Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆར་གཅོད་བསྐལ་པའི་མེ་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆར་གཅོད་བསྐལ་པའི་མེ་འབར།next

ཆར་གཅོད་བསྐལ་པའི་མེ་འབར།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཆར་གཅོད་བསྐལ་པའི་མེ་འབར་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ དྲག་པོ་པདྨའི་རྣལ་འབྱོར་པས༔ མ་འོངས་དུས་ངན་ཤར་བའི་ཚེ༔ དབྱར་དགུན་གོ་ལོག་སོས་ཀ་རུལ༔ དུས་ཆར་སྐམ་ཞིང་དུས་ངན་སྡང་༔ དེ་དུས་མི་ཕྱུགས་སྡུག་ལ་གཏོད༔ དེ་ཚེ་བྱང་ཆུབ་སེམས་ལྡན་པས༔ གདམས་པ་འདི་བཞིན་ལས་ལ་སྦྱར༔ སྦྱར་པ་དང་ནི་སྐྱེར་པ་ཡི༔ ཐལ་བ་བག་ཕྱེར་བསྲེས་པ་ལ༔ སྦལ་པ་སྐྱེ་མཆེད་དོད་པར་བཟོ༔ སྔགས་འདི་སྦལ་པའི་སྙིང་གར་གཞུག༔ ཁྲི་ཁན་ནཱ་ག་རཱ་ཛ་དུ་ན་ལི་ན་ཕུར་པ་མ་མ་ཧྲིང་ཛཿཧྲིང་ཛ༔ ཀླུ་གནས་ཆུ་ནས་གཡམ་པ་བླངས༔ སྦལ་པ་གན་རྐྱལ་དག་ཏུ་བཞག༔ བག་ཟན་བྱ་ཁྱུང་གཟུགས་བཅོས་ཤིང་༔ ལྟོ་བར་སྔགས་འདི་བྲིས་པ་བཅུག༔ ཨཱོཾ་ཁྲོཾ་གྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་ཧྲི་ད་ཡ་ཨ་སྲབ་ཙར་མི་ལི་ཆར་པ་ཆར་བྱེད་མཱ་ར་ཡ་མྱོག་མྱོག་རམ་རམ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སྦལ་པའི་སྟེང་དུ་བྱ་ཁྱུང་བཞག༔ ཚོན་སྐུད་དམར་པོས་རྒྱ་གྲམ་བཅིངས༔ གྲུ་གསུམ་དོང་གི་ནང་དུ་བཞག༔ ཀླུ་དགུག་བྱ་ཁྱུང་སྤྱན་འདྲེན་བསྟིམ༔ རང་ཉིད་བསྐྱེད་རིམ་ལྡན་པ་གཅེས༔ གཡམ་པ་གཅིག་གི་ངོས་དག་ལ༔ མེ་རི་འབར་བའི་རི་མོ་འབྲི༔ དུག་དང་མཛེ་ཁྲག་དག་གིས་བྱུག༔ སྦལ་པའི་ཕྱོགས་བསྟན་དོང་ཁར་བཀབ༔ ཕྱག་རྒྱ་བཞི་ཡིས་བསྡམས་ཤིང་བཅིངས༔ སྟེང་དུ་མེ་ནི་དྲོས་ཙམ་བཏང་༔ རང་ཉིད་བྱ་ཁྱུང་དམར་པོར་བསྒོམ༔ ལག་ན་རྔ་ཡབ་དམར་པོ་བཟུང་༔ ཨཱོཾ་ཛཿན་ག་ཕུ་ཙིཏྟ་ནཱ་ག་རཱ་ཛ་ཆར་ཆོད༔ སིང་ནར་ཆོད་ཧཱུྃ་ཕཊ༔ ཁྲོཾ་གྷ་རུ་ཌ་ཙ་ལེ་ཙ་ལེ་བྷྱོ་བྷྱོ༔ སྔགས་ཕུ་བྱ་ཞིང་རྔ་ཡབ་གཡུག༔ ཀླུ་རྒྱལ་འདུས་པའི་ཆར་པ་ཡང་༔ ཆོད་འགྱུར་འདི་ལ་ཐེ་ཚོམ་མེད༔ གལ་སྲིད་ཆོད་པར་མ་གྱུར་ན༔ འབྱུང་བ་འཁྲུགས་པའི་ཆར་ཡིན་པས༔ གོང་གི་སྔགས་ལ་འདི་བཏགས་བཟླ༔ ཨཱོཾ་པ་ན་སི་རཱ་ཛ་ཡ་ཧཱུྃ་ཕཊ༔ ས་དམར་སྔགས་ནས་ཕྱོགས་བཞིར་གཏོར༔ དེས་ནི་མི་ཆོད་མི་སྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལས་གྲུབ་དོང་གི་ཁ་དབྱེ་ཞིང་༔ བྱ་ཁྱུང་གཟུགས་བླངས་མཆོད་བསྟོད་གཤེགས༔ སྦལ་བའི་སྔགས་འདོན་ཆུ་དཀར་བཀྲུ༔ ཀླུ་གཏོར་གཏོང་ཞིང་ཆུ་བོར་སྐྱལ༔ དོང་ཁའི་གཡམ་པ་ཁྲག་གིས་བཀྲུས༔ དག་པར་ཆུས་བཤལ་རྫས་ལ་འཆང་༔ ནམ་དགོས་དུས་སུ་སྔར་ལྟར་སྤྱད༔ གཡམ་པ་ཆུ་དཀར་འོ་མས་དཀྲུས༔ ཀླུ་དང་ས་བདག་མེད་སར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousཆར་གཅོད་བསྐལ་པའི་མེ་འབར།next