Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
ཚེ་སྒྲུབ་འཆི་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་འཆི་མེད་རྡོ་རྗེ།next

ཚེ་སྒྲུབ་འཆི་མེད་རྡོ་རྗེ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཚེ་སྒྲུབ་འཆི་མེད་རྡོ་རྗེ་བཞུགས༔ རིགས་བདག་ཚེ་ཡི་ལྷ་ལ་འདུད༔ པདྨ་དྲག་པོའི་རྣལ་འབྱོར་པས༔ ཚེ་ཡི་དངོས་གྲུབ་འཐོབ་འདོད་ན༔ ཤིན་ཏུ་དབེན་ཞིང་ཞི་བའི་ལུང་༔ དྭངས་ལ་མཐོ་བ་བསིལ་དྲོད་སྙོམས༔ དཀར་ཕྱོགས་སྐྱོང་བ་གནས་པའི་སར༔ སྟེགས་བུ་དྲི་བཟང་དག་གིས་བྱུག༔ པདྨ་འདབ་བཞི་ལྟེ་བ་དམར༔ མུ་ཁྱུད་འཇའ་ཚོན་རྡོ་རྗེའི་ཕྲེང་༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད༔ དབུས་སུ་ཚེ་གཏོར་རྒྱན་ལྡན་བཤམས༔ ཚེ་དཔག་མེད་ཀྱི་ཙག་ལི་གཟུགས༔ ལེ་བརྒན་དམར་པོའི་གུར་ཡང་ཕུབ༔ གཡས་གཡོན་སྨན་དང་རཀྟ་དང་༔ རྒྱབ་ཏུ་ཡི་དམ་གཏོར་མ་བཤམས༔ མདུན་དུ་པཱུ་ཙ་རྣམ་པ་ལྔ༔ མཐའ་སྐོར་ཚོགས་ཀྱི་འཁོར་ལོས་བསྐོར༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ དཀར་ཕྱོགས་སྐྱོང་ལ་གཏོར་མ་འབུལ༔ བདེན་པ་བདར་ཞིང་འཕྲིན་ལས་བཅོལ༔ འབྱུང་པོར་བགེགས་ཀྱི་གཏོར་མ་སྦྱིན༔ སྔགས་ཀྱིས་བསྐྲད་ཅིང་བསྲུང་འཁོར་བསྒོམ༔ ལས་གཞུང་བསྲང་ཞིང་བསྙེན་ཁ་གསོ༔ དེ་ནས་སྒྲུབ་པའི་དངོས་གཞི་ནི༔ རང་ཉིད་ལྷར་གསལ་རིགས་བདག་དང་༔ མདུན་བསྐྱེད་བུམ་པ་ཚེ་དཔག་མེད༔ དམར་པོ་རྒྱན་ལྡན་ལོངས་སྤྱོད་རྫོགས༔ མཉམ་བཞག་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཐུགས་སྲོག་ཧྲཱིཿཡིག་དམར་པོའི་མཐར༔ སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་ཟེར་ཕྱོགས་བཅུར་ཁྱབ་པར་འཕྲོས༔ ཕྱོགས་བཅུ་དག་པའི་ཕོ་བྲང་ནས༔ སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུས༔ ཕྱི་སྣོད་འབྱུང་བཞིའི་དྭངས་མ་དང་༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་ཀྱང་༔ ཐུགས་རྗེའི་རང་མདངས་འོད་ཀྱིས་བསྡུས༔ ཕྱག་གི་བུམ་པའི་ནང་དུ་བསྐྱིལ༔ འོད་ཟེར་ལྔ་ལྡན་བཅུད་ཀྱིས་ཁེངས༔ ཁོལ་ཞིང་ལུད་པས་བདག་ལུས་ཁྱབ༔ ཡི་དམ་ལྷ་ཡི་ཏིང་འཛིན་ངང་༔ བཀྲག་མདངས་གཟི་བརྗིད་ནུས་སྟོབས་རྒྱས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམས༔ མ་ཡེངས་ངང་ནས་སྔགས་འདི་བཟླ༔ ཨཱོཾ་ཚེ་བྷྲཱུྃ་ཧྲཱིཿསྭཱ་ཧཱ༔ སྐབས་སྐབས་མཆོད་བསྟོད་དབང་བཞི་ལེན༔ དགོང་མོ་ཚོགས་ཀྱི་འཁོར་ལོ་བསྐོར༔ ཐུན་དྲུག་གསོལ་བ་འདི་ལྟར་འདེབས༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྔོན་གྱི་ཐུགས་བསྐྱེད་རྗེས་དགོངས་ལ༔ བདག་གིས་བསྒྲུབ་པའི་གནས་མཆོག་འདིར༔ ཐུགས་རྗེའི་དབང་གིས་གཤེགས་སུ་སོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་སྔགས་དམིགས་ཏིང་འཛིན་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་མཐར་ཐུག་འདི༔ བསྒྲུབ་ཅིང་བསྙེན་པའི་སྐལ་ལྡན་དེས༔ ཞག་བདུན་མ་ཡེངས་བརྩོན་གྱུར་ན༔ ཚེ་འཕྲང་བཟློག་ཅིང་དངོས་གྲུབ་འཐོབ༔ བར་ཆད་མི་རུང་སྣ་དགུ་བྱང་༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང་༔ ཉི་ཟླ་ཤར་དང་མེ་ཏོག་འཐུ༔ གྲུ་ཟམ་སྒྲོལ་དང་རོལ་མོ་འཁྲོལ༔ དར་འཕྱར་དུང་འབུད་མཆོད་རྟེན་འཛེག༔ ཆང་འཐུང་གཡུལ་རྒྱལ་ལ་སོགས་འབྱུང་༔ དེ་ཚེ་རྟོག་པ་མི་བསྐྱིལ་བར༔ གནས་ལུགས་ངང་ནས་དབང་བཞི་ལེན༔ སྒྲུབ་རྫས་རོལ་ཞིང་དམ་མེད་སྦ༔ ཤིན་ཏུ་གསང་བ་གནད་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་སྙིང་གི་ཆོས༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན༔ སློབ་དཔོན་རྗེ་ལ་ལུང་ཞུས་ནས༔ པདྨ་དྲག་ཁྲོས་ཆོས་སྐོར་དུ༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ རྩོད་ལྡན་བསྐལ་པའི་མར་འགྲིབ་ལ༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ ཚེ་ཡི་དངོས་གྲུབ་འཐོབ་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousཚེ་སྒྲུབ་འཆི་མེད་རྡོ་རྗེ།next