Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མེ་དབལ་འཕྲིན་ལས་སྡེ་བརྒྱད་སྤྱི་གཤེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམེ་དབལ་འཕྲིན་ལས་སྡེ་བརྒྱད་སྤྱི་གཤེད།next

མེ་དབལ་འཕྲིན་ལས་སྡེ་བརྒྱད་སྤྱི་གཤེད།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ མེ་དབལ་འཕྲིན་ལས་སྡེ་བརྒྱད་སྤྱི་གཤེད་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ མེ་དབལ་དྲག་པོའི་སྒོས་སྒྲུབ་ཀྱིས༔ སྡེ་བརྒྱད་རང་ལ་གང་གནོད་པ༔ རྐྱང་འདེད་བར་ཆད་བཟློག་འདོད་ན༔ དཀྱིལ་འཁོར་བཅའ་གཞི་གོང་ལྟར་ལ༔ སྡེ་བརྒྱད་གང་གནོད་ལིངྒ་འབྲི༔ ལྷ་དབྱེ་འགུགས་བསྟིམ་ཧོམ་དུ་བཅུག༔ རང་ཉིད་ཁྲོ་རྒྱལ་དྲག་ཏུ་ཁྲོས༔ ཐུགས་སྲོག་ཧཱུྃ་ལས་ཧཱུྃ་འཕྲོས་པས༔ སྣང་སྲིད་འཁོར་འདས་ཧཱུྃ་གིས་ཁེངས༔ ཧཱུྃ་ཡིག་གནས་གྱུར་ཁྲོ་བོའི་རྒྱལ༔ ཡཀྴ་མེ་དབལ་སྐུ་རུ་གྱུར༔ གནོད་བྱེད་གདོན་བགེགས་གང་ཡིན་པ༔ དབང་མེད་མེ་ཡི་ཞགས་པས་བཅིངས༔ ཐོ་བས་བརྒྱབ་ཅིང་ཧོམ་དུ་བཅུག༔ ཕོ་ཉ་ཁྲོ་ཚོགས་རླུང་ལྟར་འཚུབས༔ ཤ་ཟོས་ཁྲག་འཐུངས་རུས་པ་མུར༔ ཏིལ་འབྲུ་ཙམ་ཡང་མེད་པར་བསམས༔ ཨཱོཾ་བཛྲ་ཡཀྴ་རཀྴ་ཧཱུྃ༔ གནོད་བྱེད་འདི་ཞེས་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླས༔ སྐབས་སྐབས་ཐུན་གྱིས་རྡེགས༔ ཟན་ལིང་བསྒྲལ་ཞིང་གཏོར་མར་འབུལ༔ ལས་ལ་བསྐུལ་ཞིང་འཕྲིན་ལས་བཅོལ༔ བསད་པའི་རྟགས་དང་ཁུགས་རྟགས་འོང་༔ གཏོར་མ་ཟོར་འཕེན་ལིངྒ་མནན༔ དགྲ་བགེགས་གང་བརྩམས་མྱུར་དུ་སྒྲོལ༔ ས་མ་ཡཱ༔ ཨྠིྀ༔ བསྟོད་བསྐུལ་ནི༔ ཧཱུྃ༔ ཁྲོ་རྒྱལ་ཆེན་པོའི་འཕྲིན་ལས་དཀྱིལ་འཁོར་ནས༔ ཡཀྴ་མེ་དབལ་སྡེ་བརྒྱད་གཤེད་མ་ཆེ༔ སྨུག་ནག་ཁྲོས་པས་འབྱུང་པོ་རྡུལ་དུ་བརླགས༔ དུར་ཁྲོད་ཆས་གསོལ་དྲེགས་པའི་སྲོག་སྙིང་འཕྲོག༔ ཐུགས་ལས་སྤྲུལ་པའི་ཁྲོ་བོས་སྟོང་གསུམ་འགེངས༔ ཧཱུྃ་ཕཊ་སྒྲ་སྒྲོག་འབྱུང་པོ་དམྱལ་ཐག་གཅོད༔ སྲིན་པོའི་གཟུགས་འཆང་ཁྲོ་རྒྱལ་སྤྲུལ་པའི་སྲས༔ ཡཀྴ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྒྱལ་བསེན་དམ་མེད་འབྱུང་པོའི་སྙིང་ནས་དྲོངས༔ སྤྱི་ནས་ཆོམས་ཤིག་ཤ་ཁྲག་དོན་སྙིང་བཞེས༔ མཐུ་སྟོབས་ཕྲོགས་ལ་རྡུལ་དུ་བརླག་པར་མཛོད༔ བཅོལ་བའི་འཕྲིན་ལས་མི་ཟད་མྱུར་དུ་སྒྲུབས༔ ཅེས་བརྗོད་གཏོར་མ་འབུལ་ཞིང་དམིགས་པ་སྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་གདམས་པའི་སྙིང་༔ སྡེ་བརྒྱད་དམ་སྲི་འབྱུང་པོའི་གཤེད༔ གཞན་ལ་མ་སྤེལ་སྙིང་ལ་གབ༔ ཤིན་ཏུ་སྦོས་ཤིག་དམ་དུ་གྱིས༔ འཆལ་ན་གཉན་པས་རང་ལ་འོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་པའོ།། །།མངྒ་ལཾ།


previousམེ་དབལ་འཕྲིན་ལས་སྡེ་བརྒྱད་སྤྱི་གཤེད།next