Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླུད་བསྔོ་བའི་རིམ་པ་སོགས་ཀྱི་འདོན་ཆ་ཟུར་དུ་ཕྱུང་བ།
   
   
   
   
   
   
   
   
   
   
   
   
   
   


 
previousགླུད་བསྔོ་བའི་རིམ་པ་སོགས་ཀྱི་འདོན་ཆ་ཟུར་དུ་ཕྱུང་བ།next

གླུད་བསྔོ་བའི་རིམ་པ་སོགས་ཀྱི་འདོན་ཆ་ཟུར་དུ་ཕྱུང་བ།

ཟབ་ཆོས་པདྨ་དྲག་ཁྲོས་ལས། གླུད་བསྔོ་བའི་རིམ་པ་སོགས་ཀྱི་འདོན་ཆ་ཟུར་དུ་ཕྱུང་བ་བཞུགས། རྩ་བ་གསུམ་ལ་ཕྱག་འཚལ་ལོ། །གླུད་གཏོར་ཚུལ་ལྡན་བཅས་ལ། མདུན་དུ་མར་མེ། གཡས་སུ་ཞལ་ཟས། རྒྱབ་ཏུ་ཏིང་ལོ། གཡོན་དུ་ཆང་བུ། ནམ་མཁའ་རྒྱང་བུ་ཕོ་གདོང་མོ་གདོང་རྣམས་གཅིག་སོགས་དང་བཅས། ཆུ་དང་བདུད་རྩིས་སྦྲན་ཞིང་། རཾ་ཡཾ་ཁཾ། གསུམ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ྅་ཧཾ༔ ཨཱོཾ་སྭཱ་བྷཱ་ཝཱ་སོགས་སྟོང་པ་ཉིད་དུ་གྱུར༔ སྟོང་བའི་ངང་ལས་རིན་པོ་ཆེ་སྣ་ཚོགས་བསྡུས་པའི་ཕུང་པོ་མི་ཡི་གཟུགས་བརྙན་དུ་ཤར་བ༔ སྣང་བའི་ངོ་བོ་རྣམ་ཤེས་གསལ་བ༔ ཡིད་ཀྱི་དབང་པོ་སྒོ་ལྔ་བཀྲ་བ༔ ལུས་ཀྱི་ལང་ཚོ་དར་ལ་བབས་པ༔ བཞིན་རས་སྐྱེད་མཆེད་མཛུམ་མདངས་ལྡན་པ༔ བུ་ག་རྣམས་ལས་དྲི་བསུང་འཕྲོ་བ༔ བ་སྤུ་རྣམས་ལས་འོད་ཟེར་འབར་བ༔ སྐྲ་དང་སྨིན་མ་གཡུ་ལྟར་འཚེར་བ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་ཚང་བ་མེད་ཅིང་འདོད་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་རོལ་པ་ལ༔ སྣང་གསལ་གྱི་མར་མེ། ཞལ་ཟས་ཀྱི་བཤོས་བུ། འདོད་ཡོན་གྱི་ཆངས་བུ་ལམ་བརྒྱགས་ཀྱི་ཏིང་ལོ། མདའ་བཀྲ་འཕང་བཀྲ་ཕོ་གདོང་མོ་གདོང་ནམ་མཁའ་རྒྱང་བུ་ལ་སོགས་ཐམས་ཅད་བཅུ་གཉིས་ལོ་ཡི་འཁོར་ལོའི་ནམ་ཟླ་ཞག་དུས་ཚེས་གྲངས་དུས་ཚོད་ལ་དབང་བའི་ལྷ་འདྲེ༔ ཟ་ཁ་ཟུག་པའི་ཟས་སྐལ། བུ་ལོན་ཆགས་པའི་ནོར་སྐལ༔ ཤ་འཁོན་བརྩད་པའི་སྟོང་སྐལ༔ ཚེ་སྲོག་ཆད་པའི་བསླུས་ཟས༔ དབང་ཐང་ཉམས་པའི་མཆོད་སྦྱིན༔ ན་ཚས་གཟིར་བའི་རྐྱེན་སྒྱུར༔ བསུན་མ་ཕོག་པའི་སྐུ་ཚབ༔ དུར་ཁ་ལངས་པའི་དུར་མདོས༔ ནད་ཁ་གཅོད་པའི་བཟློག་མདོས༔ རྐྱེན་ཁ་སྒྱུར་བའི་གླུད་མདོས༔ སྐྱ་མདའ་ཟུག་པའི་རྫོངས་མདོས༔ མི་ཁ་བཟློག་པའི་བྲམ་མདོས༔ མདོར་ན་མཆོད་སྦྱིན་གྱི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་དཔལ་དང་ལྡན་པ་གཅིག་ཏུ་གྱུར༔ ཨཱོཾ་ཨཱཿཧཱུྃ༔ གསུམ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང་། ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༴ སོགས་བདུན་དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ དཀོན་མཆོག་སྐྱབས་གྱུར་ལྷ་ཚོགས་དང་༔ ཡི་དམ་སྲུང་མ་ཕོ་ཉ་བྲན༔ དཔའ་བོ་དཔའ་བོ་དུར་ཁྲོད་བདག༔ གདོན་བགེགས་འབྱུང་པོ་ལྷ་སྲིན་ཚོགས༔ ཐམས་ཅད་མ་ལུས་སྤྱན་འདྲེན་གཤེགས༔ མྱུར་དུ་སྤྱོན་ལ་གདན་ལ་བཞུགས༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ ཨརྒྷཾ་སོགས༴ འབྲུ་སྣ་མཆོད། ཀྱེ་ཡ་མཚན་བརྒྱད་ལྡན་གླུད་རབ་འདི༔ དེ་རིང་སྐྱབས་གནས་རྣམས་ལ་འབུལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ འཕྲིན་ལས་སྒྲུབས་ལ་བར་ཆད་སོལ༔ ཀྱེ་ཉོན་ཅིག་ལྷ་སྲིན་སྡེ་བརྒྱད་རྣམས༔ གསོན་ཅིག་གདོན་བགེགས་འབྱུང་པོའི་ཚོགས༔ ལྷའམ་འོན་ཏེ་གནོད་པའི་འདྲེ༔ ཕོ་གདོན་མོ་གདོན་བྱིས་པའི་གདོན༔ ཁྱེད་རྣམས་ཐམས་ཅད་ཚུར་ཉོན་དང་༔ དེ་རིང་མདུན་གྱི་གླུད་འདི་ལ༔ རྒྱུ་རྐྱེན་ཡོ་བྱད་ཕུན་སུམ་ཚོགས༔ སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས༔ དབང་ཆེན་པདྨ་ཧེ་རུ་ཀས༔ གླུད་དུ་རྫོངས་ཞེས་ལུང་ཡང་བསྟན༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ སྐུ་གསུང་ཐུགས་ཀྱི་དབང་རྣམས་བསྐུར༔ བསྔོས་པ་ཙམ་གྱིས་ཁྱེད་རྣམས་ལ༔ འདོད་ཡོན་ལྔ་ཡི་ཆར་པ་འབབས༔ བྱིན་པ་ཙམ་གྱིས་ཁྱེད་རྣམས་ལ༔ མཁོ་དགུའི་ལོངས་སྤྱོད་དཔལ་དང་ལྡན༔ རོལ་བ་ཙམ་གྱིས་ཁྱེད་རྣམས་ལ༔ དགའ་བདེའི་ཡེ་ཤེས་རྒྱུད་ལ་སྐྱེ༔ ཏིང་འཛིན་ཟས་མཆོག་བདུད་རྩིས་ཚིམ༔ དེ་ཕྱིར་མི་བས་གླུད་འདི་བཟང་༔ སྐུ་ལ་དར་ཟབ་ན་བཟའ་གསོལ༔ ཡོན་བདག་འདི་ཡི་གླུད་དུ་འབུལ༔ སྐ་རགས་འཇའ་ཚོན་རྣམ་ལྔ་བྱས༔ ཡོན་བདག་འདི་ཡི༴ རུས་བཞི་དུང་ལས་བྱས་པ་འདི༔ ཡོན་བདག༴ ཤ་ཁྲག་སྨན་སྤོས་རིན་ཆེན་ལྔ༔ ཡོན་བདག༴ སྒལ་ཚིགས་རྣམས་ཀྱང་གསེར་ལས་གྲུབ༴ ཡོན་བདག༴ ཀླད་པ་རིན་ཆེན་དངུལ་ལས་བྱས༔ ཡོན་བདག༴ སྤྱན་ནི་ལུང་ཐང་སྨུག་པོར་བྱས༔ ཡོན་བདག༴ སྙན་ནི་ལེ་བརྒན་དར་ལས་བྱས༔ ཡོན་བདག༴ ཤངས་ནི་རིན་ཆེན་འཆོང་ལས་བྱས༔ ཡོན་བདག༴ ཚེམས་ནི་དུང་སོ་འགྲོན་བུར་བྱས༔ ཡོན་བདག༴ ལྗགས་ནི་རིན་ཆེན་བྱི་རུས་བྱས༔ ཡོན་བདག༴ སྨ་ར་སྨིན་མ་གཡུ་ལས་བྱས༔ ཡོན་བདག༴ སྙིང་ནི་ཞོ་ཤ་སྨན་གྱི་སྙིང་༔ ཡོན་བདག༴ ཞབས་ལ་ཕྱགས་ལྷམ་མཛེས་པར་གསོལ༔ ཡོན་བདག༴ ཕྱག་ན་མར་མེ་ཆང་བུ་བསྣམས༔ ཡོན་བདག༴ སྣང་གསལ་མར་མེ་ཏ་ལ་ལ༔ ཡོན་བདག༴ ཞལ་ཟས་བཤོས་བུ་སྤུངས་སེ་སྤུངས༔ ཡོན་བདག༴ ཏིང་ལོའི་ཟས་མཆོག་ཉི་ལི་ལི༔ ཡོན་བདག༴ འདོད་ཡོན་ཆང་བུ་སྤུངས་སེ་སྤུངས༔ ཡོན་བདག༴ མདའ་བཀྲ་རྣམས་ཀྱང་ཤ་ར་ར༔ ཡོན་བདག༴ འཕང་བཀྲ་རྣམས་ཀྱང་སི་ལི་ལི༔ ཡོན་བདག༴ རྒྱང་བུ་རྣམས་ཀྱང་རྒྱངས་སེ་རྒྱང་༔ ཡོན་བདག༴ ནམ་མཁའ་རྣམས་ཀྱང་སྐད་དེ་སྐད༔ ཡོན་བདག༴ ཕོ་གདོང་རྣམས་ཀྱང་ཤ་ར་ར༔ ཡོན་བདག༴ མོ་གདོང་རྣམས་ཀྱང་ལྡེམས་སེ་ལྡེམ༔ ཡོན་བདག༴ འབྲུ་སྣ་རྣམས་ཀྱང་ཉིལ་ལི་ལི༔ ཡོན་བདག༴ དར་སྣ་རྣམས་ཀྱང་པུ་རུ་རུ༔ ཡོན་བདག༴ ཀྱེ་ཉོན་ཅིག་གདོན་བགེགས་ལན་ཆགས་རྣམས༔ གསོན་ཅིག་ཡས་དང་གླུད་ཀྱི་བདག༔ གླུད་ཆེན་མདོས་ཡས་འདི་འབུལ་བས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ལོ་བདུད་ཤར་བའི་ལོ་སྐག་སྒྱུར༔ ཟླ་བདུད་བབས་པའི་ཟླ་སྐག་སྒྱུར༔ ཞག་ཚེས་ཚང་བའི་ཞག་སྐག་སྒྱུར༔ སྤར་ཁའི་ཁམས་ཀྱི་སྐྱ་མདའ་སྒྱུར༔ སྨེ་བའི་ཁམས་ཀྱི་དུར་ཁ་སྒྱུར༔ ཡམས་ཁ་ཟུག་པའི་ནད་རིམས་སྒྱུར༔ ཟ་ཁ་ཟུག་པའི་གཤེད་རྣམས་སྒྱུར༔ རྦོད་གཏོང་བྱུང་བའི་བར་ཆད་སྒྱུར༔ ཚེ་ལ་བརྐུ་བའི་བགེགས་རྣམས་སྒྱུར༔ སྲོག་ལ་འཇབ་པའི་གདོན་རྣམས་སྒྱུར༔ བླ་ལ་འཁྱེར་བའི་འདྲེ་རྣམས་སྒྱུར༔ ཀྱེ་གཞན་ཡང་མདོས་ཡས་ཆེན་པོ་འདིས༔ ཆགས་ཆེ་ཉམས་ང་ཐམས་ཅད་ཟློག༔ ལྷ་ཡི་བཀའ་ཆད་བབས་པ་ཟློག༔ ལྷ་ཡི་ཡུལ་གྱི་བསུན་མ་སྒྱུར༔ བདུད་ཀྱི་ཞགས་པ་བཏབ་པ་ཟློག༔ བདུད་ཀྱི་ཡུལ་གྱི་བསུན་མ་སྒྱུར༔ སྲིན་པོའི་ཟ་ཁ་བབས་པ་ཟློག༔ སྲིན་པོའི་ཡུལ་གྱི་བསུན་མ་སྒྱུར༔ རྒྱལ་པོའི་འོད་དཀར་འཕེན་པ་བཟློག༔ རྒྱལ་འགོང་རྣམས་ཀྱི་བསུན་མ་སྒྱུར༔ གཤིན་རྗེའི་འཁྲུལ་འཁོར་བསྐོར་བ་བཟློག༔ གཤིན་རྗེ་རྣམས་ཀྱི་བསུན་མ་སྒྱུར༴ མ་མོའི་དལ་ཡམས་བབས་པ་ཟློག༔ མ་མོ་རྣམས་ཀྱི་བསུན་མ་སྒྱུར༴ བཙན་གྱིས་ཇག་པ་གཏོང་བ་ཟློག༔ བཙན་གྱི་ཡུལ་གྱི་བསུན་མ་སྒྱུར༔ གནོད་སྦྱིན་གདུག་རྩུབ་བྱེད་བ་ཟློག༔ གནོད་སྦྱིན་ཡུལ་གྱི་བསུན་མ་སྒྱུར༔ ཐེའུ་རང་ཚེ་ལ་བརྐུ་བ་ཟློག༔ ཐེའུ་རང་ཡུལ་གྱི་བསུན་མ་སྒྱུར༔ མ་ཡམས་རྣམས་ཀྱི་ལྟས་ངན་ཟློག༔ མ་ཡམས་ཡུལ་གྱི་བསུན་མ་སྒྱུར༔ ཧེ་རུ་ཀཿཡི་གཟི་བརྗིད་ཟློག༔ འཇིག་རྟེན་མཁའ་འགྲོའི་བསུན་མ་སྒྱུར༔ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༔ དབྱིངས་ཀྱི་མཁའ་འགྲོའི་བསུན་མ་སྒྱུར༔ གླུད་རྐྱང་ཡིན་ན་ག །སེར་སྐྱེམས་འདིར་མཆོད༔ བཟློག་པ་དང་སྦྲག་པ་ཡིན་ན་གསེར་སྐྱེམས་དོ་གལ་གྱིས་མི་དགོས། དེ་ནས་འདྲེ་ལྔ་བདུད་གཅོད་ཀྱི་སྟེང་དུ་གླུད་སྐྱེལ་ཞིང་། ཧཱུྃ༔ ཉོན་ཅིག་གདོན་དང་བགེགས་ཀྱི་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བཀྲ༔ མི་བས་གླུད་བཟང་ཁྱད་པར་འཕགས༔ སྔོན་ལས་སྒྲིབ་པ་སྦྱང་ཕྱིར་བསྔོ༔ འཕྲལ་རྐྱེན་གནོད་པ་ཞི་ཕྱིར་བསྔོ༔ ལེ་གུ་ཆེ་གེ་འདི་ཉིད་ཀྱི༔ ལུས་ངག་ཡིད་གསུམ་ཚབ་ཏུ་སྦྱིན༔ བྱིན་པ་བཞིན་དུ་འདི་ཁྱེར་ལ༔ ལུས་སྲོག་བླ་ཚེའི་དོད་པོ་མཛོད༔ བསྔོས་པ་བཞིན་དུ་འདི་ལོང་ལ༔ ཁྱེད་ཅག་གནོད་སེམས་གདུག་པ་ཕྲོལ༔ གལ་སྲིད་བཀའ་ལས་འདའ་བྱེད་ན༔ དྲག་པོའི་ལས་བྱེད་ཕོ་ཉར་འགྱེད༔ རྡུལ་ཕྲན་བཞིན་དུ་བརླགས་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བྷྱོ༔ ང་ནི་པདྨ་དྲག་པོ་རྩལ༔ ཐུགས་ལས་སྤྲུལ་པའི་གདོན་བགེགས་གཤེད༔ གནམ་ལྕགས་སྡིག་པ་མགོ་དགུ་པ༔ མགོ་ལུས་མེད་པར་མིག་གིས་གང་༔ ཚད་ནི་རི་རབ་ཁམས་དང་མཉམ༔ གྲངས་ནི་སྟོང་གསུམ་ཁྱབ་པར་འགྱེད༔ རྭ་ནི་བཅོ་བརྒྱད་ཟངས་སེ་ཟང་༔ ཡན་ལག་བགྲད་པས་གནམ་ས་ཁེངས༔ མཇུག་མ་གཡུག་པས་འབྱུང་པོ་འཛིན༔ དྲག་པོའི་མཆེ་གཙིགས་ལྕེ་ནི་གློག༔ དྲག་པོ་སྔགས་ཀྱི་ང་རོ་སྒྲོག༔ རྒྱལ་བསེན་དམ་མེད་འབྱུང་པོའི་གཤེད༔ ཤངས་ནས་དུག་རླངས་ཁམས་ནག་འཕྱོ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ༔ གང་ལ་དམིགས་པ་ཁྱོད་ཀྱིས་ཤེས༔ ཐལ་བའི་རྡུལ་བཞིན་བརླགས་པར་མཛོད༔ ཀྲུམ་ཀྲུམ་བཞེས་ཤིག་གནོད་བྱེད་ཤ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ ཀྲོག་ཀྲོག་འཐུངས་ཤིག་གནོད་བྱེད་ཁྲག༔ ཐིགས་པ་ཙམ་ཡང་མེད་པར་གྱིས༔ ཁྲུམས་ཁྲུམས་མུར་ཞིག་གནོད་བྱེད་རུས༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ གདོན་བགེགས་འབྱུང་པོ་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡཱ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ གཏོར་མ་འབུལ༔ སུམ་བྷཱ་ནིས་བསྐྲད། སྲུང་འཁོར་བསྒོམ། ཞེས་པ་འདི་ཡང་དྲག་ཁྲོས་གླུད་མདོས་ཀྱི་གཞུང་ལས་བཅས་གཅིག་སོགས་གསུངས་པའི་འདོན་འཁྱེར་བདེ་བར་ཟུར་དུ་ཕྱུང་བ་སེམས་ཅན་ལ་ཕན་ཐོག་པར་ཤོག །མངྒ་ལཾ།། །།


previousགླུད་བསྔོ་བའི་རིམ་པ་སོགས་ཀྱི་འདོན་ཆ་ཟུར་དུ་ཕྱུང་བ།next