བླ་རྡོ་ཡིད་བཞིན་ནོར་བུ།

ཕག་མོ་དམར་མོའི་ཟབ་ཐིག་ལས༔ བླ་རྡོ་ཡིད་བཞིན་ནོར་བུ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འདུད༔ ཕྱི་རབ་རྣལ་འབྱོར་སྒྲུབ་པ་པོས༔ མ་མོ་མཁའ་འགྲོའི་སྒྲུབ་རྟེན་དུ༔ བླ་རྡོའི་ཙཀྲ་འབྲི་བ་ནི༔ དར་དམར་རྒྱ་ཤོག་གང་རུང་ངོས༔ ཤིང་ཏོག་དམར་པོ་རྒྱ་མཚལ་དང་༔ སིན་དྷུ་རས་གླན་འཁོར་ལོ་ནི༔ ཕག་མོའི་ལྟེ་བར་མུ་ཁྱུད་ལྔ༔ ལྟེ་བར་ནི་ལ་རྩ་བསྙེན་དང་༔ ཐ་མར་འདོད་གསོལ་འབྲི་བར་བྱ༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ ཧ་རི་ནི་ས་འབྲུ་བཞི་བཀོད༔ རྩིབས་མཆན་བཞི་ལ་ཕྱག་མཚན་བཞི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དཀར་མོ་སེར་མོ་དམར་མོ་ངང་༔ ལྗང་མོ་ནག་མོ་འབུམ་སྡེ་ཡི༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ཤིག༔ ཅེས་དང་མཚན་སྔགས་ཅི་ཤེས་འབྲི༔ མཐའ་ལ་འདོད་གསོལ་སྦྱར་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་འབྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོ་ཅི་མང་བཏབ༔ བྲིས་སུབས་ལྷག་ཆད་སྤངས་ཏེ་གཟབ༔ ཕག་མོ་སྤྱན་འདྲེན་རབ་ཏུ་གནས༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ པཉྩ་རིན་ཆེན་རྣམ་ལྔའི་རིགས༔ སིན་དྷུ་ར་དང་ཤིང་ཏོག་དམར༔ ནང་དུ་གདབ་ཅིང་དར་ཚོན་དྲིལ༔ སྦ་ལྕག་ཚིགས་གསུམ་མགུལ་དུ་བཏགས༔ མཆོད་བསྟོད་སྒྲུབ་པའི་རྟེན་དུ་བཅང་༔ དམ་མེད་ལག་ལ་འགྲིམ་མི་བྱ༔ ས་རྗེན་མེ་ཆུའི་ཁར་མི་བཞག༔ མཁའ་འགྲོ་དངོས་སུ་བསྐྱེད་ནས་ཀྱང་༔ བླ་རྡོར་བཅང་བས་དངོས་གྲུབ་འཐོབ༔ ཕག་མོ་དམར་མོའི་བླ་རྡོ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་མའི་དོན་དུ་ཁྱོད་ལ་གདམས༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ འདི་ནས་རིང་དུ་འདས་པའི་འོག༔ བྱང་ཁམས་སྣ་བརྒྱད་བོད་ན་འགྲིམ༔ བོད་ཡུལ་མངའ་ཐང་ཆེས་ཆེར་འཕེལ༔ དེ་དུས་ཟབ་མོའི་གདམས་པ་འདི༔ ཁམས་པ་ཉི་མ་གྲགས་དང་འཕྲད༔ འགྲོ་བའི་དོན་ཆེན་སྤྱོད་པ་ཡོང་༔ ཟང་ཟིང་མ་མང་བསྒྲུབ་ལ་འབུངས༔ སྙིང་པོའི་ཆོས་ཀྱིས་འགྲོ་བ་འདྲེན༔ ཅེས་གསུངས་པ་རྣམས་བདག་འཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ་རིན་པོ་ཆེས་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྀ་ཐི་ན་རྒྱ་རྒྱ་རྒྱ༔ རིགས་འཛིན་ཉི་མ་གྲགས་པ་རྩལ་གྱིས་ཕུག་དམར་ནས་གདན་དྲངས་ཤིང་ཞལ་བཤུས་པའོ། །མངྒ་ལཾ། །