བཀའ་སྲུང་བསྐུལ་བའི་ལས་མཐའ།

རྟ་མགྲིན་དྲེགས་པ་ཟིལ་གནོད་ལས༔ བཀའ་སྲུང་བསྐུལ་བའི་ལས་མཐའ་བཞུགས༔ དབང་ཆེན་པདྨ་ཧེ་རུ་ཀ་ལ་འདུད༔ ཕྱི་མའི་དུས་ཀྱི་དམ་ལྡན་རྣལ་འབྱོར་པས༔ བསྟན་འགྲོའི་དགྲ་བགེགས་ལ་དམིགས་ཆོས་ཀྱི་རྒྱལ༔ རྦད་ཅིང་བསྐུལ་བར་འདོད་ན་འདི་ལྟར་བྱ༔ འབྲུ་ནག་ཕྱེ་ལ་དཔལ་བཤོས་གཙོ་འཁོར་དགུ༔ ཤ་སྣ་སྙིང་སྣ་ལིངྒ་དུག་ཁྲག་བརྒྱན༔ བདག་མདུན་གསལ་བའི་ཏིང་འཛིན་ལས་རུང་ནས༔ མཆོད་ཅིང་བསྐངས་ནས་ཐུན་གཏོར་ལ་དམིགས་ཏེ༔ དགྲ་བགེགས་འགུགས་བསྟིམས་བསྒྲལ་བའི་ཤ་ཁྲག་རུས༔ སྟོང་གསུམ་གང་བར་སྤྲུལ་ཞིང་སྔགས་ཀྱིས་དབུལ༔ རྔམ་པའི་སྟོབས་དང་དྲག་པོའི་ཤུགས་བསྐྱེད་དེ༔ རོལ་མོའི་དྲག་འཁྲོལ་དམར་སྦྲེང་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཕྱོགས་ཕྱོགས་དག་ནི་སྟེང་ཕྱོགས་ཡངས་པའི་ཁམས༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ཆེན་པོ་ནས༔ བཀའ་ཡི་སྲོག་བདག་རྣམས་ཀྱི་བྱ་ར་བ༔ རྡོ་རྗེ་འཇིགས་བྱེད་ཆེན་པོ་གཤེགས་སུ་གསོལ༔ སྐུ་ལ་བེར་ཆེན་སྨུག་པོ་དགུ་བརྩེགས་གསོལ༔ ཆིབས་སུ་དེ་ནི་སེངྒེ་ཆིབས་ནས་སྐྱོད༔ ནག་པོ་འཆོལ་བ་དེ་ནི་བདུད་ཀྱི་གཤེད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དེ་རིང་དགྲ་བགེགས་སྒྲོལ་བའི་དམག་ལ་ཆོས༔ མི་དཔའ་རྟ་མགྱོགས་དཔུང་ཆོག་རྒྱུས་པ་ཆིངས༔ ཤ་ཟོ་ཁྲག་འཐུང་ལྷག་མ་མེད་པར་བཞེས༔ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དུང་གི་སྐུ་མཁར་དེ་ནི་རྩེ་དགུ་ནས༔ ཤན་པ་ཆེན་པོ་བྱ་ཁྲིད་མིག་གཅིག་པོ༔ ཆིབས་སུ་དེ་ནི་སྔོན་པོ་སྒབ་ནག་བཅིབས༔ དབུ་ལ་སྦྲུལ་ནག་ཐོད་པའི་ཕྲེང་བས་བརྒྱན༔ ཤར་གྱི་ཕྱོགས་ཀྱི་སྲོག་བདག་ཆེན་པོ་སྟེ༔ རྡོ་རྗེ་འཛིན་པ་ཆེན་པོ་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ ལྕགས་ཀྱི་སྐུ་མཁར་དེ་ནི་རྩེ་དགུ་ནས༔ པུ་ཊ་ནག་པོ་ཆེན་པོ་མཐུ་བོ་ཆེ༔ ཆིབས་སུ་དེ་ནི་དྲེའུ་རྟ་རྐང་གསུམ་བཅིབས༔ ཤིན་ཏུ་མི་བཟད་འབར་བའི་སྒེག་ཉམས་ལྡན༔ རྡོ་རྗེ་དྲག་ལྡན་ཆེན་པོ་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ ཟངས་ཀྱི་སྐུ་མཁར་དེ་ནི་རྩེ་དགུ་ནས༔ དགྲ་བཅོམ་ཤྲཱི་ཤིང་དེ་ནི་གསེག་གཤང་ཅན༔ ཆིབས་སུ་རྔ་མོ་དེ་ནི་གྭ་པ་བཅིབས༔ རྡོ་རྗེ་རྒྱལ་པོ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ གཡུ་ཡི་སྐུ་མཁར་དེ་ནི་རྩེ་དགུ་ནས༔ བྱ་རྒོད་ཐོང་ནག་ཆེན་པོ་རབ་ཏུ་འཁྲུག༔ རླུང་ནག་འཚུབ་མ་ནག་པོ་ཆིབས་སུ་བཅིབས༔ འཁོར་དང་བཅས་པ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་བའི༴ ཧཱུྃ་བྷྱོ༔ སྐུ་ཡི་སྤྲུལ་པ་མོན་བུ་པུ་ཏྲ་ནི༔ ཆིབས་སུ་དེ་སེང་ཆེན་དེ་ནི་འགླིང་བ་བཅིབས༔ སྐུ་མདོག་ནག་པོ་མུན་ལྟར་རབ་ཏུ་གཏིབ༔ རྡོ་རྗེ་གཡས་ལ་ཤེར་ཤིང་གསེར་གཤང་གཡོན༔ རོལ་དུ་དོམ་ནག་འབུམ་སྡེ་འཕྱོ་ཞིང་རྒྱུག༔ སྟག་གཟིག་དོམ་དྲེད་མང་པོ་ཕོ་ཉར་འགྱེད༔ འཁོར་དང་བཅས་པ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ གསུང་གི་སྤྲུལ་པའི་དགྲ་ལྷ་སྐྱེས་གཅིག་ནི༔ ཆིབས་སུ་དེ་ནི་དྲེའུ་རྟ་ནག་པོ་བཅིབས༔ སྐུ་ལ་དར་ནག་འཇོལ་བེར་ལྷུབས་སེ་ལྷུབ༔ གཡས་པས་རྦ་འགྱིང་གཡོན་པས་ཙན་དན་བེང་༔ རོལ་དུ་ལྕགས་སྤྱང་འུར་བ་འབུམ་ཁྲི་ཉིལ༔ ཕོ་ཉར་ལྕགས་ཀྱི་བྱ་ཁྲ་འབུམ་འབུམ་འགྱེད༔ འཁོར་དང་བཅས་པ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་བའི༴ ཧཱུྃ་བྷྱོ༔ ཐུགས་ལས་སྤྲུལ་པའི་མ་ཧཱ་རཱ་ཛ་ནི༔ སྐུ་མདོག་དཀར་གསལ་དགྲ་བཅོམ་གསེག་ཤང་ཅན༔ ཆིབས་སུ་གླང་ཆེན་སྣ་རིང་ཕྱེད་སྐྱིལ་རོལ༔ སྤྲུལ་པ་ཆོ་འཕྲུལ་མི་བརྫུ་དགུ་རུ་བརྫུ༔ སྡེ་བརྒྱད་འདུལ་ཞིང་རྒྱལ་འགོང་ཕོ་ཉར་འགྱེད༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱེས་བུ་སྲུངས༔ ཁྱེད་ནི་ཆོས་སྐྱོང་རྒྱལ་པོ་ཡིད་བཞིན་ནོར༔ འཁོར་དང་བཅས་པ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ ཡོན་ཏན་སྤྲུལ་པའི་རྒྱལ་པོ་ཤིང་བྱ་ཅན༔ སྐུ་མདོག་ནག་པོ་སྟག་ལྤགས་སྦྲུལ་གྱིས་བརྒྱན༔ གཡས་པས་དགྲ་སྟ་གཡོན་པས་བདུད་ཞགས་འདེབས༔ དབུ་ཡི་ཁྱུང་མགོས་ལྷ་སྲིན་དབང་དུ་སྡུད༔ རོལ་དུ་སྲིད་པའི་གཡུ་འབྲུག་མང་པོ་འཕྱོ༔ ཕོ་ཉར་སྤྲེལ་དང་བྱི་ལའི་དམག་དཔུང་འགྱེད༔ འཁོར་དང་བཅས་པ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ འཕྲིན་ལས་སྤྲུལ་པའི་རྒྱལ་པོ་པེ་ཀར་ནི༔ ཞལ་གསུམ་ཕྱག་དྲུག་འཇིགས་པའི་མཚོན་ཆ་གདེང་༔ དར་དཀར་རལ་ག་ཞིང་ལྤགས་སྟག་ཆས་བརྒྱན༔ སེང་ལྕམ་ཆིབས་ནས་མོན་བུའི་སྣ་འདྲེན་འཕྱོ༔ སྤྲུལ་པའི་བདུད་རླུང་ཁམས་ནག་རོལ་དུ་འཁྲིད༔ ཕོ་ཉར་བདུད་བྱ་སྐྱུང་ཁྲ་ཁྲ་ཐབས་འགྱེད༔ འཁོར་དང་བཅས་པ་དེ་ནི་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ དེ་རིང་དགྲ་བགེགས༴ མི་དཔའ་རྟ་མགྱོགས༴ ཤ་ཟོ་ཁྲག་འཐུང་༴ བསད་རྟགས་དོན་སྙིང་༴ རྣལ་འབྱོར་བཅོལ་པའི༴ ཧཱུྃ་བྷྱོ༔ ཆོས་སྐྱོང་འབུམ་སྡེའི་ལས་ཀྱི་ཕོ་ཉ་བ༔ སྐུ་མདོག་དམར་པོ་འོད་དུ་ཙེ་རེ་རེ༔ བཙན་མདུང་དམར་པོ་གཡས་ནས་ཟངས་སེ་ཟང་༔ བཙན་ཞགས་དམར་པོ་གཡོན་ན་ཁྱུགས་སེ་ཁྱུག༔ འཁོར་གསུམ་གོ་ཁྲབ་སྐུ་རྒྱན་ཁྲ་ལ་ལ༔ བྱ་ཁྱི་མི་དམར་ཕོ་ཉ་ཀྱི་ལི་ལི༔ ཆིབས་སུ་བཙན་རྟ་དམར་པོ་སྤྲེངས་སེ་སྤྲེང་༔ བཀའ་བློན་ཕྱི་ནང་ལས་བྱེད་ཤ་ར་ར༔ དགྱེས་སྡེ་ཡུམ་ཆེན་ཚོགས་ནི་ཁྱུགས་སེ་ཁྱུག༔ སྲོག་གཅོད་བཤན་པ་རྣམས་ནི་ཧྲིལ་ལི་ལི༔ ཁྲམ་ཐོགས་བདུད་ཚོགས་རྣམས་ནི་ཡེ་རེ་རེ༔ ཤོད་ཐོགས་རྩིས་པ་རྣམས་ནི་ཐ་ར་ར༔ མདུན་གྱི་ཤུལ་མཚོན་བདུད་མོ་རེ་ཏི་འབུམ༔ ཆོས་ཤིག་རྒྱུག་ཅིག་དམ་ཉམས་དགྲ་ལ་བྷྱོ༔ གཡས་ཀྱི་རུ་འདྲེན་དགེ་སློང་སྟོང་སྡེའི་ཚོགས༔ ཆོས་ཤིག་རྒྱུག་ཅིག༴ གཡོན་གྱི་རུ་འདྲེན་བནྡྷེ་ནག་པོའི་སྡེ༔ ཆོས་ཤིག༴ ཨ་ཙར་བྱི་ལ་མོན་པ་ནག་པོའི་སྡེ༔ ཆོས་ཤིག༴ སྟག་གཟིགས་ཆས་ཞུགས་ཁོལ་པོ་སྟོང་ཕྲག་འབུམ༔ ཆོས་ཤིག༴ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཟ་བྱེད་འབུམ༔ ཆོས་ཤིག་རྒྱུག་ཅིག་དམ་ཉམས་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཆོས་སྐྱོང་ཁྱོད་ལ་མཐུ་མེད་མི་སྲིད་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཞིང་བཅུའི་དགྲ་བོ་མ་གཏོང་ཤོར་ར་རེ༔ རྣལ་འབྱོར་བདག་ལ་དམ་མེད་མི་སྲིད་ཀྱིས༔ སྙིང་ནས་འབོད་པ་དགོངས་ལ་ལས་མཛོད་ཅིག༔ བམ་རི་ཐོད་མཁར་རྟ་མཆོག་ཧེ་རུ་ཀར༔ བསྟན་པ་སྲུང་བར་དམ་མནོས་ཁྱོད་མ་བཀྲལ༔ བསྙེན་ཅིང་སྒྲུབ་པའི་དམ་བཅའ་ངས་མི་གཡེལ༔ ལྕང་ལོ་ཅན་དུ་རྡོ་རྗེ་འཛིན་པའི་དྲུང་༔ བཤད་སྒྲུབ་སྐྱོང་བར་དམ་མནོས་ཁྱོད་མ་ཉམས༔ ཕྱི་ནང་བརྟེན་འཆང་མཆོད་བསྟོད་ངས་མི་གཡེལ༔ ཆོས་འཁོར་ཆེན་པོར་བདག་ཉིད་པདྨ་ཡིས༔ རྡོ་རྗེ་མགོར་བཞག་དམ་ཉམས་སྒྲོལ་བར་ཆད༔ བོད་ཁམས་མཐའ་དམག་འཁྲུག་རྩོད་བཟློག་པར་མནོས༔ རྗེས་འཇུག་དམ་ཚིག་ལྡན་པས་གསོལ་མཆོད་རྦད༔ ངང་མ་རིང་ལ་དགྲ་བོའི་སྲོག་རྩ་ཆོད༔ ལས་མ་འགྱངས་ལ་བསད་རྟགས་དོན་སྙིང་སྤྲོད༔ དུས་ལ་བབ་པོ་སྲོག་བདག་འབུམ་གྱི་སྡེ༔ ནུས་མཐུའི་དྲག་རྩལ་སྟོན་ཅིག་ས་མ་ཡཱ༔ ཅེས་བརྗོད་རྦད་ཅིང་གཏོར་མ་དགྲ་ཕྱོགས་འཕེན༔ དམིགས་པའི་དགྲ་བགེགས་ཐལ་བའི་རྡུལ་བཞིན་དུ༔ ལས་བྱེད་འཁོར་དང་བཅས་པས་བརླག་པར་བསམས༔ མཆོད་བསྟོད་བསྐང་བ་དུས་སུ་མ་ཆགས་བརྩོན༔ འདི་ནི་དམ་ཚིག་ལྡན་པའི་སྲུང་མ་སྟེ༔ དམ་བཞིན་གནས་ལ་མགོན་སྐྱོབས་སྟོང་གྲོགས་བྱེད༔ དམ་མེད་རྣམས་ལ་སྲོག་གི་བཤན་པ་སྟེ༔ རབ་ཏུ་གཉན་པས་གཅེས་སོ་སྙིང་ལ་ཆོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་རྒན་ཉི་མ་གྲགས་པས་ནགས་ཤོད་མེ་འབར་ཕུག་ནས་གདན་དྲངས་ཤིང་གཏན་ལ་ཕབ་པ་འདི་ཡང་ལི་ཐང་དུའོ། །མངྒ་ལཾ།། །།