Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླུད་མདོས་ཀྱི་ལྷན་ཐབས་གོང་འོག
   
   
   
   
   
   
   
   
   
   
   
   
   


 
previousགླུད་མདོས་ཀྱི་ལྷན་ཐབས་གོང་འོགnext

གླུད་མདོས་ཀྱི་ལྷན་ཐབས་གོང་འོག

དྲག་ཁྲོས་ལས་གླུད་མདོས་ཀྱི་ལྷན་ཐབས་གོང་འོག་བཞུགས། ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ན་མོ༔ དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀའ་བདེན་པ༔ དཔའ་བོ་མཁའ་འགྲོ་རྣས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ སྐུ་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི༴ གསུང་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི༴ ཐུགས་ཕྱག་རྡོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཡོན་ཏན་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི༴ འཕྲིན་ལས་མེ་དབལ་གྱི་ལྷ་ཚོགས་རྣམས་ཀྱི༴ རིགས་བདག་ཆགས་པ་དམར་པོའི་ལྷ་ཚོགས་རྣམས་ཀྱི༴ ཕོ་ཉ་ལྕགས་སྡིག་ནག་པོ་སྤྲུལ་པ་བྱ་ཁྱུང་རྒྱལ་པོ་རིགས་བཞི་དྲག་པོ་ཡབ་ཡུམ་ཁྲོ་བཅུ་དྲག་པོའི་ལྷ་ཚོགས་ཕྲ་མེན་དྷཀྐི་སྡེ་བཞི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ཀ་ལ་སོགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་ཐན་ཡམས་ཀྱི་བདག་པོ་བདག་མོ། རྒྱ་འདྲེ་འགོང་པོ་གྲི་བོ་གྲི་མོ། ཕོ་གཤིན་མོ་གཤིན། ཟ་འདྲེ་ཤི་གཤེད། གློ་བུར་ལྷགས་པའི་གདོན་བགེགས། ཁྱད་པར་དུ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཚེ་ལ་བརྐུ་ཞིང་སྲོག་ལ་འཇབ་པ། བླ་ལ་འཁྱེར་ཞིང་ཡིད་ལ་བརྔམ་པ། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། བསམ་པ་ལ་བར་གཅོད། སྒོ་ནོར་ལ་གོད་ཡམས་གཏོང་བའི་འབྱུང་པོ་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕག་ཏུ་ཡིབ་ཅིང་རྒབ་ཏུ་འཁྲི་བ། ཁ་ཡི་ཟས་འཕྲོག་པ། ལག་གི་ནོར་འཕྲོག་པ། ཁྱིམ་སྒོ་ལམ་བསྲང་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདོད་ཡོན་གླུད་ཀྱི་གཏོར་མ་འདི་བཞེས་པའི་སླད་དུ་སྐད་ཅིག་རང་དབང་མེད་པར་བསྐྱེད་པའི་ཡུལ་འདིར་ཁུག་ཅིག །གསུམ། བཛྲ་ཨང་གུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་྄གླུད་ཀྱི་ཆང་བུ་འདོད་ཡོན་གྱི་ཕུང་པོ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར། ཨཱོཾ་ཨཱཿཧཱུྃ་གསུམ་ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃཿ ༈གླུད་མདོས་ཀྱི་ལྷན་ཐབས་འོག་མ་ཡོད། གླུད་མདོས་ཕྱིར་སྐྱེལ་དུས་འདི་སྐད་དོ། ཧཱུྃ༔ ཉོན་ཅིག་གདོན་དང་བགེགས་ཀྱི་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་མདོས་འདི༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བཀྲ༔ མི་བས་གླུད་བཟང་ཁྱད་པར་འཕགས༔ སྔོན་ལས་སྒྲིབ་པ་སྦྱོང་ཕྱིར་བསྔོ༔ འཕྲལ་རྐྱེན་གནོད་པ་ཞི་ཕྱིར་བསྔོ༔ ལེ་གུ་ཆེ་གེ་འདི་ཉིད་ཀྱི༔ ལུས་ངག་ཡིད་གསུམ་ཚབ་ཏུ་སྦྱིན༔ བྱིན་པ་བཞིན་དུ་འདི་ཁྱེར་ལ༔ ལུས་སྲོག་བླ་ཚེའི་དོད་པོ་མཛོད༔ བསྔོས་པ་བཞིན་དུ་འདི་ལོང་ལ༔ ཁྱེད་ཅག་གནོད་སེམས་གདུག་པ་ཁྲོལ༔ གལ་སྲིད་བཀའ་ལས་འདའ་བྱེད་ན༔ དྲག་པོའི་ལས་བྱེད་ཕོ་ཉར་འགྱེད༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ༔ ང་ནི་པདྨ་དྲག་པོའི་སྐུ༔ ཉོན་ཅིག་ལན་ཆགས་སྡེ་བརྒྱད་བགེགས༔ འདོད་ཡོན་ཆང་བུ་འདི་སྣོམས་ལ༔ གསང་བའི་གནས་འདིར་མ་འདུག་པར་༔ རང་རང་སོ་སོའི་ཡུལ་དུ་དེངས༔ བཀའ་ལས་འདས་ན་བརླག་པར་བྱེད༔ དེབས་མྱུར་དུ་ཕྱིར་དེངས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨཱོཾ་སུམ་བྷ་ནི་སོགས། ཧཱུྃ༔ ཐོད་ཕྲེང་དྲག་པོའི་ཐུགས་ཀ་ནས༔ སྤྲུལ་པའི་འོད་ཟེར་གློག་སྟོང་འཁྱུག༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཕྱོ༔ ཡེ་ནས་དག་པའི་གཞལ་ཡས་འདིར༔ གདོན་བགེགས་འབྱུང་པོ་མཚམས་ཆོད་ཅིག༔ བྷྲུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ སྲུང་འཁོར་བསྒོམ་མོ། །མངྒ་ལཾ།། །།


previousགླུད་མདོས་ཀྱི་ལྷན་ཐབས་གོང་འོགnext