Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
ཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ།next

ཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའིི་གཡུལ་ལས་རྣམ་རྒྱལ་ལས༔ ཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ་བཞུགས༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ ངྷ་ན་ཀོ་ཤར་བརྫུས་སྐྱེས་པདྨ་འབྱུང་༔ སྐུ་གསུམ་བླ་མའི་ཞབས་ལ་ཕྱག་འཚལ་བསྟོད༔ བུད་མེད་བློ་དམན་ཡེ་ཤེས་མཚོ་རྒྱལ་བདག༔ བསྒྲགས་སུ་སྐྱེས་ནས་རྒྱལ་པོའི་བཙུན་མོ་བྱས༔ སྔོན་ལས་བཟང་བས་གུ་རུ་རྗེ་དང་མཇལ༔ ཐུགས་ཀྱི་གཟུངས་མ་བཀའ་ཡི་བསྡུ་བར་གྱུར༔ མི་བརྗེད་གཟུངས་ཐོབ་ཤོག་སེར་དཔག་མེད་བྲིས༔ ཁྱད་པར་ཚེ་སྒྲུབ་བདུད་བཞིའི་རྣམ་རྒྱལ་འདི༔ བདག་གིས་ཞུས་དང་བླ་མ་བརྒྱུད་པ་ཡི༔ ལོ་རྒྱུས་ཟུར་གསལ་ཁོ་མོས་འདིར་བརྗོད་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་བདག་ཅག་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་ཉིད་ཀྱིས་འཁོར་བ་ལ་སྙིང་པོ་མེད་པར་རྟོགས་ནས༔ ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་འགྱུར་བར་བྱ་བའི་ཆེད་དུ་བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པའི་མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ མཛད་པ་དང་རྣམ་པར་ཐར་པ་ཡ་འཚན་པའི་ལྟས་ཆེན་པོ་དཔག་ཏུ་མེད་པའི་སྒོ་ནས་འགྲོ་བ་སོ་སོའི་སྐད་དུ་གང་ལ་གང་མཚམས་ཀྱི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་སུ་བསྐོར་ཞིང་༔ བག་ཆགས་རབ་ཏུ་འཐས་པའི་སེམས་ཅན་རྟག་པར་ལྟ་བ་རྣམས་སུན་འབྱིན་པའི་ཆེད་དུ༔ སྐུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ འཁོར་དགྲ་བཅོམ་པ་རྣམས་ཀྱིས་སྨྲེ་སྔགས་དང་གདུང་བ་མང་པོ་བཏོན་པའི་ཚེ༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིགརྟག་ལྟ་སུན་འབྱིན་ང་ནི་མྱ་ངན་འདའ༔ ཆད་ལྟ་སུན་འབྱིན་སླར་ནས་ང་ཉིད་འོང་༔ ཅེས་གསུངས་ཤིང་ལུང་བསྟན་པ་ལྟར༔ རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ༔ འོག་མིན་བདེ་ཆེན་བཀོད་པའི་ཞིང་ཁམས་སུ༔ ཆོས་ཀྱི་སྐུ་མགོན་པོ་འོད་སྣང་དཔག་ཏུ་མེད་པའི་ཐུགས་ཀར་གཤེགས་སོ༔ དེ་ནས་ལོ་བཞི་གསུམ་བཅུ་གཉིས་ཀྱི་སྟེང་དུ་ཆད་པར་ལྟ་བའི་སེམས་ཅན་སུན་འབྱིན་པའི་ཆེད་དུ་མ་ག་ངྷའི་ནུབ་ཕྱོགས༔ ཨོ་རྒྱན་གྱི་ཡུལ་ངྷ་ན་ཀོ་ཤའི་མཚོ་གླིང་དུ༔ མཆོག་གི་སྤྲུལ་པ་བཀྱེ་སྟེ་འོད་དམར་པོ་ཧྲཱིཿཡིག་གི་རྣམ་པར་གཟིགས་པ་ལྔ་ལྡན་གྱི་ངང་ནས་ལྷུང་ཐབས་ཀྱིས་བབས༔ མེ་ཏོག་པདྨ་གེ་སར་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུར་ཐིམ་པ་ལས༔ ཡབ་ཀྱི་རྒྱུ་དང་ཡུམ་གྱི་རྐྱེན་ལ་མ་བརྟེན་པར༔ གེ་སར་པདྨའི་སྡོང་པོ་ལས་སྐུ་དབང་ཆེན་སྤྲེའུའི་ལོ་ལ་འཁྲུངས༔ མཚན་མཚོ་སྐྱེས་རྡོ་རྗེར་གྲགས༔ སྟེང་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སྐུ་ཁྲུས་གསོལ་ཞིང་བསྟོད་པ་དང་༔ ལྷའི་གོས་རིན་ཐང་མེད་པ་རྣམས་ཀྱིས་ནི་ཕྱིས་ཏེ་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ༔ བར་ནས་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་ཅི་བསྒོ་བའི་བཀའ་ཉན༔ འོག་ནས་ཀླུ་རྣམས་ཀྱིས་ནོར་བུ་སྣ་ཚོགས་འབུལ་ཞིང་ཕྱག་སྐོར་བྱེད༔ དབྱིངས་ནས་ཕྱོགས་དུས་ཀྱི་སངས་རྒྱས་རྩ་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་ཤིས་པ་སྣ་ཚོགས་ནི་བརྗོད༔ འོད་དང་འོད་ཟེར་གྱི་དྲ་བ་ར་བས་ནི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར་པའི་ཚེ༔ ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྤྱན་མེད་འབྱོར་ལྡན་གྱིས་གསོལ་བ་བཏབ་པའི་སྣང་ངོར་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དུ་ཕེབས་ནས༔ རྒྱལ་པོའི་སྲས་སྐལ་མཛད་ཅིང་མཚན་པདྨ་རྒྱལ་པོ་གྲགས༔ བསྟན་འགྲོའི་བདེ་ལེགས་སྤེལ་བའི་ཆེད་དུ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས༔ ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྗེས་སུ་མཐུན་པའི་མཛད་པ་བཅུ་གཉིས་ཀྱི་རྣམ་པས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད༔ དབང་གི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་རང་རིག་པ་རྩལ་གྱི་ཡེ་ཤེས་ལ་དབང་ཐོབ༔ སྔོན་བསྐལ་པ་དཔག་ཏུ་མེད་པའམ་ཆེས་དཔག་ཏུ་མེད་པའི་གོང་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་༔ འགྲོ་བ་སེམས་ཅན་ཐབས་ཀྱིས་འདུལ་བའི་ཕྱིར་བླ་མ་བསྟེན་པ༔ གདམས་པ་ཉན་པ༔ རིག་པའི་གནས་མང་པོར་སྦྱང་བ༔ སྤྲུལ་པའི་དུར་ཁྲོད་དང་གནས་ཡུལ་འགྲིམ་པ༔ དབེན་པར་བསྙེན་སྒྲུབ་ལ་དམ་བཅའ་བ་སོགས་ཀྱི་ཚུལ་སྣ་ཚོགས་སུ་སྟོན་པར་མཛད༔ ཁྱད་པར་བླ་མེད་ཀྱི་སྤྱོད་པ་སྦྱོར་བ་དང་༔ སྒྲོལ་བ་དང་༔ འགུགས་པ་དང་༔ རང་གཤེད་རང་ལ་དབབ་པ་སོགས་ཀྱི་ཕྲིན་ལས་ཀྱིས་ཕྱི་པ་མུ་སྟེགས་པ་སོགས་ལོག་པར་ལྟ་བ་མང་པོ་བཅོམ་ནས་ཞི་བདེ་བྱང་ཆུབ་ཀྱི་ལམ་ལ་བཀོད༔ ངོ་མཚར་རྨད་དུ་བྱུང་བའི་སྤྱོད་པས་ཡ་མཚན་པའི་ལྟས་དང་བཅས་པའི་ངང་ནས་མཐའ་དབུས་རྒྱལ་ཁམས་ཡོངས་ཀྱི་འགྲོ་བ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད༔ ཁྱད་པར་ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཞེས་ཀྱང་ཟེར༔ རིགས་གསུམ་མགོན་པོའི་སྒྲུབ་གནས་ཞེས་ཀྱང་ཟེར༔ རི་བོ་ཏ་ལའི་དབང་ཕུག་ཞེས་བྱ་བ་དེ་ཉིད་དུ་ཡུམ་ལྷ་ལྕམ་མེ་ཏོག་མནྡྷ་རཱ་བ་དང་མཉམ་དུ་རིག་འཛིན་ཚེ་ཡི་སྒྲུབ་པ་མཛད་པས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་ཞལ་གཟིགས༔ འཆི་བ་མེད་པ་སྲ་བརྟན་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའི་ཚུལ་བསྟན༔ བསྐལ་པ་ཆགས་ནས་འཇིག་རྟེན་མ་སྟོངས་ཀྱི་བར་དུ་འདས་གྲོངས་དང་བགྲེས་རྒུད་མེད་པར་བཞུགས་པ་ལ༔ བོད་ཁམས་ཁ་བ་ཅན་གྱི་རི་ལྗོངས་འདིར་འཕགས་པ་འཇམ་དཔལ་དབྱངས་ཀྱི་བྱིན་གྱིས་བརླབས་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུགས་དམ་བསམ་ཡས་དཔལ་གྱི་ལྷ་ཁང་བཞེངས་པར་དགོངས་པའི་ཚེ༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བརྩམས་པས་ས་འདུལ་བའི་མཁན་པོ་ཟ་ཧོར་གྱི་ཡུལ་ནས་བྷོ་ངྷི་ས་ཏྭ་སྤྱན་དྲངས་ཀྱང་ས་མ་ཐུལ་ཞིང་༔ མཁན་པོས་ལུང་བསྟན་པ་ལ་བརྟེན༔ རྒྱ་གར་གྱི་ཡུལ་དུ་སློབ་དཔོན་ཆེན་པོ་སྤྱན་འདྲེན་དུ་བཏང་བས༔ སློབ་དཔོན་ཆེན་པོས་བོད་ཀྱི་སྤྱན་འདྲེན་པ་ཡོང་བ་མཁྱེན་ཏེ་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་ནས་སྒྲུབ་པ་ལ་བཞུགས་པའིདུས༔ བོད་ཀྱི་སྤྱན་འདྲེན་པ་རྣམས་དང་མཇལ་ཞིང་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཕེབས༔ མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་དང་བཅས་པའི་མཐའ་འདུལ་ཡང་འདུལ་སོགས་བཞེངས་པ་དང་ཞིག་གསོས་མཛད༔ ལྷ་སྲིན་སྟོང་སྡེ་དམ་ལ་བཏགས་ཤིང་བཀའ་ཡི་སྲུང་མར་བསྐོས༔ རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་ས་འོག་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ རིག་འཛིན་གྲུབ་པ་ཐོབ་པ་མང་པོས་བོད་ཡུལ་བཀང་༔ མདོ་སྔགས་ཆོས་ཀྱི་ཉི་མ་བོད་ན་ཤར་བའི་དུས་སུ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ད་ལྟའི་གནས་མཆོག་ཆེན་པོ་དཔལ་གྱི་མཆིམས་ཕུ་དང་བོད་ཀྱི་གནས་ཆེན་གང་གིས་ཀྱང་ཚད་དུ་བཟུང་བར་མི་ནུས་པའི་གནས་ཆེན་པོ༔ ཡེ་ཤེས་ཀྱི་མཁའ་འགྲོ་དང་རྩ་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས་པའི་གནས་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་ཞེས་བྱ་བ་ཡོད་པས༔ དེར་ཉམས་རྟོགས་བོགས་འདོན་པ་དང་༔ རྩ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་བལྟ་རུ་འགྲོ་གསུངས་ནས༔ གངས་ཀྱི་སེང་གེ་དཀར་མོ་ཞིག་ལ་ཆིབས་ཏེ་སྐད་ཅིག་ཉིད་ལ་གནས་མཆོག་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་དུ་ཕྱགས་ཕེབས་སོ༔ དེ་ནས་གནས་མཆོག་དམ་པ་དེའི་གཟིགས་སྣང་ཐམས་ཅད་གཏན་ལ་ཕབས༔ ས་རྡོ་རི་བྲག་རྣམས་ལ་གཏེར་ཁ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་ཐམས་ཅད་དང་བཀའ་ཡི་བགྲོ་བ་མཛད་ཅིང་སོ་སོའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་བཀའ་བབས༔ གནས་ཆེན་པོ་དེ་ཉིད་ཀྱི་ཞིང་སྐྱོང་བའི་སྲུང་མ་ཕྱི་ནང་མང་པོ་དམ་ལ་བཏགས་ཤིང་གཏེར་གྱི་སྲུང་མར་བཅོལ་ལོ༔ དེའི་ཚེ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས་གསེར་གཡུ་མེ་ཤེལ་ཆུ་ཤེལ་སོགས་ཕངས་མེད་ཀྱི་མཎྜལ་ཕུལ༔ ལུས་ཀྱིས་མཉེས་པའི་ཞབས་ཏོག་བསྒྲུབས་ཏེ༔ དུས་གསུམ་མཁྱེན་པའི་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ ཀྱེ་མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ༔ དུས་གསུམ་རྒྱལ་བའི་སྦྱི་གཟུགས་དམ་པ་ཁྱེད་ནི་འདས་པ་དང་༔ མ་འོངས་པ་དང་༔ ད་ལྟའི་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་དམ་པར་བཞུགས་འདུག་ཚེ༔ མ་འོངས་ཀྱི་འགྲོ་བས་ཚེ་ཡི་རིག་འཛིན་འཐོབ་པའི་གདམས་པ་ཟབ་མོ་ཞིག་བདག་ལ་གནང་དུ་གསོལ༔ ཚེ་སྒྲུབ་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཕྱུངས་པ་ཞིག་གནང་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ༔ བདག་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གདུང་གསོབ་ཅིང་༔ མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་མདུན་བསུ་བ༔ ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པ་སྟེ༔ སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཀྱི་བཀའ་བབས་ཤིང་དགོངས་པ་ཡང་དག་པར་རྟོགས་པས༔ མདོ་རྒྱུད་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ཞིག་བདག་གི་རྒྱུད་ལ་ཡོད་ཅིང་༔ ཁྱད་པར་རི་བོ་ཏ་ལ་དབང་གི་ཕུག་པར་ཚེའི་ཏནྟྲ་སྟོང་ཕྲག་ཅིག་བཀའ་བབས་པའི་སྙིང་པོ་བསྡུས་པ༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་པས༔ ཁྱོད་ལ་བཤད་ཀྱི་ཟབ་ཤོག་ལ་ཟངས་གླིང་གི་ཡེ་གེར་ཐོབ་ལ་ཟབ་བུ་ལུང་གི་བར་སྒོར་གཏེར་དུ་སྦོས་ཤིག༔ ཅེས་གསུངས་ཤིང་ཚེ་སྒྲུབ་ཀུན་གྱི་སྙིང་པོ་བསྡུས་པ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཐམས་ཅད་ཡོངས་རྫོགས་སུ་གནང་བ༔ བརྡ་ཡིག་ཏུ་བཏབ་སྟེ་རང་གིས་ཉམས་ལེན་མཐར་འཁྱོལ་བར་བྱས་ཤིང་༔ གནས་མཆོག་ཆེན་པོ་ཟབ་བུ་ལུང་གི་བར་སྒོར་གཏེར་བདག་ཀླུ་སྨན་ལ་བཅོལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཁམས་པ་ཉི་མ་གྲགས་པས་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུའི་དགོང་མོ་དབང་གི་དུས་སུ་གནས་མཆོག་ཆེན་པོ་ཟབ་བུ་ལུང་གི་བར་སྒོ་པཱ་ལོ་གུ་རུའི་སྒྲུབ་ཕུག་ཧཱུྃ་རྒྱ་བྲག་ནས་གདན་དྲངས་ཤིང་། ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་པར་ཤོག་སེར་ལས་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་ཏུ་ཟངས་གླིང་སྲིན་པོའི་ཡི་གེ་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།


previousཚེ་སྒྲུབ་ཀྱི་ལོ་རྒྱུས་ཟུར་གསལ་མཚོ་རྒྱལ་གྱིས་མཛད་པ།next