Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་བའི་སྦྱིན་སྲེག་ཉེས་ལྟུང་ཀུན་དག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་བའི་སྦྱིན་སྲེག་ཉེས་ལྟུང་ཀུན་དགnext

ཞི་བའི་སྦྱིན་སྲེག་ཉེས་ལྟུང་ཀུན་དག

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཞི་བའི་སྦྱིན་སྲེག་ཉེས་ལྟུང་ཀུན་དག་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཐོད་ཕྲེང་དྲག་པོའི་རྣལ་འབྱོར་པས༔ ནད་གདོན་སྡིག་སྒྲིབ་ཞི་འདོད་ན༔ ཞི་བའི་མེ་མཆོད་འདི་ལྟར་བྱ༔ མཎྜལ་དཀར་པོ་ཟླུམ་པོའི་སྟེང་༔ ཚངས་པའི་ཐིག་གདབ་ལྟེ་བ་ཟླུམ༔ ལྷ་གྲངས་མཉམ་པའི་པད་འདབ་བཅད༔ རྡོ་རྗེའི་ཕྲེང་དང་མེ་རིས་བསྐོར༔ སྐུ་མདོག་མཚུངས་པའི་ཚོན་གྱིས་སྒྱུར༔ ཙན་དན་དཀར་པོ་ལ་སོགས་པའི༔ ཞི་བའི་ཤིང་ལ་ཐབ་བརྩེགས་ཏེ༔ ཟླུམ་པོ་རྒྱ་ཁྱོན་མཛེས་པར་བྱ༔ དཀར་གསུམ་མངར་གསུམ་ཅི་འབྱོར་དང་༔ ཞི་བའི་སྲེག་རྫས་འབྱོར་ཚད་བཤམས༔ ཡམ་ཤིང་དག་ཀྱང་དཀར་པོ་བསགས༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཡམ་ཤིང་ངོས་ལ་འབྲི་བར་བྱ༔ སྲེག་རྫས་མཆོད་རྫས་བྱིན་གྱིས་བརླབ༔ མེ་ཐབ་མི་དམིགས་སྟོང་བའི་ངང་༔ མེ་ལྷ་དཀར་པོ་ཞི་བའི་ཚུལ༔ དྲང་སྲོང་གཟི་བརྗིད་ལྡན་པར་བསྐྱེད༔ ཨཱོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ ནད་གདོན་བར་ཆད་ཞི་བའི་ཕྱིར༔ མེ་ལྷ་དྲང་སྲོང་སྤྱན་འདྲེན་ནོ༔ འབར་བའི་ཀློང་དུ་བཞུགས་སུ་གསོལ༔ ཅེས་སྤྱན་དྲངས༔ ལྷ་མོ་བཞི་ཡིས་མཆོད་པར་བསམས༔ ཡམ་ཤིང་དཀར་གསུམ་མངར་གསུམ་གྱི༔ མཆོད་པ་སྤྱི་འགྲོས་རེ་རེ་བཞིན༔ སྔགས་འདི་ཅི་མང་དག་གིས་དབུལ༔ ཨཱོཾབཛྲ་ཨགྣེ་ཡེ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མེ་ལྷའི་ལྟོ་བར་ལྷ་ཚོགས་བསྒོམ༔ ཐམས་ཅད་སྐུ་མདོག་དཀར་པོར་སྒྱུར༔ མཆོད་པས་དངོས་གྲུབ་འཐོབ་པར་བསམས༔ བསྟོད་པས་བསྟོད་ཅིང་ཡེ་ཤེས་གཤེགས༔ དམ་ཚིག་པ་བསྡུ་དགེ་བ་བསྔོ༔ བཀྲ་ཤིས་ལ་སོགས་མཐའ་རྒྱས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞི་བའི་སྦྱིན་སྲེག་འདི་བརྩམ་ན༔ ནད་དང་གདོན་སོགས་སྡིག་སྒྲིབ་འདག༔ ཕྱི་རབ་གཅེས་སོ་ཉམས་སུ་ལོང་༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ། །


previousཞི་བའི་སྦྱིན་སྲེག་ཉེས་ལྟུང་ཀུན་དགnext