Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
ཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར།next

ཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམས་རྒྱལ་ལས༔ ཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར་བཞུགས༔ ཚེ་ལྷ་རིག་འཛིན་ཚོགས་ལ་འདུད༔ མ་འོངས་རྗེས་འཇུག་སྐྱེས་བུ་ཡིས༔ ཕུང་པོ་ལུས་ཀྱི་བདུད་བཅོམ་ནས༔ འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ ཟབ་མོའི་གནད་ཀྱི་རླུང་སྦྱོར་བཤད༔ ཡི་གེར་བཏབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཡང་ས་བཅད་གསུམ་སྟེ་སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས༔ ཐུན་མོང་ལ་ཡང་ལུས་གནད་བཅའ་བ༔ བླ་མའི་རྣམ་འབྱོར༔ སྟོང་ར་སྒོམ་པའོ༔ དང་པོ་ལུས་གནད་བཅའ་བ་ནི་བདུན་སྟེ༔ རྐང་པ་གཉིས་རེའུ་མིག་ལྟར་བསྣོལ་བ་དང་གཅིག༔ སྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་སྲོང་བ་དང་གཉིས༔ དཔུང་པ་བྱ་རྒོད་ཀྱི་གཤོག་པ་ལྟར་རྒྱང་བ་དང་གསུམ༔ ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ་བ་དང་བཞི༔ མགྲིན་པ་ལྕགས་ཀྱུ་ལྟར་འགུགས་པ་དང་༔ མིག་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་ལྟ་དང་དྲུག༔ ལྕེ་ཡ་རྐན་ལ་སྦྱར་བ་དང་བདུན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི༔ བླ་མ་བསྐྱེད་པ༔ འཁོར་བསྐྱེད་པ༔ དམ་ཚིག་ཡེ་ཤེས་གཉིས་མེད་དུ་གསལ་བ༔ མོས་གུས་རྩེ་གཅིག་ཏུ་བྱ་བ༔ གསོལ་བ་གདབ་པ༔ དབང་བཞི་ལེན་པ༔ ཐུགས་ཡིད་བསྲེ་བ་དང་བདུན༔ དང་པོ་བླ་མ་བསྐྱེད་པ་ནི༔ རང་ཉིད་ཀྱི་སྤྱི་བོར་པདྨ་གེ་སར་གྱི་སྡོང་པོ་འདབ་མ་སྟོང་ཕྲག་དུ་མ་དང་ལྡན་པའི་སྟེང་དུ༔ ངོ་བོ་ནི་རང་གི་དྲིན་ཅན་གྱི་བླ་མ་ཡིན་པ་ལ༔ རྣམ་པ་ནི་བདག་ཉིད་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་གསལ་གདབ་པའོ༔ གཉིས་པ་འཁོར་བསྐྱེད་པ་ནི༔ དེའི་སྤྱི་གཙུག་ཏུ་བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ དེའི་སྤྱི་གཙུག་ཏུ་འཕགས་པ་ཚེ་དཔག་མེད༔ དེའི་སྤྱི་གཙུག་ཏུ་ཆོས་སྐུ་སྣང་བ་མཐའ་ཡས༔ དེའི་གཡས་གཡོན་དང་སྟེང་འོག་གི་ཆ་ལ་རྩ་གསུམ་ཆོས་སྐྱོང་༔ སྲུང་མ་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་དམིགས་སོ༔ གསུམ་པ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་གསལ་བ་ནི༔ དེ་ལྟ་བུའི་སྐྱབས་ཡུལ་གྱི་ཚོགས་ཐམས་ཅད་དང་༔ ཁྱད་པར་བླ་མའི་སྐུ་རུ་གསལ་བ་དེ་གཟུགས་ཀྱི་སྐུ་མ་ཡིན་པར་ཆོས་ཀྱི་སྐུའི་རང་བཞིན་ཅན༔ སྟོང་གསལ་འོད་ལྔ་ལས་གྲུབ་པ༔ ངོས་བཟུང་མེད་པར་སྟོང་པ༔ སྟོང་པའི་རང་མདངས་སུ་ཤར་བ་བླ་མའི་གཟུགས་བརྙན༔ མེ་ལོང་གི་གཟུགས་དང་ཆུ་ཟླ་འཇའ་ཚོན་ལྟར་བསྐྱེད་པས༔ སྐུ་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པར་རྒྱས་གདབ་པའི་རིམ་པའོ༔ བཞི་པ་མོས་གུས་རྩེ་གཅིག་ཏུ་བྱ་བའི་རིམ་པ༔ དེ་ཡང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ནི་བླ་མ་ཁོ་ན་ཡིན་ཞིང་༔ དེ་ཐམས་ཅད་ཀྱི་རྩ་བ་ནི་དད་པ་དང་མོས་གུས་ཁོ་ན་ལ་རགས་ལས་པས༔ ང་ཡི་སྐྱབས་གནས་དམ་པ་འདྲེན་མཆོག་ཆོས་ཀྱི་རྗེ་རིན་པོ་ཆེ་འདི་ནི༔ སངས་རྒྱས་སྟོང་གི་བྱིན་རླབས་རྗེ་འདི་ཉིད་ལ་འདུས་ཤིང་༔ ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ཀྱི་འང་བདག་ཉིད་ལས་ངན་པའི་སེམས་ཅན་འདྲེན་པའི་ཆེད་དུ་སྤྲུལ་བའི་འཁོར་ལོས་འགྲོ་བ་འདྲེན་པའི་མཆོག་ཏུ་གྱུར་པར་སྤྲུལ་པ༔ རིན་པོ་ཆེ་འདི་ནི་བདག་ལ་སངས་རྒྱས་སྟོང་ལས་ཀྱང་བཀའ་དྲིན་ཆེའོ༔ བདག་གི་གསང་བ་བླ་ན་མེད་པའི་ཆོས་གྲངས་མེད་མང་པོར་ཐོས་པར་དཀའ་བ་འདི་ལྟ་བུ་ཐོས་ཤིང་ཉམས་ལེན་བྱེད་རྒྱུ་བྱུང་བ་འདི་ཡང་༔ མཚན་ལྡན་གྱི་བླ་མ་འདིའི་དྲིན་ཡིན་ད་བདག་གིས་ཉམས་ལེན་ཟབ་མོ་ཞིག་བྱེད་དང་༔ འཁོར་བ་ལས་རྒྱབ་གྱེས་བླ་མེད་ཀྱི་ཡུལ་མཐོང་བ་ཡང་རྗེ་རིན་པོ་ཆེ་འདིའི་དྲིན་ཡིན༔ ངས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་འཚེངས་ཆེ་བའི་བླ་མ་འདི་ལྟ་བུ་མཇལ་བ་ཚོགས་རེ་བསགས༔ དོན་དང་ལྡན་བསམས་པའི་ངང་ནས༔ བླ་མས་མཛད་སྤྱོད་ཇི་ལྟར་བསྟན་ཀྱང་མོས་གུས་དང་དད་པ་ལ་ལྟེམ་རྐྱང་མེད་པས་རྩེ་གཅིག་ཏུ་སྤྱི་བོས་བསྟེན་པར་བྱའོ༔ དེ་ལྟར་གྱི་ཕན་ཡོན་ནི་བརྗོད་ལས་འདས་པའོ༔ དེ་ལས་ལོག་པར་གྱུར་པ་རྣམས་ནི༔ བྱིན་རླབས་དང་ཉམས་རྟོགས་ཀྱི་དངོས་གྲུབ་ཐམས་ཅད་རིང་དུ་འགྱུར་རོ༔ ལྔ་པ་གསོལ་བ་གདབ་པ་ནི༔ དེ་ལྟར་གྱི་བླ་མ་དམ་པ་དེ་ལ་མོས་གུས་དང་དད་པ་ཞིག་བྱས་ནས་བསྡད་པས་མི་ཆོག་ཅིང་གསོལ་བ་འདེབས་པ་ཁོ་ན་གཙོ་ཆེ་སྟེ༔ དཔེར་ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཡོད་པའི་མི་ཞིག་ལ་ལྟ་ཞོག༔ ཡིད་བཞིན་གྱི་ནོར་བུ་དེ་ནི་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས་སུ་ཡོད་ཀྱང་༔ བདག་པོ་དེས་ནོར་བུ་ཡིན་པར་ངོ་ཤེས་བདག་ཏུ་བཟུང་ཞིང་འདོད་པའི་དོན་ལ་གསོལ་བ་མ་བཏབ་ན༔ དངོས་གྲུབ་རྣམས་འབྱུང་བ་ལྟ་ཞོག་རྡོ་ཕལ་བ་དང་ཁྱད་པར་མེད་པར་འགྱུར་རོ༔ དེ་བཞིན་དུ་བླ་མ་ནི་ཡིད་བཞིན་གྱི་ནོར་བུ༔ དད་པ་མོས་གུས་བྱེད་པ་ནི་ནོར་བུ་ཡིན་པར་ངོ་ཤེས་ནས་བདག་ཏུ་བཟུང་བ་ལྟ་བུ༔ འདོད་པའི་དོན་ལ་གསོལ་བ་མ་བཏབ་པ་ནི༔ བླ་མ་སངས་རྒྱས་སུ་ཤེས་ནས་གསོལ་བ་སྙིང་ནས་མ་བཏབ་སྟེ༔ སྨིན་གྲོལ་གྱི་དངོས་གྲུབ་མ་ཐོབ་པ་ལྟ་བུའོ༔ དེས་ན་ཐུན་དུ་བཅད་དེ་གསོལ་བ་གདབ་པར་བྱའོ༔ དྲུག་པ་དབང་བཞི་ལེན་པ་ནི༔ དངོས་གྲུབ་ཐམས་ཅད་འདུས་པའི་དཔལ་དམ་པ་སྟེ༔ གསོལ་བ་གང་བཏབ་པའི་འབྲས་བུ་ནི་དབང་བཞིའི་དངོས་གྲུབ་ཀྱི་དོན་ནོ༔ དེ་ཡང་དཔེར་ན་རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བ་ཞིག་གི་སྦྱིན་པ་གང་ལ་གང་དགོས་སུ་གཏོང་བར་དམ་བཅས་པའི་གན་དུ༔ མུ་ཏོ་བའི་མི་ཞིག་ཕྱིན་ནས༔ ནོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཅི་མང་ཞུས་ཏེ༔ རང་གིས་བདག་ཏུ་མ་བཟུང་བར་དུར་ཁྲོད་དུ་མི་རོ་དོར་བ་ལྟར་བདག་མེད་དུ་སྐྱུར་ནས་བཏང་ན༔ ཤིན་ཏུ་འགྱོད་པའི་གནས་དམ་པ་སྟེ༔ དཔེ་དེ་བཞིན་དུ་བླ་མ་ལ་གསོལ་བ་བཏབ་པ་ནི༔ སྦྱིན་གཏོང་གི་རྒྱལ་པོ་ལས་ནོར་སློང་བ་ལྟ་བུའོ༔ སྦྱིན་གཏོང་གི་རྒྱལ་པོས་ནོར་དང་ལོངས་སྤྱོད་གང་དགོས་གཏད་པ་བདག་མེད་དུ་བོར་བའི་དཔེ་ནི༔ བླ་མ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དུ་གསལ་བ་ལ་གསོལ་བ་བཏབ་ནས་དབང་བཞི་མ་བླངས་པ་ལྟ་བུའོ༔ དེས་ན་འོད་ཟེར་གྱི་སྤྲོ་བསྡུ་བསྒྱུར་ཞིང་མོས་གུས་ཀྱི་ངང་ནས་ཐུན་མཇུག་རྣམས་དང་ནམ་དགོས་སུ་དབང་བཞི་ལེན་པར་བྱའོ༔ དེས་ནི་ཚེ་རབས་གྲངས་མེད་ཀྱི་སྔིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ༔ དཔེར་ན་སྦྱང་གཞི་རང་གི་ཉེས་ལྟུང་ནི་བ་མོ་ལྟ་བུ་ལ༔ སྦྱོང་བྱེད་བླ་མའི་ཐུགས་རྗེ་ནི་གྲངས་མེད་བསྐལ་པ་མང་པོ་ནས་འཕེལ་ཞིང་རྒྱས་པས་ཉི་མའི་སྙིང་པོ་ལྟ་བུའོ༔ སྦྱངས་འབྲས་སྐུ་དང་ཡེ་ཤེས་མངོན་དུ་བྱེད་པ་ནི༔ རྩིབས་སྟོང་ལྡན་པའི་འཁོར་ལོ་སྤྱི་བོར་བབས་ན༔ སྟོང་གསུམ་གྱི་འཇིག་རྟེན་ལ་དབང་བསྒྱུར་བ་ལྟར༔ སྐུ་བཞི་ཡེ་ཤེས་ལྔའི་ཁྱབ་བདག་ཏུ་གྱུར་ནས་བདག་གཞན་གྱི་དོན་གཉིས་ལ་སྤྱོད་པའོ༔ བདུན་པ་ཐུགས་ཡིད་བསྲེ་བ་ནི༔ མཐར་ཐུག་གི་དངོས་གྲུབ་མཆོག་གི་རང་བཞིན་ཏེ༔ དབང་བཞི་བླངས་ནས་ཐུགས་ཡིད་མ་བསྲེས་ན༔ གླང་པོ་ཆེ་རྙེད་ནས་དོར་ཏེ་གླང་པོ་ཆེའི་རྗེས་གཞན་དུ་འཚོལ་བ་དང་འདྲ་སྟེ༔ བླ་མ་ལ་གསོལ་བ་བཏབ་ཅིང་དབང་བཞི་བླངས་པའི་མཇུག༔ སྐད་ཅིག་མའི་ཤེས་པ་དེ་ནི་ཐོག་མར་མ་སྐྱེས༔ བར་དུ་མི་གནས༔ ཐ་མར་མི་འགག་ཅིང་སྨྲ་བསམ་བརྗོད་པ་ཐམས་ཅད་ཀྱི་གཤིས་དང་བྲལ་ཞིང་ཡུལ་ལས་འདས་པ༔ ངོ་བོ་ཉིད་ཀྱིཡེ་ཤེས་ལ་རང་གསལ་དུ་བལྟས་པས་ཆོག་པ་དེ༔ བླ་མའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་ཀྱང་བྱ༔ རང་གི་བརྗོད་མིན་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བྱ༔ དུས་གསུམ་སངས་རྒྱས་ཀྱི་རང་ཞལ་བསྟན་པ་ཞེས་ཀྱང་བྱ་བས༔ བསྐལ་པ་མང་པོར་བཙལ་ཀྱང་རྙེད་པར་དཀའ་བ་དེ་ལྟ་བུ༔ བླ་མའི་བྱིན་རླབས་ཀྱི་ངོ་བོ་རང་ཐོག་ཏུ་འཕྲོད་དུས༔ བདག་མེད་དུ་སྐྱུར་ནས་གཞན་གྱི་ཆོས་ལ་འཇུག་པ་ནི༔ གླང་ཆེན་མི་བལྟ་རྗེས་ལ་བལྟ་བ་ལྟ་བུའོ༔ དེས་ན་དུས་གསུམ་གྱི་ཤེས་པ་བློ་འདས་སུ་འབོལ་ལེ༔ ཀ་དག་གི་ཡེ་ཤེས་སུ་ལྷན་ནེ༔ མཉམ་ཉིད་ཀྱི་རང་མདངས་སུ་ཝལ་ལེ༔ གཅིག་ཤེས་ཀུན་གྲོལ་དུ་ཆམ་མེ༔ ཡེ་གྲོལ་གྱི་རང་བབས་སུ་ལྷོད་དེ་སྐྱོང་བར་བྱའོ༔ གསུམ་པ་སྟོང་ར་བསྒོམ་པ་ནི༔ མ་དག་པའི་སྟོང་ར་དང་༔ དག་པའི་སྟོང་ར་དང་༔ བརྗོད་མིན་ལྷན་ཅིག་སྐྱེས་པའི་སྟོང་ར་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་མ་དག་པའི་སྟོང་ར་ནི༔ ད་ལྟར་གྱི་ཐ་མལ་དུ་སྣང་བའི་གཟུགས་འདིའི་ཡར་གྱི་སྤྱི་བོའི་གཙུག་དང་༔ མར་གྱི་རྐང་མཐིལ་ཡན་ཆད་ཐམས་ཅད་སྟོང་པ་ཕྲུ་མ་ཕུས་གང་བ་ལྟ་བུར་བསམ་ཞིང་༔ སྣ་བུག་གཡས་ནས་ཞེ་སྡང་གི་རླུང་མཐིང་ཀ༔ སྣ་བུག་གཡོན་ནས་འདོད་ཆགས་ཀྱི་རླུང་དམར་པོ༔ སྣ་བུག་གཉིས་ཆར་ནས་གཏི་མུག་གི་རླུང་ནག་པོ་གསུམ༔ ལན་དགུ་སྤྲུགས་སུ་བུས་པས་སངས་སངས་ཕྱི་རོལ་དུ་སོང་༔ འབྱུང་བ་བཞིའི་ཀློང་དུ་ཐིམ༔ ཚུར་སྣ་བུག་ནས་རླུང་རྔུབས་པའི་དུས༔ ནམ་མཁའ་སྟོང་པ་ཉིད་ཀྱི་སྣང་ཆ་ལས༔ སྟོང་ཉིད་ཀྱི་རང་མདངས་སུ་ཤར་བའི་རླུང་བྱུང་༔ ལུས་སྟོང་ཉིད་དང་འདྲེས༔ ཕྱི་སྟོང་པ་ཉིད་དང་ནང་སྟོང་པ་ཉིད་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད་ཅིང་ཕོ་བར་དགང་༔ མ་ཐུབ་ཙ་ན་ཕྱི་ནང་གི་སྟོང་པ་གཉིས་ཐབས་ཤེས་སུ་འདྲེས་པའི་སྟོབས་ཀྱིས་དུག་གསུམ་གྱི་རླུང་སྔ་མ་བཞིན་ཕྱི་རོལ་དུ་བུས་པར་དམིགས་ཤིང་༔ སླར་ཡང་སྔ་མ་ལྟར་གནད་དུ་བསྣུན༔ འདི་ནི་ཅི་མང་དུ་སྦྱངས་པས་ལས་ཀྱི་རླུང་ཐམས་ཅད་སྟོང་ཉིད་ཀྱི་རླུང་དུ་འགྱུར་ཞིང་༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་བག་རྡུལ་ཕྱགས་མས་ཕྱགས་པ་ལྟར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དག་པའི་སྟོང་ར་ནི༔ རང་ཉིད་ཀྱི་ལུས་འདི་མི་དམིགས་པ་ལས༔ སྐད་ཅིག་གི་ལྷ་མོ་དམར་མོ་གྲི་ཐོད་ཀྱི་ཕྱག་རྒྱ་ལ་བརྐྱང་བསྐུམ་གྱི་གར་སྟབས་ཅན༔ གཅེར་བུ་མདངས་དང་ལྡན་ཞིང་མཆེ་བ་རྣམ་པར་གཙིགས་པ༔ མེ་འབར་བའི་ཀློང་དུ་བཞུགས་པར་དམིགས་ཤིང་༔ སྐུ་དེ་ཡང་ཤ་དང་རུས་པ་དང་ཁྲག་དང་ཆུ་སེར་དང་༔ རྩ་རྒྱུས་པགས་པ་ལ་སོགས་ལས་གྲུབ་པ་མ་ཡིན་པར་འོད་དམར་པོའི་གཟུགས་ལ༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ དར་དམར་པོའི་གུར་ལྟ་བུའམ་མེ་ཤེལ་དྲི་མ་མེད་པ་ལྟ་བུ་ཞིག་ཏུ་བསྒོམ་ཞིང་༔ རླུང་ཕྱིར་བུས་པའི་དུས་སུ་ཡི་གེ་ཧ་ལྗང་ནག་གི་རྣམ་པར་ཕྱིར་སོང་༔ ཀུན་གཞི་མ་རིག་པའི་བག་ཆགས་དང་བཅས་པའི་རྣམ་པ་དེ་དབང་ཆེན་གསེར་གྱི་ས་གཞ་ིལ་ཐིམ༔ འོག་གཞི་རྒྱ་མཚོ་ཆེན་པོའི་ཀློང་དུ་ཡལ་བར་དམིགས༔ རླུང་ཚུར་བཟུང་བའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བ་དང་༔ ལྷོ་ཕྱོགས་དཔལ་དང་ལྡན་པ་དང་༔ ནུབ་ཕྱོགས་བདེ་བ་ཅན་དང་༔ བྱང་ཕྱོགས་ལས་རབ་རྫོགས་པ་དང་༔ དབུས་ཕྱོགས་སྟུག་པོ་བཀོད་པ་ལ་སོགས་ནས་དཀར་སེར་དམར་ལྗང་མཐིང་གའི་རྣམ་པ་མང་པོར་ཡེ་ཤེས་ཀྱི་རླུང་ཚུར་བསྡུས༔ སྣ་བུག་གཉིས་ནས་ནང་དུ་རྔུབ༔ འོད་ལུས་ལྷ་མོ་གོས་དཀར་མོ་ལ་བསྟིམ༔ ཆེས་ཆེར་བཀྲག་དང་ལྡན་ཞིང་གཟི་བརྗིད་དཔལ་དུ་འབར༔ འོད་ཀྱིས་འཁོར་འདས་ཐམས་ཅད་ཁྱབ༔ དག་པ་ལྷའི་ཞིང་ཁམས་ནས་སྐུ་བཞི་ཡེ་ཤེས་ལྔའི་བྱིན་རླབས༔ མ་དག་པ་འཁོར་བའི་གནས་སྟོང་གསུམ་ནམ་མཁའི་མཐར་ཐུག་ནས༔ འབྱུང་བཞིའི་བཅུད་དང་འགྲོ་བའི་ཚེ་བསོད༔ མདོར་ན་རང་གི་ཡང་བླ་ཚེ་ཆད་ཉམས་དང་བཅས་པ་ཐམས་ཅད་འོད་ལྔ་ལྡན་གྱི་རླུང་དུ་བསྡུས༔ ལྷ་མོའི་སྐུ་དང་གཉིས་སུ་མེད་པར་དམིགས་ཤིང་གནད་དུ་བསྣུན་པས༔ མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་འཆར༔ བར་ཆད་ཀྱི་ཚོགས་ཐམས་ཅད་བྱང་༔ སྒྲིབ་པ་གཉིས་དྲུང་ནས་འབྱིན༔ རྩ་ཐམས་ཅད་ཡེ་ཤེས་ཀྱི་རྩ་འཁོར་ལ༔ རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་རྒྱུ༔ འདི་གཅིག་པུ་གནད་དུ་བསྣུན་ནས་ཞག་གསུམ་མམ༔ ཞག་བདུན་སོགས་ཉམས་སུ་བླངས་ཏེ༔ བཟའ་བཏུང་གི་འཁྲི་བ་ཐམས་ཅད་སྤངས་ནས་ཉིན་ཞག་ཕྲུགས་རེ་ལ་ཆང་ཞིམ་པ་སྒོང་སྐོགས་རེ་ལས་མ་བསྟེན་ན༔ རླུང་གི་བཅུད་ལེན་ཡིན་པས་འོད་ལུས་མྱུར་དུ་འགྲུབ་ཅིང་༔ མཁའ་སྤྱོད་མངོན་དུ་བྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བརྗོད་མིན་ལྷན་ཅིག་སྐྱེས་པའི་སྟོང་ར་ནི༔ ལུས་གནད་དང་བཅས་པའི་ངང་ནས་ངོ་བོ་ཉིད་ཀྱི་རང་མལ་དུ་བཞག་ཅིང་༔ བློ་འདས་ཀྱི་རྟོག་པ༔ ཀ་དག་གི་ཤེས་པ༔ ཆོས་ཉིད་ཀྱི་གནས་ལུགས་ཆམ་བརྡལ་ཏེ༔ རླུང་འཇམ་ལ་དལ་བུས་ཡང་ཡང་བཟུང་བས༔ ལས་རླུང་ཐམས་ཅད་རང་སར་དག་ཅིང་གེགས་དང་གོལ་ལམ་གྱི་སྒྲིབ་པ་ཐམས་ཅད་དག་ནས་རྩ་རླུང་ལས་སུ་རུང་སྟེ༔ འབྲས་བུ་མྱུར་དུ་འཐོབ་པར་འགྱུར་རོ༔ འདི་ནི་མཉམ་གཞག་གི་ཕྱག་རྒྱ་ཆེན་པོའི་རླུང་ཞེས་བྱ་བ་སྟེ་ཡང་དག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རླུང་གི་ཉམས་ལེན་གྱི་རིམ་པ་ནི༔ རྩ་འཁོར་བསྐྱེད་པ༔ ཡི་གེ་བཀོད་པ༔ དུས་བསྟན་པ༔ རླུང་བཟུང་བ༔ བདེ་སྟོང་གི་འབར་འཛག༔ དགའ་བཞིའི་ཡེ་ཤེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྩ་འཁོར་བསྐྱེད་པ་ནི༔ རང་ལུས་དབུས་ཀྱི་ཆ་ལ་ཁང་སྟོང་དུ་ཀ་བ་རྒྱབ་པའི་རྣམ་པར་རྩ་ཨ་བ་དྷཱུ་ཏིའི་ཡར་སྣེ་སྤྱི་གཙུག་ཚངས་བུག་ལ་ཟུག་པ༔ མར་སྣེ་ལྟེ་འོག་གཉེར་པོ་ཆེར་ཡོད་པ༔ ཕྱི་དཀར་བ༔ ནང་དམར་བ༔ ཤིན་དུ་དྲང་བ༔ ཁྲག་དང་ཆུ་སེར་སོགས་མེད་པ༔ དེའི་གཡས་སུ་རོ་མ་དམར་པོ༔ གཡོན་རྐྱང་མ་དཀར་པོ་ཡར་སྣེ་སྨིན་མཚམས་ནས་སྣ་བུག་གཡས་གཡོན་ལ་ཟུག་པ༔ མར་སྣེ་དབུ་མའི་ནང་དུ་ཚུད་ཅིང་༔ རྩ་གསུམ་པོ་ཀ་བའི་ཚུལ་ཅན་གྱི༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་མ་སུམ་བརྒྱ་དང་དྲུག་ཅུ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་གཉིས་བཅུ་དྲུག་པ་སྟེ༔ ཡར་མར་གཉིས་པོ་འདི་གདུགས་ཀྱི་རྩིབས་མའི་རྣམ་པ་ཅན་ནོ༔ སྙིང་ག་ཆོས་ཀྱི་འཁོར་ལོ་སུམ་ཅུ་རྩ་གཉིས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འདི་གཉིས་ཀྱང་གོང་ལྟར་གདུགས་ཀྱི་རྩིབས་མའི་རྣམ་པའོ༔ རྩ་དེ་ཐམས་ཅད་ནི་སྲབ་པ་དང་༔ མཉེན་པ་དང་༔ དྭངས་པ་དང་༔ ཤིན་ཏུ་དྲང་བ་དང་༔ གྲོ་སོག་གི་སྦུ་གུ་ལྟར་བདེ་སྟོང་གི་རྒྱུན་ལམ་ཅན་དུ་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཡི་གེ་བཀོད་པ་ནི༔ དབུ་མའི་ཡར་སྣེ་སྤྱི་བོའི་ཚངས་བུག་ལ་ཟུག་པའི་ཁར་ཟླ་བ་ཉ་གང་བ་ཞིག་གིས་བགགས་པའི་དབུས་ན༔ ཐབས་ཀྱི་རང་བཞིན་བྱང་སེམས་དཀར་པོ་དངུལ་ཆུའི་མདོག་ལྟར་འོད་དུ་འཚེར་བ་ལ༔ ཡི་གེ་ཧཾ་གི་གཟུགས་བརྙན་མགོ་བོ་ཐུར་དུ་བསྟན་པས་མཚན་པར་བསམས༔ དབུ་མའི་མར་སྣེའི་རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཤེས་རབ་ཀྱི་ཆ་ལས་བྱང་སེམས་དམར་པོ་བྱི་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པ་ལྟ་བུ་ཤིན་ཏུ་དམར་བའི་མདངས་དང་ལྡན་པ་ལ༔ ཡི་གེ་ཨ་མགོ་བོ་གྱེན་དུ་བསྟན་པའི་རྣམ་པར་བསྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དུས་བསྟན་པ་ནི༔ ཕྱི་ལོ་ཟླ་རླུང་གི་དགྲར་ཤར་དུས་རླུང་སྦྱོར་གྱི་ཉམས་ལེན་མི་བྱ༔ ཉིན་གུང་དང་མཚན་གུང་རླུང་སྦྱོར་ལ་མི་འབད༔ ཐོ་རངས་དང་དགོང་མོ་ནི་ཁྱད་པར་ཅན་ནོ༔ གསང་བ་ཕོ་རླུང་གཡས་ནས་རྒྱུ་དུས་ཚ་ཤས་ཅན་གྱི་རྣལ་འབྱོར་པས་སྤང་ཞིང་གྲང་ཤས་ཅན་གྱིས་བསྟེན་པར་བྱའོ༔ མོ་རླུང་གཡོན་ནས་རྒྱུ་དུས་གྲང་ཤས་ཅན་གྱིས་སྤང་ཞིང་ཚ་ཤས་ཅན་གྱིས་བསྟེན་པར་བྱའོ༔ རླུང་སྦྱོར་ལས་སུ་རུང་བའི་དུས་ཁྱད་པར་ཅན་ནི་མ་ནིང་གི་རླུང་ཞེས་བྱ་བ་དབུས་ནས་རྒྱུ་དུས་མཆོག་གོ༔ འདི་ནི་ཚ་གྲང་ཀུན་གྱི་གྲོགས་སུ་འགྲོ་ཞིང་གེགས་རྣམས་མི་འབྱུང་བའི་དུས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་རླུང་སྦྱོར་གྱི་རིམ་པ་ནི༔ སྔོན་འགྲོའི་སྐབས་ལྟར་རླུང་རོ་ལན་དགུ་བུས་པའི་མཇུག་ཏུ་དལ་བུས་རྔུབ་ཅིང་རླུང་རྟིང་རྫོགས་པ་དང་༔ སྟོད་དུ་མ་ལུས་པར་བུམ་ཅན་དུ་རབ་ཏུ་དགང་ཞིང་བསྐྱིལ་ལོ༔ ལར་རྣལ་འབྱོར་ཚ་གྲང་གོ་རིགས་ཀྱིས་རླུང་དྲག་པོས་འཛིན་པ་དང་༔ ཞི་བས་འཛིན་པ་དང་༔ ཞི་དྲག་སྤེལ་མས་འཛིན་པ་སོགས་རིགས་པའི་མདས་བསྣུན་ཞིང་༔ རང་རང་གི་ཁམས་དང་བསྟུན་ཤེས་པ་ནི་ཤིན་ཏུ་གསང་བའི་གནད་དོ༔ རླུང་སྦྱོར་གྱི་མཐར་ཐུག་པ་ཤིན་ཏུ་འཇམ་བུའམ་དལ་བའི་རིམ་པ་ལས་ཡོན་ཏན་སྐྱེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བདེ་སྟོང་འབར་འཛག་ནི༔ དེ་ལྟར་རླུང་གནད་གཅུན་པས་རོ་རྐྱང་གི་ལམ་བརྒྱུད༔ རྩ་གསུམ་འདུས་མདོའི་དམར་ཆ་ཉི་དཀྱིལ་ལ་རྒྱུན་ཆད་མེད་པར་རླུང་གིས་བུས་པས་དམར་ཆ་ཨ་ཡིག་ལས་མེ་དམར་ཉུག་ཉུག་ཏུ་འབར༔ རླུང་ཁུག་བདུན་བཞི་ཉི་ཤུ་རྩ་བརྒྱད་ཀྱིས་སྤྱི་བོར་མེ་ལྕེས་སླེབ་པར་བསྒོམ་ཞིང་༔ དཀར་ཆ་ཧཾ་ཡིག་ལས་བདེ་བའི་བསིལ་རྒྱུན་ཐིགས་པ་བཅུ་དྲུག་ཕབ༔ བཞི་བཞིས་རྩ་འཁོར་ལོ་རེ་རེ་གང་ཞིང་ལྟེ་བར་ཧཾ་ཡིག་གི་བསིལ་རྒྱུན་དང་༔ ཨ་ཡིག་གི་མེ་དམིགས་འབར་འཛག་འབྲོས་འདེད་ཡུན་རིང་དུ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་དགའ་བཞིའི་ཡེ་ཤེས་ནི༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་མེ་དམིགས་དང་བསིལ་རྒྱུན་འཕྲོས་ནས༔ ཧཾ་ཡིག་ཐིགས་པ་རྣམས་ཕབ་ཅིང་༔ ཐིགས་པ་བཞི་བཞིས་སྤྱི་གཙུག་བདེ་བ་ཆེན་པོ་རྩ་འཁོར་རྣམས་གང་རིམ་བཞིན་དགའ་བ་དང་༔ མཆོག་དགའ་དང་༔ དགའ་བྲལ་དང་༔ ལྷན་ཅིག་སྐྱེས་པའི་དགའ་བ་སྟེ༔ དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ཤིང་བདེ་སྟོང་གི་ངོ་བོ་ལ་བལྟ་སྟེ་ངོས་བཟུང་བར་བྱའོ༔ ཡས་འཛེགས་ལ་འང་མས་འབེབས་ལྟར་སྦྱང་ཞིང་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ འཁྲུལ་འཁོར་དང་ལས་ལ་སྦྱར་བ༔ དམ་ཚིག་བསྟན་པ༔ ཕན་ཡོན་ནོ༔ དང་པོ་འཁྲུལ་འཁོར་ནི༔ རླུང་བཟུང་ལུས་གནད་དང་བཅས་པའི་ངང་ནས་ལག་གཉིས་པུས་མོ་ལ་བཀབ་སྟེ༔ ཕོ་སྐེད་གཡས་གཡོན་དུ་གསུམ་གསུམ་བསྐོར་ཞིང་༔ མགོ་བོ་ཡང་དེ་བཞིན་དུ་སྒྲིལ་ཞིང་མདུན་རྒྱབ་ཏུ་དགྱེ་དགུ་བྱ༔ ཁ་མིག་ལྕེ་གསུམ་གདང་བཙུམ་བསྐོར་བ་སོགས་ཀྱང་གཡས་གཡོན་གསུམ་གསུམ་གྱི་མཐར༔ རླུང་འབུད་སྣ་ནི་འཕུར་གསུམ་ལན་གསུམ་བྱའོ༔ དེ་ནས་ལག་གཉིས་ཀྱིས་མདུན་རྒྱབ་མགོ་བོ་ལན་གསུམ་གསུམ་འཕུར་ཞིང་༔ ཡན་ལག་བཞི་ཤེད་ཀྱིས་བསྒྲིམ་ནས་འཕུར་བའི་མཇུག་ཏུ་བརྐྱང་བསྐུམ་གསུམ་རེ་རིམ་བཞིན་བྱ༔ མཇུག་ཏུ་འབེབས་རྒྱག་ཧ་སྤྲུག་གསུམ་གནད༔ འདི་ནི་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་ཞེས་བྱ་བ་རྩ་རླུང་ཀུན་གྱི་འཁྲུལ་འཁོར་གྱི་སྔོན་འགྲོའོ༔ དེ་ནས་དངོས་གཞིའི་འཁྲུལ་འཁོར་ནི༔ སེང་གེའི་རོལ་རྩེད༔ སྟག་མོའི་སྐྱུགས༔ ཝ་མོའི་སྣོམ་ཚུལ༔ གཡང་མོའི་རྩལ་སྤྲུག༔ གྱི་ལིང་བཞི་ཕྲ༔ སེང་ཆེན་རྩལ་སྤྲུག་རྣམས་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལས་ལ་སྦྱར་བ་ནི༔ སྔོན་དུ་རྩ་འདུལ་སྦྱོང་ལས་སུ་རུང་ནས་རྩ་འཁོར་ལོ་ལྔ་བར་བསྒོམ་ཞིང་༔ དབུ་མའི་མར་སྣེ་གསང་གནས་ཀྱི་རྡོ་རྗེ་ཡིན་ལ་ཡིན་བཞིན་པར་བསྐྱེད་དེ༔ དབུ་མ་ལས་སྦྱོར་གྱི་དམིགས་པ་ཞེས་བྱ་བས༔ རྩ་དབུ་མ་དེ་རླུང་ཇི་ལྟར་བཟུང་བ་ཚུག་གི༔ དབུ་མ་ཇེ་ཆེར་སོང་ཞིང་ནམ་མཁའི་མཐའ་དང་མཉམ་པར་བསམ༔ དབུ་མ་དང་ནམ་མཁའ་སྟོང་ཉིད་ཕྱག་རྒྱ་ཆེན་པོ་གསུམ་དབྱེར་མེད་ཀྱི་ངང་ནས་རླུང་ཅི་མང་ལ་བསླབ༔ སླར་དབུ་མ་ཚུར་བསྡུ་ཞིང་རྡོ་རྗེའི་རང་ཚད་དུ་བསམས༔ དངོས་གཞིའི་འཁྲུལ་འཁོར་རྣམས་བརྩེ་ཞིང་འདྲེན་ལ་སྦྱང་༔ དེ་ལས་སུ་རུང་བ་དང་༔ རང་གི་མདུན་དུ་མཚན་དང་ལྡན་པའི་བུ་མོ་ཡིད་དུ་འོང་བ་ཞིག་བསམ་ཞིང་༔ དབབ་པ་བསྐྱིལ་བ་འདྲེན་པ་འཁྲེམས་པ་དང་བཅས་པའི་དམིགས་པའི་འཁྲུལ་འཁོར་དགའ་བ་བཞིའི་ཡེ་ཤེས་སོགས་ངོས་ཟིན་ངེས་པར་བྱ༔ དེ་ལས་སུ་རུང་བ་དང་༔ རང་གི་ལག་པ་གཡས་མཚན་ལྡན་དུ་དམིགས་ཤིང་དབབ་ལྡོག་སོགས་སྔ་མ་ལྟར་སྦྱངས༔ དེ་ལས་སུ་རུང་བ་དང་༔ བུད་མེད་རྒན་རྒོན་རྩ་ཡངས་ཤིང་ཆགས་པ་ཆུང་བའི་རིགས་ལ་སྦྱང་༔ དེ་ལས་སུ་རུང་བ་དང་༔ གཞན་ལུས་ལྟར་ཉམས་སུ་ལེན་ཞིང་དམ་ཚིག་དང་ལྡན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དམ་ཚིག་བསྟན་པ་ནི༔ རྩ་དང་རླུང་གི་ཉམས་ལེན་ཚུལ་དང་མི་ལྡན་པར་དེས་ཆོག་དང་༔ ལེ་ལོ་འདོད་ལོག་ཉོན་མོངས་པ་རང་རྒྱུད་དུ་སྤྱོད་པ་སོགས་བྱས་ན༔ མཚམས་མེད་པ་ལྔ་ལས་ཤིན་ཏུ་ཉེས་ཆེ་བས་སྤང་བར་བྱའོ༔ རང་ལུས་ཚགས་སུ་ཚུད་ཀྱང་གཞན་ལུས་ཆོ་ག་ལྟར་མ་བརྟེན་པར༔ འབོག་ཆོལ་དུ་སྤྱད་དེ་དྭངས་མ་ཡུངས་འབྲུ་ཙམ་ཉམས་ན༔ མཁའ་འགྲོའི་གྲོང་ཁྱེར་འབུམ་ཕྲག་རེ་སྟོངས་ཤིང་༔ ཕྱི་མ་རྡོ་རྗེའི་དམྱལ་བར་རབ་ཏུ་འཚོད་པས་ཆོ་ག་ལྟར་བརྟེན་མཁས་པར་བྱའོ༔ འདི་གསང་བ་བླ་ན་མེད་པའི་མྱུར་ལམ་ཡིན་པས༔ ལས་ཅན་གྱི་སྐྱེས་བུ་རེ་རེ་ཙམ་ལས་ཀུན་དང་ཐུན་མོང་མ་ཡིན་པས༔ ནམ་མཁའི་བྱ་དང་བར་སྣང་གི་རླུང་དང་སྔོན་མོའི་ཆུ་ལ་ཡང་གསང་བ་གནད་དམ་པ་སྟེ༔ གལ་སྲིད་རྒྱ་རལ་ན་མཁའ་འགྲོ་རྒྱ་མཚོས་བཀའ་ཆད་འབེབས་ཤིང་༔ ཚེ་འདིར་ཡང་མི་རུང་བ་མང་པོས་མནར་བ་དང་༔ ཕྱི་མ་དམྱལ་བའི་སྡུག་བསྔལ་ལ་སྤྱོད་ཅིང་༔ དམྱལ་བ་ལས་ཐར་བའི་དུས་སུའང་བསྐལ་བ་སྟོང་གི་བར་དུ་གསང་སྔགས་ཀྱི་སྒྲ་མི་ཐོས་པར་སྐྱེ་བས༔ ཤིན་ཏུ་གསང་ཞིང་ཡང་དག་པར་གསང་བར་བྱའོ༔ སྐལ་ལྡན་གྱི་སྐྱེས་བུ་ཚེ་འདི་བློས་བཏང་ཞིང་ཕྱི་མའི་དོན་དུ་གཉེར་བ་རྣམས་ཀྱི་སྤྱོད་ཡུལ་ལས༔ གཞན་ལ་བསྟན་ན་སློབ་དཔོན་དང་སློབ་མ་གཉིས་ཀར་ཚེ་འདིར་བཀའ་ཆད་འབེབས་ཤིང་ཕྱི་མའང་གོང་ལྟར་སྡུག་བསྔལ་ལ་སྤྱོད་དགོས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཕན་ཡོན་བསྟན་པ་ནི༔ ཡང་ཟབ་བླ་ན་མེད་པའི་ཆོས་འདི་མྱུར་ལམ་ཐར་པའི་གསང་ལམ་ཆེན་མོ་ཞེས་བྱ་བ་སྟེ༔ ཆོས་གཞན་གྱི་ས་ལམ་དང་འབྲས་བུ་ཡིད་སྨོན་དུ་སྤྱོད་ཅིང་༔ འདིར་ནི་མངོན་སུམ་རང་ཐོག་ཏུ་ངོས་འཛིན་ཞིང་རང་གསལ་དུ་ཐག་བཅད་དེ༔ དགའ་བ་བཞིའི་ཡེ་ཤེས་བླ་མེད་དུ་ལ་བཟླས་པས་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་སྟེ༔ ཆོས་རྣམས་ཀུན་གྱི་སྙིང་པོ༔ མན་ངག་ཀུན་གྱི་མཐར་ཐུག༔ རྒྱུད་ལུང་ཀུན་གྱི་རྩེ་རྒྱལ༔ བླ་མེད་དོན་གྱི་མྱུར་ལམ་ཞེས་བྱ་བས༔ ཚུལ་བཞིན་ཉམས་སུ་བླངས་པའི་སྐལ་ལྡན༔ ཚེ་འདིར་སྐྱེ་འཆི་མེད་པར་བདེ་ཆེན་འཕོ་བ་ཆེན་པོར་འདུ་བྱེད་པའམ༔ ཚེའི་རིག་འཛིན་ལ་སྤྱོད་ཅིང་༔ བདག་གཞན་གྱི་དོན་ནི་བདག་ཉིད་པདྨ་འབྱུང་གནས་ལྟར་རོ༔ རང་ལུས་ལས་སུ་རུང་བས་འགྱུ་བ་དབུ་མར་དྭངས༔ གཞན་ལུས་ལས་སུ་རུང་བས་ཟག་བཅས་ཟག་མེད་དུ་གྲོལ༔ བདེ་སྟོང་ལས་སུ་རུང་བས་དགའ་བཞི་མངོན་དུ་འགྱུར༔ སྐྱེ་ཤི་མེད་པའི་ཚེ་སྒྲུབ་པ་དང་༔ བླ་མེད་སངས་རྒྱས་ཀྱི་ལམ་ལ་བགྲོད་པ་ལ་འདི་ལས་མྱུར་བ་དང་༔ འདི་ལས་ཟབ་པ་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་གནད་ཀྱི་མན་ངག་མཆོག༔ ཀུན་དང་ཐུན་མོང་མ་ཡིན་བླ་མེད་ཆོས༔ སྤེལ་བར་ཕངས་ནས་བརྡ་ཡི་ཡི་གེར་བཏབ༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་བཅོལ༔ ལས་འཕྲོ་ཅན་གྱི་བུ་ལ་འདི་སྤྲོད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་། ཕུག་ནག་བདེ་བ་ཆེན་པོར་ཟབ་ཤོག་ལས་བཤུས་པའོ། །མངྒ་ལཾ། །།


previousཕུང་པོའི་བདུད་བཅོམ་པ་རང་ལུས་ཀྱི་རླུང་སྦྱོར།next