དབང་ཆེན་སྒྲུབ་ཐབས་དྲེགས་པ་ཟིལ་གནོན།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས༔ དབང་ཆེན་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་བཞུགས་སོ༔ དབང་ཆེན་པདྨ་ཧེ་རུ་ཀཿལ་འདུད༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ ཕྱི་ནང་བླ་མ་སྟོང་རྩ་སྤྱི་བོར་ཁུར༔ ཁྱད་པར་མཆོག་གི་བླ་མ་བརྒྱ་རྩ་བརྒྱད༔ དེ་ཡི་ནང་ནས་དངོས་གྲུབ་མཆོག་བརྙེས་པ༔ སློབ་དཔོན་ཆེན་པོ་ཤནྟིང་གྷརྦ་ལ༔ འཇིག་རྟེན་མཆོད་བསྟོད་རྒྱུད་ལུང་གདམས་ངག་ཞུས༔ ཁྱད་པར་འཕགས་པའི་ཟབ་ཆོས་རིན་ཆེན་འདི༔ གདམས་པའི་སྙིང་ཁུ་དོན་སྙིང་ཁྲག་ལྟ་བུ༔ འཕགས་པའི་ཡུལ་དུ་བསྟན་པ་འདི་ཡིས་བསྐྱངས༔ མུ་སྟེགས་སྡེ་བཅོམ་སངས་རྒྱས་བསྟན་པ་རྒྱས༔ ཁྱེད་ཅག་བོད་ཡུལ་གངས་རིའི་རྒྱལ་ཁམས་འདིར༔ སངས་རྒྱས་བསྟན་པ་བདག་གིས་ད་ལྟ་བཙུགས༔ མདོ་སྔགས་བཤད་སྒྲུབ་ཉི་ཟླ་ཟུང་ཅིག་རྒྱས༔ བོད་འབངས་ལུང་པ་དཀར་པོར་བཏང་ཡོད་ཀྱང་༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཡང་མཐའ་ལ༔ དགེ་དང་མི་དགེ་སྣ་ཚོགས་འཆོལ་བར་སྤྱོད༔ དེ་ཡི་དབང་གིས་ལྷ་སྲིན་སྡེ་བརྒྱད་འཁྲུགས༔ དཀར་ཕྱོགས་ཕམ་ཞིང་ནག་ཕྱོགས་ཟ་ཁ་དར༔ འཇིག་རྟེན་སྐྱེ་འགྲོའི་ཁམས་ཀྱི་བདེ་སྐྱིད་བཅོམ༔ འབྱུང་བཞིའི་བཅུད་བསྡུད་སྐྱེ་འགྲོའི་སྲོག་དབུགས་འགམ༔ དེ་དུས་ལྷ་མཆོག་དྲེགས་པ་ཟིལ་གནོན་འདི༔ ཉམས་སུ་ལོང་དང་མཆོག་ཐུན་དཔལ་ལ་སྤྱོད༔ ཐུགས་སྲས་ཀླུ་དབང་ཁྱོད་ཀྱིས་ཡི་གེར་ཐོབ༔ མ་འོངས་དུས་སུ་གདམས་པ་འདི་ལ་དབང་༔ བདག་གཞན་དོན་གཉིས་དཔལ་ལ་སྤྱོད་པ་འོང་༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དུར་ཁྲོད་ལ་སོགས་དབེན་ཞིང་དྲག་པོའི་གནས༔ མཎྜལ་ནག་པོ་དུག་ཁྲག་ཆག་ཆག་གདབ༔ འཁོར་ལོ་རྩིབས་བརྒྱད་ཟླ་གམ་ཆོས་འབྱུང་དམར༔ རྩིབས་རྣམས་སྐུ་མདོག་མཚུངས་པའི་ཚོན་གྱིས་གླན༔ ཐོད་ར་རྡོ་རྗེ་མེ་རིས་བསྐོར་བ་བྲི༔ འབྲུ་སྨན་ཕྱེ་ལ་སྤོད་བྲན་དཔལ་གྱི་བཤོས༔ དབང་གི་གཏོར་མ་རྒྱན་དང་ལྡན་པ་ལ༔ ཡེ་ཤེས་ལྷ་གྲངས་དཔལ་གཏོར་བཅས་པས་བསྐོར༔ མདུན་དུ་ཛ་ལ་རཀྴའི་བཤོས་དམར་དང་༔ གཡས་ཟུར་མ་ཧཱ་དྷེ་ཝའི་བཤོས་ནག་སྟེ༔ གཡོན་ཟུར་ཨུ་མ་དྷེ་ཝའི་བཤོས་དམར་བཤམས༔ སྡེ་བརྒྱད་བཤོས་བུ་རྒྱལ་ཆེན་ཟླུམ་གཏོར་ལ༔ ཨུག་སྐྱུ་ཤ་དུམ་ཅི་མང་དག་གིས་བསྐོར༔ སྨན་རག་མཆོད་ཚོགས་སྤྱན་གཟིགས་བཀོད་པས་བརྒྱན༔ དར་ཚོན་དམར་ནག་གུར་ཕུབ་ཙཀ་ལི་གཟུགས༔ རོལ་མོའི་སྒྲ་སྒྲོགས་སྤོས་གསུར་དུད་སྤྲིན་གཏོང་༔ ལས་ཀྱི་གཞུང་བསྲང་བསྐྱེད་རྫོགས་ཏིང་འཛིན་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་༔ ཁྱད་པར་རང་རང་སྲོག་སྙིང་ས་བོན་རྣམས༔ ཉི་དཀྱིལ་སྟེང་འཁོད་སྔགས་འབྲུའི་འཁོར་ལོ་འཁོར༔ འོད་ཟེར་ཚ་ལ་མྱུར་བས་འཁོར་འདས་ཁྱབ༔ རྩ་གསུམ་ལྷ་ཚོགས་ཁྲོ་བོ་ཁྲོ་མོ་དང་༔ སྐྱབས་གནས་མ་ལུས་ཀུན་གྱི་བྱིན་རླབས་བསྡུས༔ ནུས་སྟོབས་གཟི་བརྗིད་ཡེ་ཤེས་མེ་དཔུང་འབར༔ ལྔ་ལྡན་ཟེར་ཐག་ཡབ་ཀྱི་རྡོ་རྗེ་བརྒྱུད༔ ཡུམ་གྱི་མཁའ་ལ་ཐིམ་པས་བདེ་སྟོང་རྒྱས༔ རྟ་སྐད་ཕག་ཞལ་སྒྲ་ཡིས་སྲིད་གསུམ་གཡོ༔ ཁམས་གསུམ་ཆེ་བཙན་སྲིད་གསུམ་དྲེགས་པའི་ཚོགས༔ རང་དབང་མེད་པར་དབང་བསྡུས་བྲན་དུ་བཀོལ༔ བཀའ་ཉན་ལས་བྱེད་སྤྲུལ་པ་ཡང་སྤྲུལ་འཕྲོ༔ སྲོག་སྙིང་འབུལ་ཞིང་དགྲ་བགེགས་དམྱལ་ཐག་གཅོད༔ བྱད་མ་བཟློག་ཅིང་བསྲུང་བའི་གཞལ་ཡས་ཁང་༔ གནམ་ལྕགས་འབར་བའི་རི་རབ་བང་རིམ་དགུ༔ རྒྱ་ཆེ་དཔངས་མཐོ་སྟོང་གསུམ་ཁྱོན་དུ་བརྡལ༔ མ་ཡེངས་ཏིང་འཛིན་གཟེར་གདབ་སྔགས་འདི་འབུངས༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་དྷཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊ༔ འབུམ་ཚོ་གཅིག་གིས་རྐྱེན་ངན་བར་ཆད་གྲོལ༔ འབུམ་ཚོ་གཉིས་ཀྱིས་ཐུན་མོང་དཔལ་ལ་སྤྱོད༔ འབུམ་ཚོ་གསུམ་གྱིས་ཚེ་ཡི་བར་ཆད་བཟློག༔ འབུམ་ཚོ་བཞི་ཡིས་སྡེ་བརྒྱད་དབང་དུ་འདུ༔ འབུམ་ཚོ་ལྔ་ཡིས་ལྷ་སྲིན་བྲན་དུ་ཁོལ༔ འབུམ་ཚོ་དྲུག་གིས་སྒོ་གསུམ་རྡོ་རྗེའི་མཁར༔ འབུམ་ཚོ་བདུན་གྱིས་གྲུབ་པ་ཡ་བརྒྱད་འཐོབ༔ འབུམ་ཚོ་བརྒྱད་ཀྱིས་མཆོག་གི་ས་ལ་རེག༔ འབུམ་ཚོ་དགུ་ཡིས་ཞལ་མཇལ་ལུང་བསྟན་ཐོབ༔ ལེགས་པའི་ལྟས་བཟང་ངན་སྒྲིབ་བྱང་རྟགས་གསལ༔ ངེས་ཤེས་བསྐྱེད་ལ་བརྩོན་པས་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐབས་ཤེས་ཞབས་ཀྱི་དཀྱིལ་འཁོར་གཉིས༔ ལྷ་ཆེན་ཡབ་ཡུམ་ཐུགས་ཀར་ཉི་མའི་གདན༔ ས་བོན་ཧཱུྃ་དང་ཧྲཱིཿལས་འོད་ཟེར་ཚོགས༔ ཉི་ལྟར་འབར་ཞིང་སྲིད་གསུམ་འཁྲུག་ཅིང་འཁྱོམ༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནན༔ དབང་ཆེན་རྒྱལ་པོའི་བཀའ་ཡི་འཁོར་ལོ་འཆང་༔ ལྷ་ཆེན་དྲག་པོས་ཁམས་གསུམ་རྗེས་སུ་བཟུང་༔ རཀྴ་ཛ་ལའི་སྤྲུལ་པ་ཕོ་ཉའི་ཚོགས༔ འབུམ་ཕྲག་མང་པོ་ཐོག་དང་སེར་ལྟར་གཡོ༔ དགྲ་བགེགས་ཐམས་ཅད་ཚར་བཅད་ཏིང་འཛིན་ངང་༔ ཨཱོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མ་དྷེ་ཝི་ཧྲཱིཿཧྲིང་ཧྲིང་ཛཿཛཿསརྦ་ལོ་ཀ་བསྡུས་བསྡུས་ཝ་ཤཾ་ཀུ་རུ་ས་མ་ཡཱ་རཀྴ་ཀརྨ་ཧཱུྃ་ཕཊཿསྭཱ་ཧཱ༔ སྟོང་ཚོ་གཅིག་གིས་ཟས་ནོར་དབང་དུ་འགྱུར༔ སྟོང་ཚོ་ལྔ་ཡིས་ཡུལ་ཁམས་བྲན་དུ་ཁོལ༔ ཁྲི་ཚོ་གཅིག་གིས་ཅི་བསམ་དོན་རྣམས་འགྲུབ༔ འབུམ་གཅིག་བཟླས་ན་ཁམས་གསུམ་དབང་དུ་འདུ༔ རཀྴ་ཛ་ལས་མངོན་སྤྱོད་ཤུགས་ཀྱིས་སྩོལ༔ འདི་ནི་དབང་ཆེན་སྒྲུབ་པའི་ཡང་ཏིག་ཟབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱི་རིམ་བཀའ་འཁོར་སྡེ་བརྒྱད་རྣམས༔ མངོན་སུམ་བསྐྱེད་ཅིང་དངོས་སུ་གསལ་བ་ཡི༔ རང་རང་ཐུགས་ཀར་སྙིང་པོ་འབྲུ་བརྒྱད་མཚན༔ འོད་ཀྱི་འཕྲོ་འདུས་རང་འཁོར་དྲེགས་པའི་སྡེ༔ ཐམས་ཅད་དབང་བསྡུས་བཀའ་ཉན་བྲན་ཁོལ་དུ༔ ཁས་བླང་དམ་བཅས་བྲོ་བོར་ཆད་ཐོ་སྟེ༔ ཁྲོ་བོ་ཆེན་པོའི་བཀའ་ཡི་ཕོ་ཉར་བསྒོམས༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་མ་ཧཱ་དྷེ་ཝ་ཧྲཱིཿཛ་ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཛཿཛཿསརྦ་ཧཱུྃ་ཧཱུྃ་ཕཊ༔ ཁྲི་གཅིག་བཟླས་པས་དཀར་ཕྱོགས་ལྷ་སྲིན་འདུ༔ ཁྲི་གཉིས་བཟླས་པས་ནག་ཕྱོགས་བྲན་དུ་ཁོལ༔ ཁྲི་གསུམ་བཟླས་པས་དྲེགས་ཚོགས་ཕོ་ཉར་འགྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཁྲོ་མཆོག་དབང་གི་རྒྱལ་པོ་ཡི༔ སྒྲུབ་ཐབས་ཡང་ཟབ་དྲེགས་པ་ཟིལ་གནོན་འདི༔ ཚུལ་བཞིན་ཉམས་སུ་བླངས་པའི་སྐལ་ལྡན་དེ༔ སྟོབས་ནུས་རྫུ་འཕྲུལ་དབང་གི་རྒྱལ་དང་མཚུངས༔ བསྙེན་སྒྲུབ་ཐེམས་རྟགས་སྤྱི་ཁྱབ་ལྟར་གསལ་ཚེ༔ དངོས་གྲུབ་ཞུ་ཞིང་དབང་བཞི་ལེན་པ་དང་༔ བསྐྱེད་རིམ་བསྡུ་ཞིང་རྫོགས་རིམ་མཉམ་པར་བཞག༔ དགེ་བ་བསྔོ་ཞིང་ཤིས་བརྗོད་གནས་མལ་སྲུང་༔ ཐུན་སྐབས་རྣམས་སུ་མཆོད་བསྟོད་བྱེད་པ་དང་༔ གཞན་ལ་གསང་ཞིང་ཐེ་ཚོམ་སྤོང་བ་ནི༔ གསང་བ་སྔགས་ཀྱི་དམ་ཚིག་ཡིན་པས་གཟབ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་ཀྱི་སྲིང་མོ་རྫོང་གི་མེ་འབར་ཕུག་ནས་ཆུ་ཕོ་ཁྱི་ཡི་ལོ་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ།། །།