Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བསྒོ་རྡོ་རྗེའི་ལྷུན་པོ།
   
   
   


 
previousབཀའ་བསྒོ་རྡོ་རྗེའི་ལྷུན་པོ།next

བཀའ་བསྒོ་རྡོ་རྗེའི་ལྷུན་པོ།

གདོན་བགེགས་འབྱུང་པོའི་ཚོགས་ལ་བཀའ་བསྒོ་རྡོ་རྗེའི་ལྷུན་པོ་བཞུགས། རང་ཉིད་སྐད་ཅིག་གིས་བདུད་འདུལ་པདྨ་དྲག་པོ་སྐུ་མདོག་དམར་ནག་དབུ་དགུ་ཕྱག་བཅོ་བརྒྱད་པ་ཤིན་ཏུ་ཁྲོས་པ་འཇིགས་ཤིང་བརྔམས་པ། འབར་བའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་པ། ཞབས་བརྒྱད་ཀྱིས་དྲེགས་པ་ཉི་ཟླ་པདྨའི་གདན་ལ་འགྱིངས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་རྣམས་ཀྱིས་བརྒྱན་ཅིང་། གོ་ཆ་རྒྱན་གྱི་ལྷ་རྣམས་སྐུ་ལ་རྫོགས་པ། ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད་ཅིང་། ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས་པ་ལས་འོད་ཟེར་དང་མེ་ཡི་ཚྭ་ཚྭ་ཁྲོ་ཚོགས་ལྕགས་སྡིག་ལ་སོགས་པ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། གདོན་བགེགས་རྣམས་ཐལ་བར་བརླགས་པའི་ནུས་པ་དང་ལྡན་པར་གྱུར། ན་མོ། སངས་རྒྱས་ཆོས་དང་དགེ་འདུན། བླ་མ་ཡི་དམ་མཁའ་འགྲོ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ། ངོ་བོ་རང་བཞིན་ཐུགས་རྗེ། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བདེན་པ་དང་། ཁྱད་པར་དབང་དྲག་པདྨ་ཡབ་ཡུམ། རིགས་བདག་ཚེ་ཡི་ལྷ་མཆོག །འཇམ་དཔལ་ཡ་མཱནྟ་ཀ། རྟ་མཆོག་དབང་གི་རྒྱལ་པོ། གསང་བདག་ཕྱག་ན་རྡོ་རྗེ། ཡུམ་ཆེན་མཁའ་འགྲོ་སྡེ་ལྔ། ལས་མཁན་ཡཀྴ་མེ་དབལ། ཕོ་ཉ་ལྕགས་སྡིག་ནག་པོ། མཁའ་ལྡིང་བྱ་ཁྱུང་རྒྱལ་པོ། རིགས་བཞི་དྲག་པོ། ཁྲོ་བཅུ་སྒོ་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྲུང་བྱ་འདིའི་ལུས་སྲོག་ཚེ་ལ་བར་དུ་གཅོད་པ། དབང་ཐང་གི་རོལ་མཚོ་དཀྲུགས་པ། ཀླུང་རྟའི་རི་བོ་བསྒུལ་བ། བསོད་ནམས་ཀྱི་ཉི་ཟླ་བསྒྲིབས་པ། སྙན་གྲགས་ཀྱི་བ་དན་བྲལ་བ། བླ་ཚེ་དབུགས་ལ་འཇབས་པར་བྱེད་པའི་ལྷ་གདོན་ཕོ་མོ་ལ་སོགས་གདོན་རིགས་སུམ་བརྒྱ་དྲུག་ཅུ། བི་ན་ཡ་ག་ལ་སོགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཛ་མི་ཀ་ལ་སོགས་པ་བྱིས་པའི་གདོན་ཆེན་བཅོ་ལྔ། གཟའ་ཀླུ་རྒྱལ་བསེན། གྲི་བོ་གྲི་མོ། ཤི་འདྲེ་གསོན་འདྲེ། དམ་སྲི་ཐེའུ་རང་། སྔར་ཡོད་ཀྱི་སྔར་འདྲེ། གསར་བྱུང་གི་ཕྱི་འདྲེ། ལྷ་སྲུང་གི་སྒབ་འདྲེ། གློ་བུར་གྱི་གཤེད་འཁྱམས། ནོར་རྫས་ཀྱི་གོད་འདྲེ་སོགས་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་འདིར་མ་འདུག་པར་གཞན་དུ་དེངས་ཤིག །བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་རྣམས། སྲིད་པ་སྤྱི་ནས་ཤིག་གཅིག །སྲིད་གསུམ་རྨེང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ཏུ་ཁོས་ཤིག །སུམྦྷ་ནི་ས་གནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་གདོན་བགེགས་དེ་ཡི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཤ་ཏྲུཾ་མཱ་ར་ཡ་རྦད། སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག །ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །དབང་དྲག་པདྨའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་ན། །དབང་དྲག་པདྨ་ཁྲོས་ནས་ནི། །ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང་། །ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང་། །བགེགས་ཚོགས་ཐལ་བ་རྡུལ་ཕྲན་བཞིན། །མིང་ཡང་གྲགས་པར་མི་འགྱུར་བས། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀ་ཧྣ་གྲྀ་ཧྣ་ཧཱུྃ༔ གྲྀ་ཧྣ་པ་ཡ་གྲྀ་ཧྣ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཕཊ། རྒྱས་པར་འདོད་ན། ཨཱོཾ་ལོཀྟྲི་པཱ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ༔ ཙི་ར་ཙི་ར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦ་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར་ནན། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུར་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོ་ཀཱ་ཝཱ་ཙི་ཏ་བརླག་བརླག །གནོད་བྱེད་ཤ་ཏྲུམ་མཱ་ར་ཡ་རྦད། ནས་སམ་ཕྲེང་བ་ཐུན་སོགས་ཀྱིས་བྲབ། གུ་གུལ་གྱིས་བདུག་པར་བྱ། མཚམས་གཅོད་ནི། ཧཱུྃ༔ ཐོད་ཕྲེང་དྲག་པོའི་ཐུགས་ཀ་ནས༔ སོགས། སྐྱབས་ཡུལ་རྣམས་བསྲུང་བྱའི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པར་བསམས་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དབང་དྲག་པདྨའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བསྲུང་བྱ་འདིའི་སྒོ་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ཕྱི་ནང་གི་བར་ཆད་ཞི་ཞིང་། གདོན་བགེགས་གནོད་བྱེད་ཀྱི་གཡུལ་ལས་རྒྱལ་ཏེ། ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་བ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་དེ་ཝ་ཌ་ཀི་ནི་ཀ་ཡཱ་ཝཱ་ཀ་ཙིཏྟ་ཨ་དྷིཥྛན་ཧཱུྃ། སྤྱི་བོའི་ལྷ་རྣམས་སློབ་མའི་ལུས་ལ་ཐིམ་པས་ཡི་དམ་གྱི་ལྷའི་སྐུར་གྱུར་ཏེ་བསྲུང་བའི་འཁོར་ལོར་བཅུགས་ཏེ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ལ་བར་དུ་གཅོད་པ་གང་གིས་ཀྱང་མི་ཤིགས་པར་གྱུར། བཛྲ་རཀྵ་རཀྵ། ཧཱུྃ། ཆོས་དབྱིངས་རོལ་པ་ཆེན་པོ་ནས༔ སོགས་དང་། ཧཱུྃ། རྒྱལ་མཚན་རྩེ་མོའི་ཡིད་བཞིན་ནོར་བུ་ལྟར། སོགས་དང་། འབད་དང་སྩོལ་བས་མ་གོས་པར་སོགས་ཤིས་བརྗོད་ཅི་རིགས་བྱའོ། །པདྨ་དྲག་ཁྲོས་ལ་བརྟེན་པའི་བཀའ་བསྒོ་འདི་ནི་བི་མུཀྟས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ།། །།


previousབཀའ་བསྒོ་རྡོ་རྗེའི་ལྷུན་པོ།next