Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་པོ་ཁྲོས་པའི་ཧོམ་སྐྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲག་པོ་ཁྲོས་པའི་ཧོམ་སྐྱེད།next

དྲག་པོ་ཁྲོས་པའི་ཧོམ་སྐྱེད།

དྲག་པོ་ཁྲོས་པའི་ཧོམ་སྐྱེད་རིག་འཛིན་པས་སྦྱར་བ་བཞུགས། དྲག་པོ་ཆེན་པོ་ཁྲོས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དབང་དྲག་ཁྲོས་པའི་གཏོར་བཟློག་གི་སྐབས་སུ་ཧོམ་བསྐྱེད་པའི་རིམ་པ་ནི། ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏི་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས། བདག་ཉིད་སྐད་ཅིག་གི་དྲེགས་པ་ཉི་ཟླ་པདྨ་འབར་བའི་གདན་གྱི་སྟེང་དུ། སེམས་ཉིད་ཀྱི་ངོ་བོ་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་ཡི་གེ་ཧཱུྃ་སྨུག་ནག་གིས་མཚན་པ་ལས་འོད་ཟེར་འཕྲོས། དགྲ་བགེགས་གནོད་བྱེད་ཐམས་ཅད་ཚར་བཅད། དུས་བཞིའི་ཁྲོ་བོ་དང་ཁྲོ་མོ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་བསྡུས། རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ་པ་ལས། བདག་ཉིད་སྐད་ཅིག་གིས་འཇིགས་བྱེད་པདྨ་དྲག་པོ་རབ་ཏུ་ཁྲོས་པའི་སྐུ། དབུ་དགུ་ཕྱག་བཅོད་བརྒྱད་ཞབས་བརྒྱད་བརྐྱང་བསྐུམ་དོར་སྟབས་སུ་བགྲད་པ། གཡས་གསུམ་ཁྲོ་འཛུམ་དཀར་བའི་ཞལ་གྱིས་སྟེང་གི་ལྷ་རྣམས་འདུལ་བར་བྱེད་པ། གཡོན་གསུམ་སྔོན་པོ་ཁྲོས་པའི་ཞལ་གྱིས་འོག་གི་ཀླུ་རྣམས་ཟིལ་གྱིས་གནོན་པ། དབུས་གསུམ་དམར་ནག་རྔམ་བརྗིད་དུ་འབར་བས་སྡེ་བརྒྱད་དང་སྲིན་པོ་རྡུལ་དུ་བརླག་པ། གཡས་དགུས་གྲི་གུག་རྡོ་རྗེ་རལ་གྲི་མེ་དཔུང་རླུང་ནག་རཀྟའི་རྒྱ་མཚོ་རི་རབ་ལྕགས་ཀྱུ་ཞགས་པ་བསྣམས་པ། གཡོན་དགུས་ཐོད་ཁྲག་ཉི་མ་ཟླ་བ་རྩེ་གསུམ་ཐོང་གཤོལ་རྔེའུ་ཆུང་དྲིལ་བུ་ལྕགས་སྒྲོག་སྡིག་པ་འཛིན་པ། དབུ་སྐྲ་ཁམ་ནག་གྱེན་ལ་སྒྲེང་ཞིང་ཁྲོས་པའི་སྤྱན་དང་ལྡན་པ། སྨ་ར་སྨིན་མ་མེ་འོད་དུ་འབར་བ། ཐོད་སྐམ་དབང་གི་རྩེ་བྲན་གྱིས་སྤྲས་ཤིང་། གསེར་གྱི་རྡོ་རྗེའི་གོ་ཁྲབ་གསོལ་བ། རྡོ་རྗེ་དང་རིན་པོ་ཆེ་ཡི་གཤོག་པ་གདེང་བ། དུར་ཁྲོད་འཇིགས་པའི་ཆས་བརྒྱད་ཀྱིས་བརྒྱན་ཞིང་། མེ་རི་སྨུག་ནག་དུས་མཐའི་མེ་ལྟར་འབར་ཞིང་འཚེག་པའི་ཀློང་དཀྱིལ་དུ་བཞུགས་པའི་པང་དུ། ཡུམ་ཆེན་མོ་ཕག་གདོང་ནག་མོ་ཟུང་འཇུག་ཏུ་འཁྲིལ་ཞིང་བརྐྱང་བསྐུམ་གྱི་གར་དང་གྲི་ཐོད་ཀྱི་ཕྱག་རྒྱར་ལྡན་པ། སྤྱན་གསུམ་བགྲད་ཅིང་ཕག་ཞལ་གྱི་སྒྲ་ཆེན་སྒྲོག་པས་ཁམས་གསུམ་དབང་དུ་སྡུད་པ། དབུ་སྐྲ་གྲོལ་ཞིང་རུས་རྒྱན་སྲོག་ཞུ་དང་ལྡན་པ་ལ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཞིང་ཡབ་ཡུམ་གཟི་བརྗིད་དང་ལྡན་པའི་སྤྱི་བོར་རིགས་ཀྱི་བདག་པོ་ལ་བརྒྱུད་ལྡན་གྱི་བླ་མས་བསྐོར་བ། དཔྲལ་བར་འཇམ་དཔལ་གཤིན་རྗེ། མགྲིན་པར་དབང་ཆེན་རྟ་མགྲིན། ཐུགས་ཀར་ཕྱག་ན་རྡོ་རྗེ། ལྟེ་བར་མཁའ་འགྲོ་སྡེ་ལྔ། གསང་གནས་སུ་ཡཀྴ་མེ་དབལ། སྤྲུལ་པའི་བྱ་ཁྱུང་འབར་བ་དྲག་པོ་རིགས་བཞི་ཡབ་ཡུམ། ཁྲག་འཐུང་གི་ཁྲོ་བོ་བཅུ། །ཕྲ་མེན་གྱི་སྒོ་མ་བཞི་སྟེ། དབང་དྲག་ཁྲོས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པ་ཐམས་ཅད་དམ་ཡེ་གཉིས་སུ་མེད་པར་ལུས་དཀྱིལ་དུ་གསལ་བའི་ཐུགས་ཀར་སྔགས་འཁོར་གྱི་སྤྲོ་བསྡུ་སྒྱུར་བས་སྟོབས་བཅུ་རྫོགས་ཤིང་དབང་དྲག་གི་ལས་ལ་ཐོགས་པ་མེད་པར་གྱུར། བསྙེན་པ་སྐབས་ལྟར་བཟླ། ཕཊ་བདག་ཉིད་སྟོབས་ལྡན་པདྨ་ཧེ་རུ་ཀར་གསལ་བའི་མདུན་དུ། ཨེ་ལས་གནམ་ལྕགས་དྲག་པོ་རབ་ཏུ་འབར་བའི་ཁང་སྒྲོམ་ཟུར་གསུམ་པ་བང་རིམ་དགུ་པ་ཁ་ཁྱེར་དོག་ཅིང་གཏིངས་ཟབ་པ། །ཕྱི་མཚོན་ཆའི་རང་བཞིན་ནག་ལ་རྩུབ་པ། ནང་འབར་བའི་ལྕགས་སྲེག་དམར་ལ་ཚ་བ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། སྟེང་ན་གཏི་མུག་གི་མུན་ནག་འཐིབ་པ། །ཕྱི་ནས་ཞེ་སྡང་གི་མེ་རི་འབར་བ། བར་ན་ཕྲག་དོག་གི་རླུང་དམར་འཚུབ་པ། ལོགས་ན་ང་རྒྱལ་གྱི་གློག་ལྕམ་འགྱུ་བ། བྱ་ཤ་ཟན་ཀླད་ལ་ལྡིང་ཞིང་གཅན་ཁྲག་འཐུང་འོག་ན་འགྲོ་བ། རྣོ་ངར་མཚོན་ཆའི་ཆར་འབབ་ཅིང་ནད་དང་དུག་གི་རླངས་པ་འཕྱོ་བ། འཆི་བདག་གཤིན་རྗེའི་བཙོན་ཁང་། ནག་པོ་བདུད་ཀྱི་བཤའ་ར། ནད་གཏོང་མ་མོའི་ཞིང་ཁམས། གླེན་པ་ཀླུ་ཡི་གྲོང་ཁྱེར། དྲང་སྲོང་གཟའ་ཡི་ཕོ་བྲང་། དམར་པོ་བཙན་གྱི་འགྱུ་སྲང་། སྡེ་བརྒྱད་རྦ་ཀློང་འཁྲུག་པའི་གཞལ་ཡས། ཐར་མེད་དམྱལ་བ་ཆེན་པོའི་བཙོན་ཁང་ལྟ་བུར། འགུགས་བྱེད་ལས་ཀྱི་ཕོ་ཉ་གློག་ལྟར་འཁྱུག་ཅིང་། སྒྲོལ་བྱེད་བཤན་པ་ཕོ་མོ་རྡུལ་ལྟར་འཚུབ་པ། རྒྱོབ་སོད་འཇིགས་པའི་ང་རོ་འབྲུག་ལྟར་ལྡིར་བའི་སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོའི་ནང་དུ། ནྲི་དུད་ཁ་འམ་ཏྲི་དམར་སེར་ཡོངས་སུ་གྱུར་པ་ལས། དམིགས་པའི་ཡུལ་དུ་གྱུར་པའི་དགྲ་བགེགས་ལས་ངན་དེ་ཉིད་གཅེར་བུ་རིད་ཅིང་ཉམ་ཐག་པ། གདོང་མཆི་མས་གཡོགས་པ། བུ་ག་དགུ་ནས་ཁྲག་འཛག་པ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། ཁ་ནས་མྱ་ངན་གྱི་ངུད་མོ་འབྱིན་ཞིང་ཕྱི་པགས་མཛེ་ཤུ་ཕོལ་མིག་གིས་གང་བ། དྲན་པའི་དབང་པོ་རབ་ཏུ་ཉམས་ཤིང་སྲོག་དབུགས་ཀྱི་རྒྱུན་འགགས་ལ་ཁད་ཀྱི་རྣམ་པར་འདར་བ། གནོད་བྱེད་ལོག་འདྲེན་ཐམས་ཅད་གཅིག་ཏུ་འདུས་པའི་རང་བཞིན་ཅན་དུ་གྱུར་པར་བསམས་ཤིང་བདེན་སྟོབས་བརྗོད།། །།མངྒ་ལཾ། །


previousདྲག་པོ་ཁྲོས་པའི་ཧོམ་སྐྱེད།next