Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
ལས་བྱང་དངོས་གྲུབ་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section


 
previousལས་བྱང་དངོས་གྲུབ་ཀུན་འབྱུང་།next

ལས་བྱང་དངོས་གྲུབ་ཀུན་འབྱུང་།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ ལས་བྱང་དངོས་གྲུབ་ཀུན་འབྱུང་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་ཕྱི་མའི་དོན༔ གུ་རུ་རྗེ་ལ་ལུང་ཞུས་ནས༔ ཕག་ནག་ཐུགས་སྒྲུབ་ལས་བྱང་ཞིག༔ ཁོ་མོས་ཤོག་སེར་ཡི་གེར་འབྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་སྒྲུབ་ལག་ལེན་རང་གཞུང་ལྟར༔ མཁའ་འགྲོ་འདུ་བའི་གནས་མཆོག་ཏུ༔ མ་དང་མཁའ་འགྲོ་བསྟེན་པའི་ཕྱིར༔ གཞི་མ་སྟེགས་བུ་མཛེས་པའི་སྟེང་༔ འབྲུ་ཡི་ཚོམ་བུ་ལྷ་གྲངས་དགོད༔ མཁའ་འགྲོའི་གཏོར་མ་རྒྱན་ལྡན་བཤམས༔ སྨན་རག་ཚོགས་འཁོར་རྣམ་ལྔ་དཀྲམ༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ རོལ་མོ་འཁྲོལ་ཞིང་རྐང་གླིང་འབུད༔ ཐོད་རྔ་རྡུང་ཞིང་འདི་སྐད་དོ༔ ཧཱུྃ༔ ང་ནི་ཕག་མོ་ནག་མོའི་སྐུ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་མ༔ མཁའ་འགྲོའི་སྤྲུལ་པས་སྟོང་གསུམ་གང་༔ ལོག་པར་ལྟ་བའི་གདོན་བགེགས་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞི་པ་ཡི་སྔགས་བརྗོད་དོ༔ མཚམས་གཅོད་པ་ནི༔ ཧཱུྃ༔ རབ་ཏུ་ཁྲོས་པའི་མཁའ་འགྲོ་འབུམ༔ དྲག་ཏུ་བསྐྱོད་ལ་སྐུ་བཞེངས་ཤིག༔ དུར་ཁྲོད་མཁའ་འགྲོའི་ཕོ་བྲང་འདིར༔ གནོད་བྱེད་གདོན་བགེགས་མཚམས་ཆོད་ཅིག༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ རཀྵ༔ རཀྵ་སྭཱ་ཧཱ༔ མཆོད་པ་བྱིན་བརླབས་ནི༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཆོད་པའི་མ་དག་ཉེས་པ་སྦྱངས༔ ཡེ་ཤེས་འདོད་དགུའི་བདུད་རྩིར་བསྒྱུར༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བརྗོད་མེད་མ་བཅོས་དེ་བཞིན་ཉིད༔ ངན་རྟོག་དབང་གིས་འཁོར་བར་འཁྱམས༔ གཟུང་འཛིན་སྐྱེ་མེད་རང་གྲོལ་བའི༔ ཡེ་ཤེས་དོན་གྱི་སྒོ་དབྱེ་འཚལ༔ པྲ་ཝེ་ཤ་ཡ་ཧོ༔ བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐྱེ་མེད་གཉུག་མའི་རང་བྱུང་ལྷ༔ རང་དང་འགྲོགས་ཀྱང་ཞལ་མ་འཇལ༔ དུས་འདིར་རང་རིག་རང་ངོར་ཤར༔ རང་གྲོལ་དོན་གྱི་ཕྱག་འཚལ་ལོ༔ ས་མ་ཡཱ༔ ཨ་ལ་ལ་ཧཱུྃ༔ དམ་བཤགས་ནི༔ ཧཱུྃ༔ གདོད་ནས་རང་དང་གཉིས་མེད་ཀྱང་༔ གཉིས་འཛིན་དབང་གིས་སོ་སོར་ཕྱེས༔ ཆོས་དབྱིངས་མཁའ་འགྲོའི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ངང་དུ་བཤགསས་མ་ཡཱ་ཤུདྡྷེ་ཨཱཿ བྱིན་དབབ་ནི༔ ཧཱུྃ༔ དབྱིངས་ཀྱི་མཁའ་འགྲོའི་ཕོ་བྲང་ནས༔ མཁའ་འགྲོ་ནག་མོ་མཁའ་འགྲོའི་རྗེ༔ མཁའ་འགྲོ་མ་ཚོགས་འབུམ་གྱིས་བསྐོར༔ སྒྲུབ་པའི་གནས་འདིར་བྱིན་ཅིག་ཕོབ༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཨ་ཝེ་ཤ་ཡ་ཨ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ཡི་རང་བཞིན་སྟོང་པར་གྱུར༔ སྟོང་པའི་རྩལ་ཁ་དམིགས་སུ་མེད༔ དམིགས་མེད་བརྩེ་བའི་ངང་ཉིད་ལས༔ རང་ལུས་འབྱུང་བཞི་རང་དག་ཀློང་༔ དུར་ཁྲོད་ཆོས་འབྱུང་མི་རོའི་སྟེང་༔ རང་སེམས་དག་པ་ཁྲོས་མ་ནག༔ བརྐྱང་བསྐུམ་གར་སྟབས་གྲི་ཐོད་ཅན༔ རལ་པ་ཁམ་ནག་ཐོད་པས་བཅིངས༔ ཕག་ཞལ་ངུར་ཞིང་མེ་དཔུང་འབར༔ དུར་ཁྲོད་ཆས་ལྡན་ཁ་ཊྭཱཾ་འཁྲིལ༔ རབ་ཏུ་ཁྲོས་པའི་སྐུ་རུ་བསྒོམས༔ སྣང་སྲིད་ཟིལ་གྱིས་གནོན་པར་བསམས༔ ཧཱུྃ༔ ཡུམ་མཆོག་ཆེན་མོའི་ཕྱོགས་བཞི་རུ༔ ཤར་དུ་ཕག་མོ་བདེ་ཆེན་དཀར༔ ལྷོ་རུ་ཕག་མོ་དོན་གྲུབ་སེར༔ ནུབ་ཏུ་ཕག་མོ་སྒྲ་སྒྲོགས་དམར༔ བྱང་དུ་ཕག་མོ་མཐར་ཕྱིན་ལྗང་༔ གཡས་རྣམས་རང་རྟགས་གྲི་གུག་བསྣམས༔ གཡོན་རྣམས་བྷན་དྷ་རཀྟ་ཐོགས༔ དུར་ཁྲོད་ཆས་རྫོགས་གར་སྟབས་འཁྲབ༔ གཞན་ཡང་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ལས་བྱེད་སྡེ་བརྒྱད་དྷཀྐི་རྣམས༔ མ་འདྲེས་འཇའ་ཚོན་སྤྲིན་ལྟར་འཁྲིགས༔ མེ་ལོང་གཟུགས་བརྙན་ལྟ་བུར་གསལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་ནས༔ ཁྲོས་མ་ནག་མོ་མཁའ་འགྲོའི་གཙོ༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ དུར་ཁྲོད་གནས་འདིར་གཤེགས་སུ་གསོལ༔ འགྱུར་བ་མེད་པའི་ཕོ་བྲང་ནས༔ ཕག་མོ་དཀར་མོ་གཤེགས་སུ་གསོལ༔ དངོས་གྲུབ་གཏེར་གྱི་ཕོ་བྲང་ནས༔ ཕག་མོ་སེར་མོ་གཤེགས་སུ་གསོལ༔ ཤེས་རབ་བྷ་གའི་ཕོ་བྲང་ནས༔ ཕག་མོ་དམར་མོ་གཤེགས་སུ་གསོལ༔ འཕྲིན་ལས་ཐོགས་མེད་ཕོ་བྲང་ནས༔ ཕག་མོ་ལྗང་མོ་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ ལས་བྱེད་སྡེ་བརྒྱད་དྷཀྐིའི་ཚོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ས་མ་ཡ་ཧྲིང་ཧྲིང་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨཱ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུར་ཁྲོད་ཆོས་འབྱུང་མི་རོའི་སྟེང་༔ ཕག་མོ་ཁྲོས་མའི་ལྷ་ཚོགས་རྣམས༔ དམ་ཚིག་ཡེ་ཤེས་གཉིས་མེད་པར༔ རོ་གཅིག་ཀློང་དུ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དབྱིངས་ལས་ཤར་བ་ཕག་མོའི་སྐུ༔ རང་ལས་རྟོགས་པའི་ཡི་དམ་ལྷ༔ གཉིས་སུ་མེད་པས་ཕ་རོལ་ཕྱིན༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཟུགས་སྣང་ཐམས་ཅད་སྐུ་ལ་མཆོད༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ སྒྲ་གྲགས་ཐམས་ཅད་གསུང་ལ་མཆོད༔ འགག་པ་མེད་པར་བཞེས་སུ་གསོལ༔ དྲན་རྟོག་ཐམས་ཅད་ཐུགས་ལ་མཆོད༔ སྐྱེ་བ་མེད་པར་བཞེས་སུ་གསོལ༔ འདོད་ཡོན་རྣམ་ལྔའི་མཆོད་པ་འདི༔ ལོངས་སྤྱོད་མ་སྤངས་རྒྱན་དུ་བཞེས༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ སྤང་བླང་བྲལ་བའི་ངང་དུ་བཞེས༔ བདེ་སྟོང་དགའ་བའི་བྱང་ཆུབ་སེམས༔ འདུ་འབྲལ་མེད་པར་བཞེས་སུ་གསོལ༔ རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར༔ དུག་ལྔ་རང་གྲོལ་བཞེས་སུ་གསོལ༔ འཁོར་བ་རྩད་བཅད་རཀྟ་དམར༔ དུག་གསུམ་རང་གྲོལ་བཞེས་སུ་གསོལ༔ ཞལ་ཟས་སྣ་ཚོགས་དཔལ་གྱི་བཤོས༔ དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་སརྦ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ མཐིང་ནག་ཆེན་མོ་འཇིགས་པའི་སྐུ༔ རབ་ཁྲོས་གད་བརྒྱངས་ཕྱོགས་བཅུར་བཞད༔ དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས༔ ཕག་མོ་བཅོམ་ལྡན་ནག་མོ་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞི་མཛད་དཀར་མོས་བར་ཆད་སེལ༔ རྒྱས་མཛད་སེར་མོས་དངོས་གྲུབ་སྩོལ༔ དབང་མཛད་དམར་མོས་སྲིད་གསུམ་སྡུད༔ ལས་མཛད་ལྗང་མོས་དགྲ་བགེགས་སྒྲོལ༔ ཕག་མོ་སྡེ་བཞིར་ཕྱག་འཚལ་བསྟོད༔ ཧཱུྃ༔ བཀའ་ཡི་འཕྲིན་ལས་བསྟན་པ་སྐྱོང་༔ གནས་དང་ཡུལ་ཏེ་དུར་ཁྲོད་བདག༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ དམ་རྫས་སུ་ར་ཆང་ལ་མཉེས༔ འབུམ་ཕྲག་མཁའ་འགྲོར་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར༔ ཚོགས་འཁོར་སྦྲན་ཞིང་འདི་སྐད་དོ༔ ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་ནས༔ ཟག་མེད་བདུད་རྩིའི་བཅུད་འཕྲོས་པས༔ གྷ་ན་ཚོགས་ཀྱི་འཁོར་ལོར་ཕོག༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་བཀང་༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་ནས༔ ཁྲོས་མ་ནག་མོ་མཁའ་འགྲོའི་གཙོ༔ འབུམ་ཕྲག་དྷཀྐིའི་འཁོར་ཀྱིས་བསྐོར༔ གནས་འདིར་མདུན་གྱི་མཁའ་ལ་སྤྱོན༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་བཤོས༔ མཾ་ས་ཤ་དང་སུ་ར་ཆང་༔ བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་གྷ་ན་པཱུ་ཙ་སརྦ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ རང་རྒྱུད་རྨོངས་པས་མི་དགེ་བསགས༔ ཉམས་ཆག་རྟོག་སྒྲིབ་གནོང་ངོ་འགྱོད༔ ཚོགས་མཆོད་འདི་ཡིས་དག་གྱུར་ཅིག༔ གྷ་ན་པཱུ་ཙ་ཁཱ་ཧི་ཤུདྡྷེ་ཨཱཿ བསྒྲལ་ལས་ནི༔ ཧཱུྃ༔ ཕག་གདོང་ནག་མོ་འཇིགས་གཟུགས་བརྔམ༔ རབ་གཏུམ་འཁྲུགས་པས་དུག་གསུམ་འབར༔ སྐུ་གསུང་ཐུགས་སྤྲུལ་སྟོང་གསུམ་གང་༔ སྒྲོལ་བྱེད་འབུམ་སྡེས་དགྲ་བགེགས་སྒྲོལ༔ མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ ཁཱ་ཧི་ཁཱ་ཧི་འདོད་ཆགས་ཁྲག་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་ཞེ་སྡང་རུས་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་གཏི་མུག་ཤ་ལ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ ཁྲོ་མོའི་བཀའ་ཡི་དཀྱིལ་འཁོར་ནས༔ དུར་ཁྲོད་ཉུལ་ཞིང་མཁའ་ལ་རྒྱུ༔ ལས་སུ་གསང་སྔགས་བསྟན་པ་བསྲུང་༔ ཟས་སུ་ཤ་ཁྲག་དམར་ལ་གསོལ༔ སྤྲུལ་བ་འབུམ་འབུམ་མཁའ་འགྲོའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འཕྲིན་ལས་སྒྲུབས༔ སརྦ་དྷཀྐི་ས་མ་ཡ་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཆོས་དབྱིངས་མཁའ་འགྲོའི་དུར་ཁྲོད་དུ༔ གཙོ་མོ་ཕག་གདོང་ནག་མོ་ཡིས༔ དམ་ལ་བཞག་པའི་མཁའ་འགྲོ་འབུམ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གསང་སྔགས་བླ་མེད་བསྟན་པ་སྲུངས༔ དགྲ་བགེགས་སྒྲོལ་ལ་བར་ཆད་ཟློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བསྟན་སྐྱོང་ནི༔ ཧཱུྃ༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ བོད་ཁམས་སྐྱོང་བའི་བསྟན་མ་རྣམས༔ བཤལ་ཆུའི་གཏོར་མ་འདི་ལོང་ལ༔ བླ་མེད་བསྟན་སྐྱོང་འཕྲིན་ལས་སྒྲུབས༔ བྷྱོ་ས་མ་ཡ་ཁཱ་ཧི༔ གཞན་ཡང་བཀྲ་ཤིས་བསྔོ་སྨོན་དང་༔ བསྡུ་ཆོག་རྫོགས་རིམ་དམིགས་མེད་བསྒོམ༔ འཕྲིན་ལས་ལས་བཞི་གང་འདོད་བརྩམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་སཱུརྱ་ཀིརྟིས་ཁམས་སྲིང་མོ་རྫོང་གི་ཕུག་ནག་ཕག་གདོང་ནག་མོའི་ཆོས་འབྱུང་གསང་མཚན་ཕུག་ནས་ས་ཕོ་རྟའི་ལོ་ལ་གདན་དྲངས་ཤིང་ལྕགས་མོ་བྱའི་ལོ་ལ་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ།། །།དགྱེས་མཛད་ཆེན་མོ་རྡོ་རྗེ་རྣལ་འབྱོར་མ། །སྐྱེ་འགགས་གཉིས་མེད་རང་བཞིན་རྣམ་པར་དག །ཆོས་ལོངས་སྤྲུལ་པའི་གར་གྱིས་འགྲོ་བ་འདྲེན། །བརྡ་དོན་རྟགས་ཀྱི་ཕག་མོ་ཁྲོས་མ་ནག །ཡུལ་སྣང་ལུས་རྩ་ཞིང་དང་གཞལ་ཡས་ལྷ། །སེམས་ཉིད་རྣམ་དག་ཡེ་ཤེས་རྟོགས་བྱའི་ཕྱིར། །ཕྲིན་ལས་བྱང་བུ་ངོ་མཚར་པར་དུ་བཀོད། །དེ་ལས་བྱུང་བའི་བསོད་ནམས་མཐའ་ཡས་ཀྱིས། །ཐར་ལམ་བྱང་ཆུབ་བསྒྲུབ་པ་དོན་གཉེར་དག །ལྟ་སྒོམ་སྤྱོད་འབྲས་གནས་ལུགས་དྲོད་ཚད་བརྙེས། །རིམ་གཉིས་མཐུ་ཡིས་རང་གཞན་ཕན་བདེར་སྦྱོར། །བདེ་ཆེན་ཡེ་ཤེས་སྐུ་བཞི་མངོན་གྱུར་ཤོག །ཟབ་ཐིག་མཁའ་འགྲོའི་ལས་བྱང་པར་དུ་བསྐོས་པའི་པར་བྱང་སྨོན་ལམ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་དགེ།། །།


previousལས་བྱང་དངོས་གྲུབ་ཀུན་འབྱུང་།next