དབང་གི་སྦྱིན་སྲེག་འགུགས་པའི་ལྕགས་ཀྱུ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ དབང་གི་སྦྱིན་སྲེག་འགུགས་པའི་ལྕགས་ཀྱུ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ པདྨ་དྲག་པོའི་རྣལ་འབྱོར་པས༔ ཁམས་གསུམ་དབང་དུ་བསྡུ་འདོད་ན༔ དབང་གི་སྦྱིན་སྲེག་འདི་ལྟར་བྱ༔ མཎྜལ་དམར་པོ་མཛེས་པ་ལ༔ མཚལ་གྱི་ཆུ་བོ་ཆག་ཆག་གདབ༔ ཚངས་པའི་ཐིག་ནི་ལེགས་པར་གདབ༔ ལྟེ་བ་ཟླ་གམ་དམར་པོ་ལ༔ ལྷ་གྲངས་མཉམ་པའི་པད་འདབ་བཅད༔ རྡོ་རྗེ་དམར་པོའི་ཕྲེང་བ་དང་༔ མེ་རི་དག་གིས་བསྐོར་བ་འབྲི༔ དམར་པོའི་ཤིང་གི་ཟླ་གམ་བརྩིག༔ ཡམ་ཤིང་དམར་པོའི་ངོས་དག་ལ༔ འདོད་གསོལ་བྱང་བུའི་ཡི་གེ་འབྲི༔ མེ་ཏོག་དམར་པོ་ལ་སོགས་པའི༔ དབང་གི་སྲེག་རྫས་འབྱོར་ཚད་བསགས༔ དལ་དུ་མེ་ལྷ་དམར་པོར་བསྐྱེད༔ སྤྱན་འདྲེན་མཆོད་འབུལ་སྤྱི་ལྟར་བྱ༔ སྲེག་རྫས་ཡམ་ཤིང་ཉེར་གཅིག་འབུལ༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མེ་ལྷ་མི་དམིགས་གཙོ་བོར་བསྐྱེད༔ ལྷ་ཚོགས་ཐམས་ཅད་དམར་པོར་སྒྱུར༔ མཆོད་བསྟོད་ལ་སོགས་རྒྱས་པར་བྱ༔ འདོད་པའི་དོན་ལ་གསོལ་བ་གདབ༔ ལྷ་འདྲེ་མི་གསུམ་ཟས་ནོར་སྟོབ༔ ཐམས་ཅད་དབང་དུ་གྱུར་པར་བསམས༔ ཡེ་ཤེས་པ་གཤེགས་དམ་ཚིག་བསྡུ༔ དགེ་བ་བསྔོ་ཞིང་མཆོད་སྦྱིན་འབད༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས༔ དབང་གི་འཕྲིན་ལས་འདི་བརྩམས་ན༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབབས༔ གཅེས་པར་སྙིང་གི་དཀྱིལ་དུ་ཆོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་པོ་སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། མངྒ་ལཾ།