Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒོ་དབྱེ་བཞེངས་གསོལ་དྲག་མེ་དམར་ནག
   
   
   
   
   
   
   
   


 
previousསྒོ་དབྱེ་བཞེངས་གསོལ་དྲག་མེ་དམར་ནགnext

སྒོ་དབྱེ་བཞེངས་གསོལ་དྲག་མེ་དམར་ནག

ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྒོ་དབྱེ་བཞེངས་གསོལ་དྲག་མེ་དམར་ནག་བཞུགས། །ལེགས་སྨོན་དར་བབས་དྲི་བཞོན་ཤིང་རྟའི་མཐུས། །ཟབ་གཏེར་བཅུ་གཉིས་བདག་པོ་སྤྱན་འདྲེན་པའི། །རིགས་འདུས་འཁོར་ལོའི་མགོན་པོ་ཉི་མ་གྲགས། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །ཞེས་མཆོད་པར་བརྗོད་ནས། །གཏེར་གཞུང་གི་གསེར་སྐྱེམས་ལ་སྒོ་དབྱེའི་ཚིག་དོན་མ་འདུས་པ་མེད་ཀྱང་། །སྤྲོས་པ་ལ་དགའ་བས་ནང་སྒོ་ཅུང་ཟད་རྒྱས་པར་དབྱེ་བར་འདོད་ན། །འབྱོར་ན་སྒོ་མ་བཞིའི་ཞལ་འབག་ཆས་གོས་དང་ཕྱག་མཚན་སོགས་ཀྱིས་སྤྲས་པའི་འཆམས་དང་བཅས་པའམ། མིན་ཀྱང་སྒོ་མ་བཞིའི་ཕྱག་རྒྱ་སྒྱུར་ཞིང་། དཔལ་འབར་ཐོགས་ཏེ་ཚོན་སྐུད་སྐ་རག་ཕྱོགས་ཕྱོགས་ནས་འཁྲོལ་ཞིང་སྒོ་དབྱེ་ཚུལ་དང་བཅས་པས་འདི་སྐད་དོ། ཧཱུྃ། པདྨ་དྲག་པོ་ཁྲོས་པ་ཡི། །ཕོ་བྲང་ཤར་སྒོ་སྲུང་བའི་ལྷ། །ཕྲ་མེན་སྒོ་མ་སེང་གདོང་མ། །ཞི་བའི་འཕྲིན་ལས་རབ་འབྱམས་ལ། །འདོད་དགུར་སྒྱུར་བའི་མཐུ་མོ་ཆེས། །ཕོ་བྲང་ཤར་གྱི་དུང་སྒོ་དང་། །བྱམས་པ་ཆེན་པོའི་གཏེར་སྒོ་ཕྱེ། །ཤར་ཕྱོགས་མི་དང་མི་མིན་གྱི། བསམ་ངན་སྦྱོར་རྩུབ་དལ་ཡམས་ནད། །བྱད་ཟོར་ཁ་སྨྲས་གླེང་གཞི་སོགས། །མི་མཐུན་གནོད་པའི་རྒྱ་སྒོ་སྡོམས། ཧཱུྃ། པདྨ་དྲག་པོ་ཁྲོས་པ་ཡི། །ཕོ་བྲང་ལྷོ་སྒོ་སྲུང་བའི་ལྷ། །ཕྲ་མེན་སྒོ་མ་སྟག་གདོང་མ། །རྒྱས་པའི་འཕྲིན་ལས་རབ་འབྱམས་ལ། །འདོད་དགུར་སྒྱུར་བའི་མཐུ་མོ་ཆེས། །ཕོ་བྲང་ལྷོ་ཡི་གསེར་སྒོ་དང་། །ཚད་མེད་སྙིང་རྗེའི་གཏེར་སྒོ་ཕྱེ། །ལྷོ་ཕྱོགས་མི་དང་མི་མིན་གྱི། །བསམ་ངན་སྦྱོར་རྩུབ་དལ་ཡམས་ནད། །བྱད་ཟོར་ཁ་སྨྲས་གླེང་གཞི་སོགས། །མི་མཐུན་གནོད་པའི་རྒྱ་སྒོ་སྡོམས། ཧཱུྃ། པདྨ་དྲག་པོ་ཁྲོས་པ་ཡི། །ཕོ་བྲང་ནུབ་སྒོ་བསྲུང་བའི་ལྷ། ཕྲ་མེན་སྒོ་མ་ཁྱུང་གདོང་མ། །དབང་གི་འཕྲིན་ལས་རབ་འབྱམས་ལ། །འདོད་དགུར་སྒྱུར་བའི་མཐུ་མོ་ཆེས། །ཕོ་བྲང་ནུབ་ཀྱི་ཟངས་སྒོ་དང་། དགའ་བ་ཆེན་པོའི་གཏེར་སྒོ་ཕྱེ། །ནུབ་ཕྱོགས་མི་དང་མི་མིན་གྱིས། །བསམ་ངན་སྦྱོར་རྩུབ་དལ་ཡམས་ནད། །བྱད་ཟོར་ཁ་སྨྲས་གླེང་གཞི་སོགས། །མི་མཐུན་གནོད་པའི་རྒྱ་སྒོ་སྡོམས༔ ཧཱུྃ། པདྨ་དྲག་པོ་ཁྲོས་པ་ཡི། །ཕོ་བྲང་བྱང་སྒོ་སྲུང་བའི་ལྷ། །ཕྲ་མེན་སྒོ་མ་ཕག་གདོང་མ། །དྲག་པོའི་འཕྲིན་ལས་རབ་འབྱམས་ལ། །འདོད་དགུར་སྒྱུར་བའི་མཐུ་མོ་ཆེས། །ཕོ་བྲང་བྱང་གི་གཡུ་སྒོ་དང་། །བཏང་སྙོམས་ཆེན་པོའི་གཏེར་སྒོ་ཕྱེ། །བྱང་ཕྱོགས་མི་དང་མི་མིན་གྱི། །བསམ་ངན་སྦྱོར་རྩུབ་དལ་ཡམས་ནད། །བྱད་ཟོར་ཁ་སྨྲས་གླེང་གཞི་སོགས། །མི་མཐུན་གནོད་པའི་རྒྱ་སྒོ་སྡོམས། །ཞེས་སྒོ་དབྱེ། དེ་ནས་བཞེངས་གསོལ་ནི། །མཆེད་ལྕམས་རྣམས་གྲལ་ནས་བཞེངས་ཏེ། རོལ་མོ་ལྡིར་ཞིང་། ཧཱུྃ། ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ཆོས་སྐུ་ཀུན་ཁྱབ་རྡོ་རྗེའི་དབྱིངས། །སྟོང་ཆེན་ཐིག་ལེ་ཉག་གཅིག་ལ། །བཞེངས་བཞུགས་མཚན་མ་མི་དམིགས་ཀྱང་། །ཆོས་ཀུན་གནས་ལུགས་སྤྲོས་མེད་དབྱིངས། །མ་རྟོགས་འཁྲུལ་པའི་གཟུང་འཛིན་ལས། །རྟེན་འབྲེལ་སྒྱུ་མའི་སྣང་བརྙན་དུ། །རྣམ་པར་ཤར་བའི་དགྲ་བགེགས་བྱུར། །ལོག་པར་འདྲེན་པའི་བདུད་དཔུང་རྣམས། །ཐུགས་རྗེའི་སྟོབས་ཀྱིས་འདུལ་བའི་ཕྱིར། །པདྨ་དྲག་པོའི་ལྷ་ཚོགས་རྣམས། །བཞེངས་ཤིག་འབར་བའི་ཀློང་ནས་བཞེངས། །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཛོད་ཅིག་དྲག་པོའི་འཕྲིན་ལས་མཛོད། ཧཱུྃ། ཆོས་དབྱིངས་དྲག་པོའི་ཕོ་བྲང་དབུས། །སྡེ་བརྒྱད་བསྣོལ་བའི་གདན་སྟེང་ནས། །དབང་དྲག་པདྨ་ཡབ་ཡུམ་བཞེངས། །བདུད་དཔུང་མ་ལུས་རྩད་ནས་ཆོད། །སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །རིགས་བདག་ཆགས་པ་དམར་པོ་བཞེངས། །ཁམས་གསུམ་འཁོར་བའི་གནས་ནས་དྲོངས། །དཔྲལ་བ་ཁྲོ་གཉེར་གཙིགས་པ་ནས། །འཇམ་དཔལ་ཡ་མཱནྟ་ཀ་བཞེངས། །བྱད་མ་རང་གཤེད་རང་ལ་ཕོབ། །ལོངས་སྤྱོད་འཁོར་ལོའི་ཆོས་འབྱུང་ནས། །དབང་ཆེན་རྟ་མཆོག་རྒྱལ་པོ་བཞེངས། །སྡེ་བརྒྱད་གནོད་བྱེད་རྡུལ་དུ་རློགས། །ཐུགས་ཀ་པུ་རིའི་བུམ་པ་ནས། །གསང་བདག་བཛྲ་པཱ་ཎི་བཞེངས། །གཟའ་ཀླུ་འབྱུང་པོ་དམྱལ་ཐག་ཆོད། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནས། །དབྱིངས་ཡུམ་མཁའ་འགྲོ་སྡེ་ལྔ་བཞེངས། །དལ་ཡམས་དམར་ནད་དགྲ་ལ་ཕོབ། །བདེ་ཆེན་གསང་བའི་ཕོ་བྲང་ནས། །ལས་མཁན་ཡཀྴ་མེ་དབལ་བཞེངས། །རྒྱལ་བསེན་འབྱུང་པོའི་སྲོག་རྩ་ཆོད། །སྤྱི་གཙུག་སྟེང་གི་ནམ་མཁའ་ནས། །མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་བཞེངས། །ས་བདག་ཀླུ་གཉན་རྡུལ་དུ་རློག །སྡིགས་མཛུབ་འབར་བའི་རྩེ་མོ་ནས། །ཕོ་ཉ་ལྕགས་སྡིག་ནག་པོ་བཞེངས། །དམ་སྲི་འགོང་པོའི་སྙིང་ཁྲག་འཐུང་། །ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་ནས། །དྲག་རྩལ་ཐོད་ཕྲེང་རིགས་བཞི་བཞེངས། །མ་རུང་བདུད་བཞི་ཕྱེ་མར་ཐོང་། །སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས། །ཡེ་ཤེས་སྤྲུལ་པའི་ཁྲོ་བཅུ་བཞེངས། །ཕྱོགས་བཅུའི་ཞིང་བཅུ་ཆམ་ལ་ཕོབ། །གཞལ་ཡས་ཆེན་པོའི་སྒོ་བཞི་ནས། །ཕྲ་མེན་དྷཀྐི་སྡེ་བཞི་བཞེངས། །མི་མཐུན་ཕྱོགས་ཀྱི་རྒྱུན་ལམ་ཆོད། །བཀའ་དང་དམ་ཚིག་གཞལ་ཡས་ནས། །ཆོས་སྐྱོང་དམ་ཅན་སྲུང་མ་བཞེངས། །བསྟན་དགྲ་དམ་ཉམས་སྲོག་དབུགས་སྡུས། །འཇིགས་རུང་དྲག་པོའི་གནས་མཆོག་ནས། །བཀའ་སྲུང་འབར་བ་ལྕམ་དྲལ་བཞེངས། །བཀའ་འདས་དགྲ་བོ་དུས་མཐའ་སྡུས། །དམ་ཅན་དྲེགས་པའི་དམག་ཚོགས་རྣམས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །མགོན་པོ་ཕོ་བརྒྱུད་གཡས་ནས་ཆོས། །དགྲ་བོའི་ཕོ་བརྒྱུད་རྩད་ནས་ཆོད། །ལྷ་མོ་མོ་བརྒྱུད་གཡོན་ནས་ཆོས། །དགྲ་བོའི་མོ་བརྒྱུད་རྩད་ནས་ཆོད། །ལྷ་སྲིན་སྡེ་བརྒྱད་རྒྱབ་ནས་ཆོས། །དགྲ་ཞིང་མི་ནོར་ཕྱགས་མས་ཕྱོགས། །མྱུར་མགྱོགས་ཕོ་ཉ་མདུན་ནས་ཆོས། །གནོད་བྱེད་དམིགས་མེད་རྒྱ་ཡིས་ཐོབ། །རྣོ་ངར་མཚོན་ཆའི་འཁོར་ལོ་བསྐོར། །དགྲ་བགེགས་དུམ་བུ་སིལ་བུར་གཏུབས། །འཇིགས་པའི་རུ་མཚོན་མཁའ་ལ་འཕྱོར། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ལས། །རྣམ་པར་རྒྱལ་བའི་བ་དན་ཆེ། །སྲིད་རྩེར་སྒྲེང་བའི་འཕྲིན་ལས་མཛོད། །ཅེས་བསྐུལ་ཞིང་གཏོར་མ་སྤག །ཟོར་ལམ་བསྐུལ་སོགས་གཞུང་ལྟར་བྱ། ཞེས་པ་འདི་ལོང་པོའི་སྔགས་པ་ཆོས་རྒྱལ་བསྟན་འཛིན་གྱིས་བསྐུལ་བ་ལྟར། མང་དུ་ཐོས་པ་ཧོར་གྱི་སྔགས་ནག་གིས་ལོ་ཕུ་ཞལ་དཀར་གྱི་མདུན་འཕྲལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།མངྒ་ལཾ།། །།


previousསྒོ་དབྱེ་བཞེངས་གསོལ་དྲག་མེ་དམར་ནགnext