མཁའ་འགྲོ་སྒྲུབ་པའི་མཚན་རྟགས།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ མཁའ་འགྲོ་སྒྲུབ་པའི་མཚན་རྟགས་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཕག་མོ་ཁྲོས་མ་ནག་མོ་ཡི༔ བསྐྱེད་རྫོགས་སྒྲུབ་པའི་རྣལ་འབྱོར་པས༔ དབང་ལུང་གདམས་པ་མེད་པ་ལ༔ གསང་སྔགས་ཆོས་ལ་འཇུག་པ་རྣམས༔ རྒྱལ་པོའི་དཀོར་མཛོད་བརྐུས་པ་འདྲ༔ དེ་བས་དང་པོ་བླ་མ་བསྟེན༔ དབང་དང་གདམས་པ་ཚུལ་བཞིན་ཞུས༔ མན་ངག་གབ་འཁྲུག་ལག་ལེན་བསླབས༔ དེས་ནི་དོན་གཉིས་མྱུར་དུ་འགྲུབ༔ དེ་ནས་བསྙེན་བསྒྲུབ་བརྩམས་པའི་ཚེ༔ ཕག་ཤ་མི་བཟའ་དམ་ཚིག་བསྲུང་༔ འཇིག་རྟེན་བུད་མེད་ཇི་སྙེད་ལ༔ ངན་པའི་མཚང་ནས་མི་འབྲུ་ཞིང་༔ དེ་བཞིན་སེམས་ཀྱིས་བརྙས་པ་སྤང་༔ འདི་ཡི་བསྙེན་སྒྲུབ་འབུང་བའི་ཚེ༔ དཀར་གསུམ་མངར་གསུམ་བཟའ་བཏུང་དང་༔ བོང་བུའི་ཤ་ཡང་བཟའ་མི་བྱ༔ ཤ་ཆང་ཕུན་ཚོགས་ལོངས་སྤྱོད་སྤྱད༔ གཏོར་མ་ཆེ་ན་དངོས་གྲུབ་ཆེ༔ གཏོར་མ་དབུལ་ན་དངོས་གྲུབ་མེད༔ ཚོགས་ཀྱི་མཆོད་པར་རྒྱུན་དུ་གཟབས༔ དེ་ཚེ་སྒྲུབ་པའི་ལྟས་རྣམས་འབྱུང་༔ མ་དང་ཆུང་མ་མཛའ་མོ་དང་༔ བྲན་མོ་གཡོག་མོ་ལ་སོགས་གཟུགས༔ ཆས་དང་རྒྱན་སོགས་ཀླུབས་པ་ལ༔ རུས་པའི་ཕྲེང་བ་ཐོགས་པ་ནི༔ ལྟས་ཀྱི་རིམ་པ་བཟང་བའོ༔ མི་རོ་ཟོས་དང་ཁྲག་འཐུང་དང་༔ ཆང་དང་ཤ་སོགས་ལོངས་སྤྱོད་སྟེར༔ དངོས་གྲུབ་ཐོབ་པའི་རྟགས་ཡིན་ནོ༔ སྦྱོར་བ་བྱས་ན་དངོས་གྲུབ་མྱུར་འཐོབ་རྟགས༔ དགོད་ཅིང་ཧ་ཧིའི་སྒྲ་སྒྲོག་ན༔ དགྲ་དང་བགེགས་རྣམས་ཆོམས་པའི་རྟགས༔ འཛུམ་ཞིང་བཞད་གད་བྱེད་པ་ན༔ སྒྲུབ་པོ་ཚེ་རིང་ནད་མེད་རྟགས༔ གར་དང་བྲོ་བརྡུང་ལ་སོགས་ནི༔ སྟན་ཐོག་དེ་ལ་འགྲུབ་པའི་རྟགས༔ རྒྱང་གླུ་ལེན་ན་སྒྲུབ་པ་འགྱང་བའི་རྟགས༔ ངུ་བ་རྨིས་ན་དམ་ཚིག་ཉམས་ཆག་རྟགས༔ ཡུགས་ས་རྨིས་ན་ཤིན་ཏུ་དམ་ཉམས་རྟགས༔ མཛེ་ཅན་བྱུང་ན་དམ་རྫས་འཆལ་བའི་རྟགས༔ ཁ་ཤོ་བྱུང་ན་གསང་བའི་རྒྱ་རལ་རྟགས༔ སྟུ་རྐུབ་བསྟན་ན་བཀའ་ཆད་འབེབས་པའི་རྟགས༔ ངན་པའི་རིགས་ཀྱི་ལྟས་བྱུང་ན༔ བསྐང་བ་ཚོགས་དང་སྦྱིན་སྲེག་བྱ༔ ཡི་གེ་བརྒྱ་པས་བཤགས་སྐོང་དང་༔ ཁྱད་པར་བསྐང་ཞིང་བཤགས་པ་མཆོག༔ བཟང་པོའི་རྟགས་རྣམས་གང་བྱུང་ཡང་༔ དངོས་གྲུབ་ཞུ་ཞིང་ཏིང་འཛིན་གསལ༔ ལར་ནི་བཟང་ངན་ཐམས་ཅད་ལ༔ སྒྱུ་མ་རྨི་ལམ་བྲག་ཆ་ལྟར༔ དོན་ལ་ངོས་བཟུང་འཛིན་པ་སྤོངས༔ རང་རིག་སྟོང་པ་ཆེན་པོ་འདི༔ མཁའ་འགྲོ་ཆོས་ཀྱི་སྐུ་ཡིན་ཞིང་༔ དེ་ཡི་རྩལ་ཁ་མ་འགགས་པ༔ མཁའ་འགྲོ་ལོངས་སྤྱོད་རྫོགས་པའི་སྐུ༔ མ་བཅོས་སོ་མའི་རིག་པ་འདི༔ མཁའ་འགྲོ་སྤྲུལ་པའི་སྐུ་རུ་གནས༔ དེ་ཕྱིར་རང་ངོར་རང་ཞལ་སྐྱོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལམ།། །།