Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩང་བཟློག་སྤུ་གྲི་འབར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩང་བཟློག་སྤུ་གྲི་འབར་བ།next

རྩང་བཟློག་སྤུ་གྲི་འབར་བ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ རྩང་བཟློག་སྤུ་གྲི་འབར་བ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ དབང་དྲག་པདྨའི་རྣལ་འབྱོར་པས༔ བཟློག་པའི་འཕྲིན་ལས་བརྩམ་པའི་ཚེ༔ རྩང་གི་ཤམ་བུ་སྦྱར་འདོད་ན༔ ལྷ་ཚོགས་གཙོ་འཁོར་དྲག་ཏུ་ཁྲོས༔ སྤྲུལ་པ་ཡང་སྤྲུལ་ཟ་བྱེད་ཚོགས༔ གྲངས་མེད་སྐར་ལྟར་འཁྲུག་པ་ཡིས༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ཐམས་ཅད་མ་ལུས་བཟློག་པར་བསམས༔ རྩང་དང་གཏོར་མར་སྨན་རག་སྦྲེང་༔ སྟངས་སྟབས་སྒྱུར་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ ང་ནི་སྟོབས་ལྡན་ཁྲོ་བོའི་རྒྱལ༔ དབང་དྲག་པདྨ་ཧེ་རུ་ཀ༔ ཟ་གསོད་སྤྲུལ་པ་ཡང་སྤྲུལ་གྱིས༔ གནོད་བྱེད་གདོན་བགེགས་ཁུག་ཅིག་དྲོངས༔ དྲག་པོའི་འཕྲིན་ལས་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡཱ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དབང་དྲག་རོལ་བའི་དུར་ཁྲོད་འདིར༔ དུག་ཁྲག་དུར་འཇིམ་ལྕགས་རི་ལ༔ དུར་ཤིང་སྐྱེར་པ་བཅད་ནས་ཀྱང་༔ རྩང་ཕུར་སྲིན་མོ་འགྲོས་སུ་བཏབ༔ མི་མཐུན་བཟློག་པའི་བྱང་བུས་བརྒྱན༔ རྩེ་ལ་ཤ་ཆེན་ལིངྒ་བཙུགས༔ ཡེ་ཤེས་ལྔ་ལྡན་སྲད་བུས་བསྡམས༔ ལས་མཁན་འདུ་བའི་རྟེན་དུ་བཙུགས༔ དགྲ་བགེགས་འགུགས་པའི་གྲངས་སུ་བཅད༔ ལྟས་ངན་བཟློག་པའི་དྲ་བས་སྤྲས༔ ཧཱུྃ་བྷྱོ༔ དྲག་པོས་འཕྲིན་ལས་མཛད་པའི་ཚེ༔ ཡེ་ཤེས་རྩང་གི་ཕུར་བུ་རྣམས༔ ཆོས་ཀྱི་དབྱིངས་ནས་ད་བཞེངས་ཤིག༔ ཐུགས་དམ་བསྐུལ་ལོ་ལས་ལ་སྤྱོད༔ ཕྱི་ནི་ཕུར་པའི་རང་བཞིན་ལ༔ ནང་ནི་ལས་མཁན་ཕོ་ཉའི་ཞིང་༔ ཟ་བྱེད་ཕོ་ཉ་ཚུབས་སེ་ཚུབ༔ འགུགས་བྱེད་ཕོ་ཉ་ཤ་ར་ར༔ གསོད་བྱེད་ཕོ་ཉ་ཉིལ་ལི་ལི༔ དགྲ་བགེགས་ཤ་ཁྲག་ཚོགས་སུ་རོལ༔ གདོན་བགེགས་འབྱུང་པོ་ཟློག་ཅིག་སྒྱུར༔ ཡར་གྱི་རྩེ་མོས་ཆོས་དབྱིངས་ཁྱབ༔ སངས་རྒྱས་རྣམས་དང་གཉིས་སུ་མེད༔ མ་རིག་འཁྲུལ་བའི་ཉོན་མོངས་ཟློག༔ མར་གྱི་རྩེ་མོས་ན་རཀ་ཁྱབ༔ ངན་སོང་གསུམ་དང་གཉིས་སུ་མེད༔ རང་སྣང་འཁྲུལ་བའི་ལས་ངན་ཟློག༔ བར་གྱི་སྐེད་པས་གཉན་ཁམས་ཁྱབ༔ སྟོང་གསུམ་ཀུན་དང་གཉིས་སུ་མེད༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཟློག༔ རྩེ་ལ་འདབ་ཆགས་བུ་ཡུག་འཚུབ༔ མཁའ་ལྡིང་བྱ་ཡི་ལྟས་ངན་ཟློག༔ སྐེད་པར་སྟག་སེང་དོམ་དྲེད་ངར༔ སྡེར་ཆགས་གཅན་གཟན་ལྟས་ངན་ཟློག༔ རྩ་བར་སྦལ་སྡིག་སྡོམ་སྦྲུལ་འཕྱོ༔ ཀླུ་དང་དུད་འགྲོའི་ལྟས་ངན་ཟློག༔ རྩེ་ལས་བསྐལ་པའི་མེ་ཆེན་མཆེད༔ སྲེག་པ་ཧོམ་གྱི་ལས་སྦྱོར་ཟློག༔ རྩ་བར་དུག་གི་རྒྱ་མཚོ་ཁོལ༔ མནན་གཏད་བཅིངས་པའི་མཐུ་ནུས་ཟློག༔ སྐེད་པར་རླུང་དམར་བུ་ཡུག་འཚུབ༔ ཕྲ་མེན་མཁའ་འགྲོའི་ངན་སྔགས་ཟློག༔ རྩེ་ལ་འབྲུག་སྒྲས་ཁམས་གསུམ་ཁྱབ༔ དྲག་པོ་སྔགས་ཀྱི་རྦོད་གཏོང་ཟློག༔ རྩ་བར་ཐོག་ཆར་སྟོང་གསུམ་གཡོ༔ འཕེན་པ་ཟོར་གྱི་རྦོད་གཏོང་ཟློག༔ སྐེད་པར་ཁྲག་སེར་སྲིད་གསུམ་འཁྲུག༔ འབྲབ་པ་ཐུན་གྱི་རྦོད་གཏོང་ཟློག༔ རྩེ་ལ་ཤ་ཆེན་ལིངྒས་བརྒྱན༔ སྡང་བྱེད་དགྲ་བོ་ཐམས་ཅད་ཟློག༔ རྩ་བར་དུར་འཇིམ་ལྕགས་རིར་བཙུགས༔ དུར་སྲི་དུར་ཁ་ལངས་པ་ཟློག༔ སྐེད་པར་བཟློག་པའི་བྱང་བུས་བརྒྱན༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་མཐུན་གནོད་པའི་གདོན་དང་བགེགས༔ ཐམས་ཅད་མ་ལུས་ཟློག་ཅིང་སྒྱུར༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཤ་ཁྲག་གཏོར་མ་འབུལ༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ བར་ཆད་རྣམས་ལས་གྲོལ་བ་དང་༔ ནད་གདོན་ལྟས་ངན་བྱད་ཀ་ཕུར༔ ཐམས་ཅད་བཟློག་འགྱུར་ཐེ་ཚོམ་མེད༔ དེ་ཕྱིར་ཡིད་ཀྱིས་བརྣག་པ་མཛོད༔ ཤིིན་ཏུ་ཟབ་བོ་ཨི་ཐི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་ཤིང་། རཀྟ་ཀཽ་ཊིར་ཤོག་སེར་ལས་བོད་ཡིག་ཏུ་སྒྱུར་བའོ།། །།མངྒ་ལཾ།། །།


previousརྩང་བཟློག་སྤུ་གྲི་འབར་བ།next