དབང་གི་སྦྱིན་སྲེག་ཆོག་སྒྲིག

ཕག་མོ་དམར་མོའི་ཟབ་ཐིག་ལས༔ དབང་གི་སྦྱིན་སྲེག་དབང་གི་མེ་འབར་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འདུད༔ ཕག་མོ་དམར་མོའི་རྣལ་འབྱོར་པས༔ སྣང་སྲིད་དབང་དུ་སྡུད་འདོད་ན༔ སྟེགས་བུ་ཟླ་གམ་དམར་པོའི་སྟེང་༔ རཾ་གྱི་ཁོག་པར་ནི་བྲིས་ཏེ༔ ཙན་དན་དམར་པོའི་ཤིང་དག་གི༔ ཐབ་ནི་ཟླ་གམ་དག་ཏུ་བརྩེགས༔ རང་ཉིད་ཕག་མོ་དམར་མོར་བསྒོམས༔ སྔགས་དམིགས་གསལ་ཞིང་བསྙེན་ཁ་གསོ༔ ཐབ་བསངས་མེ་སྤར་མེ་ལྷ་མཆོད༔ ཧཱུྃ༔ རཾ་ཡིག་དམར་པོ་ཡོངས་གྱུར་པས༔ མེ་ལྷ་དམར་པོ་བགྲང་ཕྲེང་ཅན༔ གཡས་པས་ལྕགས་ཀྱུ་མཁའ་ལ་གདེངས༔ ཕྱེད་སྐྱིལ་ར་སྐྱེས་ཁམ་པ་ཆིབས༔ ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར༔ ཨཱོཾ་ཚུར་སྤྱོན་ཚུར་སྤྱོན་མེ་ཡི་ལྷ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ འོད་འཕྲེང་བསྐལ་པའི་མེ་ཆེན་འཆེད༔ མཆོད་བསྟོད་བསྲེག་རྫས་འདི་བཞེས་ལ༔ འབར་བའི་མེ་དང་དབྱེར་མེད་བཞུགས༔ དབང་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་བརྗོད་ཡེ་ཤེས་མེ་ཀློང་ན༔ དམར་མོ་འབུམ་ཕྲག་དྷཀྐི་རྣམས༔ ཏིལ་གྱི་གོང་བུ་ལྟ་བུར་གསལ༔ རྩ་སྔགས་ཤམ་བུར་སྔགས་འདི་བདགས༔ ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དང་བཅས་པ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་དང་རྩ་བརྒྱད་དག་གིས་མཆོད༔ ཏིལ་མར་དབང་གི་ཆས་རྣམས་བསྲེག༔ མཐའ་ལ་པཱུ་ཙ་རྣམ་ལྔ་སྦྱར༔ ཕག་མོ་དགྱེས་པས་འཁོར་འདས་ཀུན༔ རང་གི་དབང་དུ་གྱུར་པར་བསྒོམ༔ སྣང་བ་བྱུང་རྒྱལ་དྲན་ཐང་སྤྱོད༔ རིག་པ་རྗེན་ཕུད་སྙིང་པོ་བགྲང་༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྡུ༔ མེ་ལྷ་གཏང་རག་ཚུལ་གྱིས་མཆོད༔ བཟོད་གསོལ་གཤེགས་ཤིང་བསྔོ་སྨོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མེ་ཡི་ལས་སྦྱོར་དམ་པ་འདི༔ ཆགས་མེད་ལོ་གསུམ་བརྩོན་གྱུར་ན༔ སྐྱེ་འགྲོ་ཟས་ནོར་དབང་ཐང་སྟོབས༔ འབྱུང་བ་བཞི་ཡི་དངས་མ་རྣམས༔ རྣལ་འབྱོར་དེ་ཡི་དབང་འདུ་ཞིང་༔ དཔལ་དང་གྲགས་པས་ས་ཆེན་ཁྱབ༔ མཆོག་གི་དངོས་གྲུབ་བརྒྱ་རྩ་འཐོབ༔ ཐུན་མོང་རྣམས་ལ་སྨོས་ཅི་དགོས༔ ཟབ་ཕྱིར་འཚོ་རྒྱལ་ཁྱོད་ལ་གདམས༔ དམར་མོ་དབང་གི་སྒྲུབ་ཕུག་གི༔ གསང་བའི་མདོ་ལ་ཨ་ཐམ་རྒྱ༔ གཡས་ཀྱི་ཚེ་བུམ་གཏེར་ཁ་ལས༔ ཚེ་ཡི་ཆུ་རྒྱུན་འབབ་པ་ཡོང་༔ དེ་དུས་ཟབ་པའི་གདམས་པ་འདི༔ ཉི་མ་གྲགས་པས་སྤྱོད་པར་འགྱུར༔ སྲུང་མས་མེལ་ཚེ་གྱིས་ཤིག་རྒྱ༔ ས་མཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་དམར་ནས་སྤྱན་དྲངས་པའོ། །མངྒ་ལཾ། །