Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱབ་ཆོག་ནད་གདོན་ཀུན་སྦྱོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱབ་ཆོག་ནད་གདོན་ཀུན་སྦྱོང་།next

བྱབ་ཆོག་ནད་གདོན་ཀུན་སྦྱོང་།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ བྱབ་ཆོག་ནད་གདོན་ཀུན་སྦྱོང་བཞུགས༔ དྲག་པོ་པདྨའི་སྐུ་ལ་འདུད༔ མ་འོངས་སྡེ་བརྒྱད་ཁ་འཕྱུར་བས༔ ཆོས་བཞིན་སྤྱོད་པའི་རྣལ་འབྱོར་ལ༔ བར་ཆད་རྐྱེན་གྱིས་ནད་གདོན་བགེགས༔ ནའམ་གཟེར་རམ་ཞ་གྲུམ་འཁུམ༔ སྨྱོའམ་འབོག་གམ་བརྒྱལ་སོགས་ཀྱི༔ མི་མཐུན་བར་ཆད་རྐྱེན་བྱུང་ན༔ མཆོད་གཏོར་བཤམས་ཤིང་ལས་གཞུང་བསྲང་༔ བསྙེན་སྒྲུབ་ཁ་གསོ་དམིགས་པ་བསྒྱུར༔ ནད་པའི་ལུས་ལ་ཟན་བསྒྲེས་ལ༔ ཆངས་བུ་ནད་ཚབས་ཆེ་ཆུང་ལྟར༔ སྟོང་ངམ་ལྔ་བརྒྱ་བརྒྱ་ལ་སོགས༔ སྣོད་དུ་བསགས་ཤིང་མདུན་དུ་བཞག༔ འདོད་ཡོན་ཕུང་པོར་བྱིན་གྱིས་བརླབ༔ ན་མཿསརྦའི་གཟུངས་མང་བཟླ༔ རང་ཉིད་ཁྲོ་རྒྱལ་སྤྲུལ་པ་ལས༔ གནམ་ལྕགས་སྡིག་པ་ཚྭ་ཚྭ་འཕྲོས༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་གང་༔ གནོད་བྱེད་གདོན་བགེགས་དབང་དུ་བསྡུས༔ ཟིལ་མནན་མདུན་དུ་བཀུག་པར་བསམ༔ བདེན་སྟོབས་བརྗོད་ཅིང་སྡིག་པ་བསྐུལ༔ ལྕགས་ཀྱུའི་ཕྱག་རྒྱ་བྱས་ནས་ཀྱང་༔ དྲག་པོའི་སྔགས་ཤམ་འདི་བཏགས་བཟླས༔ ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་བཛྲ་ཨངྐུ་ཤ་ཡ་ཛཿཛཿཁུག་ཅིག༔ དྲོངས་ཤིག༔ ཅེས་པ་ནད་ཚབས་སྐབས་ལྟར་བཟླ༔ ཛཿཧཱུྃ་བཾཿཧོཿའི་ཕྱག་རྒྱས་བསྡམས༔ ལག་ཏུ་རྨ་བྱའི་སྒྲོ་ཐོགས་ཏེ༔ ཉི་དཀྱིལ་ཧཱུྃ་གིས་མཚན་པ་ལས༔ འོད་ཟེར་ཚྭ་ཚྭ་ཕྲོམ་ཕྲོམ་བསམ༔ ནད་པའི་ལུས་ལ་བྱབ་པའི་ཚེ༔ སྔོན་ལས་འཕྲལ་རྐྱེན་མི་མཐུན་བགེགས༔ ནད་གདོན་བག་ཆགས་བཅས་པ་རྣམས༔ ཁབ་ལེན་རྡོ་ཡིས་ལྕགས་བླངས་ལྟར༔ འུབ་འུབ་ཆིལ་ཆིལ་བསྡུས་ནས་ཀྱང་༔ མདུན་གྱི་ཆངས་བུར་ཐིམ་པར་བསམ༔ ཨཱོཾ་ཕུ་ལེ་ཕུ་ལེ་ཕུད་ཕུད༔ ཧ་ལ་ཧ་ལ་ཕུད་ཕུད༔ ནད་གདོན་བགེགས་དང་བར་ཆད་ཐམས་ཅད་སརྦ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཞེས་བཟླས་ངར་གླུད་རེ་རེ་ལ༔ བདུན་བདུན་བྱབ་ཅིང་སྣོད་དུ་བསགས༔ བརྒྱ་རྩའི་སྟེང་ནས་ལན་རེ་སྐྱེལ༔ དྲག་པོ་སྡིག་པའི་བསྟོད་བསྐུལ་འདོན༔ ཚིག་དོན་ལྟ་བུར་དམིགས་པ་སྒྱུར༔ མཚམས་གཅོད་བསྲུང་འཁོར་དྲག་ཏུ་བསྒོམ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱི༔ དྲག་པོའི་བཀའ་ལ་ཉན་པར་བསྒོམ༔ གླུད་ཕྱིར་སྐྱེལ་དུས་འདི་སྐད་དོ༔ ཧཱུྃ༔ ཉོན་ཅིག་གདོན་དང་བགེགས་ཀྱི་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བཀྲ༔ མི་བས་གླུད་བཟང་ཁྱད་པར་འཕགས༔ སྔོན་ལས་སྒྲིབ་པ་སྦྱོང་ཕྱིར་བསྔོ༔ འཕྲལ་རྐྱེན་གནོད་པ་ཞི་ཕྱིར་བསྔོ༔ ལེ་གུ་ཆེ་གེ་འདི་ཉིད་ཀྱི༔ ལུས་ངག་ཡིད་གསུམ་ཚབ་ཏུ་སྦྱིན༔ སྦྱིན་པ་བཞིན་དུ་འདི་ཁྱེར་ལ༔ ལུས་སྲོག་བླ་ཚེའི་དོད་པོ་མཛོད༔ བསྔོས་པ་བཞིན་དུ་འདི་ལོང་ལ༔ ཁྱེད་ཅག་གནོད་སེམས་བདུག་པ་ཕྲོལ༔ གལ་སྲིད་བཀའ་ལས་འདའ་བྱེད་ན༔ དྲག་པོའི་ལས་བྱེད་ཕོ་ཉར་འགྱེད༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ སུམ་བྷ་ནི་སོགས་བརྗོད་ཅིང་ཐུན་གྱིས་བྲབ༔ ཡུགས་སའི་སྐྲ་ཤད་སྔགས་མདུད་བྱས༔ སྲིན་ལག་བཞི་ཡི་སྒོ་བསྡམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཤིང་ཡོས་ལ་ཟབ་བུ་ལུང་ནས་གདན་དྲངས་ཤིང་། ལྕགས་བྱ་ལ་རཀྴ་ཀཽ་ཊིར་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ། །


previousབྱབ་ཆོག་ནད་གདོན་ཀུན་སྦྱོང་།next