Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲལ་ལས་དགྲ་བགེགས་ཀུན་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲལ་ལས་དགྲ་བགེགས་ཀུན་འཇོམས།next

བསྒྲལ་ལས་དགྲ་བགེགས་ཀུན་འཇོམས།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ བསྒྲལ་ལས་དགྲ་བགེགས་ཀུན་འཇོམས་བཞུགས༔ ཐོད་ཕྲེང་དྲག་པོར་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་རྩོད་ལྡན་དུས༔ མི་མཐུན་བར་གཅོད་འཚུབ་པའི་ཚེ༔ དགྲ་བགེགས་བསྒྲལ་ཐབས་འདི་ལྟར་འབད༔ ལས་གཞུང་བསྲང་ཞིང་ཚོགས་འཁོར་བསྐོར༔ ཐ་མ་ཚོགས་ཀྱི་སྒྲལ་ལས་སྐབས༔ རང་ཉིད་ཡི་དམ་དྲག་པོར་བསྐྱེད༔ མདུན་དུ་ལས་ཁུང་གྲུ་གསུམ་ནང་༔ དགྲ་བགེགས་གང་གནོད་ལིངྒ་བཞག༔ ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱ༔ བདེན་སྟོབས་བདར་ཞིང་འདི་ལྟར་འགུགས༔ ན་མོ༔ དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀའ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ སྐུ་འཇམ་དཔལ་གྱི་ལྷ་ཚོགས་རྣམས༴ གསུང་རྟ་མགྲིན་གྱི་ལྷ་ཚོགས་རྣམས༴ ཐུགས་ཕྱག་རྡོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཡོན་ཏན་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི༴ འཕྲིན་ལས་མེ་དབལ་གྱི་ལྷ་ཚོགས་རྣམས༴ རིགས་བདག་ཆགས་པ་དམར་པོའི་ལྷ་ཚོགས་རྣམས༴ ཕོ་ཉ་ལྕགས་སྡིག་ནག་པོ་སྤྲུལ་པ་བྱ་ཁྱུང་རྒྱལ་པོ་རིགས་བཞི་དྲག་པོ་ཡབ་ཡུམ་ཁྲོ་བཅུ་དྲག་པོའི་ལྷ་ཚོགས་ཕྲ་མེན་དྷཀྐི་སྡེ་བཞི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས༔ ཆེ་གེ་འདི་ཞེས་པ་ལ་ལུས་ལ་གནོད་ཅིང་སྲོག་ལ་འཚེ་བ། འབྱུང་པོ་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཚོགས་གཉིས་གསོག་པ་མི་དབང་ཞིང་། སྒྲིབ་གཉིས་ཀྱི་ཤན་མ་དག་པ། གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་སྤྱད་པ་ལ་བལྟ་བར་མི་དབང་ཞིང་གྲལ་དུ་མི་ཆུད་པ་ཡི་རིགས། མི་བརྫུ་དགུ་རུ་བརྫུ་བའི་ཟ་འདྲེ་ཤི་གཤེད། ཕག་ཏུ་ཡིབ་ཅིང་སྒབ་ཏུ་འཁྲི་བ། ཁ་ཡི་ཟས་འཕྲོགས་པ། ལག་གི་ནོར་འཕྲོགས་པ། ཚེ་སྲོག་ལ་བར་དུ་གཅོད་པའི་གདོན་བགེགས་ཕོ་མོ། ཕོ་འདྲེ་ཕོ་གཤིན། མོ་འདྲེ་མོ་གཤིན། སངས་རྒྱས་བསྟན་ལ་སྡང་བ། སེམས་ཅན་ཡོངས་ལ་འཚེ་བ། དཀོན་ཅོག་གི་དབུ་འཕང་དམད་པ། བདག་གི་དགྲ་རུ་ལངས་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་རང་དབང་མེད་པར། མཐོ་སྲིད་པའི་རྩེ་མོར་བྲོས་ན་བྱིའུ་ཧོར་ཁྲས་དེད་པ་ལྟ་བུ། དམའ་རྒྱ་མཚོའི་ནང་དུ་བྲོས་ན་ཉ་མོ་སྲམ་གྱིས་དེད་པ་ལྟ་བུ། བར་ས་འོག་ས་སྟེང་རི་རབ་གླིང་བཞི་གང་དུ་བྲོས་ཀྱང་ཉེས་ཅན་བཙོན་དུ་ཁྲིད་པ་ལྟ་བུར་འདིར་ཁུག༔ ཅེས་བརྗོད་ཅིང་ཁུག་པའི་རྟགས་མ་གསལ་བར་དུ་ནན་གྱིས་ལིངྒ་ལ་བསྟིམ༔ ནྲི་ཏྲི་བཛྲ་ཨངྐུ་ཤ་ཛཿཛ༔ སོགས་དང་༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་གུ་ཤ་ཛ༔ སོགས་ཀྱིས་རྒྱས་གདབ་ཅིང་བཅིང་བར་བྱའོ༔ དེ་ནས་ཐུན་གཏོར་འབུལ་ཞིང་བསྐུལ་བ་བྱ༔ དེ་ནས་ཕུར་པ་འགྲིལ་ཞིང་༔ ཧཱུྃ༔ ང་ནི་དབང་དྲག་པདྨ་སྟེ༔ ང་ནི་རྡོ་རྗེ་ཐོད་ཕྲེང་རྩལ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ང་ནི་དབང་ཆེན་ཧེ་རུ་ཀ༔ ང་ནི་གསང་བདག་ཁྲོ་བོའི་རྒྱལ༔ ང་ནི་འབུམ་ཕྲག་མཁའ་འགྲོའི་གཙོ༔ ང་ནི་ཡཀྴ་མེ་དབལ་སྟེ༔ ང་ནི་རིགས་འདུས་ཁྲོ་བོའི་སྐུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཁྲུག༔ སྤྲུལ་པ་ཡང་སྤྲུལ་གློག་ལྟར་འཁྱུག༔ ཟ་གསོད་ཕོ་ཉས་སྟོང་གསུམ་གང་༔ གནམ་ལྕགས་ཕུར་པ་ཕྱག་ན་འགྲིལ༔ གདེངས་པ་ཙམ་གྱིས་ལྷ་རྣམས་འདར༔ འགྲིལ་བ་ཙམ་གྱིས་ཀླུ་རྣམས་འབོག༔ བསྐོར་བ་ཙམ་གྱིས་གཉན་རྣམས་རེངས༔ བཏབ་ན་ཁམས་གསུམ་རྡུལ་དུ་བརླག༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཧཱུྃ༔ སངས་རྒྱས་བསྟན་ལ་སྡང་བའི་བདུད༔ རིག་འཛིན་རྣལ་འབྱོར་སྒོས་ཀྱི་དགྲ༔ བར་དུ་གཅོད་པའི་གདོན་དང་བགེགས༔ ཁུག་ཅིག་དྲོངས་ཤིག་ཀཱི་ལཱ་ཡ༔ སོད་ཅིག་སྒྲོལ་ཅིག་མཱ་ར་ཡ༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བརྗོད་རྩ་བའི་སྔགས་ལ་ནྲི་ཏྲི་དགྲ་བགེ༑གས་འབྱུང་པོ་མཱ་ར་ཡ་ཧཱུྃ༔ ཕ་ར་ཎ་ཕཊ༔ ཨ་ཝེ་ཤ་ཡ་ཨཱ༔ ཅེས་བཟླས་ཤིང་ཕུར་པ་ཁོའི་སྙིང་གར་བཏབས་པས་རྣམ་པར་ཤེས་པ་ཕུར་པའི་ཁོང་གསེང་ནས་འོད་ཀྱི་རྣམ་པར་འཕྲོས༔ མདུན་བསྐྱེད་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ལ་ཐིམས་པས་རྒྱལ་བའི་སྲས་སུ་སངས་རྒྱས་པར་བསམས་ཤིང་༔ ཚེ་བསོད་ཀྱི་ངོ་བོ་འོད་ལྔའི་ཐིག་ལེ་སྣུམ་ལ་འདྲིལ་བ་ཅིག་ཏུ་གྱུར་ནས་རང་ལྷར་གསལ་བ་ལ་ཐིམ་པས་ནུས་སྟོབས་དང་གཟི་བརྗིད་རྒྱས་པར་བསྒོམ་ཞིང་༔ ཐུན་སྣ་རྣམས་ཀྱིས་ལིངྒ་བསྒྲལ་བ་འདི་སྐད་དོ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་རལ་གྲི་བསྣམས༔ དགྲ་བགེགས་མགོ་ལུས་དུམ་བུར་གཏུབས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ དགྲ་བགེགས་སྙིང་རྩ་ཁོང་ནས་དྲོངས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློག༔ དགྲ་བགེགས་སརྦ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ དགྲ་བགེགས་ཀླད་ཁྲག་ཞོ་ལྟར་དཀྲུགས༔ གཡོན་གྱི་ཕྱག་ན་ཞགས་པ་བསྣམས༔ དགྲ་བགེགས་ཡན་ལག་དུམ་བུར་གཏུབས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་ལྕགས་སྒྲོག་བསྣམས༔ དགྲ་བགེགས་ཤ་རུས་སོ་སོར་ཕྱེ༔ གཡོན་གྱི་ཕྱག་ན་དྲིལ་བུ་བསྣམས༔ དགྲ་བགེགས་དབང་པོ་དབང་དུ་སྡུས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་ཚལ་བ་ཚལ་པ་ཧཱུྃ་ཕཊ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་ཡུངས་དཀར་བསྣམས༔ དགྲ་བགེགས་དོན་སྣོད་ཐང་ལ་ཕོས༔ གཡོན་གྱི་ཕྱག་ན་ཁྲག་མཚོ་ཁོལ༔ དགྲ་བགེགས་དམར་ཡམས་ནད་ཀྱིས་ཐོབ༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་གྷརྫ་གྷརྫ་ཧཱུྃ་ཕཊ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་དུག་སྡོང་བསྣམས༔ ཕོ་གླང་དུག་ནད་ཆར་པ་ཕོབ༔ གཡོན་གྱི་ཕྱག་ན་ཚེ་ཐུན་བསྣམས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ སྐད་ཅིག་ཉིད་ལ་རྡུལ་དུ་རློག༔ དགྲ་བགེགས་སརྦ་ཤ་ཏྲུཾ་ནན་ཧཱུྃ་ཕཊ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་གཏོར་ཟོར་བསྣམས༔ དགྲ་བགེགས་མ་ལུས་མྱུར་དུ་སྒྲོལ༔ གཡོན་གྱི་ཕྱག་ན་རྡོ་ཐུན་བསྣམས༔ དགྲ་བགེགས་ཐམས་ཅད་འཇོམས་པར་གྱིས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློག༔ དགྲ་བགེགས་སརྦ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དང་དྲག་སྔགས་ཀྱིས་བསྒྲལ་ཞིང་རྩ་སྔགས་ལ་ཁཱ་ཧི་བཏགས་ཏེ་ལིང་རོ་གཏོར་མར་འབུལ༔ དགྲ་བགེགས་ཐམས་ཅད་ཀྱི་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་དུ་ལྷག་མ་མེད་པར་ལྷ་ཚོགས་ཐམས་ཅད་ཀྱིས་བཞེས་ཤིང་བཟློག་པའི་ལས་མཛད་པར་བསམས་ཏེ་འཕྲིན་ལས་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ།། །།མངྒ་ལཾ།། །།


previousབསྒྲལ་ལས་དགྲ་བགེགས་ཀུན་འཇོམས།next