བཀའ་སྲུང་འབར་བ་ལྕམ་དྲལ་གྱི་མཆོད་ཐབས།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ བཀའ་སྲུང་འབར་བ་ལྕམ་དྲལ་གྱི་མཆོད་ཐབས་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དྲག་སྒྲུབ་དབང་གི་བཀའ་སྲུང་ལ༔ མཆོད་བསྟོད་བྱ་ཐབས་འདི་ལྟར་རོ༔ ཟངས་ལྕགས་ཁྲོའམ་སྣོད་ནང་དུ༔ བདུད་བཤོས་ནག་པོ་ཤ་ཁྲག་དང་༔ ལིངྒ་བྱ་ནག་དག་གིས་བརྒྱན༔ བཙན་བཤོས་དམར་པོ་ཤ་ཁྲག་དང་༔ ལིངྒ་བྱ་དམར་དག་གིས་བརྒྱན༔ རིན་ཆེན་སྣོད་དུ་ཀླུ་བཤོས་ཟླུམ༔ དཀར་གསུམ་མངར་གསུམ་འབྲུ་སྣ་སྨན༔ མར་གྱི་སྦྲུལ་བཅུད་དག་གིས་བརྒྱན༔ རང་ཉིད་དྲག་པོའི་ཏིང་འཛིན་གསལ༔ གཏོར་མ་བྱིན་བརླབས་བསངས་སྦྱངས་སྤེལ༔ དགྲ་བགེགས་ཤ་ཁྲག་ཕུང་པོར་བསམས༔ ཀླུ་བཤོས་དཀར་མངར་སྨན་སྤོས་འབྲུ༔ ལོངས་སྤྱོད་སྣ་ཚོགས་ཕུང་པོར་བསམས༔ སྤྱན་འདྲེན་མཆོད་བསྟོད་འདི་ལྟར་བྱ༔ ཧཱུྃ༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ འབར་བ་ལྕམ་དྲལ་བྲན་གཡོག་འབུལ༔ མ་ལུས་འཁོར་བཅས་གནས་འདིར་སྤྱོན༔ དམ་ཚིག་དབང་གིས་མྱུར་དུ་གཤེགས༔ བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ༔ བསྟན་པ་སྐྱོང་བའི་རྫུ་འཕྲུལ་ཅན༔ དམ་ལ་གནས་པའི་གཡར་དམ་ཅན༔ ཆད་ལ་བྱོན་པའི་སྲུང་མ་རྣམས༔ དྲག་པོའི་གནས་འདིར་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཕྱི་ནང་རྟེན་རྫས་མཆོད་པའི་ཚོགས༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ བདུད་འཁོར་ཉི་ཁྲི་བཙན་དམག་འབུམ༔ མ་ལུས་འཁོར་དང་བཅས་ལ་མཆོད༔ བཞེས་ཤིག་རོལ་ཞིག་མངའ་གསོལ་ལོ༔ དུ་ཏྲ་དུ་ར་ཙ་ཤུ་ལ་ར་ཙ་མ་ཧཱ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་མཾ་ས་ཙིཏྟ་གྷོ་རོ་ཙ་ན་བྷ་སུ་ཏ་ཀེཾ་ནི་རི་ཏི་ལ་ཁཱ་ཧི་ཁཱ་ཧི༔ གསུམ༔ ཧཱུྃ༔ དཀར་མངར་ལོངས་སྤྱོད་འབྲུ་སྨན་སྤོས༔ རིན་ཆེན་སྣ་ཚོགས་དར་ཟབ་ཕྲེང་༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ༔ ཀླུ་སྨན་དཀར་མོའི་ཚོགས་ལ་འབུལ༔ བཞེས་ནས་དངོས་གྲུབ་མྱུར་དུ་སྩོལ༔ ན་ག་ཕུཿར་ཙ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ གསུམ༔ བསྟོད་བསྐུལ་ནི༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་མཐིང་ནག་ཁྲོ༔ དར་ནག་བེར་གསོལ་བདུད་རྟ་ཆིབས༔ བ་དན་ནག་པོ་བདུད་ཞགས་ཐོགས༔ རླུང་ནག་འཚུབ་མའི་ཀློང་དཀྱིལ་ནས༔ དར་ནག་ལ་ཐོད་ཟངས་སེ་ཟང་༔ བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར༔ དམ་ཚིག་དབང་གིས་ཁྱོད་ལ་བསྟོད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་མ་ལུས་ཆམ་ལ་ཕོབ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བཙན་གྱི་རྒྱལ་པོ་ཁྲག་གི་མདོག༔ བསེ་ཁྲབ་བསེ་རྨོག་བཙན་རྟ་ཆིབས༔ ལག་ན་བསེ་ཡི་མདའ་གཞུ་ཐོགས༔ རླུང་དམར་བུ་ཡུག་འཚུབ་པའི་དཀྱིལ༔ དར་དམར་རྒོད་འཕྲུ་ལྡེམས་སེ་ལྡེམ༔ བཙན་དམག་འབུམ་གྱི་ཚོགས་དང་བཅས༔ དམ་ཚིག་དབང་གིས་ཁྱོད་ལ་བསྟོད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་མ་ལུས་རྡུལ་དུ་བརློགས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཀླུ་མོ་དཀར་མོ་ཞི་བའི་ཚུལ༔ དར་དཀར་ན་བཟའ་རུས་སྦལ་ཆིབས༔ མདའ་དར་གཡས་ལ་ནོར་བུ་གཡོན༔ འཇའ་ཚོན་འབར་བའི་ཀློང་དཀྱིལ་ནས༔ དར་གྱི་ཅོད་པན་པུ་རུ་རུ༔ འཁོར་དུ་ཀླུ་སྨན་འབུམ་གྱིས་བསྐོར༔ དམ་ཚིག་དབང་གིས་ཁྱོད་ལ་སྟོད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་བཤོས་བུ་རྣམས་ཀྱིས་མཆོད༔ རང་ལ་འགོ་ཞིང་སྟོངས་གྲོགས་བྱེད༔ མཐུ་དང་དྲག་པོའི་དངོས་གྲུབ་འཐོབ༔ ཁྱད་པར་ཆོས་འདིའི་སྲུང་མ་སྟེ༔ རྣལ་འབྱོར་དམ་ལྡན་བུ་བཞིན་སྐྱོང་༔ འཕྲིན་ལས་རྣམ་བཞི་གང་བཅོལ་བསྒྲུབ༔ དེ་ཕྱིར་གཅེས་པས་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ།། །།མངྒ་ལཾ། །