ལེགས་རྩལ་མཆེད་གསུམ་གྱི་མངའ་གསོལ།

ལེགས་རྩལ་མཆེད་གསུམ་གྱི་མངའ་གསོལ་ནི། ཧཱུྃ། ཆེ་མཆོག་པདྨ་དྲག་པོ་ཡི། །བཀའ་སྲུང་བདུད་བཙན་ཀླུ་གསུམ་པོ། །གཙོ་འཁོར་སྤྲུལ་པར་བཅས་པ་རྣམས། འདིར་གཤེགས་མཆོད་བསྟོད་མངའ་གསོལ་ལོ། །ཧཱུྃ། བདུད་རྒྱལ་ཁྱོད་ལ་མངའ་གསོལ་བ། །དར་ནག་ལ་ཐོད་འཇོལ་བེར་དང་། །རྟ་ནག་བདུད་ཞགས་ནག་པོ་ཡིས། །ཐུགས་དམ་བསྐང་ངོ་མངའ་གསོལ་ལོ། །ཧཱུྃ། བཙན་རྒྱལ་ཁྱོད་ལ་མངའ་གསོལ་བ། །བསེ་ཁྲབ་བསེ་རྨོག་བཙན་རྟ་དམར། །བསེ་ཡི་མདའ་གཞུ་དང་བཅས་པས། །ཐུགས་དམ་བསྐང་ངོ་མངའ་གསོལ་ལོ། །ཧཱུྃ། ཀླུ་སྨན་ཁྱོད་ལ་མངའ་གསོལ་བ། །དར་དཀར་བེར་དང་མདའ་དར་ཚོན། །སྣ་ལྔས་བརྒྱན་པའི་ནོར་བུ་འབར། །ཀླུ་ནོར་རུས་སྦལ་གཟུགས་བཅས་པས། །ཐུགས་དམ་བསྐང་ངོ་མངའ་གསོལ་ལོ། །ཧཱུྃ། སྤྱི་མཐུན་མཆོད་ཚོགས་ཕྱི་ནང་གི། ཉེར་སྤྱོད་རྣམ་ལྔ་སྨན་རཀ་གཏོར། །གོ་མཚོན་སྤྱན་གཟིགས་ལ་སོགས་པས། །མངའ་གསོལ་བྱས་སོ་ཐུགས་དམ་བསྐང་། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཤགས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་འདི་ནི་ལྷ་རིགས་ཉི་སྤྲུལ་བཞི་པས་སྦྱར་བའོ། །མངྒ་ལཾ།