གདུགས་དཀར་ཕུལ་ཏེ། ཧཱུྃ་ཧྲཱི༔ ཐུགས་རྗེ་རྨད་བྱུང་དཔལ་གྱི་གདུགས་དཀར་འདི༔ རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས༔ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན༔ བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ༔ ཚིག་ལྷག་མ་གསུམ་འོག་མ་རྣམས་ལ་འགྲེ། བུམ་པ་ཕུལ་ཏེ། ཧཱུྃ་ཧྲཱི༔ སྣ་ཚོགས་དགོས་འདོད་ཀུན་འབྱུང་རིན་ཆེན་བུམ༔ རྡོ་རྗེ་སློབ་དཔོན༴ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར༴ བརྩེ་བས་བཞེས་ཏེ༴ གསེར་ཉ་ཕུལ་ཏེ། ཧཱུྃ༔ གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི༔ ༴༴༴ པདྨ་ཕུལ་ཏེ། ཧཱུྃ་ཧྲཱི༔ འདབ་སྟོང་ལྡན་པ་གེ་སར་པདྨའི་མཆོག༔ ༴༴༴ དུང་དཀར་ཕུལ་ཏེ། ཧཱུྃ་ཧྲཱི༔ དྲི་མེད་རབ་དཀར་དཔལ་གྱི་དུང་དཀར་འདི༔ ༴༴༴ དཔལ་བེའུ་ཕུལ་ཏེ། ཧཱུྃ་ཧྲཱི༔ རིན་ཆེན་ཟུར་བརྒྱད་དཔལ་བེའུ་འོད་དུ་འབར༔ ༴༴༴ རྒྱལ་མཚན་ཕུལ་ཏེ། ཧཱུྃ་ཧྲཱི༔ ཁམས་གསུམ་ཀུན་ལས་མཆོག་གྱུར་རྒྱལ་མཚན་འདི༔ ༴༴༴ འཁོར་ལོ་ཕུལ་ཏེ། ཧཱུྃ་ཧྲཱི༔ འཁོར་འདས་ཆོས་ལ་དབང་བསྒྱུར་འཁོར་ལོ་འདི༔ ༴༴༴ ཞེས་དང་། རྒྱལ་སྲིད་སྣ་བདུན་ལས། འཁོར་ལོ་ཕུལ་ཏེ། ཧཱུྃ་ཧྲཱི༔ འཁོར་ལོ་རིན་ཆེན་རྣམ་བཅུའི་དབང་དང་ལྡན༔ ༴༴༴ ནོར་བུ་ཕུལ་ཏེ༔ ཧཱུྃ་ཧྲཱི༔ རིན་ཆེན་སྣ་ཚོགས་དགོས་འདོད་འབྱུང་བའི་གནས༔ ༴༴༴ བཙུན་མོ་ཕུལ་ཏེ༔ ཧཱུྃ་ཧྲཱི༔ བཙུན་མོ་རིན་ཆེན་གཟུགས་མཛེས་ལྟ་ན་སྡུག༔ ༴༴༴ བློན་པོ་ཕུལ་ཏེ། ཧཱུྃ་ཧྲཱི༔ བློན་པོ་རིན་ཆེན་ཡང་དག་བློ་གྲོས་འཆང་༔ ༴༴༴ གླང་པོ་ཕུལ་ཏེ༔ ༴༴༴ ཧཱུྃ་ཧྲཱི༔ གླང་པོ་རིན་ཆེན་སྟོབས་རྩལ་ཀུན་ལྡན་དཔལ༔ ༴༴༴ རྟ་མཆོག་ཕུལ་ཏེ། ཧཱུྃ་ཧྲཱི༔ རྟ་མཆོག་རིན་ཆེན་རྫུ་འཕྲུལ་རྐང་པ་འཆང་༔ ༴༴༴ དམག་དཔོན་ཕུལ་ཏེ། ཧཱུྃ་ཧྲཱི༔ དམག་དཔོན་རིན་ཆེན་བདུད་ཀྱི་གཡུལ་ལས་རྒྱལ༔ ༴༴༴ ཞེས་དང་རྫས་བརྒྱད་ལས་མེ་ལོང་ཕུལ་ཏེ། ཧཱུྃ་ཧྲཱི༔ སྡོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ས་ཡི་ལྷ་མོ་བསྟན་མས་མེ་ལོང་ཕུལ༔ བཀྲ་ཤིས་ཚེ་འཕེལ་རྫས་སུ་བྱིན་གྱིས་བརླབས༔ ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན༔ བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ༔ དུཪྺ་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ཁྱེའུ་བཀྲ་ཤིས་རྩྭ་མཆོག་དུཪྺ་ཕུལ༔ བཀྲ་ཤིས་ཚེ་འཕེལ༴ ཟབ་རྒྱས་ཆོས་འཁོར༴ བརྩེ་བས་བཞེས་ཏེ༴ ལི་ཁྲི་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ ཁྱིམ་བདག་བདེ་སྦྱིན་ལི་ཁྲི་དམར་པོ་ཕུལ༔ བཀྲ་ཤིས༴ ཟབ་རྒྱས༴ བརྩེ་བས༴ གི་ཝང་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ གླང་ཆེན་ས་སྲུང་བུ་ཡིས་གི་ཝང་ཕུལ༔ བཀྲ་ཤིས༴ ཟབ་རྒྱས༴ བརྩེ་བས༴ བིཪྺ་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང་ཤཱཀྱ་སེང་གེ་ལ༔ བྲམ་ཟེ་ཀ་ཏི་ཀ་ཡིས་བིཪྺ་ཕུལ༔ བཀྲ་ཤིས༴ ཟབ་རྒྱས༴ བརྩེ་བས༴ ཞོ་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང་༴ བུ་མོ་ལེགས་སྐྱེས་མ་ཡིས་ཞོ་ཕུལ་ཏེ༔ བཀྲ་ཤིས༴ ཟབ་རྒྱས༴ བརྩེ་བས༴ དུང་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང༴ རྒྱལ་པོ་མྱ་ངན་མེད་ཀྱིས་དུང་1=-+J;བཀྲ་ཤིས༴ ཟབ་རྒྱས༴ བརྩེ་བས༴ ཡུངས་ཀར་ཕུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་ཐུབ་དབང་ཤཱཀྱ༴ གསང་བདག་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ༔ བཀྲ་ཤིས༴ ཟབ་རྒྱས༴ བརྩེ་བས༴ དེ་རྗེས་བསམ་པ་ལྷུན་འགྲུབ་མ། གསོལ་འདེབས་བརྟན་བཞུགས་དམིགས་་བསལ་ཡོད་ན་དང་༔ མེད་ན་སྤྱི་འགྲོས་དང་སྨོན་ལམ་གྱི་རིགས་ཚེ་གཟུངས་སོགས་གཟུངས་སྔགས་ཀྱི་རིགས་དང་ཚོགས་ལྷག་སོགས་དཀྱུས་ལྟར་གཏོང་། དཀྱིལ་འཁོར་བསྡུ་ཆོག་ལས་བྱང་ཡོངས་རྫོགས་མཇུག་ཆོ་ག་ཆ་ཚང་བར་བརྗོད་པ་དང་། དེ་དང་འབྲེལ་མཚུངས་སམ་ཡང་ན་སྟབས་གང་འགྲིགས་སུ། ཚེ་ཐར། སྲོག་སླུ། ཆུ་གཏོར། སཱ་ཚ། བཀའ་སྒྲོགསྦྱིན་གཏོང་། བསངས་གསོལ་སོགས་དགེ་བའི་རྒྱབ་དཔུང་ཅི་འགྲུབ་བྱེད་པ་ནི་ལེགས་པའི་ཆ་ཡིན་ཅིང་། དེར་འཁོད་རྣམས་ཀྱི་བརྟན་བཞུགས་འབུལ་ཡུལ་དེ་ཡུན་རིང་འཚོས་གཞེས་སུ་བཞུགས་པའི་བསམ་འདུན་ཆིག་བསྒྲིལ་དང་དེའི་རིང་ལ་གྲཱ་སློབ་ཐམས་ཅད་དུག་ལྔས་རྒྱུད་མ་འཁྲུགས་པ་ནི་གནད་དམ་པའོ། །ཞེས་རྡོ་རྗེའི་སློབ་དཔོན་སོགས་དམིགས་བསལ་གྱི་རིགས་ལ་བརྟན་བཞུགས་འབུལ་ཐབས་སྦྱོར་དངོས་རྗེས་གསུམ་ཚང་བ་འདི་ནི་འོལ་ཁ་རྗེ་དྲུང་རིན་པོ་ཆེའི་གསང་ལུང་ལས། སྤྲུལ་སྐུ་རིན་པོ་ཆེ་བསྟན་སྐྱོང་རྒྱ་མཚོར་བརྟན་བཞུགས་བརྒྱ་རྩ་འབུལ་དགོས་གནང་བ་ལྟ་བུས་རྐྱེན་བྱས་བསྒྲིག་འདུན་གྱི་མོས་པ་ཞིག་ཡོད་ཀྱང་འོལ་ཚོད་མ་ནུས་ཤིང་། རྗེས་སུ་འགྲན་ཟླ་དང་བྲལ་བ་ཟིལ་གནོན་བཞད་པ་རྩལ་གྱི་བརྟན་བཞུགས་ཆོག་བསྒྲིགས་དང་པདྨའི་རྒྱལ་ཚབ་གཏེར་བདག་གླིང་པའི་ལྗགས་བསྒྲིགས་དང་། གཞན་ཡང་བརྟན་བཞུགས་འབུལ་ཐབས་དཀོན་མཆོག་སྤྱི་འདུས་ཀྱི་བསུན་བཟློག་སོགས་ཡིག་ཆ་རྣམས་གཞིར་བཞག་གི་ཚེ་སྒྲུབ་འདི་ཉིད་ལ་བརྟེན་ནས་ཞབས་བརྟན་ཕུལ་ཆོག་པ་དང་། ཚེ་ལྷའི་རིགས་གཞན་ལ་ཡང་ཚིག་འཕྲད་བསྒྱུར་ཆོག་པ་འདི་ནི་མ་རྒྱུད་མཁའ་འགྲོ་འདུ་བའི་ཚེས་ཀྱི་ཉིན་ཟིན་བྲིས་སུ་བྱས་པར་། མིང་མཚན་ལེགས་པས་བཀྲ་ཤིས་རྫས་སུ་འོས་པ་སྦྱིན་མཁན་བྱུང་བ་དང་བཅས་ཡ་མཚན་དུ་བཟུང་སྟེ་སྐལ་བཟང་དབང་ལྡན་གྱིས་བགྱིས་པའི་ཚིག་དོན་གོ་འཛོལ་དུ་སོང་བའི་ནོངས་པ་བཤགས་ཤིང་ཚངས་པར་སྩལ་བ་དང་མཐའ་ཡས་གདུལ་བྱའི་དོན་ནུས་པའི་དགེ་བའི་བཤེས་གཉེན་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་ཕྱིར་བསྐལ་པ་རྒྱ་མཚོར་རྟག་ཏུ་བཞུགས་སུ་གསོལ་ལོ། །མངྒ་ལཾ།། །