སྒྲུབ་ཐབས་ཚེ་ཡི་བང་མཛོད།

ཕག་མོ་དཀར་མོའི་ཟབ་ཐིག་ལས༔ སྒྲུབ་ཐབས་ཚེའི་བང་མཛོད་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ མ་འོངས་ཕྱི་མའི་སྐལ་ལྡན་རྣམས་ཀྱི་དོན༔ ཟབ་མོའི་གདམས་པ་ཡིད་བཞིན་ནོར་བུའི་སྒྲོམ༔ ཕག་མོ་དཀར་མོ་སྒྲུབ་པའི་རིམ་པ་སྟོན༔ དབེན་པའི་གནས་སུ་ད་ལར་དྲི་བཟང་བྱུག༔ ཆོས་འབྱུང་ཐོད་ར་པདྨ་རྡོ་རྗེ་མེ༔ ཚོན་གྱིས་བྲི་ཞིང་མཉྫིའི་ཁྲིའུ་ཁར༔ ཚེ་ཡི་བུམ་པ་རྡོ་རྗེ་གྲི་གུག་མཚན༔ སྐུ་གཟུགས་དར་གུར་ཕུབ་ཅིང་སྨན་རཀ་དང་༔ བླ་རྡོ་མདའ་དར་གཡས་གཡོན་ཕྱོགས་བཞིར་འགོད༔ ཕྱི་ནང་མཆོད་པ་དང་བཅས་གདན་ལ་འཁོད༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་སྔགས་ཀྱིས་སྦྱང་༔ སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་ཞིང་༔ སྣང་པའི་རང་བཞིན་སྟོང་པའི་ཀློང་ཡངས་ན༔ ཆོས་འབྱུང་ཉི་ཟླ་པདྨའི་གདན་སྟེང་དུ༔ སྟོང་པའི་ཡེ་ཤེས་ངོ་བོ་ཟང་ཐལ་ཧ༔ འོད་ཟེར་འཕྲོ་འདུའི་སྦྱོར་བས་སྐད་ཅིག་གི༔ བདག་ཉིད་རིག་པའི་ངོ་བོ་བཅོམ་ལྡན་མ༔ ཕག་མོ་དཀར་མོ་ཚེ་བུམ་མདའ་དར་ཅན༔ གར་སྟབས་རུས་རྒྱན་དར་དཔྱངས་ཁ་ཊྲཱཾ་བརྟེན༔ ཞི་འཛུམ་ཉམས་ལྡན་དབུ་སྐྲ་སིལ་བུར་འཕྱང་༔ རིན་ཆེན་ནོར་བུ་དབང་གི་རྩེ་བྲན་ལྡན༔ ཕག་ཞལ་དཀར་མོས་གད་བརྒྱངས་ཕྱོགས་བཅུར་སྒྲོག༔ ཡེ་ཤེསརབ་རྒྱས་གཟི་བརྗིད་ལྡན་པར་བསྒོམ༔ བདེ་ཆེན་དཀར་མོ་ཕག་མོ་དྷཀྐི་མ༔ དཀར་མོ་འབུམ་གྱི་མ་ཚོགས་འཁོར་དང་བཅས༔ ནམ་མཁའ་ས་གཞི་བར་སྣང་ཁྱབ་པར་ཁེངས༔ འོད་ཟེར་མདངས་ལྡན་གར་སྟབས་ཤིགས་སེ་ཤིགས༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ མོས་པའི་བུ་ལ་བྱིན་གྱིས་བརླབ་ཕྱིར་གཤེགས༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཧ་བཛྲ་དྷཀྐི་ནི་སརྦ་ས་མ་ཡ་ཧྲིང་ཧྲིང་ཛཿ ཛཿ ཨ་ཝེ་ཤ་ཡ་ཨ་ཨཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མཁའ་དབྱིངས་དག་པ་ཨེ་ཡི་ཀློང་དཀྱིལ་ན༔ ཉི་ཟླ་པདྨའི་གདན་ཁྲི་ཡངས་པའི་དཀྱིལ༔ དཀར་མོ་མཁའ་འགྲོ་འབུམ་གྱི་ལྷ་ཚོགས་རྣམས༔ གདོད་ནས་དག་པའི་དབྱིངས་སུ་བཞུགས་སུ་གསོལ༔ ཧ་བཛྲ་དྷཀྐི་ནི་ས་མ་ཡ་ཏིཥྠ་ལྷན༔ ཕྱག་ནི༔ ཧཱུྃ༔ ངོ་བོ་ཉིད་ལས་ཤར་བའི་བཅོམ་ལྡན་མ༔ རང་རིག་སྐྱེ་འགག་བྲལ་བ་རྒྱལ་བའི་ཡུམ༔ སོ་སོར་རྟོགས་པའི་ཡེ་ཤེས་འཕྲུལ་མོ་ཆེ༔ གཉིས་སུ་མེད་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཧ་བཛྲ་དྷཀྐི་ནི་བྷ་ར་ཧི་ཨཱཿཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿསིདྡྷི་སྭཱ་ཧཱ༔ བསྐྱེད་པའི་ལྷ་སྐུ་སྣང་སྟོང་ཕྱག་རྒྱ་ཆེ༔ འབྱུང་བཞི་སྦྱངས་བས་ཡེ་ཤེས་འོད་ལྔའི་ཀློང་༔ རིག་པའི་རང་མདངས་རྡོ་རྗེ་རྣལ་འབྱོར་མ༔ བཟླས་པའི་སྙིང་པོ་རྡོ་རྗེ་ལུ་གུ་རྒྱུད༔ ཐབས་ཀྱི་མདའ་དར་འཁོར་འདས་ཀུན་ཏུ་གཡབ༔ ཐུགས་རྗེའི་བྱིན་རླབས་ཚེ་བསོད་དཔལ་འབྱོར་སྟོབས༔ འབྱུང་བཞིའི་དངས་མ་བླ་ཚེ་ཆད་དམ་ཉམས༔ ལྔ་ལྡན་འོད་དང་ནྲི་ཡིག་རྣམ་པར་བསྡུས༔ ཤེས་རབ་བུམ་པར་བསྐྱིལ་ནས་ཡེ་ཤེས་རྒྱས༔ བདེ་སྟོང་ཟུང་འཇུག་ཐབས་ཤེས་འོད་ཟེར་ལྔ༔ རྣལ་འབྱོར་ལུས་ལ་ཐིམ་པས་ཚེ་བསོད་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་བསམས༔ མ་ཡེངས་ཏིང་འཛིན་ངང་ནས་འབུམ་ཚོ་ནི༔ གཅིག་གཉིས་གསུམ་སོགས་དབང་པོའི་རིམ་པས་བཟླས༔ འཇའ་འཁྱུག་འོད་འཕྲོ་བདེ་སྟོང་ཉམས་མྱོང་འབར༔ ཞལ་མཇལ་ལུང་སྟོནའཛབ་དབྱངས་རང་གྲག་དང་༔ ཤེལ་རྙེད་དར་འཕྱར་དུང་འབུད་རོལ་མོ་འཁྲོལ༔ ཁྲུས་བྱས་རྒྱན་བཏགས་གོས་གསར་གྱོན་པ་དང་༔ བུད་མེད་མང་པོ་ཚོགས་དང་བཀུར་སྟིས་མཆོད༔ ཉི་ཟླ་ཤར་དང་བཀྲ་ཤིས་ལྟས་རྣམས་འབྱུང་༔ དེ་ཚེ་རེ་དོགས་བྲལ་ཞིང་ངོ་བོར་བལྟ༔ གནས་ལུགས་ངང་ནས་དབང་བཞི་ལེན་པར་བྱ༔ ཐུན་སྐབས་རྣམས་སུ་མཆོད་དང་བསྟོད་པ་ནི༔ ཧཱུྃ༔ གཟུགས་མཛེས་ལྷ་མོ་སྣང་བའི་མདངས་ལྡན་མ༔ མེ་ལོང་ཕྱག་རྒྱ་འཆང་བའི་གར་མཁན་མོ༔ སྟོང་གསུམ་ཁྱབ་པར་སྤྲུལ་ཏེ་མཆོད་པར་འབུལ༔ སྤྱན་གྱི་དབང་པོ་ཚིམ་ཕྱིར་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོ་གྲགས་པའི་མདངས་ལྡན་མ༔ པི་ཝང་ཕྱག་རྒྱ་འཆང་བའི་གླུ་དབྱངས་མ༔ སྟོང་གསུམ་ཁྱབ་པར་སྤྲུལ་ཏེ་མཆོད་པར་འབུལ༔ སྙན་གྱི་དབང་པོ་ཚིམ་ཕྱིར་བཞེས་སུ་གསོལ༔ དྲི་ཡི་ལྷ་མོ་དག་པའི་མདངས་ལྡན་མ༔ སྤོས་ཁང་ཕྱག་རྒྱ་དྲི་བསུང་སྤོང་ངད་ལྡན༔ སྟོང་གསུམ་ཁྱབ་པར་སྤྲུལ་ཏེ་མཆོད་པ་འབུལ༔ ཤངས་ཀྱི་དབང་པོ་ཚིམ་ཕྱིར་བཞེས་སུ་གསོལ༔ རོ་ཡི་ལྷ་མོ་ཟག་མེད་མདངས་ལྡན་མ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འཆང་བའི་མ༔ སྟོང་གསུམ་ཁྱབ་པར་སྤྲུལ་ཏེ་མཆོད་པར་འབུལ༔ ལྗགས་ཀྱི་དབང་པོ་ཚིམ་ཕྱིར་བཞེས་ཕྱིར་བཞེས་སུ་གསོལ༔ རེག་བྱའི་ལྷ་མོ་བདེ་སྟོང་མདངས་ལྡན་མ༔ པཉྩ་ལི་ཀས་སྤྲས་པའི་ཕྱག་རྒྱ་ཅན༔ སྟོང་གསུམ་ཁྱབ་པར་སྤྲུལ་ཏེ་མཆོད་པར་འབུལ༔ སྐུ་ཡི་དབང་པོ་དགྱེས་ཕྱིར་བཞེས་སུ་གསོལ༔ ཧཱུྃ༔ དམ་རྫས་བརྒྱན་པའི་གཏོར་མ་རི་ལྟར་སྤུངས༔ ཟག་མེད་བདུད་རྩིའི་མཆོད་པ་མཚོ་ལྟར་བསྐྱིལ༔ ཨརྒྷཾ་དམར་གྱི་ཚོགས་ནི་རྫིང་ལྟར་བསགས༔ ཕྱི་ནང་མཆོད་གཏོར་བཀོད་པས་ཁྱད་འཕགས་འདི༔ མཅོམ་ལྡན་འདས་མ་འཁོར་དངབཅས་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཧོ༔ རཱུ་པ་ཤཔྟ་སོགས་པཱུ་ཙ་ཧོ༔ བྷ་ལིང་ཏ་ཨ་མྲྀ་ཏ་རཀྟ་མ་ཧཱ་སརྦ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ སྐྱེ་མེད་དབྱིངས་ལས་ཤར་པའི་ཕག་གདོང་་མ༔ འགག་མེད་འཁོར་ལོས་སྒྱུར་པའི་མཁའ་མགྲོའི་གཙོ༔ སྤྲུལ་པའི་མཁའ་འགྲོ་དམ་ཚིག་ཚེ་ཡི་ལྷ༔ བདེ་ཆེན་དཀར་མོ་འཁོར་དང་བཅས་ལ་བསྟོད༔ སྐབས་སུ་ཚེ་འགུགས་དམིགས་པའི་སྤྲོ་བསྡུ་བསྒྱུར༔ བསྙེན་སྒྲུབ་རྟགས་གསལ་སྒྲུབ་རྫས་དངོས་གྲུབ་བླང་༔ བླ་དྷོ་བཅང་ཞིང་དུས་སུ་མཆོད་ཅིང་བསྐང་༔ འདི་ནི་སྒྲུབ་པ་ཀུན་གྱི་ཡང་སྙིང་སྟེ༔ མཁའ་འགྲོའི་སྲོག་སྙིང་པདྨའི་ཐུགས་ཐིག་གོ༔ མ་འོངས་ལས་འཕྲོ་ལྡན་པའི་ཉི་མ་གྲགས༔ ཟབ་པའི་གདམས་པ་ཟབ་ཏིག་སྐོར་ལྔའི་ཆོས༔ ཉམས་སུ་ལོང་དང་མཆོག་ཐུན་དཔལ་ལ་སྤྱོད༔ འདི་ཕྱི་གཉིས་བདེ་བདག་གཞན་དོན་གཉིས་འགྲུབ༔ རིགས་ལྡན་མུ་དྲ་དྷཀྐིས་གདན་འདྲེན་ནམ༔ ཡང་ན་འཆི་ལ་ཐུག་པའི་ནད་བྱུང་ཚེ༔ སྲུང་མ་མཆོད་ལ་བསྐང་བཤགས་ཚོགས་འཁོར་བསྐོར༔ ཤོག་སེར་ཕོབ་ལ་སྒྲུབ་པ་དང་དུ་ལོང་༔ མི་ཡོང་གཞན་དོན་བོར་ལ་རང་དོན་སྒྲུབས༔ གདམས་པ་ཉམས་སུ་ལོང་ཅིག་སྐལ་ལྡན་པ༔ མཚོ་ཨ་དྷརྨ་སྒྲོན་དང་ཀརྨ་སྐྱེད༔ མིང་ཅན་སྐལ་ལྡན་བདུན་པོ་ལ༔ གདམས་པ་འདི་རྣམས་གབ་སྦས་མེད་པར་སྦྱིན༔ སྒྲུབ་ལུགས་ཕོག་ལ་ཞལ་གདམས་སྙིང་ལ་ནོད༔ དེ་རྣམས་ལུས་ཀྱི་མཐའ་བྱེད་ཞིང་ཁམས་ཉུལ༔ འབྲེལ་བ་ཐོགས་རྣམས་མཐོ་རིས་སྦྱོར་བ་ཡོང་༔ ཟབ་ཕྱིར་རིན་ཆེན་གཏེར་དུ་བཅོལ་ལོ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་དཀར་ལྷའི་གཞལ་ཡས་ཁང་ནས་ཤིང་གླང་ཧོར་ཟླ་ལྔ་བར་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཞལ་བཤུས་པ་མངྒ་ལཾ། །