Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
ཁྲེགས་ཆོད་ཁྲིད་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲེགས་ཆོད་ཁྲིད་ཡིགnext

ཁྲེགས་ཆོད་ཁྲིད་ཡིག

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཁྲེགས་ཆོད་ཁྲིད་ཀྱི་རིམ་པ་བཞུགས༔ ཚེ་དཔག་མེད་མགོན་ལྷ་ཚོགས་ལ༔ གཉིས་སུ་མེད་པར་ཕྱག་འཚལ་ནས༔ སྐལ་ལྡན་ཐར་པར་འཁྲིད་པའི་ལམ༔ ཟབ་མོ་གསང་བའི་ཉེ་ལམ་ཞིག༔ བདག་འདྲ་པདྨས་ཡི་གེར་འདེབས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉེ་ལམ་གསང་བ་གནད་ཀྱི་ཆོས༔ མན་ངག་སྙིང་པོ་འདུས་པའི་མདོ༔ ཚེ་སྒྲུབ་གསང་བའི་ཐུགས་ཁྲིད་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ ས་བཅད་གསུམ་དུ་དབྱེ་སྟེ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ལ༔ ཐུན་མོང་དང་ནི་ཁྱད་པར་གཉིས༔ ཐུན་མོང་ལ་ཡང་རྣམ་པ་ལྔ༔ དལ་འབྱོར་མི་ལུས་རྙེད་དཀའ་ཞིང་༔ མི་རྟག་འཆི་བ་ཡ་ངའི་གནས༔ ལས་ནི་ལུས་དང་གྲིབ་མ་བཞིན༔ ཁམས་གསུམ་འགྲོ་དྲུག་སྡུག་བསྔལ་ཡུལ༔ བདེ་ལྡན་བླ་མེད་ཐར་པའི་ཞིང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དལ་འབྱོར་མི་ལུས་ཞེས༔ ཆོས་བཞིན་སྤྱོད་པའི་རྟེན་གྱི་མཆོག༔ ཟག་བཅས་སྒྱུ་མའི་མགྲོན་ཁང་གིས༔ ཟག་མེད་སངས་རྒྱས་བསྒྲུབ་པའི་རྟེན༔ སྔོན་བསགས་བསོད་ནམས་རྒྱུ་ལས་སྐྱེས༔ བསོད་ནམས་མེད་ལ་དལ་འབྱོར་བྲལ༔ དེ་ཕྱིར་རྒྱུ་ནི་ཕུན་ཚོགས་དགོས༔ ཡུལ་དབུས་སྐྱེས་དང་དབང་པོ་ཚང་༔ སངས་རྒྱས་བྱོན་དང་ཆོས་གསུང་གནས༔ བསྟན་པ་གནས་དང་དེར་རྗེས་འཇུག༔ ཕུན་སུམ་ཚོགས་པའི་གྲོགས་མེད་ན༔ ཆོས་ལ་སྤྱོད་པའི་གོ་སྐབས་བྲལ༔ དེ་ལ་ཡང་ནི་འདི་ལྟ་སྟེ༔ དད་པ་ལྡན་ཞིང་མོས་གུས་ཆེ༔ དག་སྣང་བཟང་ཞིང་ཕྱོགས་རིས་ཆུང་༔ སྙིང་རྗེ་ཆེ་ལ་ཤེས་རབ་བཟང་༔ བརྩོན་འགྲུས་ལྡན་ཞིང་སྤོབས་པ་མཐོ༔ སེར་སྣ་ཆུང་ལ་ངང་རྒྱུད་དལ༔ ཆགས་ཞེན་མེད་ཅིང་དམ་ཚིག་གཙང་༔ དེ་ནི་རིགས་ལྡན་ཕུན་སུམ་ཚོགས༔ དེ་མིན་བླ་མེད་ཆོས་མི་འགྲུབ༔ མཐའ་འཁོབ་ཀླ་ཀློའི་ཡུལ་རྣམས་དང་༔ དབང་པོ་མ་ཚང་ལོག་ལྟ་ཅན༔ གཞན་དབང་སྤྱོད་དང་དད་པ་ཆུང་༔ མོས་གུས་མེད་ཅིང་གྲུབ་མཐའ་ཆེ༔ ཚེ་འདིར་ཞེན་ཅིང་ལེ་ལོ་ཅན༔ སེར་སྣ་ཆེ་ཞིང་སྙིང་རྗེ་ཆུང་༔ ཤེས་རབ་རྨོངས་ཤིང་ཤེས་རྒྱུད་རྩུབ༔ འདི་ནི་ཆོས་ལས་རིང་བའི་ལུས༔ ནམ་ཡང་ཐར་པའི་གོ་སྐབས་མེད༔ དེ་ཕྱིར་སྐལ་ལྡན་སྣོད་བརྟག་ཅིང་༔ བླ་མེད་ཆོས་འདི་སྟོན་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་མི་རྟག་འཆི་བ་ནི༔ ཕྱི་སྣོད་སྲིད་རྩེ་མནར་མེད་ཀྱི༔ སྟོང་གསུམ་འཇིག་རྟེན་འཇིག་པའི་ཆོས༔ གསེར་རི་ལྷུན་པོ་རྒྱུ་བཟང་ཞིང་༔ སྟོང་གསུམ་འཇིག་རྟེན་རྒྱ་ཆེ་ཡང་༔ མེ་ཡིས་བདུན་དང་ཆུ་ཡིས་གཅིག༔ མཇུག་ཏུ་ཐལ་བ་རླུང་གིས་འཁྱེར༔ ཐམས་ཅད་ཁྱམ་ཅིག་ནམ་མཁའི་ངང་༔ ནང་བཅུད་སྐྱེ་འགྲོ་རྐང་གཉིས་གཙོ༔ བྱང་སེམས་ཉན་ཐོས་རང་རྒྱལ་དང་༔ དགྲ་བཅོམ་འཕགས་པ་ཕྱིར་མི་ལྡོག༔ སྟོང་གིས་འཁོར་ལོས་བསྒྱུར་རྒྱལ་དང་༔ རྒྱལ་ཕྲན་བཙུན་མོ་བློན་གྱི་རིགས༔ བསགས་པ་ཅན་དང་བསོད་ནམས་ཆེ༔ སྨྲ་ཀླག་བདེ་དང་དཔའ་རྩལ་ལྡན༔ གང་གིས་འཆི་བ་མི་བཤོལ་ཏེ༔ ཕ་རོལ་གནས་ན་དབང་མེད་པར༔ གཤིན་རྗེའི་གྲོགས་དང་བསྡེབས་ནས་འགྲོ༔ སྐྱེས་ནས་འཆི་བའི་རང་བཞིན་ཏེ༔ བསགས་པ་ཐམས་ཅད་ངེས་པར་འཛད༔ འདུས་ནས་འབྲལ་བ་འདུས་བྱས་ཆོས༔ བསླང་བ་ཐམས་ཅད་འགྱེལ་བར་འགྱུར༔ རྟག་བརྟན་ཐུབ་པ་འགའ་མེད་པས༔ མི་རྟག་བསྐུལ་མས་ཆོས་ལ་བརྩོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་ནི་ལུས་གྲིབ་བཞིན༔ ཕྱི་སྣོད་འཇིག་རྟེན་ལས་ཀྱིས་བྱས༔ ནང་བཅུད་སྐྱེ་འགྲོ་ལས་ལས་གྲུབ༔ བདེ་བ་དང་ནི་སྡུག་བསྔལ་དང་༔ འདོད་པ་དང་ནི་མི་འདོད་པ༔ ཤིན་ཏུ་རྨོངས་པ་རབ་ཏུ་རྨོངས༔ ཀུན་ཏུ་སྡུག་དང་ཡང་དག་སྡུག༔ མནར་ཞིང་སྡུག་བསྔལ་འབུམ་འབུམ་གཟིར༔ འདི་དག་རང་གིས་ལས་ཀྱིས་བྱས༔ ལས་ལས་སྐྱེས་ཤིང་ལས་ཀྱིས་མནར༔ ལས་ཀྱི་འབྲས་བུ་ས་བོན་འདྲ༔ ལས་ཀྱི་རྣམ་སྨིན་དུག་དང་འདྲ༔ ལས་ཀྱི་དབང་ནི་ཆུ་གཞུང་འདྲ༔ ལས་ནི་རྗེས་འབྲང་ལུས་གྲིབ་མཚུངས༔ དེ་ཕྱིར་དགེ་དང་མི་དགེ་བ༔ དེ་རིང་ཉིད་ནས་འདོར་ལེན་གྱི༔ རྣམ་དཀར་སྒོ་གསུམ་དགེ་ལ་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་བ་འགྲོ་དྲུག་སྡུག་བསྔལ་ཡུལ༔ སྲིད་རྩེ་མནར་མེད་ཁམས་གསུམ་ཀུན༔ རྒྱུ་ནི་མ་རིག་ལས་ཀྱིས་བྱས༔ ཚུལ་ནི་བག་ཆགས་དུག་གསུམ་གནས༔ ལས་ནི་ཉོན་མོངས་དུག་ལྔ་སྤྱོད༔ འདི་ནི་སྡུག་བསྔལ་རང་བཞིན་ཏེ༔ འདི་ནི་ཐར་མེད་བཙོན་དོང་ངོ་༔ འགྲོ་བ་ལྷ་མི་ལྷ་མ་ཡིན༔ དུད་འགྲོ་ཡི་དྭགས་དམྱལ་ཁམས་ཏེ༔ ཁམས་གསུམ་འཇིག་རྟེན་གང་དུ་ཡང་༔ སྐྱེ་བའི་སྡུག་དང་ན་བའི་སྡུག༔ འཆི་བའི་སྡུག་དང་རྒ་བའི་སྡུག༔ འཕོ་བའི་སྡུག་དང་ལྟུང་པའི་སྡུག༔ འཐབ་པའི་སྡུག་དང་རྩོད་པའི་སྡུག༔ བསད་པའི་སྡུག་དང་བརྡུང་བའི་སྡུག༔ བསིལ་བའི་སྡུག་དང་ཚ་བའི་སྡུག༔ བཀྲེས་པའི་སྡུག་དང་སྐོམ་པའི་སྡུག༔ གཅིག་གིས་གཅིག་ཟ་གླེན་ལྐུགས་སྡུག༔ མི་བཟོད་དྲག་པོ་རབ་འཇིགས་གནས༔ ཇི་ལྟར་བདེ་བ་མེད་པའི་ཡུལ༔ སྐྱེས་བུ་རྣམས་ཀྱིས་སྒྲོལ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བདེ་ལྡན་ཐར་པའི་གནས༔ རྣམ་དཀར་དགེ་བ་སྤྱད་དང་སྤྱོད༔ ཐོས་དང་བསམ་དང་བསྒོམ་པ་དང་༔ འཛིན་དང་འཆང་དང་ཀློག་པ་དང་༔ ཕ་རོལ་ཕྱིན་པ་དྲུག་ལྡན་ཞིང་༔ བརྩེ་བའི་སེམས་དང་སྙིང་རྗེ་ཅན༔ ཡང་དག་སྤྱོད་པ་རབ་སྤྱད་དེ༔ བྱང་ཆུབ་ལ་མོས་བྱང་ཆུབ་བསྒྲུབ༔ བསྐྱེད་རྫོགས་ཏིང་འཛིན་ལས་སུ་རུང་༔ ཚུལ་བཞིན་སྤྱོད་ལ་བདེ་འབྲས་ནི༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ བདེ་བར་འཕོ་ཞིང་བདེ་དང་ལྡན༔ སྡུག་བསྔལ་བྲལ་ཞིང་ཆོས་དང་འཕྲད༔ ཚེ་རིང་ནད་ཉུང་འཇིགས་པ་མེད༔ དཔལ་དང་ལོངས་སྤྱོད་དབང་ཐང་མཐོ༔ འཁོར་དང་གཟི་བརྗིད་གྲགས་པ་འཕེལ༔ བསམ་པ་འགྲུབ་ཅིང་ཕྱོགས་ལས་རྒྱལ༔ འབྲེལ་ཚད་དོན་ལྡན་ཆོས་ལ་སྦྱོར༔ ཉམས་རྟོགས་བརྩོན་འགྲུས་ན་རིམ་གྱི༔ སྐྱེ་བ་གཅིག་དང་ལྔ་བདུན་དགུ༔ བརྒྱ་དང་སྟོང་སོགས་ཐེག་རིམ་བཞིན༔ འདི་ན་མི་གནས་མྱ་ངན་འདའ༔ བླ་མེད་བྱང་ཆུབ་མངོན་དུ་བྱེད༔ ཡེ་ཤེས་ལྔ་ལ་དབང་བསྒྱུར་ཞིང་༔ མངོན་པར་དགའ་དང་དཔལ་དང་ལྡན༔ བདེ་བ་ཅན་དང་ལས་རབ་རྫོགས༔ སྟུག་པོ་བཀོད་སོགས་ཆོས་དབྱིངས་སུ༔ གྲོལ་ཞིང་གྲོལ་བའི་དཔལ་དང་ལྡན༔ འགྲོ་དྲུག་སྟོང་གསུམ་འཇིག་རྟེན་དུ༔ སྤྲུལ་པ་ཉི་མའི་ཟེར་ལྟར་སྤྲོ༔ གང་ལ་གང་འདུལ་སྣ་ཚོགས་པས༔ བསྟན་པ་སྐྱོང་ཞིང་འགྲོ་དོན་བྱེད༔ འདི་ནི་སྨིན་གྲོལ་འབྲས་བུ་ལས༔ གཞན་དུ་ཤེས་པར་མི་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཁྱད་པར་སྔོན་འགྲོ་ནི༔ རྣམ་པ་ལྔ་ཡི་ནང་ཚན་དབྱེ༔ སྐྱབས་སུ་མ་སོང་དངོས་གྲུབ་མེད༔ བྱང་ཆུབ་སེམས་མཆོག་ཆོས་ཀྱི་གཞི༔ སྒྲིབ་པ་རྣམས་བྱང་ཡེ་ཤེས་མངོན༔ ཚོགས་གཉིས་བསགས་པ་ཚོགས་ཀྱི་མཆོག༔ བླ་མེད་བླ་མ་འགྲོ་བའི་མགོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་ཡུལ་དངོས་གྲུབ་གནས༔ སྟོང་གསུམ་འཇིག་རྟེན་སྲིད་རྩེའི་བར༔ དབང་དང་ལྡན་ཞིང་དཔལ་གྱིས་བརྒྱན༔ མངོན་པར་མཐོ་ཞིང་རྣམ་པར་བརྗིད༔ མིག་སྟོང་ལྡན་དང་རྩེ་གསུམ་འཆང་༔ ཚངས་པ་དང་ནི་མདུན་ན་འདོན༔ རྒྱལ་པོ་ཆེན་པོ་རྣམ་པ་བཞི༔ གང་གིས་ཡང་ནི་མི་སྐྱོབས་ཏེ༔ སྐྱབས་ཀྱི་སྐྱབས་མཆོག་སྐྱབས་ཀྱི་རྒྱལ༔ རྐང་གཉིས་གཙོ་དང་དམ་པའི་ཆོས༔ ཚོགས་ཀྱིི་མཆོག་དང་རྩ་བ་གསུམ༔ མཐར་ཐུག་ཐིག་ལེ་ཉག་སྟེ་ཆེ༔ རྣམ་པར་རྒྱལ་ཞིང་རྣམ་པར་ཐར༔ དེ་ཕྱིར་སྐྱབས་འགྲོ་སྐྱབས་ཀྱི་ཡུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་བྱང་ཆུབ་བླ་མེད་སེམས༔ གཞན་ཕན་སྙིང་རྗེ་འགྲོ་དྲུག་ལ༔ ཕ་དང་མར་གྱུར་བརྩེ་སེམས་ཀྱིས༔ ད་ལན་དྲིན་ལན་ཆོས་ཀྱིས་འཇལ༔ སྲིད་པའི་མཚོ་ལས་སྒྲོལ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྒྲིབ་སྦྱང་རིམ་པ་ནི༔ ཐ་མལ་སྦྱི་གཙུག་པད་ཟླའི་སྟེང་༔ རིགས་ཀྱི་བདག་པོ་རིགས་ཀྱི་དཔལ༔ ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་སེམས༔ མེ་ལོང་ཡེ་ཤེས་ཡེ་ཤེས་སེམས༔ ཐབས་ཤེས་རྡོར་དྲིལ་ཐབས་ཤེས་བསྣམས༔ འགག་མེད་གསལ་སྣང་སྟོང་གསལ་གཟུགས༔ ཐིག་ལེ་ཉག་ཅིག་འོད་ཀྱི་སྐུ༔ འོད་ཀྱི་འཕྲོ་འདུ་འོད་དུ་སྒྱུར༔ བདེ་གཤེགས་རྣམས་ཀྱི་བྱིན་རླབས་བསྡུས༔ གཉིས་སུ་མེད་པར་སྔགས་ཕྲེང་འཁོར༔ འགྲོ་དྲུག་བག་ཆགས་སྒྲིབ་གཉིས་སྦྱངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཚོགས་གཉིས་ཚོགས་མཆོག་ནི༔ བསོད་ནམས་དག་ལས་བྱུང་བ་ཡི༔ ཚོགས་རྫོགས་ཚོགས་མཆོག་ཚོགས་ཀྱི་རྒྱལ༔ འབྲས་བུ་ཡེ་ཤེས་རྡོ་རྗེ་ཆེ༔ ཕྱི་སྣོད་གསལ་བྱེད་ཉི་ཟླས་སྤྲས༔ ནང་བཅུད་རིན་ཆེན་མཁོ་དགུའི་ཚོགས༔ གསང་བ་ཕུང་ཁམས་སྐྱེ་མཆེད་དཔལ༔ ཡོངས་སུ་བསྡུས་ནས་གཅིག་ཏུ་སྤུངས༔ འཛིན་པ་མེད་པར་སེམས་ཀྱིས་མཆོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བླ་མའི་རྣལ་འབྱོར་ནི༔ བླ་མེད་བླ་མ་ཆོས་ཀྱི་རྒྱལ༔ བླ་མ་དཔལ་མཆོག་ཆེ་བའི་སྐུ༔ བླ་མ་སངས་རྒྱས་ཀུན་ཀྱི་སྐྱབས༔ བླ་མ་ཐར་པའི་ལམ་མཁན་ཏེ༔ བླ་མ་ཉོན་མོངས་ནད་ཀྱི་སྨན༔ བླ་མ་དེ་བཞིན་དེ་བཞིན་གཤེགས༔ བླ་མ་ཁམས་གསུམ་ཀུན་གྱི་སྐྱབས༔ བླ་མ་མ་རིག་མུན་སེལ་མཆོག༔ བླ་མ་སྡུག་བསྔལ་གཞོམ་པའི་དགྲ༔ བླ་མས་སྲིད་པའི་དྲ་བ་འཇོམས༔ བླ་མ་དངོས་གྲུབ་རྒྱ་མཚོའི་བདག༔ བླ་མ་མི་སྤང་བླ་མ་བསྟེན༔ ཡང་དག་ཉིད་དུ་སྤྱི་བོར་ཁུར༔ ཉིན་མཚན་དུས་དྲུག་གསོལ་བ་གདབ༔ མོས་དང་གུས་པའི་གདུང་ཤུགས་བསྐྱེད༔ དད་དང་འདུན་པའི་བློ་སེམས་བཀལ༔ དབང་བཞི་བསྐུར་བའི་དམིགས་པ་སྒྱུར༔ སྒྲིབ་བཞི་དག་པའི་ངེས་ཤེས་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ ལུས་ངག་ཡིད་སེམས་རུ་ཤན་དབྱེ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟག༔ རྣམ་པར་སྤྲོས་མེད་ངོ་སྤྲོད་གདབ༔ ས་བཅད་བདུན་གྱིས་རིམ་པར་ཕྱེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རུ་ཤན་དབྱེ་བ་ནི༔ ལུས་འདི་བག་ཆགས་ཀུན་གྱི་གཞི༔ ཕུང་པོའི་བདག་འཛིན་བདུད་བཅོམ་ཞིང་༔ རྡོ་རྗེ་ལྟ་བུའི་སྐུ་ཐོབ་ཕྱིར༔ རྡོ་རྗེ་རྩེ་ལྔའི་འཁྲུལ་འཁོར་གྱིས༔ ལུས་ཀྱི་རུ་ཤན་དབྱེ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ངག་གི་བག་ཆགས་རྣམས༔ རྒྱུན་གཅོད་རུ་ཤན་དབྱེ་བ་ནི༔ འབྲུ་གསུམ་རྒྱལ་བའི་སྙིང་པོ་ལ༔ བརྩོན་འགྲུས་དྲག་པོའི་བརྟུལ་ཞུགས་ཀྱིས༔ ཁྲི་དང་འབུམ་དུ་བཟླས་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་སེམས་ཀྱི་ང་བདག་འདི༔ རུ་ཤན་དབྱེ་བའི་རིམ་པ་ནི༔ སྤྱི་བོ་མགྲིན་པ་སྙིང་ག་དག༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་༔ ངག་ནས་བཟླས་པས་ཡེ་ཤེས་མེ༔ ཁ་དོག་གསུམ་ལྡན་གྱེན་ཐུར་འབར༔ བག་ཆགས་ལུས་དང་རྣམ་སྨིན་གྱི༔ ས་བོན་ཨ་ནྲི་སུ་ཏྲི་པྲེ༔ དུ་ཡིག་ནག་པོ་རྣམ་པ་དྲུག༔ རབ་ཏུ་བསྲེགས་པས་རིགས་དྲུག་གི༔ ལུས་ཀྱི་མངལ་སྒོ་རྒྱུན་གཅོད་ཅིང་༔ སྐུ་གསུམ་ཞིང་དུ་གྲོལ་བར་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་སེམས་ཀྱི་ཚང་ཚོལ་ཞིང་༔ བྱུང་གནས་འགྲོ་གསུམ་བརྟག་པ་ལ༔ དང་པོ་སེམས་འདི་གང་ནས་བྱུང་༔ ཕྱི་རོལ་གླིང་དང་འཇིག་རྟེན་དང་༔ རི་རབ་གསེར་རི་རོལ་མཚོ་བདུན༔ སྟོང་གསུམ་ནམ་མཁའི་མཐའ་མཉམ་དང་༔ སྲིད་པའི་རྩེ་དང་མནར་མེད་ཁམས༔ འཁོར་བ་འམ་ནི་མྱ་ངན་འདས༔ གང་ལས་བྱུང་ཞིང་གང་ལས་གྲུབ༔ རྒྱུ་ལས་བྱུང་ངམ་རྐྱེན་ལས་བྱུང་༔ རྒྱུ་ལས་བྱུང་ན་དངོས་མེད་ཕྱིར༔ རྐྱེན་ལས་བྱུང་ན་འཇིག་མེད་ཚེ༔ ལེགས་པར་བརྟག་ཅིང་ལེགས་པར་དཔྱད༔ སེམས་འབྱུང་སེམས་ནི་མ་རིག་པ༔ ཀུན་གཞི་བག་ཆགས་ཚོགས་དྲུག་ཡུལ༔ རྟོག་མེད་རང་རིག་ཡེ་ཤེས་སྐུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་གནས་ཡུལ་གང་ལ་གནས༔ ཕྱི་ནང་སྣོད་བཅུད་ཕུང་པོ་ཁམས༔ སྐྱེ་མཆེད་གཟུགས་སྒྲ་དྲི་རོ་རེག༔ དབྱིབས་དང་ངོ་བོ་ངེས་ཚིག་དང་༔ ཚུལ་དང་ཁ་དོག་ཇི་ལྟ་བུ༔ གང་ལྟར་གནས་དང་ཇི་ལྟར་གནས༔ གནས་ཡུལ་གནས་མཁན་གནས་བྱེད་སུ༔ ཡེ་ནས་གནས་སམ་འཕྲལ་དུ་གནས༔ ཡེ་གནས་ཡིན་ན་ཕུང་པོ་འདི༔ འཕྲལ་དུ་འདུས་བྱས་ཆོས་ཅནནོ༔ འཕྲལ་དུ་གནས་ན་སེམས་ཉིད་ཀྱང་༔ འདུས་བྱས་རང་བཞིན་ཁོ་ནའོ༔ གལ་སྲིད་གནས་པར་མི་བལྟ་ན༔ ཤི་དང་གསོན་ལ་དབྱེ་བ་བྲལ༔ གནས་ས་གནས་མེད་གནས་སའི་ཡུལ༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ དྭངས་མ་ལྔ་ལྡན་འདུས་པའི་ཀློང་༔ ཡེ་ནས་འདུ་འབྲལ་སྐད་ཅིག་མེད༔ གཞོན་ནུ་སྐྱེ་འཆི་བགྲེས་རྒུད་བྲལ༔ གཟུགས་དང་ཁ་དོག་སྐྱེ་མཆེད་དག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་འགྲོ་སའི་ཡུལ་ལ་བརྟག༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ གང་དུ་འགྲོ་ཞིང་གང་དུ་འཕྲོ༔ མཚོན་དང་དཔེར་བརྗོད་ཇི་ལྟ་བུ༔ འཕྲོ་བའི་རྒྱུ་རྐྱེན་འཕྲོ་མཁན་ཡུལ༔ ལེགས་པར་བལྟ་ཞིང་ལེགས་པར་བརྟག༔ དཔེར་ན་རྫིང་གི་བྱ་རོག་ཡང་༔ རྫིང་ལས་འཕུར་ཞིང་རྫིང་ལ་འབབས༔ འཕྲོ་མེད་འཕྲོས་ཀྱང་འཕྲོ་འདུ་བྲལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་ངོ་སྤྲོད་རིམ་པ་ནི༔ བླ་མ་རྒྱན་སྤྲས་ཁྲི་ལ་འདུག་སློབ་བུས་རྣམ་སྣང་ཆོས་བདུན་བཅའ༔ བརྒྱུད་པའི་བླ་མར་གསོལ་བ་འདེབས༔ སྤོས་བསྲེག་ཡེ་ཤེས་སེམས་དཔའ་དབབ༔ རོལ་མོ་འཁྲོལ་ཞིང་དམིགས་པ་གཏད༔ ཐོད་རྔ་འཁྲོལ་ཞིང་འདི་སྐད་དོ༔ ཨེ་མ་མ་ཡེངས་རྩེ་གཅིག་ཉོན༔ འཁོར་འདས་ཀུན་བྱེད་ཀུན་འབྱུང་གནས༔ ཐམས་ཅད་ཐམས་ཅད་སྐྱེད་པ་པོ༔ གཅིག་ལས་སྣ་ཚོགས་འཕྲོ་བའི་གཞི༔ དུ་མ་ཐིག་ལེ་གཅིག་ལ་འདུས༔ ཐིག་ལེ་ཕྱི་ནང་གསང་བ་གསུམ༔ སྦྲོས་མེད་སྤྲོས་བྲལ་ཀ་ནས་དག༔ དག་པར་རང་གྲོལ་རང་སར་དག༔ གཞན་གྱིས་མ་ཡིན་ངོ་བོར་རྫོགས༔ རྒྱུ་རྐྱེན་བག་ཆགས་མ་རིག་ཀློང་༔ རང་རིག་རང་གྲོལ་རྣམ་གྲོལ་ལྡན༔ ཨེ་མ་རྒྱལ་བ་ཀུན་གྱི་སྐུ༔ ཨེ་མ་རྒྱལ་བ་ཀུན་གྱི་གསུང་༔ ཨེ་མ་རྒྱལ་བ་ཀུན་གྱི་ཐུགས༔ བླ་མེད་མཆོག་སྟེ་བླ་ན་མེད༔ སྐྱེ་མེད་སྐྱེ་བའི་གཟུགས་དང་བྲལ༔ གནས་མེད་གནས་པའི་ཡུལ་ལས་འདས༔ འགྲོ་མེད་འགྲོ་འོང་ངོ་བོར་དག༔ འདི་ནི་ཡེ་ཤེས་རང་བྱུང་ཆེ༔ ཅེས་བརྗོད་སློབ་བུའི་གོ་་རིམ་བཞིན༔ ཉམས་རྟོགས་མཐར་ཕྱིན་བླ་མ་ཡིས༔ སྣོད་ཀྱི་ཚུལ་བསྟུན་ངོ་སྤྲོད་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཨཱོཾ་ལ་གཏད་ཅིང་ཧཱུྃ་གིས་སྤར༔ ཨཱཾ༔ ཡིས་བསྲེ་ཞིང་ཕཊ་ཀྱིས་སྐྱོང་༔ བྱིང་རྨུགས་འཐིབ་གསུམ་རྐྱེན་གྱིས་སྒྱུར༔ བདེ་གསལ་མི་རྟོག་ཉམས་དང་བསྲེ༔ སྤང་བླང་མེད་པར་རྒྱ་ཡིས་གདབ༔ རིམ་པ་བདུན་གྱིས་དབྱེ་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཨཱོཾ་ལ་གཏད་པ་ནི༔ རང་ཉིད་གང་དུ་གནས་པའི་མདུན༔ ལུས་གནད་བཅའ་ཞིང་ཨཱོཾ༔ ཡིག་བཞག༔ རིག་པ་མ་ཡེངས་དེ་ལ་གཏད༔ དུས་གསུམ་ཤེས་པ་འཕྲོ་བཅད་ནས༔ འགག་མེད་སྟོང་གསལ་ཆམ་གཅིག་ཏུ༔ རང་བྱུང་རྗེན་པར་ལྷན་ནེར་བཞག༔ དང་པོ་ཐུང་ངུ་བར་དུ་འབྲིང་༔ ཐ་མར་ཉིན་མཚན་ཐུན་དྲུག་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཐུན་འཇུག་ཧཱུྃ་ཞེས་སྒྲོགས༔ ལན་གསུམ་བསྐྱར་བས་རང་སེམས་འདི༔ ནམ་མཁའི་ཁམས་སུ་འཕྲོས་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་ཿ གསུམ་པ་ཨཱོཾ༔ ཞེས་བརྗོད་པ་ཡིས༔ སེམས་དང་ནམ་མཁའ་དབྱེར་མེད་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་བ་ཕཊ་ཅེས་སྒྲ་སྒྲོགས་པས༔ ངོ་བོ་རང་བྱུང་རྗེན་པ་ལ༔ རང་མདངས་རིག་པའི་འཁྱེར་སོས་སྐྱོང་༔ ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ༔ བརྩོན་པའི་འབད་པས་གནད་དུ་བསྣུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་བ་བྱིང་རྨུགས་འཐིབ་གསུམ་གྱི༔ ཉམས་ལ་གནས་དང་དུས་དང་ཐབས༔ གནས་དུས་དབྱར་གསུམ་རི་བོའི་རྩེ༔ དཔྱིད་གསུམ་བསིལ་དྲོད་སྙོམས་པའི་ལུང་༔ དགུན་གསུམ་ནགས་འདབ་འཐིབ་དང་དྲོ༔ ཐབས་ནི་བྱིང་ན་ཨཱོཾ་ཡིག་ལ༔ གནས་པ་གཏད་ཅིང་མཉམ་པར་བཞག༔ རྨུགས་ན་ཧཱུྃ་གིས་སྤར་བ་གནད༔ ཤིན་ཏུ་འཐིབ་ན་ཨཱཿཡིས་བསྲེ༔ ཕཊ་ཀྱིས་སྐྱོང་ཞིང་བག་ར་ེསྒྲིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་བདེ་གསལ་མི་རྟོག་གསུམ༔ ཉམས་ཀྱི་གྲོགས་སུ་ཐག་བཅད་དེ༔ སྤང་བླང་དགག་བསྒྲུབ་མེད་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་རྗེས་ཀྱི་རྒྱས་གདབ་ནི༔ གཟུགས་རྣམས་ཐམས་ཅད་སྟོང་པའི་རྩལ༔ སྒྲ་རྣམས་གྲག་སྟོང་བརྗོད་པ་བྲལ༔ དྲན་སེམས་རང་གྲོལ་ངོ་བོ་ཉིད༔ འཁྱེར་སོ་གསུམ་གྱི་ཏིང་འཛིན་གྱིས༔ རྗེས་ཤེས་ཆོས་ཉིད་འཁོར་ལོར་བསྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་སྙིང་པོའི་ཆོས༔ པདྨ་འབྱུང་གནས་བདག་གི་སྙིང་༔ མཚོ་རྒྱལ་གྲོགས་མཆོག་ཁྱོད་ལ་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ཐུགས་ཀྱི་སྲས་དང་འདི་འཕྲད་ནས༔ བསྟན་དང་འགྲོ་བའི་དོན་འབྱུང་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཟབ་ལུང་གནས་ཀྱི་མཆོག་ནས་གདན་དྲངས་ཤིང་། །ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་པའི་ཉི་ཤུ་གཉིས་ལ། །ཆགས་རུའི་ཡང་དགོན་ཁམས་གསུམ་རྣམ་རྒྱལ་དུ་ཤོག་སེར་ལས་ཕབ་པའོ། །


previousཁྲེགས་ཆོད་ཁྲིད་ཡིགnext