བླ་རྡོ་སྙིང་གི་དུམ་བུ།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ བླ་རྡོ་སྙིང་གི་དུམ་བུ་བཞུགས༔ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ གཟའ་སྐར་དར་ཞིང་ཤིས་པའི་ཉིན༔ རང་ཉིད་ཕག་མོ་ནག་མོར་བསྒོམ༔ བུ་མོ་རིགས་བཟང་གཙང་མ་ཡི༔ རཀྟས་མཐིང་ནག་དར་རམ་རས༔ ཡང་ན་རྒྱ་ཤོག་བཟང་པོ་ལ༔ ཕག་མོ་ནག་མོའི་སྐུ་འབྲི་ཞིང་༔ ལྟེ་བར་འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཨཱོཾ་ཨཱཿཧཱུྃ་གསུམ་དང་༔ རྩ་སྔགས་བདག་ལ་དངོས་གྲུབ་སྩོལ་ཅིག་འབྲི༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ ཧ་རི་ནི་ས་འབྲུ་བཞི་འགོད༔ ལས་བཞིའི་ཤམ་བུ་འདི་ལྟར་བྲི༔ ནད་གདོན་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་ཐམས་ཅད་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ སྡེ་བརྒྱད་མཁའ་འགྲོ་ལ་སོགས་སམ༔ ཡང་ན་འབུམ་ཕྲག་གཙོ་མོ་སྟེ༔ མཁའ་འགྲོའི་མཚན་སྔགས་ཅི་མང་འབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་བྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོ་ཅི་མང་གདབ༔ ཡབ་ཡུམ་བྱང་སེམས་ཨ་མྲྀ་ཏ༔ ཅུ་གང་དང་ནི་སིན་དྷུ་ར༔ གསེར་དངུལ་ཟངས་ལྕགས་རིན་ཆེན་ལྔ༔ དར་ཚོན་རྣམ་ལྔ་མགྲོན་རྒོད་དང་༔ ཤེལ་དང་མུ་མེན་བྱི་རུ་གཟི༔ དུང་དང་སྤོས་ཤེལ་གཡུ་ལ་སོགས༔ བུ་མོ་གཙང་མ་རིགས་བཟང་གི༔ སྐྲ་དང་སེན་མོ་ལ་སོགས་གདབ༔ ལས་ཀྱི་གཞུང་བསྲང་རབ་གནས་བྱ༔ ཕག་མོ་ནག་མོ་དངོས་སུ་བསམས༔ རིན་ཆེན་ཟངས་ཀྱི་གབ་རྩེར་གཞུག༔ སྒྲུབ་པའི་དུས་སུ་ཐོད་པར་བཤམས༔ རྒྱུན་དུ་འབྲལ་མེད་མཆན་གཡོན་བཅང་༔ ལོ་རེ་བཞིན་དུ་རབ་གནས་སྐྱོར༔ དེས་ནི་མཁའ་འགྲོ་གྲིབ་བཞིན་འགྲོག༔ སིདྡྷི་རྣམ་གཉིས་དཔལ་ལ་སྤྱོད༔ དེ་ཕྱིར་གཅེས་སོ་ཡིད་ལ་ཆོངས༔ དམ་མེད་སྣོད་མིན་རྣམས་ལ་རྒྱ༔ ཤིན་ཏུ་གསང་བ་མན་ངག་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཁམས་རཀྴ་ཀོ་ཊི་ནས་གདན་དྲངས་ཏེ་ལྕགས་བྱ་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལམ།། །།