དབང་ཆོག་བར་ཆད་ཀུན་སེལ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ དབང་ཆོག་བར་ཆད་ཀུན་སེལ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ བཀྲ་ཤིས་བྱིན་ཆགས་དབེན་གནས་སུ༔ དཀྱིལ་འཁོར་བཅའ་གཞི་ལེགས་པར་བཀོད༔ ཡང་ན་འབྲུ་ཡི་ཚོམ་བུ་བྱ༔ བུམ་པ་གཏོར་མ་བདུད་རྩི་དང་༔ གནམ་ལྕགས་རྡོ་རྗེ་ལ་སོགས་བཤམས༔ མཐའ་སྐོར་ཚོགས་འཁོར་མཆོད་པ་བཀྲམ༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་འབད༔ ཏིང་འཛིན་ངང་ནས་བདག་འཇུག་བླང་༔ ལས་བུམ་བསངས་ཤིང་སློབ་མ་བཀྲུ༔ བགེགས་སྦྱངས་མཚམས་བཅད་སྐྱེམས་ཕུད་བཅས༔ མཎྜལ་འབུལ་ཞིང་འདི་སྐད་ཞུ༔ ཨེ་མ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ གུ་རུ་དྲག་པོའི་སྨིན་གྲོལ་སྩོལ༔ བདག་ཅག་ཐུགས་རྗེས་འཛིན་པར་ཞུ༔ གསུམ༔ དབང་དོན་བརྗོད་ཅིང་སྐྱབས་སེམས་འབོགས་ལ༔ མིག་དར་བཅིངས་ནས་མེ་ཏོག་ཐོགས༔ དཀྱིལ་འཁོར་ལ་དོར་འདི་སྐད་དོ༔ ཧཱུྃ༔ འདབ་ལྡན་དྲི་བཟང་མེ་ཏོག་འདི༔ དེ་རིང་དཀྱིལ་འཁོར་ལྷ་ལ་འབུལ༔ སྔོན་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ གང་ཡིན་དེ་ལ་འབབས་པར་ཤོག༔ པྲ་ཏི་ཙ་ཧོ༔ ཅེས་དོར་རིགས་མཐུན་གསང་མཚན་སྦྱིན༔ ཙཀྵུ་བཛྲ་ཧོ༔ ཞེས་བརྗོད་མིག་དབྱེ་དཀྱིལ་འཁོར་སྟོན༔ དམ་ཆུ་བླུད་པ་འདི་སྐད་དོ༔ ཧཱུྃ༔ འདི་ནི་དབང་དྲག་པདྨ་ཡི༔ ཡབ་ཡུམ་གསང་བའི་བདུད་རྩི་ཡིན༔ ཁྱོད་ཀྱིས་ངག་ཏུ་འདི་འཐུངས་བས༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་བརླག་པར་བྱེད༔ དེ་བས་གསང་བའི་སྨིན་གྲོལ་འདི༔ དམ་མེད་འགྲོ་ལ་ཨ་ཐཾ་རྒྱ༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ ཨོཾ་ཨཱཿཧཱུྃ་གསུམ་ས་བོན་བསྐྱེད༔ པདྨ་དྲག་པོའི་བསྐྱེད་རིམ་འབོགས༔ རང་ཉིད་དྲག་པོར་གསལ་བ་ཡི༔ སྙིང་གར་ཡཾ་ལས་རླུང་དཀྱིལ་སྟེང་༔ པདྨ་དམར་པོའི་ལྟེ་བ་ལ༔ དྲག་པོ་ཡེ་ཤེས་སེམས་དཔའི་སྐུ༔ ཆེ་ཆུང་ཚད་ནི་མཚོན་གང་པ༔ མཐིང་ག་རྡོར་དྲིལ་འཛིན་པར་བསྐྱེད༔ མ་ཡེངས་རྩེ་གཅིག་དམིགས་པ་གཏད༔ སྤྱན་འདྲེན་རོལ་མོ་དྲག་ཏུ་འཁྲོལ༔ ཤ་ཆེན་བསྲེག་ཅིང་གུ་གུལ་བདུག༔ གུ་རུ་དྲག་པོའི་ལྷ་ཚོགས་རྣམས༔ ཁ་བ་བུ་ཡུག་འཚུབས་ལྟར་བྱོན༔ གཉིས་སུ་མེད་པའི་དམིགས་པ་སྒྱུར༔ ཏིཥྛ་བཛྲ་བརྟན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བུམ་པ་མགོར་བཞག་བུམ་ཆུ་བླུད༔ ཧཱུྃ༔ རིན་ཆེན་བུམ་པ་བཅུད་ཀྱིས་གཏམས༔ དྲག་པོ་རྩལ་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཆང་མགྲིན་པ་ངག་ལ་བླུད༔ ཧཱུྃ༔ བྷནྡྷ་བདུད་རྩི་སྨན་གྱིས་གཏམས༔ དྲག་པོའི་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བྷནྡྷ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ གནམ་ལྕགས་རྡོ་རྗེ་སྙིང་གར་བཞག༔ ཧཱུྃ༔ གནམ་ལྕགས་འབར་བའི་རྡོ་རྗེ་འདི༔ དྲག་པོའི་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ རིན་ཆེན་འབར་བ་དབང་གི་དཔལ༔ དྲག་པོའི་བྷ་ལིང་བརྒྱན་ལྡན་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ འཕྲིན་ལས་མཐའ་བརྟན་སྤྱི་འགྲོས་བསྐུར༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ དབང་ཡོན་བཀའ་དྲིན་གཏང་རག་འབུལ༔ ས་མ་ཡཱ༔ རྒྱ༔ དབང་མཆོག་སྨིན་གྲོལ་ཐ་རཾ་འདི༔ དུས་ཀྱི་ཐ་མ་རྩོད་ལྡན་མཐར༔ ཁམས་ཞིག་ཉི་མ་གྲགས་པ་དང་༔ འཕྲད་ནས་འགྲོ་ཀུན་སྨིན་གྲོལ་ཤོག༔ འབར་བ་མཆེད་གསུམ་བཀའ་འདི་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་ཤིང་ཡོས་ལ་གདན་དྲངས་ཤིང་ལྕགས་བྱ་ལོར་བོད་ཡིག་ཏུ་རཀྴ་ཀོ་ཊིར་བསྒྱུར་བའོ། མངྒ་ལཾ། །