Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླུད་ཀྱི་ཆོ་ག་རྐྱེན་ངན་ཀུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགླུད་ཀྱི་ཆོ་ག་རྐྱེན་ངན་ཀུན་སེལ།next

གླུད་ཀྱི་ཆོ་ག་རྐྱེན་ངན་ཀུན་སེལ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ གླུད་ཀྱི་ཆོ་ག་རྐྱེན་ངན་ཀུན་སེལ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་སུ་སྡེ་བརྒྱད་འཚུབ༔ གདོན་བགེགས་འབྱུང་པོ་ཁ་རྒྱས་དུས༔ སྐྱེ་འགྲོ་བར་ཆད་དབང་དུ་འགྲོ༔ དེ་དུས་འགྲོ་ལ་ཕན་དོན་དུ༔ བར་ཆད་གླུད་ཀྱིས་སེལ་བའི་ཐབས༔ གླུད་བསྔོའི་ཆོ་ག་འདི་ལྟར་བྱ༔ གང་ཡང་རུང་བའི་སྡེར་སྣོད་དུ༔ ཟན་ནམ་གམ་ས་བཟང་པོ་ལ༔ རི་རབ་བང་རིམ་གསུམ་པ་བཟོ༔ གཙང་མའི་ཟན་ལ་སྨན་སྤོས་འབྲུ༔ རིན་ཆེན་སྣ་ཚོགས་ངར་བཏབ་ནས༔ སྦྱིན་བདག་ཕོ་མོ་གང་ཡིན་པའི༔ གཟུགས་བརྙན་མདའ་གང་ཁྲུ་གང་ཚད༔ ཡང་ན་མི་ཚད་མཐོ་གང་སོགས༔ གང་འབྱོར་སྐྱེ་མཆེད་དོད་པར་བཟོ༔ ཤ་མདོག་གོས་འཁྱུད་མཛེས་ཚོན་སྒྱུར༔ ལུང་ཐང་མིག་གི་ནག་ཆ་བྱ༔ མགྲོན་བུས་སོ་ཡི་དཀར་ཆ་བྱ༔ བྱི་རུས་ལྕེ་ཡི་དམར་ཆ་བྱ༔ མཆོང་གིས་སྣ་ཡི་ཀ་བ་བྱ༔ དར་དམར་རྣ་ཆོའི་གསང་ཆ་བྱ༔ ཞོ་ཤ་གསུམ་ནི་མཁལ་མ་མཆིན༔ སྙིང་དང་བཅས་པའི་ནང་རོལ་བྱ༔ དུང་ནི་རྐང་བཞིའི་རུས་པར་བཅུག༔ གསེར་གྱི་ཐིག་ལེས་བརྒལ་ཚིགས་བརྒྱན༔ དངུལ་གྱི་མགོ་ཡི་ཀླད་པ་བྱ༔ གཡུ་ཡིས་ཁ་སྤུ་སྨིན་མ་བརྒྱན༔ ཨཱོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ བང་རིམ་སྟེང་དུ་བརྟན་པར་བཞག༔ གཡས་གྱི་ཕྱག་རྒྱ་བཤགས་འདེབས་ལ༔ གཡོན་པ་གླུད་ལེན་སྙིང་གའི་ཐད༔ མར་མེ་ཆང་བུ་བཟུང་བ་ལ༔ རྐང་གཉིས་གོམ་པ་འདེབས་པའི་ཚུལ༔ ཤིན་ཏུ་ཐུ་བའི་ནད་པ་ལ༔ བླ་རྟགས་བཞོན་པ་བྱས་པ་ལ༔ གདོན་གཟུགས་སྣ་འདྲེན་བྱས་ཀྱང་རུང་༔ དེ་ཡི་མདུན་དུ་མར་མེ་བཞག༔ གཡས་སུ་ཞལ་ཟས་གཡོན་ཏིང་ལོ༔ རྒྱབ་ཏུ་ཆང་བུ་རྣམ་པ་བཞི༔ དགུ་འམ་ལྔ་གསུམ་རེ་རེ་སོགས༔ སྐབས་དང་བསྟུན་ཏེ་བསགས་པར་བྱ༔ དེ་འོག་བང་རིམ་གཉིས་པ་ལ༔ མདུན་གྱི་ཕྱོགས་སུ་དུད་འགྲོའི་རིགས༔ རྟ་མཛོ་བ་གླང་ར་ལུག་གཡག༔ གཡས་ཀྱི་ཕྱོགས་སུ་ཕོ་ཡི་ཆས༔ གོ་མཚོན་རོལ་མོ་རིགས་མཐུན་དང་༔ གཡོན་དུ་ཐགས་ཆས་ལུས་རྒྱན་སོགས༔ བུད་མེད་རྣམས་ཀྱི་མོ་ཆས་དང་༔ རྒྱབ་ཏུ་དར་ཟབ་གསེར་དངུལ་ནོར༔ ལོངས་སྤྱོད་ཁ་ཟས་ལ་སོགས་པ༔ གོང་ལྟར་སྐབས་དང་བསྟུན་ཏེ་བསགས༔ དེ་འོག་བང་རིམ་ཐ་མ་ལ༔ ལོ་སྐོར་བཅུ་གཉིས་གཟུགས་འགྲོས་བཀོད༔ གཡས་གཡོན་ཕོ་གདོང་མོ་གདོང་དང་༔ མདའ་འཕང་དག་གིས་བརྒྱན་པར་བྱ༔ མདུན་རྒྱབ་རྒྱང་བུ་ནམ་མཁའ་བཙུགས༔ རྒྱས་པར་བྱེད་ན་ཕོ་མོའི་གདོང་༔ མདའ་འཕངས་རྒྱང་བུ་ནམ་མཁའ་རྣམས༔ ལྔ་གསུམ་དགུ་སོགས་གོང་མ་ལྟར༔ བསགས་ཤིང་མཐའ་ནས་སྤེལ་མར་འཛུགས༔ ནད་པའམ་ནི་སྦྱིན་བདག་གི༔ ཆང་བུ་ལོ་གྲངས་སོགས་མཐུན་བསགས༔ བྱིན་བརླབས་གླུད་མདོས་ཆང་བུ་རྣམས༔ རང་དང་དཀྱིལ་འཁོར་རྩ་བར་བཞག༔ སྨན་གཏོར་རཀྟ་གྷ་ན་བཤམས༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་གསོ༔ ཚོགས་ཀྱི་འཁོར་ལོས་ཁ་བསྐང་ཞིང་༔ ཏིང་འཛིན་གསལ་བས་མདོས་ཡས་རྣམས༔ རཾ་ཡཾ་ཁཾ་དང་བདུད་རྩིས་སྦྲན༔ བྱིན་གྱིས་བརླབ་པ་འདི་སྐད་དོ༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨཱོཾ་སྭཱ་བྷཱ་ཝ་བྷི་ཤུདྡྷེ་སརྦ་དྷརྨ་ཏེ་བྷི་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་ཆེན་རི་རབ་གླིང་དང་བཅས་པའི་སྣོད་ཀྱི་འཇིག་རྟེན་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིན་ཆེན་སྣ་ཚོགས་བསྡུས་པའི་ཕུང་པོ་མིའི་གཟུགས་བརྙན་དུ་ཤར་བ༔ སྣང་བའི་ངོ་བོ་རྣམ་ཤེས་གསལ་བ༔ ཡིད་ཀྱི་དབང་པོ་སྒོ་ལྔ་བཀྲ་བ༔ ལུས་ཀྱི་ལང་ཚོ་དར་ལ་བབ་པ༔ བཞིན་རས་སྐྱེ་མཆེད་མཛུམ་མདངས་ལྡན་པ༔ བུ་ག་རྣམས་ལས་དྲི་བསུང་འཕྲོ་བ༔ བ་སྤུ་རྣམས་ལས་འོད་ཟེར་འབར་བ༔ སྐྲ་དང་སྨིན་མ་གཡུ་ལྟར་འཚེར་བ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་ཚང་བ་མེད་ཅིང་འདོད་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་རོལ་པ་ལ༔ སྣང་གསལ་མར་མེ༔ ཞལ་ཟས་བཤོས་བུ༔ འདོད་ཡོན་ཆངས་བུ༔ ལམ་བརྒྱགས་ཏིང་ལོ༔ རྐང་བཞི་དུད་འགྲོ༔ སྐྱེས་པ་ཕོ་ཆས༔ ཟ་མ་མོ་ཆས༔ བང་མཛོད་ནོར་རྫས༔ མདའ་བཀྲ་འཕང་བཀྲ༔ ཕོ་གདོང་མོ་གདོང་༔ ནམ་མཁའ་རྒྱང་བུ་ལ་སོགས་པ་ཐམས་ཅད་བཅུ་གཉིས་ལོའི་ནམ་ཟླ་ཞག་དུས་ཚེས་གྲངས་དུས་ཚོད་ལ་དབང་བའི་ལྷ་འདྲེའི་ཟ་ཁ་ཟུག་པའི་ཟས་སྐལ༔ བུ་ལོན་ཆགས་པའི་ནོར་སྐལ༔ ཤ་འཁོན་བརྩད་པའི་སྟོང་སྐལ༔ ཚེ་སྲོག་ཆད་པའི་སླུས་ཟས༔ དབང་ཐང་ཉམས་པའི་མཆོད་སྦྱིན༔ ན་ཚས་གཟིར་བའི་རྐྱེན་སྒྱུར༔ བསུན་མ་ཕོག་པའི་སྐུ་ཚབས༔ དུར་ཁ་ལངས་པའི་དུར་མདོས། ནད་ཁ་གཅོད་པའི་བཟློག་མདོས༔ རྐྱེན་ཁ་སྒྱུར་པའི་གླུད་མདོས༔ སྐྱ་མདའ་ཟུག་པའི་རྫོང་མདོས༔ མི་ཁ་བཟློག་པའི་བྲམ་མདོས༔ མདོར་ན་མཆོད་སྦྱིན་གྱི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་དཔལ་དང་ལྡན་པ་ཞིག་ཏུ་གྱུར༔ ཨཱོཾ་ཨཱཿཧཱུྃ༔ གསུམ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང་༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཥེ་བྷྱ༔ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁམ་གྷྲིཧྣ་ཨི་དམ་བྷ་ལིངྟཡེ་སྭཱ་ཧཱ༔ བདུན་བརྗོད༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ དཀོན་མཆོག་སྐྱབས་གྱུར་ལྷ་ཚོགས་དང་༔ ཡི་དམ་སྲུང་མ་ཕོ་ཉ་བྲན༔ དཔའ་བོ་དཔའ་མོ་དུར་ཁྲོད་བདག༔ གདོན་བགེགས་འབྱུང་པོ་ལྷ་སྲིན་ཚོགས༔ ཐམས་ཅད་མ་ལུས་སྤྱན་འདྲེན་གཤེགས༔ མྱུར་དུ་སྤྱོན་ལ་གདན་ལ་བཞུགས༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ ཅེས་བརྗོད་ཅིང་བཛྲ་ཨརྒྷཾ་སོགས་ནས་ཤཔྟའི་བར་མཆོད༔ འབྲུ་སྣ་མདོས་ནང་དུ་ཕྱོགས་བཞི་ནས་གཏོར༔ སྐྱབས་གནས་ཀྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁའ༔ ལྷ་འདྲེ་དང་གདོན་བགེགས་ཐམས་ཅད་མདུན་གྱ་ིས་གཞི་ལ་འཁོད་པར་བསམས་ཤིང་༔ ཁྱད་པར་དུའང་ནག་པོའི་ཕྱོགས་ཀྱི་གདོན་བགེགས་ལྷ་སྲིན་བཀའ་དང་དམ་ལ་མི་གནས་ཤིང་བོས་པའི་མགྲོན་ལ་མི་འོང་པ་རྣམས་ཀྱང་༔ རང་ཉིད་ཡི་དམ་དུ་གསལ་བའི་སྤྲུལ་པའི་འོད་ཟེར་ལས་ཕོ་ཉའི་ཚོགས་གྲངས་མེད་པ་འཕྲོས་ནས་རང་དབང་མེད་པར་མདུན་དུ་བཀུག་པར་བསམ་ཞིང་༔ བདེན་སྟོབས་ལན་གསུམ་བརྗོད་ཅིང་འགུགས་བསྟིམ་བྱས་ནས༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད༔ དེ་ནས་མདོས་ལ་སྨན་རཀ་སྦྲེང་༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ དེ་རིང་བཤམས་པའི་མདོས་ཆེན་འདི༔ ཕྱི་ལྟར་རི་རབ་གླིང་བཞི་རྫོགས༔ གསེར་རི་རྣམས་ཀྱང་སྤུངས་སེ་སྤུང་༔ རོལ་མཚོ་རྣམས་ཀྱང་ཀྱིལ་ལི་ལི༔ ཉི་ཟླ་རྒྱུ་སྐར་ཏ་ལ་ལ༔ གླིང་བཞི་གླིང་ཕྲན་བཀོད་རེ་ལེགས༔ རི་རབ་རིན་ཆེན་ལྷུན་རེ་སྡུག༔ རྩི་ཤིང་ནགས་ཚལ་དཔུང་རེ་འཐུག༔ ནང་ལྟར་ལྷ་མིའི་ལོངས་སྤྱོད་ཚང་༔ ཞལ་ཟས་བཤོས་བུ་སྤུངས་སེ་སྤུང་༔ སྣང་གསལ་མར་མེ་ཏ་ལ་ལ༔ ཏིང་ལོ་ཟས་མཆོག་ཉི་ལི་ལི༔ འདོད་ཡོན་ཆང་བུ་ཚུབས་སེ་ཚུབ༔ རྐང་བཞི་དུད་འགྲོས་ས་གཞི་གང་༔ འབའ་འཚེར་ངུར་སྐད་དི་རི་རི༔ ཕོ་ཆས་གོ་ཁྲབ་རྫ་ལྟར་ལུད༔ ཐམས་ཅད་བཀྲག་མདངས་ལམས་སེ་ལམ༔ ཟ་མ་མོ་ཆས་གངས་ལྟར་སྙིལ༔ ཐམས་ཅད་འོད་དུ་ཙེ་རེ་རེ༔ བང་མཛོད་ནོར་སྣ་རི་ལྟར་སྤུངས༔ ཐམས་ཅད་འདོད་དགུ་ཉི་ལི་ལི༔ བཅུ་གཉིས་ལོ་ཡི་གཟུགས་བརྙན་རྣམས༔ བཀྲག་དང་གཟི་མདངས་ཀྱི་ལི་ལི༔ མདའ་བཀྲ་རྣམས་ཀྱང་ཤ་ར་ར༔ འཕང་བཀྲ་རྣམས་ཀྱང་སི་ལི་ལི༔ རྒྱང་བུ་རྣམས་ཀྱང་ཧྲོངས་སེ་ཧྲོང་༔ ནམ་མཁའ་རྣམས་ཀྱང་སྐད་དེ་སྐད༔ ཕོ་གདོང་རྣམས་ཀྱང་ཚོམས་སེ་ཚོམ༔ མོ་གདོང་རྣམས་ཀྱང་ལྡེམས་སེ་ལྡེམ༔ འབྲུ་སྣ་རྣམས་ཀྱང་ཉིལ་ལི་ལི༔ སྨན་སྣ་རྣམས་ཀྱང་ཐོར་རོ་རོ༔ དར་སྣ་རྣམས་ཀྱང་པུ་རུ་རུ༔ གསང་བ་རྒྱུ་སྦྱོར་ཆེ་གེ་ཡི༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་༔ སྐུ་ལུས་དར་ཟབ་ན་གཟའ་གསོལ༔ འཇའ་ཚོན་ཆ་ག་ཏ་ལ་ལ༔ ཞབས་ལ་ཕྱགས་ལྷམ་དཀར་པོ་གསོལ༔ གོམ་བཟང་འགྲོ་འདུར་ལྡེམས་སེ་ལྡེམ༔ སྐ་རགས་འཇའ་ཚོན་རྣམ་ལྔས་བྱས༔ འོད་དང་འོད་ཟེར་ཀྱི་ལི་ལི༔ ཕྱག་གཡས་ཤགས་འདེབས་ཕྱག་རྒྱ་ཡིས༔ བདེན་རྫུན་དྲང་ཤན་སོ་སོར་ཕྱེ༔ ཕྱག་གཡོན་གླུད་ལེན་མར་མེ་བསྣམས༔ མི་ཡི་གླུད་དུ་འགྲོ་བའི་རྟགས༔ རུས་བཞི་དུང་གི་རྐང་ལས་གྲུབ༔ ཕ་ཚན་སྐྱེས་པ་ཕོ་ཡི་གླུད༔ ཤ་ཁྲག་རྩ་སྦུབས་ནང་རོལ་རྣམས༔ གསེར་དངུལ་རིན་ཆེན་སྨན་ལས་གྲུབ༔ མ་ཚན་ཟ་མ་མོ་ཡི་གླུད༔ རྒལ་ཚིགས་གསེར་གྱི་དོང་ཙེས་བརྒྱན༔ འབྱུང་བཞི་འདུས་པ་དབུ་མའི་གླུད༔ རིན་ཆེན་དངུལ་གྱི་ཀླད་པ་བྱས༔ བྱང་ཆུབ་བདེ་བ་ཁམས་ཀྱི་གླུད༔ སྤྱན་མིག་ལུང་ཐང་སྨུག་པོར་བྱས༔ ཁམས་གསུམ་ཐམས་ཅད་གསལ་ལེར་གཟིགས༔ ལྟ་བར་བྱེད་པ་མིག་གི་གླུད༔ སྙན་ནི་ལེ་བརྒན་དར་ལས་བྱས༔ སྒྲ་སྐད་ཐམས་ཅད་སངས་སེ་སང་༔ ཉན་པར་བྱེད་པ་རྣ་བའི་གླུད༔ ཤངས་ནི་རིན་ཆེན་འཆོང་ལས་བྱས༔ དྲི་བསུང་སྤོས་ངད་ཐུ་ལུ་ལུ༔ སྣོམ་པར་བྱེད་པ་སྣ་ཡི་གླུད༔ ཚེམས་ནི་རིན་ཆེན་མགྲོན་བུར་བྱས༔ དུང་སོ་སུམ་ཅུ་ཁྲིགས་སེ་ཁྲིག༔ བཟའ་བར་བྱེད་པ་སོ་ཡི་གླུད༔ ལྗགས་ནི་རིན་ཆེན་བྱི་རུར་བྱས༔ སྒྲ་སྐད་གླུ་ལེན་ཀྱུར་རུ་རུ༔ སྨྲ་བར་བྱེད་པ་ལྕེ་ཡི་གླུད༔ ཙིཏྟ་སྨན་མཆོག་ཞོ་ཤར་བྱས༔ བདེ་སྟོང་རང་རིག་ཏ་ལ་ལ༔ བསམ་པར་བྱེད་པ་སེམས་ཀྱི་གླུད༔ སྨ་ར་སྨིན་མ་གཡུ་ལས་བྱས༔ འོད་ཀྱི་ཟེར་མདངས་ཁྱུགས་སེ་ཁྱུག༔ བ་སྤུ་ཉི་ཁྲི་ཆིག་སྟོང་གླུད༔ གླུད་ཀྱི་དབུ་ལ་ཞྭ་ཅིག་བསྣམས༔ སྐུ་ཡི་གླུད་དུ་གཤེགས་པའི་རྟགས༔ གླུད་ཀྱི་ཕྱག་ན་ཆངས་བུ་བསྣམས༔ གསུང་གི་གླུད་དུ་གཤེགས་པའི་རྟགས༔ གླུད་ཀྱི་ཐུགས་ཀར་མར་མེ་ཐོགས༔ ཐུགས་ཀྱི་གླུད་དུ་འགྲོ་བའི་རྟགས༔ གླུད་གྱི་ཞབས་ལ་ལྷམ་ཞིག་གསོལ༔ ཡོན་ཏན་གླུད་དུ་འགྲོ་བའི་རྟགས༔ གླུད་ཀྱི་ཞབས་ལ་བཞོན་པ་ཡོད༔ ཕྲིན་ལས་གླུད་དུ་འགྲོ་བའི་རྟགས༔ ཀྱེ་ཡ་མཚན་བརྒྱད་ལྡན་གླུད་རབ་འདི༔ དེ་རིང་སྐྱབས་གནས་རྣམས་ལ་འབུལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ཕྲིན་ལས་སྒྲུབ་ལ་བར་ཆད་སོལ༔ ཅེས་བརྗོད་པས་སྐྱབས་གནས་རྣམས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་བའི་གླུད་མཆོད་དེ་དགྱེས་པ་ཆེན་པོའི་མདངས་ཀྱིས་བཞེས་པས་རྒྱུ་སྦྱོར་སྦྱིན་པའི་བདག་པོས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ༔ སྐུ་གསུང་ཐུགས་ལས་ཨཱོཾཿཨཱ༔ ཧཱུྃ་གསུམ་གྱི་ཡིག་འབྲུ་ཆར་ཆེན་པོ་བབས་པ་ལྟར་འོད་ཟེར་གྱི་རྣམ་པར་སིབ་སིབ་མདོས་ལ་ཐིམ་པས་ཟག་བཅས་ཀྱི་གླུད་ལ་ཟག་མེད་ཀྱི་འདོད་ཡོན་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁྱབ་པར་འཕྲོ་ནུས་པའི་ཡོན་ཏན་དང་ལྡན་པས་གདོན་བགེགས་འབྱུང་པོ་ཐམས་ཅད་རང་དབང་མེད་པར་ཤེས་རྒྱུད་ཚིམ་ནུས་པ་ཞིག་ཏུ་བསམས་ཤིང་འདི་སྐད་དོ༔ ཀྱེ༔ ཉོན་ཅིག་ལྷ་སྲིན་སྡེ་བརྒྱད་རྣམས༔ གསོན་ཅིག་གདོན་བགེགས་འབྱུང་པོའི་ཚོགས༔ ལྷའམ་འོན་ཏེ་གནོད་པའི་འདྲེ༔ ཕོ་གདོན་མོ་གདོན་བྱིས་པའི་གདོན༔ ཁྱེད་རྣམས་ཐམས་ཅད་ཚུར་ཉོན་དང་༔ གདོན་བགེགས་ཁྱོད་དང་གདོན་ཡུལ་དང་༔ ང་དང་སངས་རྒྱས་བཅོམ་ལྡན་འདས༔ ཐམས་ཅད་མ་ལུས་གཞི་གཅིག་ཀྱང་༔ ཁྱེད་རྣམས་ལས་ངན་དབང་གིས་ཁྱེར༔ ཡིད་ལུས་དངོས་མེད་དངོས་པོར་ཞེན༔ ཉོན་མོངས་དུག་ལྔ་འབར་ཞིང་འཕྱོ༔ མཁའ་ལ་རྒྱུ་ཞིང་སྟོང་གསུམ་བསྐོར༔ ནད་མཚོན་མུ་གེའི་ཆར་པ་འབེབས༔ དུག་དང་ནད་ཀྱི་རླངས་པ་འཐུལ༔ སྐྱེ་འགྲོའི་སྲོག་དབུགས་ཟས་སུ་ཟ༔ ཁྱེད་རྣམས་སྔོན་ཚེ་མང་པོ་ནས༔ ལས་ངན་དབང་གིས་འདྲེ་རུ་སྐྱེས༔ རྣམ་སྨིན་སྡིག་ལྟུང་དཔག་མེད་བསགས༔ རྣམ་པར་སྨིན་པ་བཅོས་དཀའ་བས༔ རང་ལ་སྡིག་ཅིང་དམྱལ་བར་འཚོད༔ དེ་ཕྱིར་གདུག་སེམས་དེ་རིང་སྤོངས༔ བྱང་ཆུབ་སེམས་དང་ལྡན་པའི་ངང་༔ དུས་གསུམ་སངས་རྒྱས་བཀའ་མ་གཅོག༔ རྡོ་རྗེ་ཅན་གྱི་དམ་མ་བཀྲལ༔ ཧེ་རུ་ཀཿདཔལ་སུན་མ་ཕྱུང་༔ དབང་ཆེན་འབར་བའི་བཀའ་ལ་ཉོན༔ ཀྱེ་ལྷའམ་འོན་ཏེ་གནོད་པའི་གདོན༔ ཐམས་ཅད་ཐམས་ཅད་ཚུར་ཉོན་དང་༔ དེ་རིང་མདུན་གྱི་གླུད་མདོས་འདི༔ རྒྱུ་རྐྱེན་ཡོ་བྱད་ཕུན་སུམ་ཚོགས༔ སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས༔ དབང་ཆེན་པདྨ་ཧེ་རུ་ཀས༔ གླུད་དུ་རྫོངས་ཞེས་ལུང་ཡང་བསྟན༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ སྐུ་གསུང་ཐུགས་ཀྱི་དབང་རྣམས་བསྐུར༔ བསྔོས་པ་ཙམ་གྱིས་ཁྱེད་རྣམས་ལ༔ འདོད་ཡོན་ལྔ་ཡི་ཆར་པ་འབབས༔ བྱིན་པ་ཙམ་གྱིས་ཁྱེད་རྣམས་ལ༔ མཁོ་དགུའི་ལོངས་སྤྱོད་དཔལ་དང་ལྡན༔ རོལ་པ་ཙམ་གྱིས་ཁྱེད་རྣམས་ལ༔ དགའ་བདེའི་ཡེ་ཤེས་རྒྱུད་ལ་སྐྱེ༔ ཏིང་འཛིན་ཟས་མཆོག་བདུད་རྩིས་ཚིམ༔ དེ་ཕྱིར་མི་བས་གླུད་འདི་བཟང་༔ སྲོག་བཅད་པ་ཡི་རྣམ་སྨིན་མེད༔ རྣམ་པར་འཚེ་བའི་ཉེས་པ་མེད༔ ཤ་ཁྲག་ཟོས་པའི་ལན་ཆགས་བྲལ༔ དེ་ཕྱིར་གླུད་བཟང་འདི་ལོངས་ཤིག༔ དེ་ཕྱིར་གླུད་བཟང་འདི་ཁྱེར་ཅིག༔ དེ་ཕྱིར་གླུད་བཟང་འདི་རོལ་ཅིག༔ སྐུ་ལ་དར་ཟབ་ན་བཟའ་གསོལ༔ ཡོན་བདག་འདི་ཡི་གླུད་དུ་འབུལ༔ སྐ་རགས་འཇའ་ཚོན་རྣམ་ལྔ་གསོལ༔ ཡོན་བདག་འདི་ཡི་གླུད་དུ་འབུལ༔ རུས་གཞི་དུང་ལས་བྱས་པ་འདི༔ ཡོན་བདག༴ ཤ་ཁྲག་སྨན་སྤོས་རིན་ཆེན་ལྔ༔ ཡོན་བདག༴ སྒལ་ཚིགས་རྣམས་ཀྱང་གསེར་ལས་གྲུབ༔ ཡོན་བདག༴ ཀླད་པ་རིན་ཆེ་དངུལ་ལས་བྱས༔ ཡོན་བདག༴ སྤྱན་ནི་ལུང་ཐང་སྨུག་པོར་བྱས༔ ཡོན་བདག༴ སྙན་ནི་ལེ་བརྒན་དར་ལས་བྱས༔ ཡོན་བདག༴ ཤངས་ནི་རིན་ཆེན་འཆོང་ལས་བྱས༔ ཡོན་བདག༴ ཚེམས་ནི་དུང་སོ་མགྲོན་བུའི་ཚེམས༔ ཡོན་བདག༴ ལྗགས་ནི་རིན་ཆེན་བྱི་རུར་བྱས༔ ཡོན་བདག༴ སྨ་ར་སྨིན་མ་གཡུ་ལས་བྱས༔ ཡོན་བདག༴ སྙིང་ནི་ཞོ་ཤ་སྨན་གྱི་སྙིང་༔ ཡོན་བདག༴ ཞབས་ལ་ཕྱགས་ལྷམ་མཛེས་པར་གསོལ༔ ཡོན་བདག༔ ཞོན་པ་དུད་འགྲོ་ལང་ཚོ་དར༔ ཡོན་བདག༴ ཕྱག་ན་མར་མེ་ཆང་བུ་བསྣམས༔ ཡོན་བདག༴ སྣང་གསལ་མར་མེ་ཏ་ལ་ལ༔ ཡོན་བདག༴ ཞལ་ཟས་བཤོས་བུ་སྤུངས་སེ་སྤུང་༔ ཡོན་བདག༴ ཏིང་ལོའི་ཁ་ཟས་ཉི་ལི་ལི༔ ཡོན་བདག༴ འདོད་ཡོན་ཆང་བུ་ཚུབས་སེ་ཚུབ༔ ཡོན་བདག༴ རྐང་བཞི་དུད་འགྲོས་ས་གཞི་གང་༔ ཡོན་བདག༴ སྐྱེས་པ་ཕོ་ཆས་རྫ་ལྟར་ལུད༔ ཡོན་བདག༴ ཟ་མ་མོ་ཆས་གངས་ལྟར་སྙིལ༔ ཡོན་བདག༴ བང་མཛོད་ནོར་སྣ་རི་ལྟར་སྤུངས༔ ཡོན་བདག༴ མདའ་བཀྲ་རྣམས་ཀྱང་ཤ་ར་ར༔ ཡོན་བདག༴ འཕང་བཀྲ་རྣམས་ཀྱང་སི་ལི་ལི༔ ཡོན་བདག༴ རྒྱང་བུ་རྣམས་ཀྱང་རྒྱངས་སེ་རྒྱང་༔ ཡོན་བདག༴ ནམ་མཁའ་རྣམས་ཀྱང་སྐད་དེ་སྐད༔ ཡོན་བདག༴ ཕོ་གདོང་རྣམས་ཀྱང་ཤ་ར་ར༔ ཡོན་བདག༴ མོ་གདོང་རྣམས་ཀྱང་ལྡེམས་སེ་ལྡེམ༔ ཡོན་བདག༴ འབྲུ་སྣ་རྣམས་ཀྱང་ཉིལ་ལི་ལི༔ ཡོན་བདག༴ དར་ཚོན་རྣམ་ལྔ་པུར་རུ་རུ༔ ཡོན་བདག༴ རི་རབ་གླིང་བཞི་ཀྱིལ་ལི་ལི༔ ཡོན་བདག༴ གསེར་རི་རོལ་མཚོ་སྤུངས་སེ་སྤུང་༔ ཡོན་བདག༴ ཉི་ཟླ་གཟའ་སྐར་ཏ་ལ་ལ༔ ཡོན་བདག༴ དཔག་བསམ་ཤིང་ཏོག་ཉིལ་ལི་ལི༔ ཡོན་བདག༴ འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་༔ ཡོན་བདག༴ ཅེས་བརྗོད་ཅིང་ཆེ་གེའི་ལོ་གྲངས་དགུ་འགྱུར་གྱི་ཆང་བུ་འམ་ལྔ་གསུམ་གཅིག་བདུན་སོགས་ཀྱི་གཞུང་དང་མཐུན་པར་གོང་ནས་བསགས་པའི་ཆངས་བུ་རྣམས་གཏོར་སྟེགས་སུ་བཤམས་ཤིང་རིམ་གྱིས་བྱིན་གྱིས་བརླབས་ནས༔ ཆུ་དཀར་གྱིས་སྦྲན་ཞིང་དེ་བཞིན་གཤེགས་པ་བཞིའི་མཚན་དང་ན་མ༔ སརྦ་ཏ་ཐཱ་ག་ཏའི་སྔགས་གསུམ་བདུན་ལྔ་སོགས་གང་རུང་གིས་མདོས་ལ་འབུལ༔ འབྱུང་བཞིའི་གཏོར་མ་ཅི་མང་གཏོང་ཞིང་མདོས་ལ་འབུལ༔ སྦྱིན་བདག་ལ་རྣམ་འཇོམས་ཀྱི་གཟུངས་ཁྲུས་བྱ་ཞིང་ཁྲུས་ཆུ་མདོས་ལ་འབུལ༔ དེ་ནས་གསེར་སྐྱེམས་མཆོད༔ མདོས་ཞལ་བསྒྱུར་སྨན་རཀ་གིས་སྦྲན་ཏེ་འདི་སྐད་དོ༔ ཧཱུྃ༔ དཀར་གྱི་གཏོར་མ་རི་ལྟར་སྤུངས༔ བདུད་རྩི་ཆང་ནི་མཚོ་ལྟར་བསྐྱིལ༔ རིན་ཆེན་རྣམ་ལྔ་ངར་དུ་བཏབ༔ དམ་རྫས་གསེར་སྐྱེམས་མཆོད་པ་འདི༔ མཐོ་བ་གནམ་དང་དམའ་བ་ས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི༔ ལྷ་ཀླུ་ས་བདག་ཕྱོགས་སྐྱོང་དང་༔ ཡུལ་ལྷ་གཞི་བདག་རྣམས་ལ་འབུལ༔ མཆོད་པ་དམ་པ་འདི་བཞེས་ལ༔ གླུད་མདོས་འདི་ཡི་ལམ་ཕྱེ་ཞིག༔ སྐག་མདོས་འདི་ཡི་སྣ་དྲོངས་ཤིག༔ བར་ཆད་རྐྱེན་དང་མི་མཐུན་ཟློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཀྱེ་ཉོན་ཅིག་གདོན་བགེགས་ལན་ཆགས་རྣམས༔ གསོན་ཅིག་ཡས་དང་གླུད་ཀྱི་བདག༔ གླུད་ཆེན་མདོས་ཡས་སྣ་ཚོགས་འདིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ལོ་བདུད་ཤར་བའི་ལོ་སྐག་སྒྱུར༔ ཟླ་བདུད་བབས་པའི་ཟླ་སྐག་སྒྱུར༔ ཞག་ཚེས་ཚང་བའི་ཞག་སྐག་སྒྱུར༔ སྤར་ཁའི་ཁམས་ཀྱི་སྐྱ་མདའ་སྒྱུར༔ སྨེ་བའི་ཁམས་ཀྱི་དུར་ཁ་སྒྱུར༔ ཡམས་ཁ་ཟུགས་པའི་ནད་རིམས་སྒྱུར༔ ཟ་ཁ་ཟུགས་པའི་གཤེད་རྣམས་སྒྱུར༔ རྦོད་གཏོང་བྱུང་བའི་བར་ཆད་སྒྱུར༔ ཚེ་ལ་བརྐུ་བའི་བགེགས་རྣམས་སྒྱུར༔ སྲོག་ལ་འཇབས་པའི་གདོན་རྣམས་སྒྱུར༔ བླ་ལ་འཁྱེར་བའི་འདྲེ་རྣམས་སྒྱུར༔ ཀྱེ་མི་ལུས་སྟག་དང་ཡོས་བུའི་མགོ༔ སྟག་ཡོས་ལོ་པའི་གླུད་དུ་གཏོང་༔ མི་ལུས་རྟ་དང་སྦྲུལ་གྱི་མགོ༔ རྟ་སྦྲུལ་ལོ་བའི་གླུད་དུ་གཏོང་༔ མི་ལུས་བྱ་དང་སྤྲེལ་གྱི་མགོ༔ བྱ་སྤྲེལ་ལོ་པའི་གླུད་དུ་གཏོང་༔ མི་ལུས་བྱི་བ་ཕག་གི་མགོ༔ བྱི་ཕག་ལོ་པའི་གླུད་དུ་གཏོང་༔ མི་ལུས་ལུག་དང་གླང་གི་མགོ༔ གླང་ལུག་ལོ་པའི་གླུད་དུ་གཏོང་༔ མི་ལུས་འབྲུག་དང་ཁྱི་ཡི་མགོ༔ ཁྱི་འབྲུག་ལོ་པའི་གླུད་དུ་འབུལ༔ བཅུ་གཉིས་ལོ་ཡི་དགྲར་ཤར་བའི༔ ལོ་སྐག་ཐམས་ཅད་དེ་རིང་སྒྱུར༔ ཟླ་སྐག་ཐམས༴ ཞག་སྐག་ཐམས༴ ཟ་མའི་སྐག་རྣམས་དེ་རིང་སྒྱུར༔ བྱི་ཕག་ལོ་ལ་གནོད་པ་ཡི༔ ས་ཆུ་གཉིས་ཀྱི་དགྲ་གཤེད་སྒྱུར༔ རྟ་སྤྲུལ་ལོ་ལ་གནོད་པ་ཡི༔ མེ་ཆུ་གཉིས་ཀྱི་དགྲ་གཤེད༴ བྱ་སྤྲེལ་ལོ་ལ་གནོད་པ་ཡི༔ མེ་དང་ལྕགས་ཀྱི་དགྲ༴ སྟག་ཡོས་ལོ་ལ་གནོད་པ་ཡི༔ ཤིང་ལྕགས་གཉིས་ཀྱི་དགྲ༴ མཚམས་བཞིའི་ལོ་ལ་གནོད་པ་ཡི༔ ས་ཤིང་གཉིས་ཀྱི་དགྲ༴ བྱི་རྟ་གཉིས་ཀྱི་རུ་གཅོད་ཟློག༔ གླང་ལུག་གཉིས་ཀྱི་འཕུང་གྱོད་ཟློག༔ བྱ་ཡོས་གཉིས་ཀྱི་དགྲ་གཤེད་ཟློག༔ ཕག་སྦྲུལ་གཉིས་ཀྱི་སྣ་ཐུག་ཟློག༔ སྟག་སྤྲེལ་གཉིས་ཀྱི་བདུན་ཟུར་ཟློག༔ ཁྱི་འབྲུག་གཉིས་ཀྱི་ཐོག་བརྫིས་ཟློག༔ སྟག་རྟ་ཁྱི་གསུམ་མཐུན་སྐག་ཟློག༔ བྱ་གླང་སྦྲུལ་གསུམ་མཐུན་སྐག་ཟློག༔ བྱི་འབྲུག་སྤྲེལ་གསུམ་མཐུན་སྐག་ཟློག༔ ཕག་ལུག་ཡོས་གསུམ་མཐུན་སྐག་ཟློག༔ ཀྱེ་གཞན་ཡང་མདོས་ཡས་ཆེན་པོ་འདིས༔ ཆགས་ཆེ་ཉམ་ང་ཐམས་ཅད་ཟློག༔ ལྷ་ཡི་བཀའ་ཆད་བབས་པ་ཟློག༔ ལྷ་ཡི་ཡུལ་གྱི་བསུན་མ་སྒྱུར༔ བདུད་ཀྱིས་ཞགས་པ་བཏབ་པ་ཟློག༔ བདུད་གྱི་ཡུལ་གྱི༴ སྲིན་པོའི་ཟ་ཁ་བབས་པ་ཟློག༔ སྲིན་པོའི་ཡུལ་གྱི༴ རྒྱལ་པོའི་འོད་དཀར་འཕེན་པ་ཟློག༔ རྒྱལ་འགོང་རྣམས་ཀྱི༴ གཤིན་རྗེའི་འཁྲུལ་འཁོར་བྱུང་བ་ཟློག༔ གཤིན་རྗེ་རྣམས་ཀྱི༴ མ་མོའི་དལ་ཡམས་བབས་པ་ཟློག༔ མ་མོ་རྣམས་ཀྱི༴ བཙན་གྱི་ཇག་པ་གཏོང་བ་ཟློག༔ བཙན་གྱི་ཡུལ་གྱི༴ གནོད་སྦྱིན་གདུག་རྩུབ་བྱེད་པ་ཟློག༔ གནོད་སྦྱིན་ཡུལ་གྱི༴ ཐེའུ་རང་ཚེ་ལ་བརྐུ་བ་ཟློག༔ ཐེའུ་རང་ཡུལ་གྱི་བསུན༴ མ་ཡམས་རྣམས་ཀྱི་ལྟས་ངན་ཟློག༔ མ་ཡམས་ཡུལ་གྱི༴ མུ་སྟེགས་རྣམས་ཀྱི་ངན་སྔགས་ཟློག༔ ཕྲ་མེན་མཁའ་འགྲོའི༴ ཁྲོ་བོ་ཆེན་པོའི་ནུས་པ་ཟློག༔ དུར་ཁྲོད་མཁའ་འགྲོའི༴ ཧེ་རུ་ཀ་ཡིགཟི་བརྗིད་ཟློག༔ འཇིག་རྟེན་མཁའ་འགྲོའི་བསུན་མ་སྒྱུར༔ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༔ དབྱིངས་ཀྱི་མཁའ་འགྲོའི༴ དེ་ནས་མི་ཁའི་རྫས་རྣམས་མདོས་ལ་འཐོར་ཞིང་༔ ཀྱེ༔ གཞན་ཡང་མདོས་ཡས་ཆེན་པོ་འདིས༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་མཛོད༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ བརྒྱ་ཡི་མི་ཁ་ཐམས་ཅད་ཟློག༔ སྟོང་གི་སྨྲ་མཆུ་ཟུག་པ་ཟློག༔ སྐྱེས་པ་ཕོ་བརྒྱའི་མདའ་གྲལ་ནས༔ མི་ཁ་མདའ་ལྟར་འཕེན་པ་ཟློག༔ ཟ་མ་མོ་བརྒྱའི་འཕང་གྲལ་ནས༔ མི་ཁ་དྲུག་ལྟར་སྒོང་བ་ཟློག༔ རྒྱལ་ཁམས་འགྲིམ་པའི་ལམ་སྲང་ནས༔ མི་ཁ་ཐང་ལྟར་བརྡལ་བ་ཟློག༔ ཁྲིམས་ལྡན་བཙུན་པའི་ཆོས་གྲལ་ནས༔ མི་ཁ་ཆོས་ལྟར་བཤད་པ་ཟློག༔ གཡུང་དྲུང་བོན་གྱི་ཚོགས་ཁང་ནས༔ མི་ཁ་བོན་ལྟར་གྱེར་བ་ཟློག༔ མི་ཁ་ཆུ་བོའི་གཞུང་ལ་ཟློག༔ ཉ་མོ་རྔ་འཛིངས་སྟེང་ལ་སྒྱུར༔ མི་ཁ་རི་བོའི་རྩེ་ལ་ཟློག༔ ཤ་ཕོ་རྭ་འཐབ་སྟེང་ལ་སྒྱུར༔ མི་ཁ་ལུང་གསུམ་མདོ་ལ་ཟློག༔ ཡུ་མོ་སྒྱིད་བརླས་སྟེང་ལ་སྒྱུར༔ མི་ཁ་ནམ་མཁའི་མཐོངས་ལ་ཟློག༔ སྲིན་བྱ་སྡེར་འཛིང་དེ་ལ་སྒྱུར༔ དེ་ནས་མདོས་བཏེག་ཅིང་འདྲེ་ལྔ་བདུད་གཅོད་ཀྱི་སྟེང་དུ་སྐྱེལ་ཏེ༔ གླུད་རྫོང་གཞན་ལྟར་བྱ་ཞིང་༔ རང་ཉིད་ཡི་དམ་དབང་ཆེན་དུ་བསྒོམས་པའི་ཏིང་འཛིན་དྲག་ཏུ་བསྐྱེད་དེ༔ གཏོར་ཟོར་བརྡེག་ཅིང་མཚམས་གཅོད་དྲག་ཏུ་བྱ༔ བསྲུང་བའི་འཁོར་ལོ་བསྒོམ་ཞིང་སྦྱིན་བདག་ལ་ཤིས་བརྗོད་མེ་ཏོག་འཐོར༔ ལས་ཀྱི་ཤུལ་མི་མངོན་པར་བྱ་ཞིང་རྫོགས་རིམ་བློ་འདས་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཕྲིན་ལས་ཁ་སྐོང་དུ༔ གླུད་ཀྱི་ཆོ་ག་འདི་བརྩམས་ན༔ བར་ཆད་ཞི་ཞིང་རྐྱེན་ལས་འགྲོལ༔ ནད་གདོན་ཐམས་ཅད་རང་སར་ཞི༔ སྔོན་གྱི་ལས་ཀྱང་འགྱུར་སྲིད་ན༔ འཕྲལ་གྱི་རྐྱེན་ལ་སྨོས་ཅི་དགོས༔ དེ་ཕྱིར་ཉམས་སུ་ལོངས་ཤིག་རྒྱ༔ མ་འོངས་འགྲོ་ལ་ཕན་ཐོགས་ཤོག༔ ཅེས་པའི་གླུད་ཀྱི་ཆོག་གཞུང་འདི་ཡང་སློབ་དཔོན་ཆེན་པོའི་གསུང་བཞིན་ཁོ་མོས་ཤོག་སེར་ལ་བཏབ་ཏེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཟབ་བུ་ལུང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོཿ མངྒ་ལཾ།། །།


previousགླུད་ཀྱི་ཆོ་ག་རྐྱེན་ངན་ཀུན་སེལ།next