Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲི་གནོན་པའི་འདོན་ཆ།
   
   
   
   


 
previousསྲི་གནོན་པའི་འདོན་ཆ།next

སྲི་གནོན་པའི་འདོན་ཆ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ སྲི་གནོན་པའི་འདོན་ཆ་བཞུགས། །དབང་དྲག་ཁྲོས་པའི་ལྷ་ལ་ཕྱག་འཚལ་ལོ། རྣལ་འབྱོར་པ་ཡི་དམ་ལྷ་ཡི་དབང་ལུང་ཐོབ་ཅིང་བསྙེན་པ་སོང་སྟེ་དམ་ཚིག་དང་ལྡན་པས། དེ་ཡང་སྲིའི་རིགས་རྣམས་མནན་པར་འདོད་ན། བྱང་གཏེར་ཕུར་པའི་ལས་ཀྱི་སྲི་ཆུང་བཅུ་གསུམ་མནན་པ་ཉིད་རྩ་བར་བཟུང་། བཀའ་བརྒྱད་རང་ཤར་ཐོད་པ་ལ་བརྟེན་པའི་གཟེར་ཁ་དང་། ནག་རྩིས་འབྱུང་བ་རིན་ཆེན་ཀུན་འདུས་ཀྱི་རྒྱུད་ལས། ཝཾ་ཐེ་འཕྲུལ་གྱི་རྒྱལ་པོས་སྲི་རབས་ཁོལ་དུ་ཕྱུངས་བ་སོགས་མན་ངག་ལྷན་ཐབས་སུ་སྦྱར་ཏེ་བཤད་པར་བྱའོ། །དེ་ཡང་སྔོན་སྲིད་པ་ཆགས་པའི་དུས་རི་རབ་ཀྱི་དབུས་ན་ཤིང་ཡོངས་འདུ་ས་བརྟོལ་སྐྱེས་པའི་རྩ་བར། ཡ་བདུད་ཐོད་པའི་ཕྲེང་བ་ཅན་དང་། མ་བདུད་པདྨ་གར་གྱི་དབང་ཕྱུག་གཉིས་འདུས་པ་ལས། བུ་སྲི་ཆུང་བཅུ་གསུམ་སྐྱེས་པ་སོགས་བྱང་གཏེར་ཕུར་པ་ལས་བཤད་ཅིང་། བྱང་གཏེར་བཀའ་བརྒྱད་ཀྱི་སྲི་རབས་ལྟར་ན། སྲི་ཡུལ་གླིང་དགུའི་སྲི་མཁར་ཐོད་པ་དགུ་བརྩེགས་སུ་སྲིས་མེས་པོ་གནམ་སྲི་དང་ས་སྲི་གཉིས་ལས། ཕ་གནམ་ཀྱི་བྱ་ནག་དང་། མ་སའི་བྱི་ནག་གཉིས་ལས། སྒོ་ང་བཅུ་གསུམ་སྐྱེས་པར་སྲི་ཆུང་བཅུ་གསུམ་བྱུང་བ། གུ་རུ་པདྨས་བཏལ་ཞིང་མནན་པའི་ལོ་རྒྱུས་བྱུང་བ་བཞིན། རྗེས་འཇུག་རྣམས་ཀྱིས་ཚུལ་དེ་ལྟར་ལག་ལེན་དུ་བསྟར་ཞིང་མནན་དགོས་པ་ལྟར་དང་། གཏོར་མ་དང་མཆོད་པ་སྤྱི་ལྟར་དང་། ཁྱད་པར་གཏོར་བཟློག་གི་བཅས་རྣམས་གཞུང་བཞིན་ལ། བྱེ་བྲག་ཏུ་སྲི་གང་གནོན་དགོས་པའི་སོ་སོའི་སྐབས་ཐོབ་ལྟར་ཤེས་དགོས་ཤིང་། མནན་བསྲེགས་གང་བྱེད་ཀྱི་ལིངྒ་དེ་ཡང་འོལ་ཚོད་མ་ཡིན་པར་དགྲ་འདྲེ་ཕྱེད་ཅིང་གནས་ཡིག་དང་ལྟེབ་ལུགས་སོགས་ལག་ལེན་ཚད་ལྡན་དུ་བྱ་དགོས་ཤིང་། དེ་ལྟར་མ་ཡིན་པའི་རང་བཟོ་ཤེས་བརྫུས་བླུན་པོ་མགོ་སྐོར་གྱི་ལག་ལེན་བྱས་ཚེ་མི་རང་སུ་ལ་ཕན་གནོད་གང་ཡོང་མི་ཤེས་པས། ཚུལ་དང་ལྡན་པ་གལ་ཆེ་ཞིང་། མནན་ཐོད་སོགས་རྫས་རྣམས་གཞུང་མཐུན་ལྟར་ཚང་བ་དང་། བྲུབ་ཁུང་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས། སྔོན་འགྲོ་ནས་བཟུང་ལས་བྱང་གི་བསྙེན་པའི་མཇུག་ཏུ་དངོས་གྲུབ་ཞུ་བ་ཡན་སོང་ནས། ཐམས་ཅད་བསྐུལ། གསེར་སྐྱེམས། གཟུ་དཔང་། འབྲུབ་ཁུང་བསྐྱེད་པ་སོགས་སོང་བ་དང་། སྔོན་གྱི་ལོ་རྒྱུས། བར་དུ་གནས་ཚུལ༔ ཐ་མ་གནོན་ཚུལ་དང་གསུམ་ལས། བྱུང་ཚུལ་ནི། ཀྱེ་སྲི་ཡུལ་གླིང་དགུ་བྱ་བ་ན༔ སྲི་མཁར་ཐོད་པ་དགུ་བརྩེགས་ནས༔ དང་པོ་སྲི་ཡི་མེས་པོ་ནི༔ གནམ་སྲི་གལ་དང་གོལ་པ་སྲིད༔ ས་སྲི་ཆ་མ་ཆོ་དགུ་ཡིན༔ དེ་གཉིས་བྱུང་བའི་བྱུང་ཚུལ་ནི༔ ཡ་མ་དམ་སྲི་ཞེས་བྱ་བ༔ སྔོན་ཚེ་དམ་ཚིག་ཉམས་ལས་སྐྱེས༔ སྲི་མོ་མ་དེས་དགུ་ཤོར་ཏེ༔ སྔོན་ཚེ་ལྟ་བ་ལོག་ལས་སྐྱེས༔ དེ་གཉིས་སྲིད་རུ་ལངས་པ་ཡིན༔ ཕ་གནམ་གྱི་བྱ་ནག་གཤོག་ཆགས་དང་༔ མ་ས་ཡི་བྱི་གཤོག་ཁྲ་མོ་གཉིས༔ དེ་གཉིས་སྲི་ཅིང་སྤྲུལ་པ་ལས༔ སྲིད་པའི་སྒོ་ང་བཅུ་གསུམ་བྱུང་༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་སྤྱང་ཀིའི་མགོ་ཅན་བྱུང་༔ གནས་པ་རི་བོའི་རྩེ་ལ་གནས༔ ཟ་བ་སྐྱེས་པ་ཕོ་ལ་ཟ༔ མིང་ནི་ཕོ་སྲི་རལ་ཅན་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་རྔ་མོའི་མགོ་ཅན་བྱུང་༔ གནས་པ་རྒྱ་མཚོའི་གཏིང་ན་གནས༔ ཟ་བ་ཟ་མ་མོ་ལ་ཟ༔ མིང་ནི་མོ་སྲི་ཟ་བྱེད་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་སྲེ་མོང་མགོ་ཅན་བྱུང་༔ གནས་པ་མལ་གྱི་འོག་ན་གནས༔ ཟ་བ་བྱིས་པ་ཆུང་ལ་ཟ༔ མིང་ནི་ཆུང་སྲི་འཕུང་བྱེད་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་ཁྱུང་གི་མགོ་ཅན་བྱུང་༔ གནས་པ་བདུད་རིའི་རྩེ་ལ་གནས༔ ཟ་བ་མོ་ཡི་སྲི་ལ་ཟ༔ མིང་ནི་བདུད་སྲི་ནག་པོ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་འུག་པའི་མགོ་ཅན་བྱུང་༔ གནས་ནི་བཙན་གྱི་རི་ལ་གནས༔ མིང་ནི་བཙན་སྲི་དམར་པོ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་བྱ་ཕོའི་མགོ་ཅན་བྱུང་༔ གནས་པ་ལྷ་ཁང་ནང་ན་གནས༔ མིང་ནི་རྒྱལ་སྲི་དཀར་པོ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་ཕག་གི་མགོ་ཅན་བྱུང་༔ གནས་པ་ལུང་གསུམ་མདོ་ན་གནས༔ མིང་ནི་དམ་སྲི་ཕུང་བྱེད་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་སྦྲུལ་གྱི་མགོ་ཅན་བྱུང་༔ གནས་ས་རྒྱ་མཚོའི་གཏིང་ན་གནས༔ མིང་ནི་ཀླུ་སྲི་སྔོན་པོ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་གཡག་གི་མགོ་ཅན་བྱུང་༔ གནས་པ་དགྲ་བོའི་མཚམས་ན་གནས༔ མིང་ནི་དགྲ་སྲི་དར་མ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་ཤ་བའི་མགོ་ཅན་བྱུང་༔ གནས་པ་མཚོན་གྱི་རྩེ་ལ་གནས༔ མིང་ནི་གྲི་སྲི་ངན་པ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་ཝ་ཡི་མགོ་ཅན་བྱུང་༔ གནས་པ་མཆོད་པའི་སྟེང་ན་གནས༔ མིང་ནི་རྒན་སྲི་རལ་ཅན་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་རྟ་ཡི་མགོ་ཅན་བྱུང་༔ གནས་པ་རི་དགུའི་འོག་ན་གནས༔ མིང་ནི་སྐྱེས་པའི་བྱེས་སྲི་ཟེར༔ སྐྱེས་པ་བྱེས་སུ་སོང་བའི་དུས༔ གཏམ་ངན་ཡུལ་དུ་སླེབས་པ་དང་༔ རྟ་ཕོ་བྱེས་སུ་སོང་བའི་དུས༔ སྒ་སྟན་ཁྱེར་ནས་འོང་བའི་སྲི༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་ར་ཡི་མགོ་ཅན་བྱུང་༔ གནས་པ་ར་བའི་ཕུག་ན་གནས༔ མིང་ནི་གོད་སྲི་བྱིན་མོ་ཟེར༔ ཕྱུགས་ལུག་ར་བ་སྟོངས་པའི་སྲི༔ དེ་དག་སྲི་ཡི་བྱུང་ཚུལ་ཡིན༔ གཉིས་པ་སྲི་ཡི་གནོན་ཚུལ་ནི༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ སྲི་ཅན་གནོན་དུ་བྱེད་པའི་ཚེ༔ སྲི་ཅན་འཁོར་དང་བཅས་པ་ཡིས༔ ཟང་ཞུ་དགུ་ནི་མགོ་ལ་གྱོན༔ སླ་ང་དགུ་ནི་བྲང་ལ་བཀབ༔ འབྲེང་ཞགས་དགུ་ནི་སྐེད་ལ་བཅིངས༔ སྟ་རེ་དགུ་ནི་སྐེད་ལ་བཙུགས༔ ཕྱོགས་རྣམས་ཀུན་ཏུ་ཕྱིན་པ་ལས༔ སློབ་དཔོན་པདྨ་འབྱུང་ནས་དང་༔ འགྱུར་མེད་ཐང་ལ་ཐུག་སྟེ་འཕྲད༔ སྲི་ཅན་ནང་ནས་གདོང་དྲགས་པ༔ སྲི་ལྕམ་དྲ་མ་བྱ་བ་དེ༔ སྐད་ཅིག་ཉིད་ལ་བྲོས་ཏེ་སོང་༔ སྲི་ཅན་སྤུན་དགུའི་སྲིང་གཅིག་མ༔ དེ་ཡི་མཆིད་ནས་འདི་སྐད་ཟེར༔ སློབ་དཔོན་ཆེན་པོ་ཚུར་གསོན་དང་༔ ང་ནི་སྲི་ལྕམ་གྲ་མ་ཡིན༔ མིང་པོ་སྲི་ཅན་སྤུན་དགུ་ཡིན༔ ང་ཡི་ཕ་མ་འཁོར་དང་བཅས༔ སྐྱེ་འགྲོ་ཀུན་གྱི་སྲི་རུ་ཆེ༔ ཁྱེད་ཧབ་ཀྱིས་ཟ་འམ་ཧུབ་ཀྱིས་འཐུང་༔ དེ་སྐད་ཙམ་ཞིག་ཟེར་བ་དང་༔ སློབ་དཔོན་ཆེན་པོས་འདི་སྐད་གསུང་༔ ང་ནི་ཁྱོད་ཀྱིས་ཐུབ་པའི་གང་ཟག་མིན༔ ལྟ་སྒོམ་སྤྱོད་པའི་འབྲས་བུར་ལྡན༔ སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས༔ ཆོས་སྐྱོང་སྲུང་མ་བྲལ་དུ་ཁོལ༔ ཁྱོད་འཁོར་དང་བཅས་པ་ཐམས་ཅད་ཀུན༔ ང་ཡི་འཁོར་གཡོག་བྲན་དུ་བྱ༔ དེ་སྐད་གསུངས་པས་སྲི་མོ་བྲོས༔ དེ་ནས་སློབ་དཔོན་ཆེན་པོ་ཡིས༔ སྔགས་དང་ཕྱག་རྒྱས་སྲི་ཅན་བཀུག༔ ངག་ཏུ་ཡང་ནི་འདི་སྐད་བརྗོད༔ ཀྱེ་སྲི་ཅན་འཁོར་བཅས་འདིར་ཤོག་ཅིག༔ དེ་རིང་ཙམ་ལས་དགའ་བ་མེད༔ འདི་ན་རིན་ཆེན་གཞལ་ཡས་ཁང་༔ མཐོང་བ་ཙམ་གྱིས་སྤྲོ་བ་སྐྱེད༔ དགའ་ཞིང་བྲོད་པའི་གནས་འདིར་ཤོག༔ སྲི་ཅན་དགོད་ཅིང་འདུལ་ཞིང་ཤོག༔ གླུ་ལེན་བྲོ་བརྡུང་ཡོད་པས་ཤོག༔ རི་རབ་ཙམ་གྱི་ཟས་ཀྱང་ཡོད༔ རྒྱ་མཚོ་ཙམ་གྱི་སྐོམ་ཡང་ཡོད༔ ཤ་གསུར་དུད་པ་སྣོམ་དུ་ཤོག༔ འཇའ་ཚོན་ལུས་ལ་གྱོན་དུ་ཤོག༔ འཕྲུལ་ཀྱི་མེ་ལོང་བལྟ་རུ་ཤོག༔ སྐྱོ་མ་བལ་སྐྱ་ལྡག་ཏུ་ཤོག༔ ལྷ་ཡི་གཞལ་ཡས་བལྟ་རུ་ཤོག༔ དུང་ཁང་ནང་དུ་ཉལ་དུ་ཤོག༔ གསེར་ཟན་ཁམ་གསུམ་ཟ་རུ་ཤོག༔ སྲི་ཡོས་ལྡེར་གང་འགམ་དུ་ཤོག༔ སྲི་ཆང་འཚོད་ཅིག་འཐུང་དུ་ཤོག༔ ཤེལ་ཆེན་བེར་དམར་གྱོན་དུ་ཤོག༔ དེ་སྐད་ཙམ་ཞིག་གསུངས་པ་དང་༔ ལས་ཀྱི་དབང་གིས་སྲི་ཅན་རྣམས༔ རང་དབང་མེད་པར་མདུན་དུ་བྱུང་༔ ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན༔ དུས་དང་བསྐལ་བ་དེ་ཙ་ན༔ སྲི་མོ་བྱ་བའི་ལས་ངན་དེ༔ གཉིད་དུ་སོང་བའི་རྨི་ལམ་དུ༔ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ༔ རྨི་ལམ་མི་ངན་རྨི་ལམ་བཟང་༔ རྟ་ནག་གཅིག་ལ་ཞོན་པ་རྨིས༔ ཐང་ནག་གཅིག་ལ་ཕྱིན་པ་རྨིས༔ གསེར་ཟན་ཁམ་གསུམ་ཟོས་པ་རྨིས༔ སྐྱོ་མ་བལ་སྐྱ་ལྡག་པ་རྨིས༔ དངུལ་དཀར་མེ་ལོང་བལྟ་བ་རྨིས༔ དུང་ཁང་ནང་དུ་ཉལ་བ་རྨིས༔ ལུས་ལ་འཇའ་ཚོན་ཤར་བ་རྨིས༔ གཡས་སུ་ཐོག་ཅིག་བབས་པ་རྨིས༔ གཡོན་དུ་འབྲུག་ཅིག་ལྡིར་བ་རྨིས༔ བར་དུ་གློག་ཅིག་འཁྱུག་པ་རྨིས༔ གཞལ་ཡས་ཁང་དུ་ཕྱིན་པ་རྨིས༔ ཤེལ་ཆེན་བེར་དམར་གྱོན་པ་རྨིས༔ རྨི་ལམ་མཁན་གྱིས་བཤད་དུ་གསོལ༔ དེ་སྐད་ཙམ་ཞིག་བརྗོད་པ་དང་༔ རྨི་ལམ་མཁན་གྱིས་ལན་བཏབ་པ༔ སྲི་མོ་ལས་ངན་ཚུར་ཉོན་དང་༔ དེ་རིང་ཕན་ཆད་སུ་དང་འཕྲད༔ སྲི་འདུལ་ཆེན་པོ་ཞིག་དང་མ་འཕྲད་དམ༔ རྨི་ལམ་མི་བཟང་རྨི་ལམ་ངན༔ གཡས་སུ་ཐོག་ཅིག་བབས་པ་དེ༔ རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིན༔ གཡོན་དུ་འབྲུག་ཅིག་ལྡིར་བ་དེ༔ གསང་བའི་རྔ་ཆུང་ལྡིར་བ་ཡིན༔ བར་ནས་གློག་ཅིག་འཁྱུག་པ་དེ༔ སློབ་དཔོན་ལྕེ་ནི་གློག་ལྟར་འཁྱུག༔ གསེར་ཟན་ཁམ་གསུམ་ཟོས་པ་དེ༔ སྦང་ཟན་ཁམས་གསུམ་ཟ་བ་ཡིན༔ སྐྱོ་མ་བལ་སྐྱ་ལྡག་པ་དེ༔ ཐལ་སྐྱོ་ནུར་མ་ལྡག་པ་ཡིན༔ འཕྲུལ་གྱི་མེ་ལོང་བལྟ་བ་དེ༔ ར་སོག་སྐྱ་མོར་བལྟ་པ་ཡིན༔ འཇའ་ཚོན་ལུས་ལ་ཤར་བ་དེ༔ བལ་ཚོན་སྣ་ལྔས་བཅིངས་པ་ཡིན༔ རྟ་ནག་ཅིག་ལ་ཞོན་པ་དེ༔ འགལ་བ་ཁ་ནག་ཞོན་པ་ཡིན༔ དུང་ཁང་ནང་དུ་ཉལ་བ་དེ༔ ཁྱི་ཐོད་སྐྱ་མོར་བཅུག་པ་ཡིན༔ ཤེལ་ཆེན་བེར་དམར་གྱོན་པ་དེ༔ རེ་བ་ནག་པོ་གོན་པ་ཡིན༔ གླུ་ལེན་བྲོ་བརྡུང་བྱེད་པ་དེ༔ སྔགས་དང་ཕྱག་རྒྱའི་བྲོ་བརྡུང་ཡིན༔ ཐང་ནག་ཅིག་ལ་ཕྱིན་པ་དེ༔ སྲི་ཅན་ཕོ་མོ་འགུགས་པ་ཡིན༔ དེ་སྐད་ཟེར་བ་ཐོས་པ་དང་༔ སྲི་མོ་དམ་སྲི་ལས་ངན་དེ༔ ལ་དགུ་ལུང་དགུ་བརྒལ་ནས་བྲོས༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ ཕོ་ཉ་མགྱོགས་བྱེད་བསྐུལ་ནས་ནི༔ དྲག་པོའི་སྟོབས་ཀྱིས་མྱུར་དུ་བཀུག༔ ཐལ་བ་མེད་པའི་རྒྱ་ཆིངས་བཏབ༔ དེ་ནས་སྲི་མོས་འདི་སྐད་སྨྲས༔ སློབ་དཔོན་ཆེན་པོ་ཚུར་གསོན་དང་༔ སྲི་ཅན་བྲོས་ཀྱང་འགུགས་པ་དེ༔ དགོས་དོན་ཅི་ལ་ཡོད་པ་ཡིན༔ དེ་སྐད་ཙམ་ཞིང་སྨྲས་པ་དང་༔ སློབ་དཔོན་ཆེན་པོས་འདི་སྐད་གསུང་༔ ཁྱོད་སྲི་ཅན་འཁོར་དང་བཅས་པ་ཡིས༔ འགྲོ་བ་ཀུན་ལ་གནོད་འགལ་བྱས༔ ད་ནི་དམ་སྲི་གནོན་པ་ཡིན༔ སངས་རྒྱས་བསྟན་ལ་གནོད་འགལ་བྱས༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་བྱས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་༔ བསད་ཅིང་མནན་པའི་དུས་ལ་བབས༔ དེ་སྐད་ཙམ་ཞིག་གསུངས་པ་དང་༔ སྲི་མོས་འདི་སྐད་ལན་བཏབ་བོ༔ ཀྱཻ་སློབ་དཔོན་ཆེན་པོ་བདག་ལ་གསོན༔ སྤྱིར་མི་རིགས་སུམ་བརྒྱ་དྲུག་ཅུ་ལ༔ སྲི་ཅན་འཁོར་བཅས་མ་གཏོགས་པའི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡོད༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཡོད༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད༔ ཚེ་རབས་བགྲང་བའི་ལྷ་འདྲེ་ཡོད༔ འཕྲལ་ལ་གནོད་པའི་རྐྱེན་གེགས་ཡོད༔ ལས་ཀྱི་དབང་གིས་གནོན་འགལ་བྱས༔ དེ་དག་སྲི་ཡི་ལན་པ་ཡིན༔ བདག་ཅག་སྲི་ཅན་ལན་པ་མིན༔ དུས་ཀྱི་དབང་གི་གནོད་འདོད་ན༔ ཐོད་པའི་ཐོད་རབས་བཤད་ཀྱང་འཚལ༔ མི་རིགས་སུམ་བརྒྱ་དྲུག་ཅུ་ལ༔ ཐོད་རབས་སུམ་བརྒྱ་དྲུག་ཅུ་ཡོད༔ དེ་དག་གང་དང་གང་ལ་ཟེར༔ བཙལ་གྱིས་མི་རྙེད་ཐོད་གསུམ་ཡོད༔ མནན་པས་མི་ནོན་ཐོད་གསུམ་ཡོད༔ གནོན་དུ་མི་རུང་ཐོད་གསུམ་ཡོད༔ མེད་ཐབས་མེད་པའི་ཐོད་གསུམ་ཡོད༔ གནོན་དུ་མི་དགོས་ཐོད་གསུམ་ཡོད༔ མགོ་ལས་མ་བྱུང་ཐོད་གསུམ་ཡོད༔ ཤིང་ལས་མ་བྱས་འགལ་གསུམ་ཡོད༔ དེ་དག་གང་དང་གང་ལ་བྱ༔ ལྡིང་གསུམ་ཐོད་པ་གང་ལ་ཟེར༔ འགྲོ་གསུམ་ཐོད་པ་གང་ལ་ཟེར༔ འཛུལ་གསུམ་ཐོད་པ་གང་ལ་ཟེར༔ འཕྱོ་གསུམ་ཐོད་པ་གང་ལ་ཟེར༔ དེ་སྐད་ཙམ་ཞིག་ཟེར་བ་དང་༔ སློབ་དཔོན་ཆེན་པོས་འདི་སྐད་གསུང་༔ བཙལ་གྱིས་མི་རྙེད་ཐོད་གསུམ་པོ༔ བྱ་ཁྱུང་གྷ་རུའི་ཐོད་པ་དང་༔ སེངྒེ་དཀར་མོའི་ཐོད་པ་དང་༔ གཡུ་འབྲུག་སྔོན་མོའི་ཐོད་པ་ཡིན༔ མནན་ཀྱང་མི་ནོན་ཐོད་གསུམ་ནི༔ བཙད་པོ་དར་མའི་ཐོད་པ་དང་༔ བན་བོན་དར་མའི་ཐོད་པ་དང་༔ བྲམ་ཟེ་དར་མའི་ཐོད་པ་ཡིན༔ མནན་དུ་མི་རུང་ཐོད་གསུམ་ནི༔ ཡོངས་ཀྱི་དགེ་བཤེས་ཐོད་པ་དང་༔ དགེ་སློང་ཁྲིམ་ལྡན་ཐོད་པ་དང་༔ རྣལ་འབྱོར་རྟོགས་ལྡན་ཐོད་པ་ཡིན༔ མེད་ཐབ་མེད་པའི་ཐོད་གསུམ་ནི༔ དུ་རུ་ཕག་གི་ཐོད་པ་དང་༔ ཀུ་ཀུ་རཱ་ཙའི་ཐོད་པ་དང་༔ ཚེ་ཚེ་ར་ཡི་ཐོད་པ་ཡིན༔ གནོན་མི་དགོས་པའི་ཐོད་གསུམ་ནི༔ རྒྱ་མོ་སྣ་རིང་ཐོད་པ་དང་༔ ཧོར་མོ་སྤྱི་རིང་ཐོད་པ་དང་༔ མོན་མོ་ནག་མོའི་ཐོད་པ་ཡིན༔ མགོ་ལས་མ་བྱུང་ཐོད་གསུམ་ནི༔ ཕྱག་ཚང་ཀུ་བའི་ཐོད་པ་དང་༔ བྱ་མོ་ནག་མོའི་སྒོང་ང་དང་༔ ཁམ་པ་ས་ལས་གྲུབ་པ་གསུམ༔ ཤིང་ལས་མ་བྱས་འགལ་གསུམ་ནི༔ ར་རུ་གཉེར་མ་ཅན་དང་གཅིག༔ ལུག་རུ་ཁུག་པ་དེ་དང་གཉིས༔ གཡག་རུ་ལྡིང་བ་དེ་དང་གསུམ༔ ཁྱུང་རྒོད་གླག་གི་ཐོད་པ་གསུམ༔ ལྡིང་གསུམ་ལྡིང་གི་ཐོད་པ་ཡིན༔ ཝ་འཛུལ་སྤྱང་འཛུལ་གྲུམ་འཛུལ་གསུམ༔ འཛུལ་གསུམ་འཛུལ་གྱི་ཐོད་པ་ཡིན༔ ཉ་འཕྱོ་སྲམ་འཕྱོ་དུང་འཕྱོ་གསུམ༔ འཕྱོ་གསུམ་འཕྱོ་ཡི་ཐོད་པ་ཡིན༔ དེ་སྐད་ཙམ་ཞིག་གསུངས་པ་དང་༔ ཡང་ཅིག་སྲི་མོས་འདི་སྐད་ཞུས༔ ཀྱེ་སློབ་དཔོན་ཆེན་པོ་ཚུར་གསོན་དང་༔ ལྡིང་གསུམ་ལྡིང་གི་ཐོད་པ་དེ༔ དགོས་ཚད་གང་དང་གང་ལ་དགོས༔ མེད་ཐབས་མེད་ཀྱི་ཐོད་པ་དེ༔ མེད་ཐབས་གང་དང་གང་ལ་མེད༔ ཚྭ་དང་བུལ་ཏོག་བ་ཚྭ་གསུམ༔ དགོས་ཆེད་གང་དང་གང་ལ་དགོས༔ བལ་མཚོན་སྣ་ལྔ་ཅི་ལ་དགོས༔ བ་ར་རྟ་ཡི་འོ་མ་དེ༔ དགོས་ཆེད་གང་དང་གང་ལ་དགོས༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དེ༔ མེད་ཐབས་གང་དང་གང་ལ་མེད༔ གུ་གུལ་དུད་པ་ཅི་ལ་དགོས༔ སྐྱེར་བའི་ཚེར་མ་ཅི་ལ་དགོས༔ དེ་སྐད་ཙམ་ཞིག་ཟེར་བ་དང་༔ དེ་ནས་སློབ་དཔོན་འདི་སྐད་གསུང་༔ ལྡིང་གསུམ་ཐོད་པས་ལྷ་སྲི་འདུལ༔ འཕྱོ་གསུམ་ཐོད་པས་བཙན་སྲི་འདུལ༔ འགྲོ་གསུམ་ཐོད་པས་གོད་སྲི་འདུལ༔ འཛུལ་གསུམ་ཐོད་པས་ཐབ་སྲི་འདུལ༔ འཕྱོ་གསུམ་ཐོད་པས་ཆེ་སྲི་འདུལ༔ ར་ཁྱི་ཕག་གསུམ་ཐོད་པ་དེ༔ དམ་སྲི་འདུལ་ན་དགོས་པ་ཡིན༔ སེ་སྐྱེར་འོམ་བུའི་རྩང་རྣོན་དེ༔ དམ་སྲི་གསོད་པའི་མཚོན་ཆ་ཡིན༔ དུག་ཆེན་དུ་བ་བུལ་ཏོག་གསུམ༔ རྫོང་གསུམ་འདེབས་པའི་རྫས་ཡིན་ནོ༔ བ་ར་རྟ་ཡི་འོ་མ་དེ༔ ཐལ་སྐྱོ་བྱེད་པའི་ཁུ་བ་ཡིན༔ བལ་ཚོན་སྣ་ལྔའི་སྐུད་པ་དེ༔ སྲི་ཅན་འཆིང་བའི་ཐག་པ་ཡིན༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དེ༔ སྲི་རྣམས་གནོན་པའི་གཡམ་པ་ཡིན༔ སློབ་དཔོན་ཆེན་པོས་དེ་སྐད་གསུངས༔ སྲི་མོས་ཡང་གཅིག་འདི་སྐད་ཞུས༔ ཕོ་སྲི་ལྡང་ན་གང་ནས་ལྡང་༔ ཕོ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཅི་ལྟར་འབྱུང་༔ གནོན་པའི་ཐོད་པ་གང་ལ་བྱེད༔ ཕོ་སྲི་གནོན་ན་གང་དུ་གནོན༔ མོ་སྲི་ལྡང་ན་གང་ནས་ལྡང་༔ མོ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འོང་༔ གནོན་སའི་ཐོད་པ་གང་ལ་བྱེད༔ གནོན་ས་གང་དང་གང་ལ་བྱེད༔ དགྲ་སྲི་ལྡང་ན་གང་ནས་ལྡང་༔ དགྲ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་ཡོང་༔ དགྲ་སྲི་གནོན་སའི་ཐོད་པ་གང་༔ གནོན་ས་གང་དང་གང་དུ་བྱེད༔ དུར་སྲི་ལྡང་ན་གང་ནས་ལྡང་༔ དུར་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་ཡོང་༔ དུར་སྲི་གནོན་སའི་ཐོད་པ་གང་༔ གནོན་ས་གང་དང་གང་དུ་བྱེད༔ ཕུང་སྲི་ལྡང་ན་གང་ནས་ལྡང་༔ ཕུང་སྲི་རྫུ་དང་གང་དུ་རྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ ཕུང་སྲི་གནོན་སའི་ཐོད་པ་གང་༔ གནོན་པ་གང་དང་གང་དུ་བྱེད༔ གོད་སྲི་ལྡང་ན་གང་ནས་ལྡང་༔ གོད་སྲི་བརྫུ་ན་གང་ནས་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ གོད་སྲི་གནོན་སའི་ཐོད་པ་གང་༔ གནོན་ས་གང་དང་གང་དུ་བྱེད༔ ཆུང་སྲི་ལྡང་ན་གང་ནས་ལྡང་༔ ཆུང་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ ཆུང་སྲི་གནོན་སའི་ཐོད་པ་གང་༔ གནོན་ས་གང་དང་གང་དུ་བྱེད༔ དེ་སྐད་ཙམ་ཞིག་ཞུས་པ་དང་༔ སློབ་དཔོན་ཆེན་པོས་འདི་ལྟར་གསུང་༔ ཕོ་སྲི་གངས་དཀར་སྟོད་ནས་ལྡང་༔ རྫུ་བ་གཡག་དང་གངས་སུ་བརྫུ༔ དབྱིབས་དང་ཁ་དོག་དཀར་ལ་འཚེར༔ གནོན་ས་གཡག་རོག་ཐོད་པ་རུ༔ གནོན་ས་གངས་དཀར་སྟོད་དུ་གནོན༔ མོ་སྲི་རྒྱ་མཚོའི་གཏིང་ནས་ལྡང་༔ རྫུ་བ་ཁྱི་མོ་ནག་མོར་བརྫུ༔ དབྱིབས་དང་ཁ་དོག་མཐིང་ལ་ནག༔ ཁྱི་མོ་ནག་མོའི་ཐོད་པ་རུ༔ གནོན་ས་རྒྱ་མཚོའི་གཏིང་དུ་གནོན༔ དགྲ་སྲི་ལ་བཙས་འོག་ནས་ལྡང་༔ རྫུ་བ་ལྕགས་ཀྱི་སྤྱང་མོར་བརྫུ༔ དབྱིབས་དང་ཁ་དོག་སྔོ་ལ་སྐྱ༔ སྤྱང་ཀྱི་སྔོན་མོའི་ཐོད་པ་རུ༔ གནོན་ས་ལ་བཙས་འོག་ཏུ་གནོན༔ དུར་སྲི་དུར་གྱི་སྒབ་ནས་ལྡང་༔ རྫུ་བ་ཝ་མོ་དམར་མོར་བརྫུ༔ དབྱིབས་དང་ཁ་དོག་དམར་ལ་སྐྱ༔ ཝ་མོ་དམར་མོའི་ཐོད་པ་རུ༔ གནོན་ས་དུར་གྱི་འོག་ཏུ་གནོན༔ ཕུང་སྲི་གྲོག་པོའི་ནང་ནས་ལྡང་༔ རྫུ་བ་རྔ་མོང་ག་པར་བརྫུ༔ དབྱིབས་དང་ཁ་དོག་སྨུག་ནག་སྟོན༔ རྔ་མོང་ག་པའི་ཐོད་པ་རུ༔ གནོན་ས་གྲོག་པོའི་ནང་དུ་གནོན༔ གོད་སྲི་ར་བའི་ཕུག་ནས་ལྡང་༔ རྫུ་བ་འཕར་སྤྱང་གཉིས་སུ་བརྫུ༔ དབྱིབས་དང་ཁ་དོག་དམར་སྐྱ་སྟོན༔ འཕར་སྤྱང་གཉིས་ཀྱི་ཐོད་པར་གནོན༔ གནོན་ས་ར་བའི་ཕུག་ཏུ་གནོན༔ ཆུང་སྲི་མལ་གྱི་འོག་ནས་ལྡང་༔ རྫུ་བ་ཁྱི་གུ་ཕག་གུར་བརྫུ༔ རེས་དགའ་རེའུ་ལུག་གུར་བརྫུ༔ དབྱིབས་དང་ཁ་དོག་གང་ཡང་སྟོན༔ ཆུང་གསུམ་ཐོད་པའི་ནང་དུ་གནོན༔ གནོན་ས་མལ་གྱི་འོག་ཏུ་གནོན༔ དེ་ནས་སྲི་ཡིས་ལན་མ་ཐེབས༔ དེ་ཚེ་སློབ་དཔོན་པདྨ་ཡིས༔ སྲི་རྣམས་གནོན་པའི་དུས་ལ་བབས༔ གནམ་གྱི་བྱ་ནག་ཤོག་ཆག་དེ༔ ཉིན་མོ་ཕོ་བརྒྱའི་ཤ་ལ་ཟ༔ མཚན་མོ་མོ་བརྒྱའི་ཁྲག་ལ་འཐུང་༔ ནང་ནུབ་བྱིས་པ་ཕྱག་མས་འདེབས༔ མ་རྣམས་བུ་དགའ་ཟེར་བ་ལ༔ སྲི་ཅན་རྣམས་ཀྱི་ཟ་རེས་བབས༔ བུ་དགའ་ཟེར་བའི་གནས་སུ་བྱུང་༔ ཁྱེད་ཀྱི་ཕ་ཡང་ངས་ཀྱང་ཟོས༔ ད་ཡང་ཁྱེད་ལ་ཟ་རེས་བབས༔ དེ་བས་སྲི་མོ་ཆུང་མར་སྣང་༔ ཟེར་བ་ཐོས་པར་གྱུར་མ་ཐག༔ མིང་པོ་སྲིང་མོའི་རྩ་རུ་ཕྱིན༔ སྲིང་མོས་ཅི་ཉེས་དྲིས་པ་ལ༔ མིང་པོས་སྔར་གྱི་ལོ་རྒྱུས་བཤད༔ དེ་ནས་སྲི་མོས་འདི་སྐད་སྨྲས༔ མིང་པོ་དེ་ལ་མ་འཇིགས་ཤིག༔ ད་ཤིག་དེ་རུ་ཕྱིན་ནས་ཀྱང་༔ ཕ་ཡི་མི་ཤ་བླང་ངོ་ཟེར༔ ནང་གྲོས་བྱས་ནས་སྲིང་མོ་བྱིན༔ བུད་མེད་གཡོ་དང་ཁྲམ་ཆེ་བས༔ ཆུང་མར་བྱས་ནས་ཁ་བསླུ་བྱས༔ ཅི་ལ་འཇིགས་ཞེས་དྲིས་པ་ལ༔ སྡེ་བརྒྱད་ཡོངས་ལ་ང་མི་འཇིགས༔ ཐོག་རྗེ་བཙན་ལ་ང་མི་འཇིགས༔ ཆུང་མས་ཐོག་རྗེ་བཙན་པོ་བཀུགས༔ བརྔན་པ་བྱིན་ནས་གསོད་དུ་བཅུག༔ ཐོག་རྗེ་བཙན་པོས་འཕྲང་ལ་དགུག །༔ འགྱུར་བ་མེད་པའི་སྲི་དང་འཕྲད༔ མདའ་རྒྱབ་དཔྲལ་བའི་དབྱིངས་སུ་ཐེབས༔ ཆུང་མས་ངུ་རྫུ་བྱས་ནས་རྫིས༔ ཁྱེད་ལ་སུས་བརྒྱབ་མི་འཆ་ིའམ༔ ང་ཡི་བློ་གཏད་སུ་ལ་འཆོལ༔ ཟེར་ཞིང་མཚང་ནས་བྲུས་པ་ལ༔ སྲི་ཡིས་བདེན་སྙམ་འདི་གཏམ་སྨྲས༔ མ་ངུ་ང་ནི་མི་འཆིའོ༔ བླ་རུ་བྱིའུ་ཆུང་བདུན་ཡོད་པས༔ བྱིའུ་ཆུང་དེ་རྣམས་མ་ཤི་ན༔ ཁོ་བོ་བསད་ཀྱང་འཆི་རེ་ཀན༔ དེ་སྐད་ཟེར་ཞིང་སྙིང་གཏམ་བཤད༔ ཆུང་མས་ཡང་ཅིག་ཁ་བསླུ་བྱས༔ བླ་ཡི་བྱིའུ་ཆུང་བདུན་པོ་དེ༔ གང་ཟ་གང་འཐུང་གང་དུ་ཉལ༔ ཅི་རྗུ་འབོད་ན་གང་དུ་འབོད༔ འབོད་པའི་རྫས་ནི་ཅི་ཞིག་ཡིན༔ དེ་སྐད་བྱས་པས་འདི་སྐད་ཟེར༔ བླ་ཡི་བྱིའུ་ཆུང་བདུན་པོ་དེ༔ ཉིན་མོ་གངས་ཀྱི་སྟེང་དུ་ཉལ༔ ནུབ་མོ་རྒྱ་མཚོའི་གཏིང་དུ་ཉལ༔ ཚེས་པ་བཅོ་ལྔའི་ནུབ་མོ་ལ༔ འབོད་པ་རྒྱ་མཚོའི་གཏིང་ནས་འབོད༔ ལྕི་བ་སེར་ཀའི་དུད་པ་དང་༔ མི་རྐང་གླིང་བུའི་སྒྲ་དང་བཅས༔ གྲི་སྐད་ལན་གསུམ་བོས་ན་འོང་༔ དེ་ལྟར་བྱས་ན་ནམ་ཕྱེད་ན༔ འོང་ངོ་ཟེར་སྟེ་བཅོལ་བ་བྱས༔ ཚེས་པ་བཅོ་ལྔའི་ནུབ་མོ་ལ༔ རྒྱ་མཚོ་ཆེན་པོའི་ཁ་རུ་ཕྱིན༔ ལྕི་བ་སེར་གའི་དུད་པ་དང་༔ མི་རྐང་གླིང་བུའི་སྒྲ་དང་བཅས༔ གྲི་སྐད་ལན་གསུམ་བོས་པ་དང་༔ རིན་པོ་ཆེའི་བྱིའུ་ཆུང་བདུན༔ རྒྱ་མཚོ་དེ་ཡི་འགྲམ་དུ་བྱུང་༔ ཡས་བཟུང་དེ་ནི་མགོ་ནས་བཟུང་༔ མས་བཟུང་དེ་ནི་རྐང་ནས་བཟུང་༔ ར་ཁྱི་ཕག་གསུམ་ཐོད་པར་བཅུག༔ བལ་ཚོན་སྣ་ལྔས་རྒྱ་ཆིངས་བྱས༔ རྡོ་རྗེ་རྒྱ་གྲམ་འོག་ཏུ་མནན༔ དེ་རུ་སྲི་ཡི་བླ་གཅིག་བསད༔ དེ་བྱས་དེ་ཐུབ་ནོན་པ་ཡིན༔ ཞེས་པའི་བར་སྲི་རབས་ཀྱི་ཚུལ་དུ་བཏང་༔ དང་པོ་གཟུགས་བཅའ་བ་བར་དུ་འགུགས་ཐ་མར་མནན་པར་བྱ་དང་པོ་ཕོ་ཉས་འགུགས་པར་བྱ་གཞུང་གི་བསྐུལ་ལ་སྤེེལ་ཚིག་ནི། སྲི་ངན་འགུགས་པའི་ལས་མཛོད་ཅིག༔ སོགས་སྦྱར་ཡང་ལྕི་བར་སེར་ག་ར་ཤའམ་ར་ཚིལ་མི་རྐང་རྟ་རྐང་རྣམས་བསྲེས་པའི་གསུར་དུད་དང་བཅས་ཏེ་ན་མོ་རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་བསྲུང་མར་བཅས༔ མ་ལུས་བཀའ་ཡི་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ༔ ཕྱག་རྒྱ་སྔགས་དང་ཏིང་འཛིན་མཐུས༔ བསྟན་འགྲོ་གནོད་བྱེད་དགྲ་བོ་དང་༔ དམ་སྲི་འབྱུང་པོ་གདོན་གྱི་རིགས༔ ཁྱད་པར་བདུད་པོ་ཐོད་ཕྲེང་དང་༔ མ་བདུད་གར་དབང་གཉིས་ཚོགས་བུ༔ རྒྱལ་བློན་ཡུལ་ཁམས་ཕུང་པའི་སྲི༔ དམ་སྲི་དགྲ་སྲི་གོད་སྲི་དང་༔ རྒས་སྲི་ཆུང་སྲི་དུར་གྱི་སྲི༔ གཡལ་མོའི་གོད་སྲི་སྟང་པའི་སྲི༔ ཆེ་ཆུང་ཞང་ཚ་རྗེ་ཁོལ་སྲི༔ མ་བུ་ཕུ་ནུ་ལྕམ་དྲལ་སྲི༔ ཡོད་མེད་སྲི་སོགས་སྲི་ངན་གྱི༔ བླ་སྲོག་རྣམ་ཤེས་རྟེན་འདི་ལ༔ ཁུག་ཅིག་སྡོམས་མྱོས་ལྷ་དང་ཕྱེས༔ དབྱེར་མེད་ངོ་བོ་གཅིག་ཏུ་གྱུར༔ ཅེས་མནན་པའི་གཟེར་ཁ་ལྟར། ཆེ་སྲི་ཆུང་སྲི་དགྲ་སྲི་གོད་སྲི་འཕུང་སྲི་དུར་སྲི་མེ་སྲི་ཆུ་སྲི་མཚོན་སྲི་དམ་སྲི་ལ་སོགས་པའི་སྲིའི་རིགས་ཐམས་ཅད་སྐད་ཅིག་ལ་ཛཿཛ༔ ཞེས་ཀྱང་བརྗོད། གཟུང་གི་བདེན་སྟོབས་བརྗོད་ལ་སྤེེལ་ཚིག་སྦྱར༔ སྐབས་འདིར་མཛེས་རྒྱན་དུ་འབྱུང་བ་རིན་ཆེན་ཀུན་འདུས་ལྟར་སྲི་མོ་དགའ་ཡིན་དགའ་ཡིན་ཤོག །སྲི་མོ་དགོད་ཅིང་དགོད་ཅིང་ཤོག །ལྕམ་མོ་འདུར་ཞིང་འདུར་ཞིང་ཤོག །དོ་ནུབ་ཙམ་ལས་དགའ་བ་མེད་དོ་ཤོག །དོ་ནུབ་ཙམ་ལས་གཞའ་བ་མེད་དོ༴ དགའ་འོ་གཞའ་འོ་ཡོད་དོ༴ བྲོ་བརྡུང་གླུ་ལེན་བྱེད་དུ༴ རི་རབ་ཟས་སུ་ཟའོ་ཤོག །རྒྱ་མཚོ་སྐོམ་དུ་འཐུང་དུ༴ འཕྲུལ་གྱི་མེ་ལོ་ལྟ་རུ༴ འཇའ་ཚོན་ལུས་ལ་གྱོན་དུ་ཤོག །དུང་ཁང་ནང་དུ་འཛུལ་དུ༴ གཞལ་ཡས་ཁང་དུ་ལྟ་རུ༴ སྤོས་ཀྱི་དུད་པ་སྣོམ་དུ༴ གསུར་གྱི་དུད་པ་སྣོམ་དུ༴ སྲི་ཤ་ཁམ་ཅིག་བཟའ་རུ་ཤོག༔ སྲི་ཟན་ཆང་བུ་བཟའ་རུ་ཤོག༔ སྲི་ཆང་ཧུབ་གཅིག་འཐུང་དུ་ཤོག༔ སྲི་ཡོས་སུན་གཅིག་འགམ་དུ་ཤོག༔ སྲི་མ་ར་ཡ་ཤོག །སརྦ་ཛཿཏྲི་ནི་ཛཿཤོག །སྲི་མོ་གུང་གུང་ཤོག །ཀ་ཏྲི་ནི་ཛཿཤོག །ཤན་ཏྲི་ནི་ཛཿཤོག །ན་ཏྲི་ནི་ཛ༴ སུ་ཏྲི་ནི་ཛ༴ དུ་ཏྲི་ནི་ཛ༴ སྲི་མོ་གུམ་གུམ༴ སྲི་མཱ་ར་ཡ༴ ཨཱོཾ་ཨཱཿཧཱུྃཨ་རྩིག་ནེརརྩིག་ན་མོ་བྷ་ག་ཝ་ཏི་ཧཱུྃ་ཕཊ༔ སྲི་ངན་ཛཿཧཱུྃ་བཾ་ཧོ༔ དཔེར་ན་དགྲ་སྲི་ལྟ་བུ་ཡིན་ན། དགྲ་སྲི་ཛཿཧཱུྃ་སོགས་འགྲེའོ། སྲི་ངན་གྱི་བླ་ཤ་རེ་མ་ཏི་འགྲིམས་འགྲིམས༔ ཤ་མ་རུ་ཏི་ཐུལ་ཐུལ་མྱོགས་མྱོགས༔ ཡེད་ཡེད་ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོགས་ལིང་ཤག་ལིང་ཐུམ་ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོ༔ ཞེས་བླ་འགུགས་ཀྱི་སྔགས་བཟླ། དེ་ལྟར་འགུགས་གཞུག་དང་བླ་འགུགས་ཀྱི་སྔགས་སྤེལ་མར་གསུམ་མམ་བདུན་བྱས་པའི་རྩ་བར་སྲི་རྣམས་ཁུག་ཏེ་བྲེད་ནས་སློབ་དཔོན་ལ་ཕྱག་བྱས་པར་བསམ་ལ། སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །བདེ་ཆེན་འདུ་འབྲལ་མེད་པའི་ཐུགས། །དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ། ལུས་ངག་ཡིད་གསུམ་ཕྱག་བགྱིའོ། དེའི་ལན་དུ། འཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། ཚེ་རབས་སྔ་མའི་ལན་ཆགས་ཀྱིས། །དུས་འདི་ཉིད་དུ་སྲི་རྣམས་བྱུང་། །རྣལ་འབྱོར་ང་ཡི་གཤེད་མར་བྱས། ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱིས། །གསང་བའི་གནས་འདིར་འདུས་ཚོགས་ཤིག །ཏྲི་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ཛ༔ གནོད་པར་བྱེད་པའི་འཕུང་སྲི་འདི༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ སངས་རྒྱས་བསྟན་པ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་དམད། ཡོན་མཆོད་རྣམས་ལ་དམོད་པ་ཡི༔ སྡང་བའི་དགྲ་དང་གནོད་པའི་བགེགས། །སྐད་ཅིག་ཉིད་ལ་འདུལ་བའི་ཕྱིར། །གྲུ་གསུམ་འབར་བ་འདིའི་ནང་དུ། །ད་ལྟ་ཉིད་དུ་མཆིས་པར་གྱུར། ནོར་གྱིས་དོག་ནས་མིང་རུས་བྲིས། །ཤོར་གྱིས་དོག་ནས་སྔགས་ཀྱིས་བསྐོར། །བརླག་གིས་དོག་ནས་ལིངྒ་བྲིས། །ཟག་གིས་དོག་ནས་ཐོད་པར་བཅུག །ཁྱོད་ཀྱི་རྫུ་འཕྲུལ་བརླག་བྱའི་ཕྱིར། །ད་ལྟ་ཉིད་དུ་འདིར་ཤོག་ཅིག །བདེན་སྟོབས་འགུགས་གཞུག་སྔ་མ་ལྟར་ལ། ཡོད་མེད་སྲི་སོགས་སྲི་ངན་དང་། །ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །སྙིང་ནས་ཁུག་ཅིག་བཛྲ་ཨཾ་གུ་ཤ་ཛ༔ འཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ འཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ འཕུང་སྲི༴ མྱོས་པར་གྱིས་ཤིག་བཛྲ་གྷནྜེ་ཧོ༔ ཞེས་གུ་གུལ་བདུག་ཅིང་ཐུན་རྫས་རྣམས་ཀྱི་འབྲུབ་ཁུང་དུ་བརྡེག་ཚུལ་ཚིག་དང་བསྟུན་ཏེ། ཛ་གུ་གུལ་སྦྱར་བ་སྲིར་བདུག་པས༔ གནོད་བྱེད་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཆང་དང་དུག་ཁྲག་སྣ་ཚོགས་པ། །དྲག་པོའི་དམར་གཏོར་མཚོན་དབལ་བདར། །ལྕགས་ཟངས་འཁར་སྒོང་སྐེ་ཚེ་དང་། །དཀར་ནག་ཡུངས་དཀར་ཐུན་བྲབ་པས། །གནོད་བྱེད་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཨོཾ་སརྦ་ཛཿཏྲི་ཧཱུྃཿཛ༔ ན་ཏྲི་སུ་ཏྲི་ནི་ཏྲི་ཧཱུྃཿཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་དནྟྲི་ནི་ཀུམ་ཀུམ་ཛཿཛཿཛཿཧཱུྃ༔ བཟླས་པ་འདི་ལ་ནན་ཏན་བྱའོ། ཕུར་པ་སྲི་ཆུང་གི་རྩ་བ་ལས། འགུག་འདྲེན་བྱ། སྡོང་གྲོགས་དང་བྲལ་བ་སོགས་བྱ་ཤིང་བཅུད་ལ་དབབ་བོ། །ཞེས་གསུངས་པ་དང་། དགྲ་སྲི་ཁེར་རྐྱང་ཡིན་ན་ཁུག་རྟགས་བྱུང་ནས་ཀིང་ཀང་ལྟར་རམ་ཡི་དམ་གང་ཡིན་གྱི་གཞུང་བཞིན་ལྷ་དབྱེ་ཚུལ་བཞིན་བྱ་ཞིང་། སྲི་གཞན་རྣམས་ལ་གུ་གུལ་གྱིས་བདུགས་ལ་རིན་ཆེན་ཀུན་འདུས་ལས། དམ་ཉམ་ལྷ་ཕྲལ་འགུགས་པའི་ཕྱིར། །འགོ་བའི་ལྷ་དང་ཕྲལ་བའི་ཕྱིར། །གུ་གུལ་སྦྱར་བའི་དུད་པ་ཡིས། །དམ་སྲི་འབྱུང་སྲིའི་སྣར་བདུག་པས། །གནོད་པར་བྱེད་པའི་འབྱུང་པོ་དང་། །སྲི་ཅན་མཐུ་དང་རྫུ་འཕྲུལ་ཉམས་པར་ཤོག །ཅེས་པ་ཙམ་གྱིས་འཐུས་པར་བསམ། འགུགས་པ་དང་བཟླས་དམིགས་གཞུང་གང་ཡིན་གཙོ་བོར་འདོན། མནན་པའི་གཟེར་ཁ་ལྟར་ན། ཨོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛཿསུ་ཏྲི་ནི་ཧཱུྃ་ཛ༔ ཤནྟྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་ཧཱུྃ་ཛ༔ ནི་ཏྲི་ནི་ཧཱུྃ་ཛ༔ གྲུམ་གྲུམ་གྲུམ་ཛཿཛ༔ ཞེས་གསུངས་པ་ཡང་ཅུང་ཟད་བཟླས་ན་ལེགས། མཐར་དཀྱིལ་འཁོར་གསུམ་ལ་མཆོད་བསྟོད་སོགས་གཞུང་བཞིན་བྱས་ལ་ཐུན་གྲོལ༔ རྩ་བར་དེ་ལྟར་དུས་དྲུག་དུ་གཡེང་བ་མེད་པར་བཟླ༔ འགུགས་སྔགས་དང་སྲི་སྔགས་སོགས་ཀྱིས་གཅུན་ལ་བརྡེག་གོཅེས་གསུངས་པ་ལྟར་ཐུན་དྲུག་གམ་བཞི་བྱ་ཞིང་། ལས་བྱང་མི་གྱེར་བའི་ཐུན་གཞན་རྣམས་ལ་བདག་ཉིད་སྐད་ཅིག་གིས་འཇིག་བྱེད་པདྨ་དྲག་པོ་སོགས་གཞུང་ནས་བྱུང་བའི་བདག་སྐྱེད་གསལ་གདབ་ལ། ཨརྩིག་ནེརརྩིག་བརྒྱ་རྩ་བཟླ། མཐར་གསེར་སྐྱེམས་བཤམས་ཤིང་བྱིན་གྱིས་བརླབས་ཏེ་གསེར་སྐྱེམས་བཏང་། མཁྱེན་གསོལ་གཟུ་དཔང་དེར་སྲི་རབས་ནས་བཟུང་སྔར་བཞིན་བཏོང་། ཁུག་རྟགས་བྱུང་ནས་ལོག་ཏྲི་དང་མན་ངག་གི་སྔགས་བྲི་བཟླས་གཉིས་ཀ་བྱེད་པར་གསུངས་པས་བཟླས་ཏེ་ཐུན་ལ་ཕུ་འདེབས་ཤིང་། ལོག་ཏྲི་དང་སྲི་སྔགས་སོགས་བཟླ་ཤིང་ཐུན་གྱིས་བྲབ་བོ། གསུམ་པ་རྗེས་ཀྱི་རིམ་པ་སྲོད་ཀྱི་ཐུན་དང་ལས་སྦྱོར་གྱི་ཉིན་ཚོགས་བར་པ་ཡན་སོང་ནས། ཚོགས་ཐ་མ་དང་འབྲེལ་བར་ལིངྒ་རྣམས་དང་ཟན་ལིང་སོགས་སློབ་དཔོན་ཀྱི་མདུན་དུ་ལྕགས་སླང་ལྟ་བུར་གཅེར། དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ། ཡང་ན་ནུབ་བསྐུལ་གསེར་སྐྱེམས་མཁྱེན་གསོལ་གཟུ་དཔང་འབྲུབ་ཁུང་ལིང་བསྐྱེད་འགུགས་གཞུག་སོགས་བྱ། གདབ་ཁའི་ཐོག་མར་དྲག་བསྐུལ་ནན་ཏན་བྱས་ལ་བསྒྲལ། ཡང་ནུབ་ཐ་མར། ཧཱུྃ། སྲི་ལས་སྒབ་འདྲེ་ཆེ་བ་མེད། །སྲི་ལས་དེ་ནི་སྐྱེས་རིང་མེད། །ན་བའི་གཟེར་དུ་ཆེ། །ཚ་བའི་དབལ་དུ་ཆེ། །གསོན་གྱི་བདུད་དུ་ཆེ། །གཤིན་ཀྱི་གཤེད་དུ་ཆེ། །ཆེ་སྲི་ཆུང་གི་སྲི། །རྒྱལ་སྲི་བློན་གྱི་སྲི། །ཞང་སྲི་ཚ་བོའི་སྲི། །རྗེ་སྲི་ཁོལ་གྱི་སྲི། །མ་སྲི་བུ་མོའི་སྲི། །བུ་སྲི་ཕ་ཡི་སྲི། །ལྕམ་དང་བྲལ་གྱི་སྲི། །ཡོད་སྲི་མེད་ཀྱི་སྲི། །ཡུལ་སྲི་དུར་གྱི་སྲི། །གོད་སྲི་སྒོ་ཡི་སྲི། །སྲི་རྣམས་ཐམས་ཅད་འདུལ་བའི་ཕྱིར། །དྲག་པོའི་སྐུར་བསྒོམ་སྔགས་བརྗོད་ནས། གུ་གུལ་སྦྱར་བ་སྲིར་བདུག་པས། །སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཆང་དང་དུག་ཁྲག་སྣ་ཚོགས་པ། །དྲག་པོའི་དམར་གཏོར་མཚོན་དབལ་བདར། །ལྕགས་ཟངས་མཁར་སྒོང་སྐེ་ཚེ་དང་། །དཀར་ནག་ཡུངས་དཀར་ཐུན་བྲབ་བས། །སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཨཱོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛ༔ ན་ཏྲི་སུ་ཏྲི་ནི་ཏྲི་ཧཱུྃ་ཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་དན་ཏྲི་ནི་ཀུམ་ཀུམ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཐུན་རྫས་རྣམས་བརྡེག །ཕུར་པ་འགྲིལ། རྩ་བར་དཀྱུས་མ་བཀག་གོ། ཧོམ་དུ་བསྲེག་ཞེས་འབྱུང་ཡང་བསྲེག་མི་དགོས༔ ལས་བྱང་གི་ཞལ་སྟབས་ཀྱི་རྗེས་སུ་རྩ་བར། ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ སྲི་ཅན་གྱི་ནི་རྫུ་འཕྲུལ་དང་༔ ལོག་འདྲེན་གདུག་པའི་ལྟས་ངན་རྣམས༔ ཐམས་ཅད་རྡུལ་དུ་བརླག་པའི་ཕྱིར༔ དེ་དག་མ་ལུས་བསྒྲལ་ནས་ནི༔ དཔལ་ཆེན་འབར་བའི་ཞལ་དུ་སྟོབས༔ མ་མོ་མཁའ་འགྲོའི་ཞལ་དུ་སྟོབས༔ ཆོས་སྐྱོང་སྲུང་མའི་ཞལ་དུ་སྟོབས༔ ཤ་ཁྲག་རུས་གསུམ་དབང་པོ་དོན་སྙིང་དང་བཅས་པ་ལ་ཁཱ་ཧི་ཁཱ་ཧི༔ སོགས་སྟབས་པའི་སྔགས་བརྗོད༔ དེ་ནས་མནན་པ་བྱའོ༔ ཞེས་གསུངས་པས། དེ་ལྟར་གདབ་ལས་ཚར་ནས་མནན་ཆས་བྱེད་དེ། གནན་གཟེར་ལས། གསུམ་པ་མནན་པར་བྱ་བ་ནི། ལིངྒ་དེ་ཐོད་པའི་ནང་དུ་བཅུག༔ ཐལ་སྐྱོ་བླུག་རེ་བ་འམ་ཡུག་སའི་ཤ་གོས་ཀྱིས་དྲིལ༔ བལ་ཚོན་སྣ་ལྔས་བཅིངས༔ ཀླད་ཁུང་ལ་ལ་ཐིལ་རྒྱབ༔ མདུན་དུ་ཨེའི་ནང་དུ་བཞག་ལ༔ རོལ་མོ་དྲག་བརྡུང་དང་བཅས་འདི་སྐད་དོ༔ ཞེས་གསུངས་པ་ལྟར། མནན་ཆས་ཟིན་པའི་སྐབས་སུ་འདི་སྐད་དོ༔ ཀྱེ་སྔོན་གྱི་ལས་ངན་བསགས་པ་ཡིས༔ ད་ལྟ་ལུས་ངན་བླངས་པ་ཡིན༔ སྲི་ཅན་འཁོར་དང་བཅས་པ་འདི༔ རིགས་ནི་ཡི་དྭགས་རྫུ་འཕྲུལ་ཅན༔ ལས་ནི་ངན་དགུ་གདུག་རྩུབ་བྱེད༔ ཐལ་བའི་མདོག་ལ་སྐྲ་གཟེང་སྐྱེས༔ བོང་ཆུང་མདོག་ངན་བཞིན་མི་སྡུག༔ ལྟས་ངན་རྟགས་སུ་ཡ་སོ་བརྟོལ༔ སྔོན་ནས་སེམས་ལ་གདུག་རྩུབ་ཆེ༔ ལས་ངན་བྱས་པས་གྲུབ་པ་ཡིན༔ ཁྱོད་ཕ་ཡི་སྲི་ལ་བུ་ཡི་སྲི༔ ཆེ་བའི་སྲི་དང་ཆུང་གི་སྲི༔ ནོར་གྱི་སྲི་དང་ཕྱུགས་ཀྱི་སྲི༔ རྒྱལ་པོའི་སྲི་དང་བློན་པོའི་སྲི༔ བསྟན་པ་གཉན་པོ་ཁྱོད་ཀྱིས་བཤིག༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་དམད༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་ཁྱོད༔ ཐེག་ཆེན་ཆོས་ལ་ཁྱོད་ཀྱིས་དམད༔ སེམས་ཅན་ཡོངས་ལ་གནོད་པ་བྱས༔ རྣལ་འབྱོར་པ་ཡི་ཚེ་བདུད་བྱས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་༔ བརྗེད་ཀྱིས་དོག་ནས་ལིང་ག་བྱས༔ ནོར་གྱིས་དོགས་ནས་མིང་རུས་བྲིས༔ བྲོས་ཀྱིས་དོགས་ནས་ལྕགས་སྒྲོག་རྒྱབ༔ མཚོན་ཆ་རྣམས་ཀྱིས་ཐ་མར་བསྐོར༔ ཕོ་ཉ་རྣམས་ཀྱིས་འགུགས་འདྲེན་བྱས༔ རཀྟ་ཁོལ་བའི་རྦ་ལ་གཡེང་༔ ཡུངས་དཀར་སྦྱར་བའི་ཐུན་གྱིས་བྲབ༔ གུ་གུལ་སྦྱར་བའི་དུད་པས་བདུག༔ སྐྱེར་པོའི་ཚེར་མ་སྙིང་ལ་གཟེར༔ རེ་བ་ནག་པོའི་ཐུམ་གྱིས་བཏུམས༔ ཚོན་སྐུད་སྣད་ལྔས་རྒྱ་ཆིངས་བྱས༔ སོ་སོའི་སྲི་ཐོད་ནང་དུ་བཅུག༔ ཀླད་ཁུང་ལ་ཆའི་རྒྱ་ཡིས་བཏབ༔ སྙིང་རྗེ་མེད་པའི་ལག་ཏུ་གཏད༔ སྲི་ཁུང་གྲུ་གསུམ་ནང་དུ་བྲུབ༔ འཇིག་རྟེན་ཁམས་འདི་མ་ཞིག་བར༔ ནམ་ཡང་ཐར་པའི་བསྐལ་པ་མེད༔ ནམ་ཞིག་བྱང་ཆུབ་སེམས་སྐྱེས་ན༔ ཡི་གེ་ཧཱུྃ་དུ་རྫུས་ལ་ཤོག༔ དེ་ནས་མནན་པའི་སར་ཕྱིན་ལ། སྤྲོ་ན་ཕྱོགས་དེར་གཞི་བདག་ལ་གཏོར་མ་འབུལ༔ བསྡུ་ན་ཕྱག་བཞེས་ལྟར་གསེར་སྐྱེམས་བཏང་བའི་མཐུས༔ མནན་གཟེར་ལས༔ དེ་ལ་མནན་པའི་གནས་སོ་སོར་རམ་ཡང་ན་ལམ་རྒྱ་གྲམ་དུ་མནན་པ་ཐམས་ཅད་ནོན་པ་ཡིན༔ དེར་རྡོ་རྗེ་སློབ་དཔོན་གྱིས་ཨེ་གྲུ་གསུམ་བྲིས་ལ་འབྲུབ་ཁུང་གཏིང་རིང་བར་འདྲུ་བར་བྱའོ༔ དེ་ནས་ཡི་དམ་ལྷ་ཡི་ང་རྒྱལ་གྱིས་འདི་སྐད་དོ༔ ཞེས་གསུངས་པས། ཧཱུྃ༔ ང་ནི་པདྨ་དྲག་པོའི་སྐུ༔ དགྲ་བགེགས་འདུལ་བའི་གཉེན་པོ་ཡིན༔ ལས་ཀྱིས་མནར་བའི་དམ་སྲི་འདི༔ བསྐྱོན་ནམ་དེ་ནི་མི་བསྐྱོན་ནམ༔ འཁོར་ལོ་ཆེན་པོའི་རྩིབ་ལ་སྐྱོན༔ མཚོན་ཆ་སྟོང་གིས་བསྐོར་ནས་བཞག༔ རྒྱ་མཚོ་ཆེན་པོའི་གཏིང་་དུ་བསྐྱུར༔ རོལ་བའི་མཚོ་བདུན་བསྐོར་ནས་བཞག༔ རི་རབ་ཆེན་པོའི་འོག་ཏུ་མནན༔ གསེར་གྱི་རི་བདུན་བསྐོར་ནས་བཞག༔ རེ་བ་ནག་པོའི་གོས་ཀྱིས་དྲིལ༔ སྔོ་དམར་སྐུད་པས་རྒྱ་གྲམ་བཞག༔ ཡི་དམ་ལྷ་ཡིས་ཞབས་འོག་གཟིར༔ ཞེས་རྡོ་རྗེ་སློབ་དཔོན་གྱི་ཞབས་འོག་ལ་མནན་ཏེ༔ ཕྱག་མཚན་ས་ལ་བསྣུན་པས་ས་གཞི་གས༔ མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར༔ དེ་དབུས་ཀླུ་བདུད་ནག་པོ་ཏི་པ་ཙ༔ ཆུ་སྲིན་འབར་བའི་གདོང་ཅན་ཡར་ལ་བཞེངས༔ ཁ་གདངས་གནམ་སར་བགྲད་ཅིང་ལྗགས་གློག་འཁྱུག༔ ཚེམས་དང་མཆེ་བ་གངས་རི་ལྟ་བུར་གཙིགས༔ སྤྱན་གཉིས་ཉི་མ་ཟླ་བ་བཞིན་དུ་གསལ༔ སྦྲུལ་ཞགས་ནད་རྐྱལ་འཛིན་ཁྱོད་ཞལ་ཕྱེས་ཤིག༔ གནམ་ས་བགྲད་པ་ཙམ་གྱི་ཁ་ནང་དུ༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ལ༔ གནོད་པར་བྱེད་པའི་སྲི་ངན་འདི༔ ཟས་སུ་གཏད་དོ་ནྲི་ཏྲི་ཛ༔ ཞེས་ལིང་ཐོད་སྣོད་དང་བཅས་པ་དོང་ནང་དུ་འཕང་ནས་ཀླུ་བདུད་ལ་ཟས་སྐལ་དུ་གཏད༔ ཁོང་ཆུང་ས་བདག་ཀླུ་གཉན་ཀུན་དགའ་ཞིང་༔ ཕྲུག་གུ་ཐམས་ཅད་ཙི་སྒྲ་དིར་དིར་སྒྲོག༔ མནན་པའི་ལས་སྦྱར་དམ་ཉམས་དགྲ་བགེགས་རྣམས༔ བསྐལ་བ་མ་སྟོང་བར་དུ་མི་ཐར་བར༔ ཆུ་སྲིན་ཁ་བསྡམས་ཉི་ཟླ་གཟས་ཟིན་བཞིན༔ མུན་ནག་གཏུམ་གྱི་ནང་ནས་རྒྱ་མཚོའི་གཏིང་༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་༔ རྩ་བར་མནན་པའི་དོང་གྲུ་གསུམ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད༔ སྟེང་དུ་འབྱུང་བ་བཞིས་མནན༔ ཧཱུྃ༔ སྲི་ལས་སྒབ་འདྲེ་ཆེ་བ་མེད༔ སྲི་ལས་དེ་ནི་སྐྱེས་རིང་མེད༔ ན་བའི་གཟེར་དུ་ཆེ༔ ཚ་བའི་དབལ་དུ་ཆེ༔ གསོན་གྱི་བདུད་དུ་ཆེ༔ གཤིན་གྱི་གཤེད་དུ་ཆེ༔ ཆེ་སྲི་ཆུང་གི་སྲི༔ རྒྱལ་སྲི་བློན་གྱི་སྲི༔ ཞང་སྲི་ཚ་བོའི་སྲི༔ རྗེ་སྲི་ཁོལ་གྱི་སྲི༔ མ་སྲི་བུ་མོའི་སྲི༔ བུ་སྲི་ཕ་ཡི་སྲི༔ ལྕམ་དང་དྲལ་གྱི་སྲི༔ ཡོད་སྲི་མེད་ཀྱི་སྲི༔ ཡུལ་སྲི་དུར་གྱི་སྲི༔ གོད་སྲི་སྒོ་ཡི་སྲི༔ དགྲ་སྲི་གྱོད་ཀྱི་སྲི༔ སྲི་ཐམས་ཅད་ནྲི་ཏྲི་སརྦ་སྟམ་བྷ་ཡ་ལམ་ནན༔ མནན་པ་ཡིན་པ་ལྡང་བར་མ་བྱེད་ཅིག༔ ཞེས་སོགས་བརྗོད་ཅིང་མནན་པར་བྱའོ༔ མགོ་མཇུག་ལྡོག་པར་འགལ་བ་དང་མི་ཁའི་རྫས་ཀྱིས་གཏམས་ལ་བཞག༔ དེ་ནས་ས་རེས་བཀབ་ལ། ཧཱུྃ༔ གནོད་པར་བྱེད་པའི་དམ་སྲི་འདི༔ རྙ་ལོ་རྟ་རུ་སོང་ཡང་མ་ལྡང་ཞིག༔ བོང་བ་གཡག་ཏུ་སོང་ཡང་མ་ལྡང་ཞིག༔ དཀར་སྒོང་ལུག་ཏུ་སོང་ཡང་མ་ལྡང་ཞིག༔ གཡའ་མ་ར་རུ་སོང་ཡང་མ་ལྡང་ཞིག༔ དེའི་ཁར་ཐོས་མནན༔ སྲི་ཆང་འབྲང་རྒྱས་ཆང་བུ་སྲི་ཤ་སྲི་ཟན་སྲི༔ ཡོས་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་། རང་འཐག་ཡ་ཁོད་ལ་གླིང་བཞི་གླིང་ཕྲན་བྲིས་པ་དང་མེ་ཆུ་ས་ཚོན་སོགས་སྔགས་དང་བཅས་ཏེ་བསྐྱུར་ཞིང་༔ ཤིང་དང་ལྕགས་མེ་ཆུ་ས་རླུང་འགལ་བ་ཁ་ནག་སོགས་སྲི་ཁ་གཅོད་པའི་རྫས་དང་བཅས། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་བ་ཚད་མེད་བཞིི་ཡི་རྒྱ༔ ལྔ་བ་སངས་རྒྱས་རིགས་ལྔའི་རྒྱ༔ དྲུག་པ་ཐུབ་པ་དྲུག་གི་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་བ་ཐེག་པ་རིམ་དགུའི་རྒྱ༔ བཅུ་བ་ཁྲོ་བོ་བཅུ་ཡི་རྒྱ༔ བཅུ་ཅིག་ཀུན་ཏུ་འོད་ཀྱི་རྒྱ༔ བཅུ་གཉིས་མ་ཆགས་པདྨའི་རྒྱ༔ བཅུ་གསུམ་རྡོ་རྗེ་འཛིན་པའི་རྒྱ༔ བཅུ་གསུམ་རྒྱ་ལས་མ་འདའ་ཞིག༔ གལ་ཏེ་བྱང་ཆུབ་སེམས་སྐྱེས་ན༔ ཡི་གེ་ཧཱུྃ་དུ་རྫུས་ལ་ཤོག༔ ལས་བྱང་གང་ཡིན་གྱི་གཞུང་གི་མནན་ཚིག་བརྗོད༔ ཅེས་པ་ཁྱིམ་དགུ་དང་བསྟུན་ཏེ༔ སློབ་དཔོན་གྱི་རྫས་རེ་འདེབས་ཤིང་དགོས། རང་ཐག་ཡ་ཁོད་ལ་རྡོ་རྗེ་རྒྱ་གྲམ་དང་བཅས་པས་བཀབ། རྒྱ་རེ་དང་ས་རེ་སྤེལ་ལ་མནན་རྫས་གཞན་རྣམས་མ་འབྱོར་ན། ཚྭ་དང་བ་ཚ་བུལ་ཏོག་གསུམ་སྲི་ཁ་གཅོད་པའི་རྫས་གསུམ་དུ་གྲགས་པས། དེས་འཐུས་ཤིང་མ་ཁེངས་ཙམ་ལ་མི་ཁའི་རྫས་རྣམས་བསྐྱུར་ལ་སྟེང་པ་རྡོས་མནན་ནས་ལག་ཚག་དམ་པར་བྱས་ལ་ལས་བཞིའི་བྲོ་བརྡུང་། ཡར་ལོག་ནས་སྒྲུབ་འཕྲོ་སྐྱོང་བསྲུང་འཁོར་བཀྲ་ཤིས་ཀྱི་དམིགས་པས་རྒྱས་གདབ། བསྔོ་སྨོན་བྱ། ཞེས་དྲག་ཁྲོས་ཀྱི་ལས་ཁ་ཚར་ལ་སྲི་མནན་གྱི་ཕྱག་བཞེས་གཏེར་ཆེན་འཁོར་ལོའི་མགོན་པོ་དེ་ཉིད་ཀྱིས་གནང་བར་འདོན་ཆ་གསལ་བར་གནང་མི་འདུག་པས། འདོན་ཆའི་རིགས་རྣམས་གོང་གསལ་བཞིན་ཁུངས་བཙུན་གཞན་དག་ནས་བླང་ཏེ་བྲིས་པ་ཡིན་པས། འདིས་རིགས་མཚུངས། བཀའ་བརྒྱད། རྟ་མགྲིན་བདུད་འདུལ་མ་གཤིན་སོགས་གང་དང་གང་ལ་ཡང་སྦྱར་བར་འདོད་ཚེ། ལྷ་རང་རང་གཞུང་དང་། རྩ་སྔགས་འགུགས་སྔགས་བདེན་བརྗོད་སོགས་སོ་སོའི་སྐབས་ལྟར་ཤེས་པར་བྱ་ཞིང་། སྲི་གཞུང་འདི་བཏང་བས་ཆོག་པར་ཡོད་པས་དེ་བཞིན་གྱི་ཉམས་ལེན་མནན་བསྲེག་འཕང་གསུམ་གྱི་གནད་ཤེས་པ་རྣམས་ཀྱིས་ཕྱག་ལེན་དུ་ཐེབས་པར་མཛོད། དགྲ་སྲི་སོགས་གང་ཡིན་ཀྱང་དེ་བཞིན་ཀྱི་ཚིག་ཕྲད་སྒྱུར་ན་ཆོག་པར་མངོན་ནོ། མནན་པའི་དོང་ཁྲུ་གང་ཡན་ཆད་ས་རོ། ཡིན་ཅིང་ཁྲུ་དོ་ཙམ་གྱི་སར་མནན་དགོས་སོ། འདི་བྲིས་འགལ་འཁྲུལ་མཆིས་སོ་ཅོག །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་བཟོད་པར་གསོལ། །ཆོས་བཞིན་སྤྱོད་ལ་འཚེ་བའི་གདོན་དང་བགེགས། །བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག །མངྒ་ལཾ། །བསྐལ་བཟང་དབང་ལྡན་གྱིས་མཛད་པའོ།། །།


previousསྲི་གནོན་པའི་འདོན་ཆ།next