Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་ཆུའི་བཅུད་ལེན།
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་རྩི་ཆུའི་བཅུད་ལེན།next

བདུད་རྩི་ཆུའི་བཅུད་ལེན།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ བདུད་རྩི་ཆུའི་བཅུད་ལེན་བཞུགས༔ ཚེ་ལྷ་རིག་འཛིན་ཚོགས་ལ་འདུད༔ མ་འོངས་སྐལ་ལྡན་འགའ་ཡི་དོན༔ རང་བྱུང་བདུད་རྩི་ཆུ་ཡི་བཅུད༔ ཉམས་སུ་ལེན་ཐབས་གདམས་པ་འབྲི༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གངས་ཆུ་རྫ་ཆུ་ཕོ་ཡི་ཆུ༔ རྣལ་འབྱོར་ཚ་ཤས་ཅན་གྱིས་བསྟེན༔ ལུ་མ་འབབ་ཆུ་དལ་འགྲོས་ཅན༔ མོ་ཆུ་གྲང་ཤས་ཅན་གྱིས་བསྟེན༔ གཡའ་ཤིང་འདྲེས་པ་མ་ནིང་ཆུ༔ ཚ་གྲང་སྙོམས་པའི་རིགས་ཀྱིས་བསྟེན༔ བྲག་དཀར་མཐོ་དམན་སྙོམས་པའི་ཆུ༔ ལྷ་ཡི་ཆུ་སྟེ་ཡོན་ཏན་འཕེལ༔ ཆུ་མིག་ལྐུགས་རུལ་བ་ཚྭ་ཅན༔ འདྲེ་ཆུ་ཡིན་པས་སྤང་བར་རིགས༔ བྱང་དུ་ལྟ་བའི་ཆུ་མིག་རིགས༔ ཇི་ལྟར་ལེགས་ཀྱང་སྤང་བར་བྱ༔ ལར་ནི་སྐྱོན་དག་ཡོན་ཏན་ཚང་༔ ཆུ་ཡི་བདུད་རྩི་གཙང་ཆབ་ཡིན༔ བསྟེན་པས་ཕན་ཡོན་ལུང་བཞིན་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སྐྱོན་ཡོན་བརྟགས་ནས་ཀྱང་༔ རང་ཉིད་པདྨ་དབང་ཆེན་བསྒོམ༔ མཚོ་སྨན་ཆུ་ཡི་ལྷ་མོ་ཡིས༔ བདུད་རྩི་ཆུ་ཡི་སྙིང་པོ་ཕུལ་བར་བསམས༔ ཨཱོཾ་བཛྲ་པུཥྤེ་པཱུ་ཙ་ཧོ༔ ཅེས་བརྗོད་འབྲུ་ཡི་མེ་ཏོག་གཏོར༔ ཨཱོཾ་བཛྲ་ཨ་མྲྀ་ཏེ་སིངྔྷི་སྟྭཾ༔ ཆུ་བླངས་འགྲོ་དོན་སེམས་བསྐྱེད་གསལ༔ གྲང་ཤས་ཅན་གྱི་རྣལ་འབྱོར་པས༔ གཙང་མའི་སྣོད་དུ་མེ་ལ་བསྐོལ༔ སུམ་ཆར་གདུས་པ་བཏུང་བར་བྱ༔ ཚ་ཤས་ཅན་གྱི་རྣལ་འབྱོར་པས༔ སྐོལ་ཐག་མི་གཏོང་རང་བྱུང་བསྟེན༔ ཚ་གྲང་སྙོམས་པའི་རྣལ་འབྱོར་པས༔ བསྐོལ་ཐག་ཡོད་ཙམ་གཏོང་ནས་ཀྱང་༔ རླངས་པ་ཡལ་བའི་དུས་སུ་བསྟེན༔ འབྱུང་བ་ཆུ་ཡི་དུག་དབྱུང་ཕྱིར༔ རཾ་ཡཾ་ཁཾ་གིས་སྦྱངས་བཀྲུས་བྱ༔ ཨཱོཾ་བཛྲ་ཀྲོ་ངྷ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ༔ གསང་བའི་སྙིང་པོ་འདིས་སྤེལ་ཞིང་༔ བདུད་རྩིའི་རང་བཞིན་ཉིད་དུ་བསྒྱུར༔ ཕུད་ཀྱིས་དཔའ་བོ་མཁའ་འགྲོ་མཆོད༔ ཉིན་གཅིག་ཐུན་གསུམ་བཏུང་བའམ༔ མང་ཉུང་རང་གི་ཁམས་དང་བསྟུན༔ རང་ཉིད་ཡི་དམ་པདྨ་དབང་༔ སྤྱི་བོར་མགོན་པོ་ཚེ་དཔག་མེད༔ པདྨ་ང་དང་དབྱེར་མེད་བསྒོམ༔ ཨེ་མ་འགྲོ་མགོན་ལྷ་ཡི་ལྷ༔ ཚེ་དཔག་མེད་པ་རྒྱལ་བའི་སྐུ༔ མི་ཕྱེད་གུས་པས་གསོལ་བ་འདེབས༔ ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ཀྱིས༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ བདུད་རྩི་ཆུ་ཡི་བཅུད་ལེན་འདི༔ ལས་སུ་རུང་བར་བྱིན་གྱིས་རློབས༔ བཅུད་མཆོག་ལོན་པའི་བྱིན་རླབས་ཀྱིས༔ གེགས་མེད་ཡོན་ཏན་ཀུན་འཐོབ་ཅིང་༔ རྩ་དང་རླུང་དང་ཐིག་ལེ་ལ༔ བརྟེན་ནས་ཉམས་རྟོགས་གོང་འཕེལ་ཏེ༔ མཆོག་ཐུན་དངོས་གྲུབ་འཐོབ་པར་ཤོག༔ ཅེས་པའི་གསོལ་བ་རྩེ་གཅིག་གདབ༔ ཚེ་ལྷ་ཡབ་ཡུམ་སྦྱོར་མཚམས་ནས༔ བདུད་རྩིའི་རྒྱུན་བབས་ཚངས་བུག་ཞུགས༔ རྩ་གསུམ་འཁོར་ལོ་ཀུན་གང་རྒྱས༔ བདེ་དྲོད་ཨ་དང་ཧཾ་ཡིག་གི༔ འབར་འཛག་དམིགས་པའི་འཁྲུལ་འཁོར་གཅུན༔ དལ་ལ་འཇམ་པའི་རླུང་སྦྱོར་འབད༔ སྐབས་སྐབས་ཕོ་སྐེད་བསྐོར་ཞིང་མཉེ༔ འཁྲུལ་འཁོར་རང་ལུས་ལྟ་བུར་གཅུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཉམས་ལེན་བརྩོན་པའི་ཚེ༔ ཤིན་ཏུ་བཀྲེས་པའ་ིཉམས་ཆེ་ན༔ ཕྱུར་བ་བཙོས་པའི་ཁུ་བ་དང་༔ དོ་བའི་རྩ་བ་ལུག་རིལ་ཙམ༔ མར་དཀར་ནང་དུ་དྲིལ་ནས་ཀྱང་༔ བག་རེ་སྐབས་སྐབས་གཏོང་བར་བྱ༔ བད་ཀན་སྟོབས་ཀྱིས་ཁམས་གཉེར་ན༔ སྒ་ཡི་ཐང་གཏོང་མེ་དམིགས་འབད༔ གཞན་ཡང་ཡན་ལག་སྐྲང་བ་དང་༔ གེགས་ཀྱི་རྣམ་པ་ཅི་བྱུང་ཡང་༔ རླུང་སྦྱོར་དལ་ལ་མེ་དམིགས་མྱུར༔ འཁྲུལ་འཁོར་རྒྱག་ཅིང་འབྲུ་མར་གྱི༔ བཀུ་མཉེ་བྱ་ཞིང་ཉི་མར་བསྲེག༔ བླ་མའི་རྣལ་འབྱོར་སྟོང་ར་བསྒོམ༔ དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ༔ བར་ཆད་མེད་པའི་གསོལ་བ་གདབ༔ ཞག་བདུན་སོང་བའི་ཐོར་ཁ་ལ༔ རུས་ཁུ་རན་ཙམ་བསྟེན་པར་བྱ༔ ཞག་བཅུའི་ཉིན་མོ་ཆུ་ཁོལ་དུ༔ མར་དཀར་བག་ཙམ་བཏབ་པ་གཏོང་༔ བདུན་ནས་ཟླ་བར་བསྟེན་བྱེད་ན༔ རུས་ཁུ་མར་དཀར་གོང་བཞིན་འགྲེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་མན་ངག་འདི༔ ཉམས་སུ་བླང་བའི་སྐལ་ལྡན་ལ༔ ཕན་ཡོན་རྣམ་པ་བརྗོད་ལས་འདས༔ ཏིང་འཛིན་གསལ་ཞིང་འོད་གསལ་འཆར༔ ཉམས་རྟོགས་རྒྱས་ཤིང་བདེ་དྲོད་འབར༔ ཆོས་ཉིད་མངོན་སུམ་རང་ཞལ་མཐོང་༔ མ་དང་མཁའ་འགྲོས་ལུང་བསྟན་བྱེད༔ ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར༔ བདག་ཉིད་པདྨས་དབང་མཆོག་བསྐུར༔ སྐལ་པ་ས་བཅུ་དག་དང་མཉམ༔ ཐུན་མོང་རྒས་སྲ་ཚེ་རིང་ཞིང་༔ འདུ་བ་རྣམ་བཞིའི་ནད་རྣམས་དང་༔ སྲིན་རིགས་རླུང་ནད་ཐམས་ཅད་འཇོམས༔ བཀྲེས་སྐོམ་མུ་གེའི་བསྐལ་པ་འཇོམས༔ མཁའ་ལ་འཕུར་ཞིང་ས་ལ་སྤྱོད༔ ཆུ་བྲག་ཁམས་ལ་ཟང་ཐལ་འགྲོ༔ འབྱུང་བ་བཞི་ལ་རང་དབང་བསྒྱུར༔ སྟོབས་རྩལ་གཟི་བརྗིད་ཕུན་སུམ་ཚོགས༔ ཚེ་ཡི་རིག་འཛིན་མངོན་དུ་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་བཅུད་སྙིང་ཏིག་མན་ངག་འདི༔ ཟབ་ཆོས་ཚེ་སྒྲུབ་ཆ་རྐྱེན་དུ༔ ཟབ་ཤོག་མཁའ་འགྲོའི་ཡི་གེར་བཏབ༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ བསྟན་དང་འགྲོ་བའི་དོན་བྱེད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས། གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་གི་པཱ་ལོ་གུ་རུའི་སྒྲུབ་ཕུག་ནས་གདན་དྲངས་ཤིང་། ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousབདུད་རྩི་ཆུའི་བཅུད་ལེན།next