གསེར་སྐྱེམས་ཟོར་ལམ་གདམས་པ།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ གསེར་སྐྱེམས་ཟོར་ལམ་གདམས་པ་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ རིན་ཆེན་སྣོད་གཙང་ཆང་གིས་བལྟམས༔ རིན་ཆེན་བརྡར་རུ་ཅི་མང་བརྡར༔ ནས་འབྲས་འབྲུ་སྣ་གང་འཛོམས་བཏབ༔ རང་ཉིད་མཁའ་འགྲོའི་ཏིང་འཛིན་གྱིས༔ བྱིན་གྱིས་བརླབ་ཅིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ནས༔ སྐྱབས་གནས་དཀོན་མཆོག་གཟུ་དང་དཔང་༔ དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ མ་ཚོགས་མཁའ་འགྲོ་གཟུ་དང་དཔང་༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཆོས་སྐྱོང་གཏེར་སྲུང་གཟུ་དང་དཔང་༔ ས་ཕྱོགས་ཡུལ་གྲུ་འདི་ཉིད་ཀྱི༔ ཡུལ་ལྷ་གཞི་བདག་གཟུ་དང་དཔང་༔ གཟུ་དང་དཔང་དུ་ཁྱེད་རྣམས་བཞུགས༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིགས༔ བར་དུ་མི་དགེ་བཅུ་ལ་སྤྱད༔ ད་ལྟ་རྣལ་འབྱོར་བདག་ལ་བསྡོས༔ བདག་གིས་མ་ཉེས་ཁོ་ཡིས་ཉེས༔ ཉེས་ཅན་དགྲ་བོ་བསྒྲལ་བའི་ཕྱིར༔ བསད་ཟོར་བཟློག་ཟོར་འདི་འཕེན་པས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཟོར་མདོས་འདི་ཡི་ལམ་ཕྱེས་ཤིག༔ སུ་ར་ཆང་ལས་ངོ་ཆེ་མེད༔ རིན་ཆེན་གསེར་ལས་རིན་ཆེ་མེད༔ མེད་པ་རྣམས་ཀྱང་མི་ལས་བཙལ༔ སྲ་བ་ཡིན་ཀྱང་བྲག་ལས་བརྐོས༔ དེ་ཕྱིར་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ཟོར་འདི་ཡི་ལམ་ཕྱེས་ཤིག༔ སྔགས་ཟོར་འདི་ཡི་ལམ་ཕྱེས་ཤིག༔ སྟེང་འོག་ཕྱོགས་བཅུར་གནས་པ་ཡི༔ ལྷ་ཀླུ་གཞིས་བདག་མ་ལུས་ཀུན༔ ཟོར་ལམ་ཕྱེས་ལ་སྐུ་སྐྱོད་ཅིག༔ མཐོ་བས་ཞབས་སྐུམས་ཐད་སོར་གཟུར༔ དམའ་བ་ཐམས་ཅད་དབུ་ཐུམས་ཤིག༔ དྲག་པོའི་ཟོར་གྱི་འོད་འཕྲོས་ནས༔ སྐུ་ལ་དེ་ནི་འཕོག་པར་མཆི༔ དེ་བས་ཐམས་ཅད་སྐུ་བསྐྱོད་ལ༔ བདག་གི་མགོན་དང་གྲོགས་མཛོད་ཅིག༔ ཟོར་འཕེན་དགྲ་བོའི་ཡུལ་དུ་འཕེན༔ སྟེང་གི་ཁྱོ་ལ་གཏོར་ཟོར་ཡ༔ བསད་རྟགས་དོན་སྙིང་ལོང་ལ་ཤོག༔ འོག་གི་ཆུང་མར་ཁྲག་ཟོར་ཡ༔ དམར་ཡམས་ནད་ཀྱིས་སོད་ལ་ཤོག༔ མཆན་གྱི་བུ་ལ་མཚོན་ཟོར་ཡ༔ གྲི་ཐབས་ལྕེབས་གྲིར་སོད་ལ་ཤོག༔ སྒོ་ནོར་ཕྱུགས་ལ་ཟོར་འདི་ཡ༔ གློ་གོར་ཧོན་གསུམ་དམག་སྒར་ཐོབ༔ ས་གཞིས་མཁར་ལ་ཟོར་འདི་ཡ༔ དྲག་པོའི་ཐོག་གིས་རྡུལ་དུ་རློག༔ དགྲ་བོའི་མི་རབས་ལྷ་བསྲུང་རྣམས༔ དེ་རིང་ཐལ་བ་རྡུལ་དུ་རློག༔ ཅེས་བརྗོད་གསེར་སྐྱེམས་མཆོད་ཅིང་གཏོར་ཟོར་འཕེན༔ དམོད་བཅོལ་གཡབ་མོ་བཞེས་བཏང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ས་རྟ་ལ་གདན་དྲངས་ཤིང་ལྕགས་བྱ་ལ་ཤོག་སེར་ལས་ཕབ་པའོ།། །།མངྒ་ལཾ།། །།