མེ་དབལ་སྒྲུབ་ཐབས་མེའི་སྤུ་གྲི།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ མེ་དབལ་སྒྲུབ་ཐབས་མེའི་སྤུ་གྲི་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཤིན་ཏུ་དྲག་པོའི་གནས་མཆོག་ཏུ༔ མཎྜལ་ནག་པོར་དུག་ཁྲག་བྱུག༔ ཐིག་གདབ་དབུས་སུ་གྲུ་གསུམ་འབྲི༔ ཟླ་གམ་དམར་པོ་མུ་ཁྱུད་དཀར༔ ཕྱི་རིམ་འཁོར་ལོ་རྩིབས་བཞི་དམར༔ དེ་ཡི་ཕྱི་རིམ་རྡོ་རྗེའི་ར༔ དེ་ཡི་ཕྱི་རིམ་མེ་རིས་བསྐོར༔ དབུས་སུ་ཟངས་ལྕགས་ཁྲོ་ཕུར་ལ༔ ལེ་བརྒན་དམར་པོའི་ཅོད་པན་གདགས༔ གཡས་གཡོན་མདུན་རྒྱབ་སྨན་གཏོར་རཀ༔ མཆོད་པའི་བྱེ་བྲག་ཤ་ཁྲག་བཤམས༔ བགེགས་ལ་བཀའ་བསྒོ་དཀར་ཕྱོགས་བརྔན༔ མཚམས་གཅོད་བྱ་ཞིང་སྲུང་འཁོར་བསྒོམ༔ ཆོས་རྣམས་སྟོང་པའི་རང་བཞིན་བསམ༔ སྟོང་ཉིད་རང་མདངས་ཆོ་འཕྲུལ་ལས༔ གནམ་ལྕགས་རྡོ་རྗེའི་ལྟེ་བ་ལ༔ རང་སེམས་ཧཱུྃ་ཡིག་སྨུག་ནག་བལྟམས༔ འོད་ཟེར་སྤྲོ་བསྡུས་གདོན་བགེགས་བསྐྲད༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ སངས་རྒྱས་མཆོད་ནས་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པས་ཁྲོ་བོར་གྱུར༔ ཡཀྴ་མེ་དབལ་རྔམ་བརྗིད་འགྱིང་༔ སྨུག་ནག་ཐོ་བ་ཞགས་པ་ཅན༔ བ་སྤུའི་བུ་ག་ཐམས་ཅད་དུ༔ ལྕགས་སྡིག་ཁྲོ་ཆུང་མཚོན་ཐོགས་གཏམས༔ དུར་ཁྲོད་ཆས་རྫོགས་རུ་ཏྲ་མནན༔ མེ་དཔུང་འབར་བའི་ཀློང་དུ་བསྒོམ༔ ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ༔ ཐུགས་ཀར་ཉི་དཀྱིལ་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་ཟེར་སྤྲོ་བསྡུས་དགྲ་དང་བགེགས༔ དབང་བསྡུས་ཟིལ་མནན་རྡུལ་དུ་བརླགས༔ མཐུ་དང་ནུས་པ་ཆེས་ཆེར་འབར༔ དབང་དང་དྲག་པོའི་འཕྲིན་ལས་རྣམས༔ སྐད་ཅིག་ཉིད་ལ་སྒྲུབ་པར་བསམས༔ ཨཱོཾ་བཛྲ་ཡཀྴ་སིདྡྷི་ཧཱུྃ༔ རཀྴ་མ་ར་ཡ་ཕཊ༔ ཁྲི་འབུམ་གང་ཟག་ཁམས་ལྟར་བཟླས༔ ཐུན་སྐབས་མཆོད་བསྟོད་འཕྲིན་ལས་བཅོལ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ གཡུལ་བཀྱེ་དམག་དྲངས་དགྲ་ལས་རྒྱལ༔ བླ་རྟགས་བསད་དང་ཤ་ཁྲག་རོལ༔ དོན་སྙིང་གཏད་དང་མཚོན་ཆ་རྙེད༔ སྦལ་སྦྲུལ་ཟོས་དང་ཆུ་བཅད་སོགས༔ གདོན་བགེགས་ཐུལ་རྟགས་སྣ་ཚོགས་འོང་༔ རྟགས་གསལ་ཕུར་པར་དབང་བཞི་བླང་༔ བསྐྱེད་རིམ་བསྡུ་ཞིང་རྫོགས་རིམ་བསྒོམ༔ ཕུར་པ་འཆང་ཞིང་གཞན་ལ་གསང་༔ དགེ་བ་བསྔོ་ཞིང་སྨོན་ལམ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲོ་རྒྱལ་སྒོས་སྒྲུབ་གདམས་པ་འདི༔ མ་ཚོར་གཉན་གྱི་ཕུག་པ་རུ༔ སློབ་དཔོན་ཆེན་པོས་ཚུལ་བཞིན་བསྒྲུབས༔ དམ་སྲི་རྒྱལ་འགོང་དམ་ལ་བཏགས༔ བཀའ་དང་བསྟན་པ་བསྲུང་བར་བསྐོས༔ བཀའ་རྒྱས་བཏབ་སྟེ་ཁོ་མོར་གནང་༔ རིན་ཆེན་ས་ལ་གཏེར་དུ་བཅོལ༔ ལས་འཕྲོ་ཅན་ལ་སྨོན་ལམ་བཏབ༔ མ་འོངས་ཁམས་ཞིག་ཉི་མ་གྲགས༔ གདམས་པ་འདི་དང་འཕྲད་པའི་ཚེ༔ གཞན་ལ་མ་སྤེལ་རང་ཉམས་ལོངས༔ བར་གཅོད་གྲོལ་ནས་དོན་གཉིས་འགྲུབ༔ གཅེས་སོ་ཡིད་ཀྱིས་བརྣག་པ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཨྠིྀ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་སྤྱན་དྲངས་ཤིང་། ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བ་འདི་ཡང་ཆགས་རུ་ཕུག་ནག་བདེ་བ་ཆེན་པོའི་ཀེའུ་ཚང་དུའོ། མངྒ་ལཾ།