Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
བསྐང་བ་བདེ་ལེགས་ཀུན་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐང་བ་བདེ་ལེགས་ཀུན་སྩོལ།next

བསྐང་བ་བདེ་ལེགས་ཀུན་སྩོལ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ བསྐང་བ་བདེ་ལེགས་ཀུན་སྩོལ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ དབེན་པའི་གནས་སུ་དཀྱིལ་འཁོར་བཤམས༔ སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་བཀྲམས༔ སྨན་གཏོར་རཀྟ་གྷ་ན་དང་༔ ཕྱི་ནང་གསང་མཆོད་རྒྱས་པར་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ལས་གཞུང་བསྲང་ཞིང་བསྐྱེད་རིམ་བསྒོམ༔ མཆོད་བསྟོད་བསྙེན་པ་སྔགས་དམིགས་གསལ༔ དྲག་སྒྲུབ་དབང་གི་ལྷ་ཚོགས་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་གདུང་བའི་ཤུགས་བསྐྱེད་ནས༔ རོལ་མོ་འཁྲོལ་ཞིང་གླིང་བུ་འབུད༔ སྨན་རག་སྦྲེང་ཞིང་སྤོས་གསུར་བདུག༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ སྐྱེ་མེད་ཆོས་སྐུའི་ལྷ་ཚོགས་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ དག་པ་དབྱིངས་ཀྱི་ཕོ་བྲང་ནས༔ ལྷུན་གྲུབ་ལོངས་སྐུའི་ལྷ་ཚོགས་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ སྣ་ཚོགས་སྤྲུལ་སྐུའི་ལྷ་ཚོགས་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ པདྨ་དྲག་པོའི་ལྷ་ཚོགས་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ གནས་དང་ཡུལ་གྱི་དུར་ཁྲོད་ནས༔ འབུམ་ཕྲག་དཔའ་བོ་དཔའ་མོ་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་བཀའ་ཡི་གཞལ་ཡས་ནས༔ ཆོས་སྐྱོང་བཀའ་བསྲུང་གཏེར་བདག་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་དྲག་པོའི་གཞལ་ཡས་སུ༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ དམ་ཚིག་དབང་གིས་ཕྱག་འཚལ་མཆོད༔ ཕྱི་ནང་གསང་བའི་འདོད་ཡོན་བཞེས༔ ལུས་ངག་ཡིད་གསུམ་གུས་པས་བསྟོད༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ བསྐལ་བའི་མེ་རི་དམར་ནག་ཀློང་༔ སྲིན་པོ་སྡེ་བརྒྱད་དྲེགས་པའི་གདན༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཁྲོ་རྒྱལ་ཀུན་འདུས་དྲག་པོའི་སྐུ༔ སྐུ་མདོག་དམར་སྨུག་གཟི་བརྗིད་འབར༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་སྟེ༔ དབུས་གསུམ་སྨུག་ནག་ཁྲོ་གཏུམ་སྒེག༔ གཡས་གསུམ་དཀར་པོ་ཞི་མ་ཁྲོ༔ གཡོན་གསུམ་སྔོ་ནག་ཁྲོས་པའི་ཞལ༔ ཞབས་བརྒྱད་དྲེགས་པ་སྡེ་བརྒྱད་མནན༔ དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ༔ དབུ་སྐྲ་གྱེན་བརྫེས་ཐོད་པས་བརྒྱན༔ སྤྱན་བགྲད་སྡང་མིག་ཕྱོགས་བཅུར་གཟིགས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ དྲེགས་པའི་ལྷ་སྲིན་བྲན་དུ་ཁོལ༔ རྒྱལ་འགོང་དམ་སྲི་རྡུལ་དུ་བརླག༔ དབང་ཆེན་པདྨ་ཁྲོས་པའི་སྐུ༔ དྲག་པོ་ཐོད་ཕྲེང་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ འབྲུ་སྨན་རྩི་བཅུད་བསྡུས་ཤིང་སྤུངས༔ དཔལ་གྱི་གཏོར་མས་ཐུགས་དམ་བསྐང་༔ རྩ་བརྒྱད་ཡན་ལག་སྟོང་དང་སྦྱར༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ ཉོན་མོངས་ཞིང་བཅུ་བསྒྲལ་བའི་ཁྲག༔ རཀྟ་ཁྲག་གིས་ཐུགས་དམ་བསྐང་༔ འདབ་ལྡན་མེ་ཏོག་དབང་པོ་ལྔ༔ ཡིད་འོང་པུཥྤེས་ཐུགས་དམ་བསྐང་༔ དྲི་ཞིམ་སྨན་སྤོས་གསུར་ཆེན་དུད༔ བདུག་སྤོས་དྲི་ཡིས་ཐུགས་དམ་བསྐང་༔ འབྲུ་མར་རྩི་སྣུམ་ཞུན་ཆེན་མེ༔ སྣང་གསལ་སྒྲོན་མེས་ཐུགས་དམ་བསྐང་༔ རྡོ་རྗེ་དྲི་ཆུ་དྲི་བཟང་ཆབ༔ བྱུག་པའི་ཚོགས་ཀྱིས་ཐུགས་དམ་བསྐང་༔ རྡོ་རྗེ་དྲི་ཆེན་ཞལ་ཟས་བཤོས༔ རོ་ལྡན་ནཻ་ཝི་ཏེས་ཐུགས་དམ་བསྐང་༔ རྐང་གླིང་རོལ་མོ་ཐོད་རྔའི་སྒྲ༔ སྒྲ་སྙན་མཆོད་པས་ཐུགས་དམ་བསྐང་༔ བཟའ་བཏུང་ལོངས་སྤྱོད་ཤ་ཆང་སྒོག༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ དགའ་བཞི་བདེ་སྟོང་ཕ་རོལ་ཕྱིན༔ སྦྱོར་བའི་མཆོད་པས་ཐུགས་དམ་བསྐང་༔ ཞིང་བཅུ་མ་རིག་སྙིང་རྗེས་བསྒྲལ༔ བསྒྲལ་བའི་མཆོད་པས་ཐུགས་དམ་བསྐང་༔ ཆོས་དབྱིངས་སྐྱེ་མེད་བློ་ལས་འདས༔ ཡང་དག་ལྟ་བས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ སྐུ་མཆོག་དེ་ལ་སྦྱོར་བའི་ཡུམ༔ མ་བརྒྱུད་མཁའ་འགྲོ་ཡོངས་ཀྱི་གཙོ༔ ནག་མོ་ཆེན་མོ་ཕག་གདོང་མ༔ གྲི་ཐོད་ཕྱག་རྒྱས་འཁྱུད་ཅིང་འཁྲིལ༔ བརྐྱང་བསྐུམ་གར་གྱིས་སྦྱོར་ཞིང་འདེགས༔ དུར་ཁྲོད་ཆས་ལྡན་གཟིག་ཤམ་འཕྱོ༔ འབུམ་ཕྲག་མཁའ་འགྲོའི་དབང་ཕྱུག་མོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ རིགས་བདག་དམར་པོ་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས༔ སྐྱེ་འཆིའི་འཇིག་བྲལ་རྡོ་རྗེའི་སྐུ༔ སྐུ་གསུམ་སངས་རྒྱས་འདུས་པའི་དཔལ༔ ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དུང་ཁང་འབར་བའི་གཞལ་ཡས་ནས༔ སྐུ་ཡི་ངོ་བོར་ལྷུན་གྱིས་གྲུབ༔ འཇམ་དཔལ་གཤིན་རྗེ་ཁྲོས་པའི་སྐུ༔ ཐོད་དབྱུག་འཁོར་ལོའི་ཕྱག་རྒྱ་ཅན༔ སྟངས་སྟབས་སྒྱུར་ཞིང་དོར་སྟབས་བགྲད༔ དུར་ཁྲོད་དྲག་པོའི་ཆས་རྣམས་རྫོགས༔ བདུད་བཞི་འཇོམ་མཛད་གཤིན་རྗེའི་གཤེད༔ འཇམ་དཔལ་དབྱངས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་དྲག་གསུང་གི་དཀྱིལ་འཁོར་ནས༔ གསུང་གི་དབང་ཕྱུག་ཧེ་རུ་ཀ༔ རྟ་མགྲིན་དམར་པོ་ཁྲོས་པའི་སྐུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ དཔའ་བོ་དབང་གི་རྟ་སྐད་འཚེར༔ དུར་ཁྲོད་ཆས་ལྡན་དོར་སྟབས་བགྲད༔ མ་རུངས་ཚར་གཅོད་ཁྲོ་བོའི་རྒྱལ༔ ཧྱ་གྷྲཱི་ཝའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དྲག་རྩལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་ཀྱི་ངོ་བོ་རྡོ་རྗེ་འཆང་༔ མཐིང་ནག་དྲག་པོ་འབར་བའི་སྐུ༔ རྡོ་རྗེ་སྡིགས་མཛུབ་དོར་སྟབས་བགྲད༔ སྦྲུལ་དང་ཐོད་ཕྲེང་ཆས་ཀྱིས་བརྒྱན༔ སངས་རྒྱས་ཐམས་ཅད་འདུས་པའི་ཐུགས༔ གདུག་པ་འདུལ་མཛད་བཅོམ་ལྡན་འདས༔ ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་མཛད་ཡོན་ཏན་དཀྱིལ་འཁོར་ནས༔ རྟེན་ཅིང་འབྲེལ་འབྱུང་དྷཀྐི་ལྔ༔ དཀར་སེར་དམར་ལྗང་མཐིང་འོད་འབར༔ ཐབས་ཤེས་དབྱེར་མེད་གྲི་ཐོད་འཆང་༔ རུས་པ་དར་དང་རཏྣས་བརྒྱན༔ གར་སྟབས་བདེ་སྟོང་ཡེ་ཤེས་འབར༔ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ དྲག་རྩལ་ལས་མཛད་ཧེ་རུ་ཀ༔ ཡཀྴ་མེ་དབལ་སྨུག་ནག་འཇིགས༔ མེ་ཡི་ཐོ་བ་མེ་ཞགས་བསྣམས༔ དུར་ཁྲོད་ཆས་དང་ཐོད་ཕྲེང་གསོལ༔ དཀོར་བདག་སྡེ་བརྒྱད་ཀླད་པ་འགེམས༔ གཅེར་བུ་སྟངས་སྟབས་གློག་ལྟར་འཁྱུག༔ ཡཀྴ་མེ་དབལ་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་འཁོར་ནས༔ སྤྲུལ་པའི་བྱ་ཁྱུང་གྷ་རུ་ཊ༔ གནམ་ལྕགས་རྭ་སྡེར་རྡོ་རྗེའི་མཆུ༔ རིགས་ལྔ་འབར་བའི་གཤོག་སྒྲོ་ལས༔ ཚ་ཟེར་བསྐལ་པའི་མེ་ཆེན་མཆེད༔ སྤུ་སྤྲུགས་སྤྲུལ་པས་ཁམས་གསུམ་ཁྱབ༔ ཀླུ་གདོན་འདུལ་བའི་མཐུ་བོ་ཆེ༔ བྱ་ཁྱུང་རྒྱལ་པོའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ ཕྱི་རིམ་འཁོར་ལོའི་རྩིབས་སྟེང་ན༔ འབར་བའི་དབང་ཆེན་ཁྲོ་བོའི་རྒྱལ༔ རིགས་བཞིའི་དྲག་པོ་ཁྲོས་པའི་སྐུ༔ རང་རྟགས་སྐུ་མདོག་ཕྱག་མཚན་འབར༔ མཆོག་ཐུན་དངོས་གྲུབ་འཕྲིན་ལས་བདག༔ དྲག་པོ་རིགས་བཞིའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས༔ འབར་བའི་ཁྲོ་བོ་ཆེན་པོ་བཅུ༔ དྲག་པོའི་གཟུགས་ཀྱིས་གདུག་པ་འདུལ༔ མཐིང་ནག་གྲི་ཐོད་དཀྲུག་ཅིང་འགྱིང་༔ དགྲ་བགེགས་ཀུན་འདུལ་མཐུ་བོ་ཆེ༔ སྤྲུལ་པའི་ཁྲོ་བཅུའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་དྲག་ཁྲོས་པའི་བཀའ་འཁོར་ནས༔ ཤར་ཕྱོགས་ལས་མཛད་ཕྲ་མེན་མ༔ སེང་གདོང་དཀར་མོ་ལྕགས་ཀྱུ་ཅན༔ འགུགས་པའི་དབང་མོ་སྤྲུལ་པའི་བདག༔ བཛྲ་སེདྷའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་དྲག་ཁྲོས་པའི་བཀའ་འཁོར་ནས༔ ལྷོ་ཕྱོགས་ལས་མཛད་ཕྲ་མེན་མ༔ སྟག་གདོང་སེར་མོ་ཞགས་པ་ཅན༔ འཆིང་བྱེད་ཆེན་མོ་སྤྲུལ་པའི་བདག༔ སྟག་གདོང་མ་ཡི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་དྲག་ཁྲོས་པའི་བཀའ་འཁོར་ནས༔ ནུབ་ཕྱོགས་ལས་མཛད་ཕྲ་མེན་མ༔ ཁྱུང་གདོང་དམར་མོ་ལྕགས་སྒྲོག་ཅན༔ སྡོམ་བྱེད་ཆེན་མོ་སྤྲུལ་པའི་བདག༔ ཁྱུང་གདོང་མ་ཡི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་དྲག་ཁྲོས་པའི་བཀའ་འཁོར་ནས༔ བྱང་ཕྱོགས་ལས་མཛད་ཕྲ་མེན་མ༔ ཕག་གདོང་ལྗང་མོ་དྲིལ་བུ་ཅན༔ མྱོས་བྱེད་ཆེན་མོ་སྤྲུལ་པའི་བདག༔ ཕག་གདོང་མ་ཡི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དབང་དྲག་པདྨའི་བཀའ་འཁོར་ནས༔ བཀའ་དང་བསྟན་སྐྱོང་བྱེ་བ་འབུམ༔ སོ་སོའི་གཡོག་འཁོར་བྲན་དང་བཅས༔ སངས་རྒྱས་བསྟན་སྐྱོང་འཕྲིན་ལས་བདག༔ བསྟན་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༴ ཧཱུྃ༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ ཚེ་རབས་སྔོན་ལས་བག་ཆགས་བགེགས༔ མི་མཐུན་གནོད་པ་ཞི་བ་དང་༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས༔ མི་དང་མི་མིན་དབང་དུ་བསྡུས༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་མི་རྟོག་ངང་ལ་བཞག༔ ཡིག་བརྒྱ་བཤགས་ཚིག་ཅི་མང་བརྗོད༔ བར་ཆད་རྐྱེན་ངན་ཐམས་ཅད་བྱང་༔ མཆོག་ཐུན་དངོས་གྲུབ་གང་བརྩམས་འགྲུབ༔ དེ་ཕྱིར་གཅེས་པས་ཉམས་སུ་ལོང་༔ གསང་བའི་རྒྱ་སྡོམས་སྒྲུབ་པ་འབུངས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་ཤངས་ཟབ་བུ་ལུང་གི་བར་སྒོ་ནས་གདན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། མངྒ་ལཾ།། །།


previousབསྐང་བ་བདེ་ལེགས་ཀུན་སྩོལ།next