Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
ལྕགས་སྡིག་སྒྲུབ་ཐབས་གདོན་བགེགས་ཀུན་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕགས་སྡིག་སྒྲུབ་ཐབས་གདོན་བགེགས་ཀུན་འཇོམས།next

ལྕགས་སྡིག་སྒྲུབ་ཐབས་གདོན་བགེགས་ཀུན་འཇོམས།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ལྕགས་སྡིག་སྒྲུབ་ཐབས་གདོན་བགེགས་ཀུན་འཇོམས་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ སྟོན་ཆེན་དམ་མེད་དམ་སྲིར་སྐྱེ༔ མཁན་ཆེན་སྡོམ་མེད་རྒྱལ་པོར་སྐྱེ༔ བཙུན་པ་ཁྲིམས་མེད་འགོང་པོར་སྐྱེ༔ སྐྱེ་བོ་ཕལ་ཆེར་ཟ་འདྲེར་སྐྱེ༔ བུད་མེད་ཕལ་ཆེར་བསེན་མོར་སྐྱེ༔ དེ་དུས་མི་དགེ་སྟོབས་རྒྱས་པས༔ བོད་འདིར་མི་རུང་སྣ་དགུ་འབྱུང་༔ ནད་ཡམས་གློ་བུར་འཁྲུག་རྩོད་མང་༔ ཁྱད་པར་ཆོས་ལྡན་སྐྱེས་བུ་ལ༔ བར་ཆད་མི་རུང་སྣ་ཚོགས་འཚུབ༔ དེ་དུས་དྲག་སྒྲུབ་འཕྲིན་ལས་སྐོར༔ ལྕགས་སྡིག་ནག་པོའི་སྒྲུབ་པ་འདི༔ ཚུལ་བཞིན་ཉམས་སུ་ལོངས་ཤིག་རྒྱ༔ ས་མ་ཡཱ༔ དབེན་ཞིང་དྲག་པོའི་གནས་དག་ཏུ༔ མཎྜལ་སྟེགས་བུར་དུག་ཁྲག་བྱུག༔ དུར་ཁྲོད་རྡོ་ཡིས་ཛཿནག་བྲི༔ དེ་སྟེང་མཉྫིའི་ཁྲིའུ་ཁར༔ འབྲུ་ནག་ཕྱེ་ལ་དཔལ་བཤོས་བཤམས༔ ཤ་སྣ་ཁྲག་སྣས་བརྒྱན་པར་བྱ༔ རྩེ་ལ་སྡིག་པའི་ཙཀ་ལི་བཙུགས༔ གཡས་གཡོན་སྨན་རཀ་མཆོད་པ་བཤམས༔ རང་ཉིད་པདྨ་དྲག་པོའི་སྐུ༔ ཐུགས་ཀའི་གསང་བདག་གཏུམ་པོའི་འཕྲུལ༔ ས་བོན་ཧཱུྃ་ལས་ཛཿནག་འཕྲོས༔ མདུན་བསྐྱེད་དཀྱིལ་འཁོར་རྫས་ལ་ཐིམ༔ སྐད་ཅིག་གནས་གྱུར་གནམ་ལྕགས་སྡིག༔ ཁ་དགུ་མིག་དགུ་རྭ་བཅོ་བརྒྱད༔ མཇུག་མ་གཡུགས་པས་གནོད་བྱེད་འཛིན༔ གཉེར་མ་དམར་ནག་འཁྲུག་ཅིང་འཁྱིལ༔ མེ་སྟག་ཚྭ་ཚྭ་ཁོལ་ཞིང་འཁྲུག༔ འཇིགས་ཤིང་བརྔམ་ལྡན་དྲག་པོའི་སྐུ༔ ཡ་ང་སྐྱི་བུང་བྱེད་པར་བསྒོམ༔ བདག་མདུན་ས་བོན་ཛཿནག་ལས༔ འོད་ཟེར་འཕྲོས་པས་ཆོས་དབྱིངས་དང་༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཡེ་ཤེས་སྡིག་པ་སྤྱན་དྲངས་བསྟིམ༔ མཆོད་བསྟོད་བྱ་ཞིང་གཏོར་མ་འབུལ༔ དམ་ཚིག་ཡེ་ཤེས་གཉིས་མེད་བསམས༔ ཆོས་ཉིད་ངང་དུ་དར་ཅིག་ཀློད༔ སླར་ཡང་ཐུགས་སྲོག་ས་བོན་ལས༔ ཛཿནག་སྟོང་གསུམ་ཁྱབ་པར་འཕྲོས༔ ཀུན་ཀྱང་ལྕགས་སྡིག་ནག་པོར་གྱུར༔ ཡོམ་ཡོམ་ཤིག་ཤིག་སྟོང་གསུམ་འགུལ༔ གནོད་བྱེད་རྒྱལ་བསེན་དམ་སྲི་དང་༔ གང་གིས་གནོད་པའི་གདོན་བགེགས་རྣམས༔ ཤ་ཁྲག་དོན་སྙིང་དབང་པོའི་ཚོགས༔ ལྷག་མ་མེད་པར་ཀྲུམ་ཀྲུམ་ཟོས༔ དབང་བསྡུས་ཟིལ་མནན་བྲན་དུ་བཀོལ༔ རྡུལ་ཕྲན་བཞིན་དུ་བརླགས་པར་བསྒོམ༔ ཨཱོཾ་བཛྲ་ར་ཙའི་སྲོག་ལ་དུ་དུ༔ རུ་རུ་བྷ་ཤ་ཧཱུྃ་མ་མ་སྲོག་ལ་དུང་དུང་སྙིང་ལམ་མ་བྷྱོ་ས་མ་ཡཱ་ཧཱུྃ་ཕཊ༔ འབུམ་ཚོ་གསུམ་དུ་བཟླ་བར་བྱ༔ ཐུན་སྐབས་མཆོད་བསྟོད་གཏོར་མ་འབུལ༔ སྐབས་སུ་ཤམ་བུ་འདི་བཏགས་བཟླས༔ ཏྲིག་ཤོ་ཏྲག་ཤོ་ར་ཙ་ཐུན་གནོད་བྱེད་ཁུག་ར་ཙ་ལིང་ཏྲི་ཙ་ས་ལ་ཨ་ཤུ་མེ་ཤཱིནྟཾ་ཛ༔ ཨེ་དུན་ཛ་ཨེ་དུན་ཛ་ཧཱུྃ་ཕཊ༔ གནོད་བྱེད་དམ་སྲི་གང་ཡིན་དེ༔ སྤྲུལ་པའི་ལྕགས་སྡིག་གྲངས་མེད་པས༔ ལ་ལས་ཕྱི་ཡི་ཤ་ཁྲག་ཟོས༔ ལ་ལས་ནང་གི་དབང་པོ་རོལ༔ ལ་ལས་གསང་བའི་སྙིང་ཁྲག་འཇིབས༔ སྐད་ཅིག་ཉིད་ལ་བརླགས་པར་བསམས༔ རྒྱུན་གཏོར་འབུལ་ཞིང་བསྟོད་བསྐུལ་འདོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྒྲུབ་ཅིང་བསྙེན་པའི་ཚེ༔ བྲག་བཤིགས་ལིངས་བཏབ་ཤིང་སྡོང་བཅད༔ ཆུ་བཟློག་དམག་དྲངས་ཁྱི་སྤྱང་དང་༔ བན་དེ་བསད་དང་ལྷ་ཁང་བཤིགས༔ ལྡེར་སོ་བཅོམ་ཞིང་གོ་ཁྲབ་གྱོན༔ རི་བྲག་འཛུལ་དང་མེ་ཆེན་མཆེད༔ དེ་སོགས་གྲུབ་པའི་རྟགས་བྱུང་ན༔ སྒྲུབ་རྫས་རྣམས་ལས་དབང་བླང་ཞིང་༔ སྤྲུལ་པ་མདུན་བསྐྱེད་གཙོ་བོར་བསྡུ༔ གཙོ་བོ་ས་བོན་ཛཿལ་ཐིམ༔ ཡེ་ཤེས་སེམས་དཔའ་དབྱིངས་སུ་གཤེགས༔ དམ་ཚིག་ངོ་བོ་ཐུགས་ཀར་བསྟིམ༔ དབང་དྲག་འཕྲིན་ལས་ཐོགས་མེད་བསམ༔ ཕོ་གདོན་མོ་གདོན་གདུལ་བ་དང་༔ བགེགས་ཀྱི་སྦྱོར་བ་གང་བཤིགས་ཀྱང་༔ དམིགས་པའི་ཁ་བསྒྱུར་ཤམ་བུ་བསྒྱུར༔ བརྩམས་པས་དངོས་གྲུབ་མྱུར་དུ་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བསྒྲུབ་པའི་སྐལ་ལྡན་ལ༔ ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ཀྱིས༔ ཕྱག་ན་རྡོ་རྗེ་དངོས་སུ་མཐོང་༔ དཔག་ཚད་རྒྱང་གྲག་ཉེ་མི་ནུས༔ གདོན་བགེགས་འབྱུང་པོ་ཀུན་གྱི་གཤེད༔ དེ་ཕྱིར་གཅེས་པས་ཉམས་སུ་ལོང་༔ མ་སྤེལ་སྙིང་གི་དཀྱིལ་དུ་སྦོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། མངྒ་ལཾ། །


previousལྕགས་སྡིག་སྒྲུབ་ཐབས་གདོན་བགེགས་ཀུན་འཇོམས།next