Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་སྲུང་ཀླུ་སྨན་མཆོད་ཐབས།
   
   
   
   
   
   
   
   


 
previousགཏེར་སྲུང་ཀླུ་སྨན་མཆོད་ཐབས།next

གཏེར་སྲུང་ཀླུ་སྨན་མཆོད་ཐབས།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ གཏེར་སྲུང་ཀླུ་སྨན་མཆོད་ཐབས་བཞུགས༔ ཚེ་ལྷ་རིགས་འཛིན་ཚོགས་ལ་འདུད༔ གཏེར་བདག་ཀླུ་སྨན་རྒྱལ་མོ་ལ༔ མཆོད་ཅིང་འཕྲིན་ལས་བཅོལ་བའི་ཐབས༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཙང་མའི་གནས་སུ་གདན་དཀར་སྟེང་༔ འབྲས་སམ་འབྲུ་ཡི་ཚོམ་བུ་དགོད༔ འབྲས་སམ་དཀར་མོའི་ནས་ཕྱེ་ལ༔ ཟླུམ་གཏོར་པད་འདབ་བརྒྱད་ལྡན་པའི༔ པད་འདབ་སྟེང་དུ་རིལ་བུ་བཞག༔ དར་ཚོན་སྣ་ལྔ་ཀླུ་སྨན་བཏབ༔ ཆུ་གཙང་འོ་མ་དག་གིས་སྦྲན༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ༔ མདུན་དུ་རྒྱ་མཚོ་འཁྱིལ་བའི་ཀློང་༔ པད་སྡོང་དཀར་སེར་ཟེའུ་འབྲུའི་སྟེང་༔ ཀླུ་མོ་ཆེན་མོ་གཟི་འབར་མ༔ ཀླུ་སྨན་འབུམ་གྱིས་བསྐོར་བར་བསྐྱེད༔ ཐུགས་ཀར་ནཱ་ཡིག་ས་བོན་དཀར༔ འོད་ཟེར་འཕྲོས་པས་ཀླུ་ཡུལ་ནས༔ ལྷ་མོ་འཁོར་བཅས་སྤྱན་དྲངས་བསྟིམ༔ སྤོས་དཀར་དྲི་ཞིམ་དུད་པ་གཏོང་༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཨཱོཾ་ནཱ་ག་གྷོ་བུ་ཏེ་སརྦ་ཨ་ཧི་ར་མུ་ཡ་ཛཿཧཱུྃ༔ བཛྲ་ས་མ་ཡ་ཛ༔ ཛ༔ ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ རིན་ཆེན་འབར་བའི་ཕོ་བྲང་ནས༔ ཀླུ་མོ་ཆེན་མོ་ལྷ་མོ་མཆོག༔ འདོད་སྒྱུར་ཆེན་མོ་འཕྲུལ་མོ་ཆེ༔ ཀླུ་ཆེན་དུང་སྐྱོང་སྲས་མོ་ཆེ༔ ནོར་འཛིན་དངོས་གྲུབ་ཀུན་གྱི་བདག༔ དཔལ་གྱི་ལྷ་མོ་དཔལ་གྱི་འཕྲུལ༔ ཀླུ་མོ་ཆེན་མོ་གཟི་འབར་མ༔ སྐུ་མདོག་དཀར་དམར་མཛེས་འཛུམ་ལྡན༔ ཞལ་གཅིག་ཕྱག་གཉིས་ནོར་བུ་དང་༔ རིན་ཆེན་གཏེར་གྱི་སྒྲོམ་བུ་བསྣམས༔ དར་དཀར་ན་བཟའ་སྐུ་ལ་གསོལ༔ དབུ་སྐྲ་ཕྱེད་བཅིངས་ཐུར་ལ་འཕྱང་༔ ནོར་བུ་དབང་གི་རྒྱལ་པོས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཕུར༔ ཀླུ་སྨན་འབུམ་གྱི་འཁོར་དང་བཅས༔ ད་ཚུར་ད་ཚུར་གནས་འདིར་བྱོན༔ མྱུར་དུ་སྐུ་སྐྱོད་གཏེར་སྲུང་མ༔ མ་ཐོགས་ད་ཚུར་གཤེགས་སུ་གསོལ༔ སྤྱན་འདྲེན་གནས་འདིར་གཤེགས་པའི་ཚེ༔ ནོར་བུའི་རྒྱན་ཆ་ཁྲ་ལ་ལ༔ རིན་ཆེན་གདུ་བུ་སི་ལི་ལི༔ དར་དཔྱངས་ཅོད་པན་པུ་རུ་རུ༔ དངོས་གྲུབ་རྒྱ་མཚོ་ཤ་ར་ར༔ བཞིན་བཟང་འཛུམ་མདངས་མུལ་ལུ་ལུ༔ ཞལ་བཟང་བཞད་གད་ཡ་ལ་ལ༔ མཆོད་པའི་གནས་འདིར་གཤེགས་ནས་ཀྱང་༔ ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་༔ ནང་མཆོད་དཀར་གསུམ་མངར་གསུམ་དང་༔ གསང་མཆོད་བྷ་ལིང་རྒྱན་ལྡན་རྣམས༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ ཧཱུྃཿ ལྷ་མོ་ཆེན་མོ་དཔལ་ལྡན་མ༔ སྟེང་གི་ལྷ་རྣམས་སྐྱོང་བའི་ཚེ༔ ལྷ་མོ་ཆེན་མོ་དཔལ་འབར་མ༔ འོག་གི་ཀླུ་རྣམས་སྐྱོང་བའི་ཚེ༔ ཀླུ་མོ་ཆེན་མོ་གཟི་འབར་མ༔ བར་གྱི་གཉན་ཁམས་སྐྱོང་བའི་ཚེ༔ གཉན་མོ་ཆེན་མོ་གངས་དཀར་མ༔ སྟོང་གསུམ་འཇིག་རྟེན་སྐྱོང་བའི་ཚེ༔ ས་ཡི་ལྷ་མོ་བསྟན་བྱེད་མ༔ བླ་མེད་བསྟན་པ་བསྲུང་བའི་ཚེ༔ བསྟན་སྲུང་ཆེན་མོ་གཟི་བརྗིད་ལྡན༔ ཆོས་འཁོར་གནས་དགོན་སྐྱོང་བའི་ཚེ༔ ལྷ་མོ་ཆེན་མོ་དུད་སོལ་མ༔ ཉམས་པའི་དགྲ་བགེགས་སྒྲོལ་བའི་ཚེ༔ བདུད་མོ་ཆེན་མོ་རེ་མ་ཏཱི༔ སྦས་ཡུལ་མེལ་ཚེ་བསྟན་བསྲུང་ཚེ༔ ནག་མོ་ཆེན་མོ་རལ་གཅིག་མ༔ མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བརྟེན་ཅིང་བསྒྲུབ་ཏེ་ཐུགས་དམ་བསྐང་༔ འབོད་ཅིང་རྦད་དེ་ལས་ལ་བསྐུལ༔ དཔལ་དང་གྲགས་པའི་དངོས་གྲུབ་སྩོལ༔ སྟོབས་དང་གཟི་བརྗིད་དངོས་གྲུབ་སྩོལ༔ འདུ་བ་རྣམ་བཞིའི་དངོས་གྲུབ་སྩོལ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ རིན་ཆེན་སྣ་ལྔའི་དངོས་གྲུབ་སྩོལ༔ དར་ཟབ་གོས་ཀྱི་དངོས་གྲུབ་སྩོལ༔ འབྲུ་སྣ་སྟོང་གི་དངོས་གྲུབ་སྩོལ༔ ཁྱེའུ་སྲིད་ཀྱི་དངོས་གྲུབ་སྩོས༔ བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ༔ མཆོག་ཐུན་བདེ་ལེགས་ཡོན་ཏན་ཀུན༔ བདག་ལ་དུས་འདིར་མཆིས་པར་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ འདོད་པའི་དངོས་གྲུབ་ལེགས་སྩལ་ནས༔ ལྷ་མོ་དབྱིངས་སུ་གཤེགས་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་ཕྲིན་ལས་ཀུན་གྱི་བདག༔ ཁྱད་པར་ཐུན་མོང་ལས་རྣམས་ཀུན༔ མཆོད་ཅིང་བསྟོད་པས་གྲུབ་པར་བྱེད༔ སྒྲུབ་པ་ལས་སྦྱོར་བྱ་མི་དགོས༔ གསོལ་མཆོད་འབུངས་ན་དོན་ཀུན་འགྲུབ༔ སྙིང་ཉེ་དམ་གཙང་འཁུ་ལྡོག་ཆུང་༔ རྒྱུན་དུ་ཆག་མེད་མཆོད་བསྟོད་ན༔ དཀོར་བདག་མེལ་ཚེ་ངེས་པར་བྱེད༔ མོ་ཆགས་ཡིན་པས་སེར་སྣ་ཆེ༔ ལྷ་མོ་ཡིན་པས་སྤོས་དང་ནི༔ མེ་ཏོག་ལ་སོགས་ཕྱི་མཆོད་དགྱེས༔ ཀླུ་མོ་ཡིན་པས་དཀར་གསུམ་དང་ཿ མངར་གསུམ་མཆོད་པས་ཐུགས་རྒྱུད་དགྱེས༔ ནོར་བདག་ཡིན་པས་འབྲུ་སྣ་དང་༔ དར་ཟབ་གཏོར་མས་ཤིན་ཏུ་དགྱེས༔ འདི་ཉིད་རྒྱུན་དུ་བརྟེན་བྱེད་ན༔ སྐུ་གཟུགས་བཟོས་ནས་མཛོད་དུ་སྦ༔ སྤྱན་གཟིགས་ཀ་ཆ་ཅི་འབྱོར་བཤམས༔ དུས་སུ་མཆོད་ཅིང་གཏོར་མ་འབུལ༔ དམ་ཚིག་ཡུགས་ས་མཛེ་མོ་དང་༔ ནལ་དང་རྨུགས་ཀྱི་གྲིབ་ལ་འཛེམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།


previousགཏེར་སྲུང་ཀླུ་སྨན་མཆོད་ཐབས།next