སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཀྲ་ཤིས་བྱིན་ཆགས་དབེན་པའི་ནགས༔ ཡང་ན་དུར་ཁྲོད་འཇིགས་རུང་ཚལ༔ གཟའ་སྐར་ཉི་ཁྱིམ་ཕུན་ཚོགས་ལ༔ སྟེགས་བུ་ནག་འཇམ་མཁྲེགས་པའི་ཁར༔ ཆོས་འབྱུང་ཐོད་ར་མེ་རིས་བསྐོར༔ དུར་ཁྲོད་རྡོ་ཚོན་རྣམ་ལྔས་བསྒྱུར༔ དབུས་སུ་མཉྫུའི་ཁྲིའུའི་ཁར༔ ཐང་སྐུ་བླ་རྡོ་ཙཀྲ་བཞུགས༔ མེ་ལོང་ཆོས་འབྱུང་སྔགས་བྲིས་བཀབ༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ གཡས་གཡོན་སྨན་དང་རཀྟ་དང་༔ མདུན་རྒྱབ་གཏོར་མ་གྲི་གུག་དང་༔ མཐའ་ལ་མཆོད་པ་ཚོགས་འཁོར་བཤམས༔ ལས་ཀྱི་གཞུང་བསྲང་བསྐྱེད་རིམ་གསལ༔ མདུན་བསྐྱེད་དཀྱིལ་འཁོར་འཁོར་ལོའི་ཚུལ༔ བདག་ཉིད་འབྱུང་བཞིའི་ཕོ་བྲང་ནང་༔ རང་སེམས་ཕག་མོ་ནག་མོ་ལ༔ ཡན་ལག་རིགས་བཞིའི་ཕག་མོ་བཞི༔ རྩ་དང་བ་སྤུའི་འོད་ཀློང་དུ༔ དཔའ་བོ་དཔའ་མོ་གྲངས་མེད་བསམས༔ སྤྱན་འདྲེན་མཆོད་བསྟོད་གཞུང་བཞིན་བྱ༔ གཙོ་མོའི་ཐུགས་ཀར་ཉི་མའི་དལ༔ ས་བོན་ཡི་གེ་ཧཱུྃ་མཐིང་ནག༔ ཧ་རི་ནི་ས་རིགས་བཞིའི་ཐུགས༔ རྩ་སྔགས་སྙིང་པོ་འདིས་བསྐོར་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཤེས་རབ་ཡེ་ཤེས་འཁོར་ལོ་འཁོར༔ འོད་ཟེར་ལྔ་ལྡན་འཁོར་འདས་དང་༔ མཁའ་སྤྱོད་ནུབ་ཕྱོགས་ཨོ་རྒྱན་འཕྲོས༔ བདེ་གཤེགས་རྣམས་ཀྱི་བྱིན་རླབས་དང་༔ འབུམ་ཕྲག་སྐུ་གསུམ་མཁའ་འགྲོའི་གཙོ༔ འོད་ཀྱིས་སྤྱན་དྲངས་དབང་དུ་བསྡུས༔ སྒྲུབ་པའི་རྫས་དང་རང་ལ་ཐིམ༔ དཀྱིལ་འཁོར་གསུམ་དང་འབྲལ་མེད་པར༔ འབུམ་ཚོ་གསུམ་དུ་བསྙེན་བསྒྲུབ་བྱ༔ སྐབས་སྐབས་འཕྲིན་ལས་རྣམ་པ་བཞིའི༔ འོད་ཟེར་སྤྲོ་བསྡུ་གནད་དུ་བསྣུན༔ ཨཱོཾ་ཤཱན་ཏིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཧ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་མཱ་ར་ཡ་ཕཊ༔ སྔགས་ཀྱི་ཤམ་བུ་དེ་རྣམས་བཏགས༔ ཐུན་སྐབས་རྣམས་སུ་མཆོད་ཅིང་བསྟོད༔ འོད་ཟེར་སྤྲོ་བསྡུས་དབང་རེ་ལེན༔ དེ་ལྟར་ཚུལ་བཞིན་བརྩོན་པའི་ཚེ༔ སྒྲུབ་རྫས་མེ་འབར་དུད་པ་འཐུལ༔ བདུད་རྩི་ལུད་དང་འོད་ཟེར་འཕྲོ༔ ཁྱད་པར་ཞལ་མཇལ་ལུང་བསྟན་འཐོབ༔ ཏིང་འཛིན་ཉམས་མྱོང་འཁོར་ཡུག་འཆར༔ བློ་བྲལ་ཆོས་ཉིད་ལྟ་བ་རྟོགས༔ དེ་སོགས་ལེགས་ཚོགས་དཔག་མེད་འབྱུང་༔ དབང་བཞི་ལེན་ཞིང་རྣལ་མར་བཞག༔ མ་ཡེངས་འཛིན་མེད་བློ་འདས་སྐྱོངས༔ མི་སྒོམ་སྙིང་པོའི་དོན་ལ་བལྟ༔ ཡང་ན་ཉམས་རྨུགས་རིག་པ་བྱིང་༔ རྨི་ལམ་མཛེ་སྤྲང་ཡུག་ས་འོང་༔ སྒྲུབ་རྫས་རྡུལ་བག་འོད་མེད་ན༔ ཉམས་རྟོགས་སྤར་ཞིང་བསྐྱེད་རིམ་གསལ༔ དམ་བཤགས་བྱ་ཞིང་བསྐང་བ་འདོན༔ ཚོགས་ཀྱིས་བསྐང་ཞིང་སྒྲུབ་པ་སྐྱོར༔ དྲག་པོའི་ཤམ་བུའི་སྔགས་དམིགས་བསྣུན༔ རེ་དོགས་གཉིས་འཛིན་དགའ་བྲོད་སྤང་༔ དེ་ཚེ་མཁའ་འགྲོའི་བྱིན་རླབས་འཐོབ༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོག༔ ཡེ་ཤེས་མཁའ་འགྲོས་མཆོག་སྩོལ་ཞིང་༔ སྐུ་གསུམ་འབྲས་བུ་འཐོབ་པར་འགྱུར༔ འཇིག་རྟེན་མཁའ་འགྲོས་བྲན་བྱེད་ཅིང་༔ འདུ་བ་རྣམ་བཞི་ལྷུན་གྱིས་གྲུབ༔ དམ་ཚིག་མཁའ་འགྲོས་དཔལ་བསྐྱེད་ཅིང་༔ ཚེ་དཔལ་མངའ་ཐང་ཕྱོགས་བཅུར་རྒྱས༔ འཇིག་རྟེན་མི་མོས་བཀའ་ཉན་ཞིང་༔ མཉེས་པའི་ཞབས་ཏོག་ཕུན་ཚོགས་སྒྲུབ༔ མཁའ་འགྲོ་བསྟེན་པའི་རྣལ་འབྱོར་པས༔ ཀུནྡའི་དམ་ཚིག་ལྡན་པ་དང་༔ མུ་དྲ་མཚན་ལྡན་ཐོད་རྔ་དང་༔ སིན་དྷུ་ར་དང་མེ་ལོང་དང་༔ བྷན་དྷ་གྲི་གུག་རྐང་གླིང་འཆང་༔ དམ་མེད་རྣམས་ལ་སྦ་བ་གནད༔ བུད་མེད་ཡོངས་ལ་དམོད་པ་སྤང་༔ ཉེར་ལྔར་ཚོགས་འཁོར་བསྐང་བཤགས་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སྒྲུབ་པ་ཚད་འཁྱོལ་ནས༔ དངོས་གྲུབ་ཐོབ་པའི་རྟགས་བྱུང་ཚེ༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་ཞུ༔ སྒྲུབ་རྫས་རང་གི་གནས་ལྔར་གཏུགས༔ དབང་དང་ཡེ་ཤེས་ཐོབ་པར་བསྒོམ༔ ཤིས་བརྗོད་བསྔོ་སྨོན་འདི་ལྟར་བྱ༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ཕག་མོ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བཀའ་ཡི་འཕྲིན་ལས་དཀྱིལ་འཁོར་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཧཱུྃ༔ གསང་བའི་བསྐྱེད་རྫོགས་བསྒོམ་བཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་བ་ཀློང་གྱུར་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཞིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ ཧཱུྃ༔ སྣང་བ་དག་པ་གཞལ་ཡས་ཁང་༔ གཟུང་འཛིན་བྲལ་བ་ཡི་དམ་ལྷ༔ རང་ངོར་གསལ་བ་ཆོས་ཀྱི་སྐུ༔ སྐྱེ་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཁའ་འགྲོའི་གནས་སུ་གཤེགས༔ ཨ་ཨཱཾཿསྨྲ་བསམ་བརྗོད་མེད་ཡུམ༔ རང་སེམས་སྐྱེ་འགག་གནས་གསུམ་འདི༔ མཁའ་འགྲོའི་སྐུ་གསུམ་རོལ་པར་ཤར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་ཆགས་རུ་ཕག་མོ་ནག་མོའི་གསང་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།