Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྕགས་སྡིག་བསྟོད་བསྐུལ་དུག་མདའ་ནག་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕགས་སྡིག་བསྟོད་བསྐུལ་དུག་མདའ་ནག་པོ།next

ལྕགས་སྡིག་བསྟོད་བསྐུལ་དུག་མདའ་ནག་པོ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ལྕགས་སྡིག་བསྟོད་བསྐུལ་དུག་མདའ་ནག་པོ་བཞུགས༔ དྲག་པོ་པདྨའི་སྐུ་ལ་འདུད༔ བདག་ཉིད་པདྨ་དྲག་རྩལ་གྱི༔ ས་བོན་ཧཱུཾ་ལས་ཛཿནག་འཕྲོས༔ ལྕགས་ཀྱི་སྡིག་པ་འཇིགས་ཤིང་བརྔམ༔ སྤྲུལ་པ་ཡང་སྤྲུལ་གནམ་ས་ཁེངས༔ གནོད་བྱེད་འགུགས་འཆིང་ཟས་སུ་ཟ༔ དྲག་པོའི་འཕྲིན་ལས་བསྒྲུབ་པར་བསམས༔ འཕྲིན་ལས་བསྟོད་བསྐུལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ ང་ནི་པདྨ་དྲག་པོ་རྩལ༔ ཐུགས་ལས་སྤྲུལ་པ་གདོན་བགེགས་གཤེད༔ གནམ་ལྕགས་སྡིག་པ་མགོ་དགུ་པ༔ མགོ་ལུས་མེད་པར་མིག་གིས་གང་༔ ཚད་ནི་རི་རབ་ཁམས་དང་མཉམ༔ གྲངས་ནི་སྟོང་གསུམ་ཁྱབ་པར་འགྱེད༔ རྭ་ནི་བཅོ་བརྒྱད་ཟངས་སེ་ཟང་༔ ཡན་ལག་བགྲད་པས་གནམ་ས་ཁེངས༔ མཇུག་མ་གཡུག་པས་འབྱུང་པོ་འཛིན༔ དྲག་པོའི་མཆེ་གཙིགས་ལྕེ་ནི་གློག༔ དྲག་པོའི་སྔགས་ཀྱི་ང་རོ་སྒྲོག༔ རྒྱལ་བསེན་དམ་མེད་འབྱུང་པོའི་གཤེད༔ ཤངས་ནས་དུག་རླངས་ཁམས་ནག་འཕྱོ༔ བྷྱོ་བྷྱོ་སྡང་བྱེད་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་བྱེད་བགེགས་ལ་བྷྱོ༔ བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ༔ གང་ལ་དམིགས་པ་ཁྱོད་ཀྱིས་ཤེས༔ ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ ཀྲུམ་ཀྲུམ་བཞེས་ཤིག་གནོད་བྱེད་ཤ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ ཀྲོག་ཀྲོག་འཐུངས་ཤིག་གནོད་བྱེད་ཁྲག༔ ཐིགས་པ་ཙམ་ཡང་མེད་པར་གྱིས༔ ཁྲུམ་ཁྲུམ་མུར་ཞིག་གནོད་བྱེད་རུས༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ གདོན་བགེགས་འབྱུང་པོ་མྱུར་དུ་སྒྲོལ༔ དུས་ལ་བབ་པོ་ས་མ་ཡཱ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ དྲག་ཏུ་བསྐུལ་ཞིང་གཏོར་མ་འབུལ༔ ཤིན་ཏུ་གཉན་པས་གསང་བར་བྱ༔ འཆལ་ན་རང་གི་སྲོག་ལ་འོང་༔ ཟབ་ཕྱིར་རིན་ཆེན་གཏེར་དུ་བཅོལ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཟབ་བུ་ལུང་ནས་གདན་དྲངས་པའོ།། །།མངྒ་ལཾ།


previousལྕགས་སྡིག་བསྟོད་བསྐུལ་དུག་མདའ་ནག་པོ།next