Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
དབང་ཆོག་སྨིན་གྲོལ་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་ཆོག་སྨིན་གྲོལ་ནོར་བུ།next

དབང་ཆོག་སྨིན་གྲོལ་ནོར་བུ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ དབང་ཆོག་སྨིན་གྲོལ་ནོར་བུ་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་འདུད༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ སྟེགས་བུ་དུག་ཁྲག་ཆག་ཆག་གདབ༔ ཐིག་ནས་དྲངས་ཤིང་དཀྱིལ་འཁོར་བྲི༔ དབུས་སུ་གྲུ་གསུམ་དམར་ནག་བྱ༔ དེ་ཡི་ཕྱི་རིམ་རྩིབས་བཞིར་བཅད༔ དེ་ཡི་ཕྱི་རིམ་རྩིབས་བཅུ་བྱ༔ ཁྱམས་དང་སྒོ་རྫོགས་སྤྱི་འགྲོས་ལ༔ དུར་ཁྲོད་ཐོད་ར་རྡོ་རྗེའི་ཕྲེང་༔ པདྨ་བྲག་དང་མེ་རི་འབྲི༔ ལྟེ་བ་རྩིབས་སོགས་ལྷ་ཡི་མདོག༔ ཁྱམས་དང་སྒོ་རྫོགས་ཕྱོགས་ཀྱི་མདོག༔ གཞན་དག་སྤྱི་འགྲོས་ལྟ་བུར་སྒྱུར༔ མཚན་ལྡན་བུམ་པར་སྨན་སྤོས་བཏབ༔ མགུལ་ཆིངས་དམར་པོས་བརྒྱན་ནས་ཀྱང་༔ ཤིང་གིས་ཁ་བརྒྱན་གཟུངས་ཐག་བཞག༔ དཀྱིལ་འཁོར་དབུས་སུ་འགོད་པར་བྱ༔ གཞན་ཡང་སྨན་གཏོར་རཀྟ་བཤམས༔ ལྷ་གྲངས་མཉམ་པའི་ཙཀ་ལི་བཀོད༔ ཐ་མར་མདའ་གྲི་མེ་ལོང་དང་༔ ཕུར་པ་ཚོན་སྐུད་དྲ་བས་བསྐོར༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་འབུངས༔ དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ༔ རང་ཉིད་ཡི་དམ་ལྷ་རུ་བསྐྱེད༔ ལས་བུམ་བསང་ཞིང་ལྷར་བསྐྱེད་བཞུ༔ ཚོགས་ཀྱི་འཁོར་ལོས་ཁ་བསྐངས་ནས༔ སློབ་མར་ཁྲུས་བྱ་བགེགས་བསྐྲད་ཅིང་༔ ལག་གཡོན་མཎྜལ་བཟང་པོ་ཐོགས༔ ཡོལ་བའི་ཕྱིར་འཁོད་འདི་སྐད་ཞུ༔ ཀྱེ་ཧོ༔ སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འདིར་ཚོགས་རིགས་ཀྱི་བུ༔ བླ་མ་དྲག་པོའི་དཀྱིལ་འཁོར་དུ༔ འཇུག་པའི་བཀའ་དབྱེ་གནང་བར་ཞུ༔ ལན་གསུམ་བྱ༔ ལས་ཀྱི་སློབ་དཔོན་གྱིས༔ ཧོ༔ ཁྱེད་རྣམས་ལས་ཀྱི་འཕྲོ་ལྡན་ཞིང་༔ རྡོ་རྗེ་ཐེག་པའི་སྣོད་རུང་ངམ༔ ཅེས་དྲི་ལན་དུ་འདི་སྐད་གསོལ༔ དགོངས་ཤིག་སློབ་དཔོན་དམ་པ་རྗེ༔ བདག་ཅག་འདིར་ཚོགས་སྐལ་བར་ལྡན༔ སྔོན་ནས་སྦྱངས་པའི་བུ་ཡིན་ཞིང་༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ ཁྱེད་ཀྱིས་བླ་མ་ལྷ་དང་སྤྲོད༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ དེ་ནས་མིག་དར་དམར་པོ་བཀབ༔ ལས་པའི་རྡོ་རྗེས་སྣ་འཁྲིད་ཅིང་༔ དབང་གི་ཕོ་བྲང་ལན་གསུམ་བསྐོར༔ ཕྱག་འཚལ་པུས་བཙུགས་ཐལ་མོ་སྦྱར༔ རྡོ་རྗེ་སློབ་དཔོན་དྲུང་དུ་འཁོད༔ གསང་སྔགས་ཆོས་ཀྱི་ཆེ་བ་དང་༔ པདྨ་དྲག་སྒྲུབ་ལོ་རྒྱུས་བྱ༔ དབང་དོན་སྣོད་དུ་རུང་བའི་ཕྱིར༔ སྐྱབས་སེམས་གསོལ་བ་འདི་ལྟར་གདབ༔ ཧཱུྃ༔ དབང་དྲག་པདྨ་ཁྲོས་པའི་སྐུ༔ རྡོ་རྗེ་དྲག་རྩལ་ལྷ་ཚོགས་ལ༔ དེང་ནས་མི་འབྲལ་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ་བྱའོ༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ ཀུན་གཞི་རང་རིག་བྱང་ཆུབ་སེམས༔ མ་རྟོག་ལོག་རྟོག་འཁོར་བར་འཁྱམས༔ ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ རྣམ་མཁྱེན་ས་ལ་འགོད་བྱའི་ཕྱིར༔ རིམ་གཉིས་སྨིན་གྲོལ་དོན་ལ་འཇུག༔ ལན་གསུམ་བྱའོ༔ དེ་ནས་སོ་ཤིང་ཚོམ་བུར་འདོར༔ ཧཱུྃ༔ རིགས་ལྔ་བསྐྱེད་པའི་དཀྱིལ་འཁོར་འདིར༔ བྱང་ཆུབ་སོ་ཤིང་འདི་འདོར་བས༔ སྔོན་ནས་འབྲེལ་བའི་ཡི་དམ་ལྷ༔ ལས་འཕྲོའི་དབང་གིས་མཇལ་བར་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ་སིདྡྷི་སྟོམ༔ ཅེས་དོར་རིགས་བརྟགས་བསྒོམ་བཟླས་སྦྱིན༔ ཕྱི་རོལ་ཡར་དང་རྩ་བ་བསྟན༔ སྤོང་དག་འཆི་བསླུ་ཚེ་ཆོག་བྱ༔ དེ་ནས་ལྔ་ལྡན་སྐུད་པ་ལ༔ རྡོ་རྗེའི་མདུད་པར་སྔགས་འདིས་བསྔགས༔ ཨཱོཾ་ཨཱ༔ ཧཱུྃ་སྭཱ་ཧཱ༔ རཀྵ་རཀྵ༔ བརྒྱ་རྩ་འམ་ནི་ཉེར་གཅིག་གདབ༔ སློབ་བུའི་དཔུང་པ་གཡས་ལ་དཀྲིས༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདིས༔ རིགས་ཀྱི་བུ་ལ་རྒྱས་བཏབ་པས༔ དངོས་གྲུབ་མ་ལུས་ཀུན་ཐོབ་ཅིང་༔ བདུད་ཀྱི་གཡུལ་ལས་རྒྱལ་བར་ཤོག༔ ཀུ་ཤ་སྦྱིན་ཞིང་༔ ཧཱུྃ༔ རྩྭ་མཆོག་བྱང་ཆུབ་བརྙེས་པའི་གདན༔ དེ་རིང་བུ་ཁྱོད་འདི་ཁྱེར་ལ༔ དྲག་པོའི་ལྷ་ལ་གསོལ་བ་ཐོབ༔ སེང་གེ་བཞིན་ཉོལ་རྨི་ལམ་རྟོགས༔ ནང་པར་གང་བྱུང་བདག་ལ་སྨྲོས༔ ཨཱོཾ་ཨཱཿཧཱུྃ༔ ཅེས་སྦྱིན་བཟང་ན་དངོས་གྲུབ་འཐོབ༔ ངན་པ་ཤར་ན་སྒྲིབ་སྦྱོང་དང་༔ སྐུ་རིམ་ལ་སོགས་གང་འོས་སྤྲོ༔ དེ་ནས་ཕོ་བྲང་ཤར་ཕྱོགས་ནས༔ མེ་ཏོག་འབུལ་བ་འདི་སྐད་དོ༔ ཧཱུྃ༔ ཡིད་དུ་འོང་ཞིང་ཀུན་ཏུ་མཚར༔ འདབ་ལྡན་ཟེའུ་འབྲུ་གེ་སར་བཅས༔ ཀུན་ཏུ་རྒྱལ་བ་མཆོད་པའི་རྫས༔ དཀྱིལ་འཁོར་ལྷ་ལ་འདི་འབུལ་བས༔ དཔལ་ཆེན་དབང་གི་དཀྱིལ་འཁོར་དུ༔ ཚེ་རབས་ལྷ་ལ་བབས་པར་ཤོག༔ པུཥྤེ་གྷྲི་ཧ་ན་སྟྭཾ༔ ཅེས་དོར་ཕྱོགས་མཚམས་དབུས་ལ་སོགས༔ ལྷ་ངོས་འཛིན་ཞིང་གསང་བའི་མཚན༔ རྡོ་རྗེ་དགྱེས་པ་རཏྣ་བཞད༔ པདྨ་དྲག་རྩལ་ཀརྨ་དབང་༔ སངས་རྒྱས་འདུས་པ་ལ་སོགས་སྦྱིན༔ དམ་ཆུ་བླུད་པ་འདི་སྐད་དོ༔ ཧཱུྃ༔ དམ་ཚིག་གསང་བ་རྡོ་རྗེའི་ཆུ༔ དེ་རིང་སྐལ་ལྡན་བུ་ཁྱོད་འཐུང་༔ གསང་བའི་བསྐྱེད་རྫོགས་རྡོ་རྗེའི་རྒྱ༔ དམ་མེད་རྣམས་ལ་མ་སྨྲ་ཞིག༔ ཙིཏྟ་བཛྲ་ས་མ་ཡཱ་ཧཱུྃ༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ བསྐྱེད་རིམ་ཕོག་ལ་ཡེ་ཤེས་དབབ༔ བྱིན་རླབས་ཕེབས་རྟགས་འདར་དང་འཁྲབ༔ མི་རྟོག་ཡེ་ཤེས་ཉམས་མྱོང་འབར༔ བླ་མ་ལྷ་ལ་མོས་གུས་སྐྱེ༔ དེ་ནས་དབང་དོན་གསོལ་འདེབས་ནི༔ ཧཱུྃ༔ དགོངས་ཤིག་དཔའ་བོ་ཧེ་རུ་ཀ༔ པདྨ་དྲག་པོའི་དཀྱིལ་འཁོར་ནས༔ དབང་བཞིའི་སྨིན་གྲོལ་བདག་ལ་སྩོལ༔ ལན་གསུམ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ མིག་དར་དབྱེ་ཞིང་དཀྱིལ་འཁོར་སྟོན༔ དབུས་ཀྱི་བུམ་པ་ལག་ཏུ་ཐོགས༔ སློབ་བུའི་མགོར་བཞག་འདི་སྐད་དོ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ དྲག་པོའི་སྐུ་དང་གཉིས་སུ་མེད༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་བོའི་སྐུ་འབག་ཐོགས་ཏེ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྤྲུལ་པ་ལས༔ འགྲོ་བའི་སྐྱབས་མགོན་ཧེ་རུ་ཀ༔ པདྨ་དྲག་རྩལ་ཁྲོ་བོའི་རྒྱལ༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་སྐུ་ཡི་དབང་ཐོབ་ཤོག༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་བརྗོད་ཅིང་སྦྱི་བོར་བསྐུར༔ ཕག་མོ་ཡུམ་གྱི་འདྲ་འབག་ཐོགས༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ བཅོམ་ལྡན་འདས་མ་ཕག་གདོང་མས༔ དེ་རིང་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡུམ་གྱི་དབང་ཐོབ་ཤོག༔ ཨཱོཾ་དྷཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ཏུ་གཏད་ཅིང་འཁྲིལ་སྦྱོར་རོལ༔ ཚེ་བུམ་ཙཀ་ལིས་བརྒྱན་པ་ཐོགས་ཏེ༔ ཧཱུྃ༔ རིགས་བདག་ཚེ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དེ་རིང་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་ཨ་མི་དྷེ་ཝ་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བསྐུར་ཞིང་ཚེ་རིལ་སྦྱིན༔ འཁོར་ལོ་གཤིན་རྗེའི་ཙཀ་ལི་ཐོགས༔ ཧཱུྃ༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ རྩིབས་སྟོང་འཁོར་ལོ་འཆང་བའི་གར༔ སྐུ་མཆོག་འགྱུར་བ་མེད་པའི་ལྷ༔ དེ་རིང་བུ་ལ་དབང་བསྐུར་བས༔ འཇམ་དཔལ་ཁྲོས་པའི་དབང་ཐོབ་ཤོག༔ ཨཱོཾ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་དཔྲལ་བའི་དབུས་སུ་སྦྱིན༔ རྡོར་དྲིལ་རྟ་མགྲིན་ཙཀ་ལི་ཐོགས༔ ཧཱུྃ༔ པདྨ་དབང་ཆེན་རྟ་སྐད་འཚེར༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ གསུང་མཆོག་འགག་པ་མེད་པའི་ལྷ༔ དེ་རིང་བུ་ལ་དབང་བསྐུར་བས༔ རྟ་མཆོག་གསུང་གི་དབང་ཐོབ་ཤོག༔ པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་སྦྱིན་ཞིང་རྡོར་དྲིལ་དཀྲོལ༔ ཕྱག་རྡོར་ཙཀ་ལི་རྡོ་རྗེ་ཐོགས༔ ཧཱུྃ༔ ཁྲོ་རྒྱལ་ཀུན་འདུས་གསང་བའི་བདག༔ ཐོགས་མེད་རྡོ་རྗེའི་ཕྱག་རྒྱ་ཅན༔ ཐུགས་མཆོག་འཁྲུལ་བ་མེད་པའི་ལྷ༔ དེ་རིང་བུ་ལ་དབང་བསྐུར་བས༔ ཕྱག་རྡོར་ཐུགས་ཀྱི་དབང་ཐོབ་ཤོག༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་སྦྱིན་ཞིང་རྡོ་རྗེ་གསོར༔ གྲི་ཐོད་དྷཀྐིའི་ཙཀ་ལི་ཐོགས༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ལྔ༔ གྲི་ཐོད་རང་རྟགས་ཅོད་པན་ཅན༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་ལྷ༔ དེ་རིང་བུ་ལ་དབང་བསྐུར་བས༔ ཡོན་ཏན་མཁའ་འགྲོའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་དྷཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག་ཅིང་གྲི་ཐོད་ཕྱར༔ ཐོ་བ་མེ་དབལ་ཙཀ་ལི་ཐོགས༔ ཧཱུྃ༔ དྲག་རྩལ་འཕྲིན་ལས་དཀྱིལ་འཁོར་ནས༔ རྡོ་རྗེའི་ཐོ་བ་འཆང་བའི་ལྷ༔ ནུས་མཐུ་ཐོགས་མེད་ཁྲོ་བོའི་མཆོག༔ དེ་རིང་བུ་ལ་དབང་བསྐུར་བས༔ མེ་དབལ་འཕྲིན་ལས་དབང་ཐོབ་ཤོག༔ བཛྲ་ཡཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་བ་སྦྱིན་ཞིང་ཐོ་བ་གདེང་༔ རིགས་བཞི་དྲག་པོའི་ཙཀ་ལི་ཐོགས༔ ཧཱུྃ༔ རིགས་བཞི་དྲག་པོ་ཁྲོ་བོའི་རྒྱལ༔ རྔམ་བརྗིད་འབར་ཁྲོ་དགྲ་བགེགས་གཤེད༔ དེ་རིང་བུ་ལ་དབང་བསྐུར་བས༔ དྲག་པོ་སྡེ་བཞིའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་དྲག་པོ་རྩལ༔ ཨ་བྷི་ཥིཉྩ་ཧཱུྃ༔ གནས་བཞིར་བཞག་ཅིང་བདུད་རྩི་བླུད༔ ཁྲོ་བོ་བཅུ་ཡི་ཙཀ་ལི་ཐོགས༔ ཧཱུྃ༔ མི་ཟད་ཁྲོ་ཆེན་འབར་བའི་སྐུ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་སྐྱོང་༔ གར་དགུའི་ཉམས་ལྡན་གདུག་པ་འདུལ༔ དེ་རིང་བུ་ལ་དབང་བསྐུར་བས༔ ནུས་མཐུ་རྩལ་ལྡན་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ཏུ་སྦྱིན་ཞིང་ཧཱུྃ་སྒྲ་སྒྲོག༔ ཕྲ་མེན་དྷཀྐིའི་ཙཀ་ལི་ཐོགས༔ ཧཱུྃ༔ ཕྲ་མེན་དྷཀྐི་སྡེ་བཞིའི་སྐུ༔ གསང་སྔགས་བཀའ་ཡི་བྱ་ར་བ༔ དེ་རིང་བུ་ལ་དབང་བསྐུར་བས༔ ཕྲིན་ལས་འགྲོ་འདུལ་དབང་ཐོབ་ཤོག༔ ཌཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཞི་ཡི་མཐིལ་ལ་སྦྱིན༔ འགུགས་འཆིང་སྡོམས་དགྱེས་ཕྱག་རྒྱ་བཅའ༔ ཛཿཧཱུྃ་བཾ་ཧོཿའི་སྔགས་ཀྱང་བགྲང་༔ དེ་ནས་གཙོ་བོའི་ཕྱག་མཚན་རྣམས་གཏད་དེ༔ ཧཱུྃ་གྲི་གུག་རྡོ་རྗེ་རལ་གྲི་འབར༔ མེ་རླུང་རཀྟའི་རྒྱ་མཚོ་འཁྱིལ༔ རི་རབ་ལྕགས་ཀྱུ་ཞགས་པ་ཡིས༔ དེ་རིང་བུ་ལ་དབང་བསྐུར་བས༔ ཁྲོ་རྒྱལ་ཕྱག་རྒྱའི་དབང་ཐོབ་ཤོག༔ གཡས་སུ་གཏད༔ ཧཱུྃ༔ ཐོད་ཁྲག་ཉི་མ་ཟླ་བ་དང་༔ རྩེ་གསུམ་ཐོང་གཤོལ་ཐོད་པའི་རྔ༔ དྲིལ་བུ་ལྕགས་སྒྲོགས་གནམ་ལྕགས་སྡིག༔ དེ་རིང་བུ་ལ་དབང་བསྐུར་བས༔ ཕྱག་མཚན་རྟགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་སརྦ་ཀརྨ་ཀྲི་ཤ་བྷནྡྷ་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ གཡོན་དུ་གཏད༔ དེ་ནས་ཆས་དབང་བསྐུར་ཏེ༔ ཧཱུྃ༔ ཐོད་སྐམ་འབར་བའི་པྲོག་ཞུ་དང་༔ ཐལ་ཆེན་ཚོམ་བུ་རཀྟའི་ཐིག༔ ཞག་གི་སོར་རིས་གླང་ཆེན་གོས༔ རྡོ་རྗེའི་གོ་ཁྲབ་ཞིང་ཆེན་ལྤགས༔ སྦྲུལ་དང་ཐོད་ཕྲེང་རུས་པའི་རྒྱན༔ དཔའ་བོ་སྟག་ལྤགས་དྲག་པོའི་མེ༔ དེང་འདིར་བུ་ལ་དབང་བསྐུར་བས༔ དྲག་པོའི་ཆས་ཀྱི་དབང་ཐོབ་ཤོག༔ རཀྴ་ཀྲོ་ཏ་ཀ་ལ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གནས་རྣམས་སུ་བསྐུར༔ དེ་ནས་ཁྱུང་ཐོགས་ཏེ༔ ཧཱུྃ༔ ཁྲོ་རྒྱལ་སྤྲུལ་པ་གྷ་རུ་ཌ༔ ཀླུ་དང་ས་བདག་འདུལ་བའི་དབང་༔ དེང་འདིར་བུ་ལ་དབང་བསྐུར་བས༔ གྷ་རུ་ཌ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཁྲོཾ་གྷ་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བསྐུར༔ དེ་ནས་དྲག་པོའི་གདན་ཐོགས་ཏེ༔ ཧཱུྃ༔ ཉི་ཟླ་པདྨ་རིན་པོ་ཆེ༔ དྲེགས་པ་སྡེ་བརྒྱད་ལྷ་སྲིན་ཚོགས༔ སྐལ་ལྡན་ཁྱོད་ཀྱི་གདན་དུ་སྦྱིན༔ ལྷ་སྲིན་སྡེ་བརྒྱད་དབང་འདུས་ནས༔ དྲག་པོའི་འཕྲིན་ལས་འགྲུབ་པར་ཤོག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏིཥྛ་ལྷན་ཨ་བྷི་ཥིཉྩ་ཧཱུྃ༔ གདན་དུ་གཏད་ཅིང་བསྐྱེད་རིམ་གསལ༔ སྔགས་འཁོར་བཀོད་ཅིང་བཟླས་ལུང་འབོགས༔ སྲུང་མའི་གཏོར་མ་ལག་ཏུ་གཏད༔ ཧཱུྃ༔ བཀའ་ཡི་སྲུང་མ་མཐུ་རྩལ་ཅན༔ དྲག་པོའི་དམ་ཚིག་འཆང་བའི་དཔལ༔ ལེགས་རྩལ་མཆེད་གསུམ་འཁོར་བཅས་ཀྱིས༔ བརྒྱུད་པ་འཛིན་པའི་བུ་འདི་སྲུངས༔ དམ་ཚིག་ལྡན་པའི་སྡོངས་གྲོགས་མཛོད༔ དམ་མེད་བསྟན་དགྲ་ཐལ་བར་རློགས༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཤིས་བརྗོད་རོལ་མོ་འཁྲོལ༔ ཆད་ཐོ་བསྟན་སྐྱོང་ད་ལ་བསྡུ༔ ཆོས་རྣམས་དམིགས་མེད་ངང་ལ་བཞག༔ དབང་ཡོན་འབུལ་ཞིང་དམ་ཚིག་བསྲུང་༔ བསྙེན་སྒྲུབ་ལ་སོགས་ཚུལ་བཞིན་འབད༔ ས་མ་ཡཱ༔ རྒྱ༔ ཨེ་མ་བསྐལ་བའི་སྙིགས་མ་ལ༔ སྡེ་བརྒྱད་འབྱུང་པོ་ཁ་འཕྱུར་ཞིང་༔ མི་རུང་སྣ་ཚོགས་འབྱུང་བའི་ཚེ༔ ཟབ་ཆོས་གསང་བའི་སྙིང་པོ་འདི༔ ང་སྤྲུལ་བུ་དང་འཕྲད་ནས་ཀྱང་༔ བར་ཆད་རྐྱེན་འཕྲང་ཞི་བ་དང་༔ གསང་སྔགས་བསྟན་པའི་བཙས་སུ་ཤོག༔ ཤིན་ཏུ་གསང་ཞིང་སྙིང་ལ་ཆོངས༔ ས་མ་ཡཱ༔ ཁ་ཐཾ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་གི་བར་སྒོ་ནས་ཤིང་ཡོས་ལ་གདན་དྲངས་ཤིང་ལྕགས་བྱ་ལ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །


previousདབང་ཆོག་སྨིན་གྲོལ་ནོར་བུ།next