ཀླུ་བདུད་སྒྲུབ་ཐབས་གནམ་ལྕགས་ཐོག་རྒོད།

ཀླུ་བདུད་སྒྲུབ་ཐབས་གནམ་ལྕགས་ཐོག་རྒོད་བཞུགས༔ སུརྱ་ཀིརྟིའི་གཏེར་མ་ལགས་སོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ མ་འོངས་བོད་ཀྱིས་མི་དགེར་འབུང་༔ དཀར་ཕྱོགས་ཉམས་ཤིང་ནག་ཕྱོགས་དར༔ ཁྱད་པར་གཟའ་ཀླུས་མི་ཐོག་འཇོམས༔ དེ་དུས་འགྲོ་ལ་ཕན་དོན་དུ༔ ཤིན་ཏུ་ཟབ་པའི་གདམས་པ་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གཅེས་སོ་སྙིང་གི་དཀྱིལ་དུ་ཆོངས༔ གཉན་པས་གསང་བར་མ་ཤེས་ན༔ རང་གི་སྲོག་ལ་འོང་བར་འགྱུར༔ ཞི་བའི་གནས་སམ་དབེན་པའི་གནས༔ ལྟ་སྤྱོད་མཐུན་པའི་སྐལ་ལྡན་གྱིས༔ དྲག་པོའི་གནས་སུ་བསྒྲུབ་པར་བྱ༔ དྲག་པོའི་ཉི་ཁྱིམ་ལོ་ཟླའི་ཁམས༔ ཡང་ན་དྲག་པོའི་འགྲུབ་སྦྱོར་ལ༔ མཎྜལ་དུག་ཁྲག་ཆག་ཆག་གདབ༔ ཚངས་པའི་ཐིག་བཙལ་གྲུ་གསུམ་དབུས༔ དུག་ཁྲག་རྒྱ་མཚོའི་རི་མོ་བྱ༔ དེ་ཡི་ཕྱི་རིམ་པད་འདབ་བཞིར༔ ཕུ་བཞི་བྲི་ཞིང་ཕྱོགས་མདོག་སྒྱུར༔ ཁྱམས་དང་སྒོ་སོགས་སྤྱི་འགྲོས་ལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་བྲི༔ དེ་ཡི་ཕྱི་རིམ་རྒྱ་མཚོས་བསྐོར༔ དེ་ཡི་ཕྱི་རིམ་རིན་ཆེན་བྲག༔ རྒྱ་མཚོའི་ནང་དུ་རིན་ཆེན་སྦྲུལ༔ མཛེས་པའི་ཚོན་གྱིས་ཁ་དོག་བསྒྱུར༔ དབུས་སུ་མཉྫིའི་ཁྲིའུའི་ཁར༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཤམས༔ གཡས་གཡོན་སྨན་རཀ་ཐ་མ་ལ༔ རྣམ་ལྔ་ལ་སོགས་སྤྱི་འགྲོས་བྱ༔ གཏོར་མར་ཀླུ་བདུད་ཙག་ལི་གཟུགས༔ མཐིང་ནག་དར་གུར་ལེགས་པར་ཕུབ༔ རང་ཉིད་བདེ་བའི་གདན་ལ་འདུག༔ ལས་གཞུང་བསྲང་ཞིང་ཀླུ་བདུད་བསྒོམ༔ སྤྱན་འདྲེན་མཆོད་ཅིང་བསྟོད་ནས་ཀྱང་༔ བདག་དང་མདུན་བསྐྱེད་ཐུགས་ཀ་ནས༔ ས་བོན་ཕེ་ལས་འོད་འཕྲོས་པས༔ ཀླུ་དང་ས་བདག་ཉི་ཁྲི་འབུམ༔ ཁྱད་པར་གནོད་པའི་ཀླུ་ས་བདག༔ ཐམས་ཅད་སྐད་ཅིག་དབང་དུ་སྡུས༔ འབྲུ་བཞིའི་སྔགས་ཀྱིས་སྒྲ་སྒྲོགས་པས༔ ཀུན་ཀྱང་འབོགས་བརྒྱལ་སྙིང་རྩ་ཡེད༔ དམྱལ་སྒྲ་དིར་དིར་ཡོད་པར་བསྒོམ༔ སྔགས་དང་དམིགས་པ་གནད་དུ་བསྣུན༔ ཨཱོཾ་ཕེ་ལཾ་ཧཱུྃ༔ ཅེས་པ་ཡང་སྙིང་འབྲུ་བཞི་འདི༔ ཤུབ་བུས་འབུམ་ཕྲག་བདུན་བཟླ་ཞིང་༔ ཐུན་མཚམས་མཆོད་བསྟོད་གཏོར་མ་འབུལ༔ སྐབས་སྐབས་དམིགས་མེད་གནས་ལུགས་སྐྱོང་༔ བསྙེན་སྒྲུབ་ཐེམས་ནས་གཏོར་མ་ལས༔ དབང་བཞི་ལེན་ཅིང་གནས་གསུམ་གཏུག༔ རང་དང་ཁྲོ་རྒྱལ་གཉིས་མེད་བསམས༔ རྫོགས་རིམ་བསྒོམ་ཞིང་མཉམ་པར་བཞག༔ རྒྱུན་དུ་མཆོད་བསྟོད་རྩ་བསྙེན་བརྒྱའི༔ དམ་བཅའ་བཟུང་ཞིང་ཤིན་ཏུ་གསང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྒྲུབ་ཅིང་བསྙེན་པའི་ཚེ༔ རྟགས་ཀྱི་རིམ་པ་འདི་ལྟར་འབྱུང་༔ ཕྱི་རྟགས་ལུས་ལ་ཤུ་བ་དང་༔ ཐོར་པ་ལང་ལོང་འཆར་བ་དང་༔ སྦྲིད་དང་འདར་དང་རྩེ་ཤུམ་འབྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནང་རྟགས་རྨི་ལམ་རྒྱ་ལས་ཐར༔ བཀྱིགས་པ་དཀྲོལ་དང་བཟུང་བ་བཏང་༔ བྲག་གཤགས་ལིངས་བཏབ་ཆུ་བཅད་པ༔ གོ་གྱོན་གཡུལ་འགྱེད་མཚོ་ཆེན་སྐམས༔ དེ་ལ་སོགས་པ་སྣ་ཚོགས་འབྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྟགས་ཞེ་སྡང་མེ་ལྟར་འབར༔ དྲན་པས་རེས་ཟིན་རེས་མི་ཟིན༔ ཁ་སྐམ་ལུས་རྔུལ་དབུགས་འཚང་དགོག༔ གཤང་ལྕིའི་ལམ་ལ་སྦལ་སྦྲུལ་སྡོམ༔ དངོས་སུ་འདོན་པ་ལ་སོགས་འབྱུང་༔ རྟགས་གསལ་བསྙེན་པ་བསྲིང་བ་དང་༔ གནས་ལུགས་སྐྱོང་ཞིང་མཆོད་སྦྱིན་འབད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབས་མ་རྫོགས་རྟགས་གསལ་ན༔ བསྙེན་པ་ཅུང་བསྲིང་མཚམས་མི་འགྲོལ༔ བསྙེན་གྲངས་རྫོགས་ཀྱང་རྟགས་མེད་ན༔ སྒྲུབ་པ་སྤོ་ཆོག་ནན་ཏན་བསྐྱེད༔ ཤིན་ཏུ་གསང་ཡིག་གབ་པར་ལྟོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་ཐུགས་ཀྱི་བཅུད༔ ཤིན་ཏུ་གསང་བའི་ཡང་སྙིང་འདི༔ བོད་ཡུལ་གངས་ཀྱི་རི་ལྗོངས་འདིར༔ མཐའ་དབུས་ལྔ་ལ་གཏེར་དུ་སྦས༔ ཤར་གཏེར་ལྷོ་གཏེར་ནུབ་ཀྱི་གཏེར༔ བྱང་གཏེར་དབུས་གཏེར་རྒྱལ་པོའི་སྐོར༔ སྐལ་ལྡན་ལྔ་ལ་སྨོན་ལམ་བཏབ༔ ཁྱད་པར་འཕགས་པའི་གདམས་པ་འདི༔ ཤར་གཏེར་རྡོ་རྗེའི་ཆོས་སྐོར་དུ༔ ཤར་ཕྱོགས་མཐོན་པོའི་རི་བོའི་ལྷོ༔ ཅི་མདའ་བྲག་དམར་མགུལ་དུ་སྦས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ་གྷུ་ཧྱ༔ དྷ་ཐིམ་ཨྠིྀ༔ ཨྠིྀ༔ ཨྠིྀ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ནགས་ཤོད་ཅི་མདའ་བྲག་དམར་ནས་ས་རྟ་ལ་གདན་དྲངས་ཤིང་ལྕགས་སྤྲེལ་ལ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།