རྟ་མགྲིན་གསུང་གི་སྒྲུབ་ཐབས་ཡེ་ཤེས་མེ་དཔུང་།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ རྟ་མགྲིན་གསུང་གི་སྒྲུབ་ཐབས་ཡེ་ཤེས་མེ་དཔུང་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཕྱི་མའི་དུས་ཀྱི་གང་ཟག་གིས༔ དབང་ཆེན་དཔའ་བོ་བསྒྲུབ་འདོད་ན༔ དུར་ཁྲོད་ནགས་འདབས་དབེན་པའི་གནས༔ ས་མདོག་དམར་ལ་སྣུམ་བག་ལྡན༔ སྐྱེ་བོས་འཚེ་བ་མེད་པའི་སར༔ མཎྜལ་དྲི་བཟང་ཆག་ཆག་གདབ༔ པདྨ་དམར་པོ་འདབ་བཞི་འབྲི༔ རྡོ་རྗེའི་ར་བ་མེ་རིས་བསྐོར༔ དབུས་སུ་ཟངས་སམ་བྷནྡྷའི་ནང་༔ དབང་གི་གཏོར་མ་རྒྱན་ལྡན་བཤམས༔ རྩེ་ལ་རྟ་མགྲིན་ཙ་ཀ་ལི༔ སྙིང་པོ་གསེར་གྱི་རྒྱབ་ཡིག་ཅན༔ དར་དམར་གུར་ཕུབ་གཏོར་མར་གཟུགས༔ གཡས་གཡོན་སྨན་གཏོར་རཀྟ་དང་༔ ཕྱི་ནང་མཆོད་པ་ཅི་འབྱོར་བཤམས༔ རང་ཉིད་བདེ་བའི་གདན་ལ་འདུག༔ དཀར་གཏོར་བསྔོ་ཞིང་བགེགས་གཏོར་བཏང་༔ སྐྱབས་སེམས་མཆོད་རྫས་བྱིན་གྱིས་བརླབ༔ ཕྱི་ནང་སྣོད་བཅུད་སྟོང་པར་བསྒོམ༔ སྟོང་བའི་ངང་ལས་རང་རིག་ཧྲཱི༔ རབ་ཏུ་དམར་པོ་ཚེག་དྲག་ལྡན༔ འོད་ཟེར་འཕྲོས་བས་གདོན་བགེགས་བསྐྲད༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ སངས་རྒྱས་རྣམས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཐུགས་སྲོག་ཡི་གེ་ཧྲཱིཿལ་ཐིམ༔ སྐད་ཅིག་གནས་གྱུར་དྲན་རྫོགས་སུ༔ བདག་མདུན་དཔའ་བོ་རྟ་མགྲིན་དབང་༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ ཞབས་གཉིས་རོལ་གདན་པད་སྟེང་འགྱིང་༔ དུར་ཁྲོད་ཆས་བརྒྱད་རྒྱན་དུ་གསོལ༔ དབུ་སྐྲ་ཁམ་ནག་རྟ་སྐད་སྒྲོག༔ སྣང་མཐའ་དམར་པོས་དབུ་ལ་བརྒྱན༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ འོད་ཟེར་སྤྲོ་བསྡུ་ནན་དུ་བསྐྱེད༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ མཆོད་པས་མཆོད་ཅིང་བསྟོད་པར་བྱ༔ ཐུགས་ཀར་ཉི་དཀྱིལ་ས་བོན་མཐར༔ སྔགས་ཀྱི་ཕྲེང་བ་འཁོར་བ་ལས༔ འོད་ཟེར་སྤྲོ་བསྡུའི་ཏིང་འཛིན་ངང་༔ སྣང་སྲིད་འཁོར་འདས་དབང་དྲག་ཞིང་༔ པདྨ་དབང་གི་རང་བཞིན་བསམ༔ མ་ཡེངས་གཟེར་གདབ་སྙིང་པོ་བགྲང་༔ ཨཱོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ འབུམ་ཚོ་གཅིག་གཉིས་གསུམ་ལ་སོགས༔ གང་ཟག་དབང་པོའི་རིམ་པས་བཟླས༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ རབ་དངོས་འབྲིང་ཉམས་ཐ་མའང་༔ ཞལ་མཇལ་གསུང་ཐོས་དྲི་བཟང་འཐུལ༔ ཆོས་འཆད་དབང་བསྐུར་རྒྱན་གོས་སྤྲས༔ དག་སྣང་སྙིང་རྗེ་མོས་གུས་སྐྱེ༔ ཐུན་སྐབས་རྣམས་སུ་མཆོད་དང་བསྟོད༔ བསྙེན་སྒྲུབ་རྟགས་གྲངས་ཐེམས་ནས་སུ༔ སྒྲུབ་རྫས་ལྷར་གསལ་གནས་གསུམ་བཞག༔ ཏིང་འཛིན་ངང་ནས་དབང་བཞི་ལེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྟོད་པ་ནི༔ ཧཱུྃ༔ གསུང་གི་དབང་ཕྱུག་གར་མཁན་ཧེ་རུ་ཀ༔ བདུད་དང་ལོག་འདྲེན་མ་རུངས་དྲེགས་པའི་གཤེད༔ ཁྲོ་བོའི་རྒྱལ་པོ་འཆོལ་བའི་རྔམ་བརྗིད་འབར༔ རྟ་མཆོག་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བསྐྱེད་རིམ་བསྡུ་ཞིང་རྫོགས་རིམ་བསྒོམ༔ ཙཀ་ལི་དར་དམར་དྲིལ་ནས་ཀྱང་༔ འབྲལ་མེད་བླ་རྡོ་ལུས་ལ་བཅང་༔ བསྒྲུབས་ཤུལ་གཞན་གྱིས་མི་མངོན་བྱ༔ ཤིན་ཏུ་གསང་བ་མན་ངག་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་ཆེན་དྲག་པོའི་སྒྲུབ་པ་འདི༔ ཟབ་ལུང་མ་ཚོར་གཉན་ཕུག་ཏུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་༔ གསང་རྒྱ་བསྡམས་ནས་ལོ་གསུམ་བཞུགས༔ དམ་སྲི་རྒྱལ་འགོང་དམ་ལ་བཏགས༔ དེ་ཚེ་དྲག་སྒྲུབ་ཆོས་བསྐོར་རྣམས༔ བཀའ་རྒྱས་བཏབ་སྟེ་བདག་ལ་གནང་༔ གཅེས་པར་བཟུང་ཞིང་ཉམས་སུ་བླངས༔ མ་འོངས་དོན་དུ་ཡི་གེར་བྲིས༔ གཏེར་དུ་སྦས་ཤིང་སྲུང་མར་བཅོལ༔ ཐུགས་སྲས་སྦས་ཚུལ་མ་ངེས་སྤྱོད༔ གཏད་མེད་ཟང་ཐལ་ཉི་མ་གྲགས༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་གནས་མཆོག་ཆེན་པོ་ཟབ་བུ་ལུང་གི་བར་སྒོ་ནས་ཤིང་ཡོས་ལ་གདན་དྲངས་ཤིང་། ལྕགས་བྱ་ལ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི་སྒྲུབ་གནས། ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོ་རྡོ་རྗེའི་ཀེའུ་ཚང་དུ་མཁའ་འགྲོའི་བརྡ་ཡིག་ལས་བོད་ཡིག་ཏུ་དཀྱུས་ཏེ་སྒྱུར་བའོ། མངྒ་ལཾ། །