Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
བསྒྲལ་ལས་སྤུ་གྲི་རེག་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section


 
previousབསྒྲལ་ལས་སྤུ་གྲི་རེག་གཅོད།next

བསྒྲལ་ལས་སྤུ་གྲི་རེག་གཅོད།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ བསྒྲལ་ལས་སྤུ་གྲི་རེག་གཅོད་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ གཏོར་བཟློག་གི་མདུན་དུ་འབྲུབ་ཁུང་ནང་དུ་དགྲ་བོའི་ལིངྒ་གཞུག་ཅིང་༔ གཡས་གཡོན་མཐའ་སྐོར་རྣམས་སུ་ཐུན་རྫས་རྣམས་དགོད༔ ཕུད་དང་ཐུན་གཏོར་ལྷ་དབྱེའི་རྫས་རྣམས་ཀྱང་བཤམས་ཤིང་༔ རང་ཉིད་ཁྲོ་མོའི་ང་རྒྱལ་དྲག་ཏུ་བསྐྱེད་ལ༔ རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་ཅིག་ཁྲ་ཐབས་སུ་མདུན་དུ་འཕྲོས་པ་ལས༔ གནམ་ལྕགས་འབར་བའི་ཁང་སྒྲོམ་གྲུ་གསུམ་ལ༔ དམ་ཉམས་པའི་དགྲ་བོའི་ལས་ངན་གྱི་རྣམ་པར་སྨིན་པ་ལས་གྲུབ་པ༔ སྐྱི་བུང་ཞིང་ཡ་ང་བ༔ མཐིལ་ཡངས་ཤིང་ཁ་དོག་པ༔ དྲི་ང་ཞིང་ཁྲག་གི་མཚོ་ཁོལ་བ༔ ལས་བྱེད་ཀྱི་མཁའ་འགྲོ་ཕྲ་མེན་འབུམ་ཕྲག་མང་པོ་སྐར་ལྟར་དུ་འཁྲུག་ཅིང་རྡུལ་ལྟར་དུ་འཚུབ་པ༔ དུག་གསུམ་མུན་པའི་སྨག་རུམ་འཐིབ་ཅིང་༔ དུག་ལྔ་དྲག་པོའི་ལས་ཁང་ཆེན་པོའི་ནང་དུ༔ སྲོག་སྙིང་ནྲི་དང་ཏྲི་ཡོངས་སུ་གྱུར་པ་ལས་དགྲའམ་བགེགས་གང་ཡིན་པ་དེ་ཉིད༔ ཁ་དོག་སྔོ་ལ་གཟུགས་བྱད་རིད་པ༔ ཡན་ལག་ལྕགས་སུ་བཅུག་ཅིང་མྱ་ངན་གྱི་སྨྲེ་སྔགས་གདུང་བ༔ མགོན་སྐྱོབ་ཀྱི་ལྷ་སྲུང་མེད་ཅིང་ཉམས་ཐག་པ་ཞིག་ཏུ་གྱུར༔ དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བྱ་ཞིང་བདེན་པའི་བཀའ་བསྒྲག་སྟེ༔ དགྲ་བོ་དེ་ཕུག་རོན་ཧོར་ཁྲས་དེད་པའམ༔ ཉ་མོ་སྲམ་གྱིས་བདས་པའམ༔ ར་ཁྱུ་འཕར་བས་དེད་པ་ལྟར་སྐད་ཅིག་རང་དབང་མེད་པར་ལས་བྱེད་ཀྱི་མ་མོ་མཁའ་འགྲོའི་ཚོགས་ཀྱིས་སྲིད་གསུམ་གང་དུའང་འདུག་པའི་དབང་མེད་པར་གཟུགས་ལ་བསྟིམས་པར་བསམ་ཏེ༔ ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་༔ ཛ༔ ཧཱུྃ་བཾ་ཧོ༔ བཛྲ་ཨཾ་གུ་ཤ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔ བཛྲ་ཨ་ཝེ་ཤ་ཡས་རྒྱས་འདེབས༔ དགྲ་བོ་འཁོར་བཅས་ཁང་སྒྲོམ་དུ་ཚུད་པར་བསམ༔ དེ་ནས་ཕུད་རྒོད་མཆོད་ཅིང་གཟུ་དཔང་ནི༔ ཧཱུྃ༔ མི་མངོན་དབྱིངས་ནས་དཀོན་མཆོག་གཟུ་དང་དཔང་༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དགོངས་སུ་གསོལ༔ བདག་ནི་ཡང་དག་ངེས་པའི་རྣལ་འབྱོར་ཏེ༔ སྒོ་གསུམ་རྒྱལ་བའི་བཀའ་ལྟར་དང་བླངས་ཀྱང་༔ ཉམས་པའི་དགྲ་བོ་སྡིག་ཅན་ལས་ངན་འདིས༔ བྱང་ཆུབ་བསྒྲུབ་པའི་ཆོས་ལ་བར་བཅད་ཅིང་༔ དང་པོར་སངས་རྒྱས་བསྟན་པ་གཉེན་པོ་བཤིགས༔ བར་དུ་གསང་སྔགས་ཐེག་པའི་དམ་ཡང་བཀྲལ༔ ད་ལྟ་སྒྲུབ་པའི་རྣལ་འབྱོར་བདག་ལ་བསྡོས༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་པས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་གཡེལ་མ་གཡེལ་འཕྲིན་ལས་དུས་ལ་བབས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེ་ཡོངས་ཀྱིས་མཛོད༔ ཟ་གསོད་སྤྲུལ་པས་དམ་ཉམས་དགྲ་བགེགས་སྒྲོལ༔ ཧཱུྃ༔ བདག་ནི་སངས་རྒྱས་བསྟན་པའི་སྒོར་ཞུགས་ཤིང་༔ རྩ་གསུམ་ལྷ་ཚོགས་བསྟེན་ཅིང་མཆོད་དེ་བསྒྲུབས༔ དེ་རིང་དམ་ཉམས་དགྲ་བོས་བར་དུ་བཅད༔ རེ་ཞིང་ལྟོས་པའི་ལྷ་ཚོགས་ར་མདར་བསྐུལ༔ དབང་མནོས་དམ་ཚིག་བསྲུངས་པ་དོན་མ་ཆུང་༔ བསྙེན་སྒྲུབ་ལྷ་ཚོགས་བསྟེན་པ་ཆུད་མ་གསོན༔ ཆོས་སྐྱོང་སྲུང་མ་རྣམས་ཀྱང་མཐུ་མ་ཆུང་༔ བརྒྱུད་པའི་རིག་འཛིན་སྲུང་མ་རྩལ་མ་ཞན༔ ཡུལ་ལྷ་གཞི་བདག་རྣམས་ཀྱང་བང་མ་བུལ༔ དེ་ནས་འཕྱར་དར་ནག་པོ་བརྡབ་ཅིང་དགྲ་བོའི་བླ་འགུགས་པ་ནི༔ ཧཱུྃ༔ ཁྲོ་མོའི་སྤྲུལ་པའི་དཀྱིལ་འཁོར་ནས༔ བླ་འགུགས་རྒྱལ་མོ་མཆིན་པའི་མདོག༔ ཁྲོས་པའི་ང་རོས་སྟོང་གསུམ་འགེངས༔ སྙོབ་པའི་ལག་པས་སྲིད་གསུམ་ཁྱབ༔ རྒྱུག་པའི་བང་གིས་ཁམས་གསུམ་བསྐོར༔ སྤྱན་གསུམ་བགྲད་ཅིང་བསྐོར་བའི་ཚེ༔ རྒྱ་མཚོ་ཆེན་པོ་ཁོལ་ཞིང་སྐེམ༔ ཞབས་གཉིས་བརྡབས་ཤིང་བསྐྱོད་པའི་ཚེ༔ སྟོང་གསུམ་ཀུན་ཀྱང་འདེགས་ཤིང་འགུལ༔ ཞལ་གདངས་རྐན་སྒྲ་རྡེབ་པའི་ཚེ༔ ཁམས་གསུམ་ཀུན་ཀྱང་ཟས་སུ་ཟ༔ ཁྲག་གི་ཆུ་རྒྱུན་འཁྲུག་པའི་ཚེ༔ སྲིད་གསུམ་ཀུན་ཀྱང་ནད་ཀྱིས་འགེངས༔ ལྷ་མོ་དཔལ་གྱི་སྤྲུལ་པ་སྟེ༔ མ་མོ་མཁའ་འགྲོའི་ཕོ་ཉ་མོ༔ དོ་ནུབ་མུན་པའི་སྨག་རུམ་ལ༔ ནམ་གྱི་ཕར་མ་ཚུར་ཕྱེད་དུས༔ དགྲ་བོའི་བླ་སྲོག་ཁུག་ལ་ཤོག༔ དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ སྐྱོབ་པར་བྱེད་པའི་ལྷ་ལས་ཕྲོགས༔ འབྱུང་བ་ལྔ་ཡི་ཁམས་ནས་ཆོམས༔ བླ་སྲོག་རྣམ་ཤེས་མྱུར་དུ་ཁུག༔ ཆེ་གེ་མོ་བཛྲ་ཨཾ་གུ་ཤ་ཡ་ཛཿཛ༔ དེ་ནས་ཉེས་པ་བསྒྲགས་པ་ནི༔ ཧཱུྃ༔ དམ་ཉམས་དགྲ་བོ་ལས་ངན་ཁྱོད༔ དང་པོ་ཞེ་སྡང་ཕ་ལས་བསྐྱེད༔ དེ་ནས་འདོད་ཆགས་མ་ཡི་མངལ༔ ཐ་མར་མི་དགེ་བཅུ་ལ་སྤྱོད༔ ད་ལྟ་བསྒྲལ་བའི་ཞིང་བཅུར་གྱུར༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་བོའི་རྡོ་རྗེས་བརྡུང་བྱས་པས༔ རྣམ་པར་ཤེས་པ་རྡོ་རྗེར་སྒོམས༔ དེ་ནས་བྱ་རོག་དང་འུག་པའི་སྒྲོ་གཡུག་ཅིང་༔ ཧཱུྃ༔ ཕྲ་མེན་ཆེན་མོའི་དུས་ལ་བབས༔ བསྐུལ་ལོ་རི་རབ་ངོས་ནས་བསྐུལ༔ སྐྱོད་ཅིག་དགྲ་བོ་ལྷ་དང་ཕྱེས༔ མགོན་སྐྱོབ་བྱེད་པའི་ལྷ་སྲུང་རྣམས༔ མྱུར་དུ་བྱེར་ཞིག་གཞན་དུ་དེངས༔ བཀའ་ལ་མི་ཉན་མགོན་བྱེད་ན༔ ཡེ་ཤེས་ལྷ་ཡང་ཐུགས་དམ་ཉམས༔ འཇིག་རྟེན་ལྷ་ནི་རྡུལ་དུ་བརླག༔ དེ་བས་རང་རང་གནས་སུ་དེངས༔ ཨ་ནྲི་དྷེ་ཝ་ཏྲག་རཀྴ་མ་མ་རཱུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ༔ དེ་ནས་གཙོ་མོའི་བསྐུལ་འདོན༔ ཐུན་གཏོར་འབུལ༔ ཁྱི་སྤུ་ར་བལ་སོགས་སྣལ་ཚོན་ཐོགས་ཏེ་བྱད་དུ་བཅུག་པ་ནི༔ ཧཱུྃ༔ བྱད་ཐག་ཞགས་པ་རྣམ་ལྔ་ཡིས༔ དམ་ཉམས་དགྲ་བོ་སྡིག་ཅན་འདིའི༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ དགྲ་བགེགས་ནྲི་ཏྲི་ཧ་ན་ཡ་ཧཱུྃ་ཕཊ༔ དུག་ཐུན་གྱིས་བྲབ་ཅིང་སྨྱོ་རུ་འཇུག་པ་ནི༔ ཧཱུྃ༔ བསྟན་པ་བཤིགས་པའི་དགྲ་དང་བགེགས༔ དབང་དུ་བསྡུས་ཏེ་ཟིལ་གྱིས་མནན༔ ཁྲོ་མོ་ཁྲོས་པའི་དུག་རླངས་ཀྱིས༔ སྨྱོ་འབོགས་ལུས་ངག་ཡིད་གསུམ་བརྒྱལ༔ དགྲ་བགེགས་ཛྭ་ལ་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལས་བྱེད་དྲག་ཏུ་བསྐུལ༔ དེ་ནས་ཐུན་རྫས་ཐམས་ཅད་ཁྲོ་མོའི་སྤྲུལ་པ་ཡང་སྤྲུལ་རྣམས་ཀྱིས་ཕྱག་ཏུ་བསྣམས་ཤིང་༔ མ་ཐོབ་བཞིན་དུ་དགྲ་བོ་ལ་བརྒྱབས་པས་ནད་མཚོན་དུག་གསུམ་གྱི་ཆར་ཆེན་པོས་དགྲ་བགེགས་ཐལ་བའི་རྡུལ་དུ་བརླག་པར་བསམས་ཤིང་༔ ཕུར་པ་སྤྲུལ་བའི་སྲས་མཆོག་ཏུ་མངའ་གསོལ་བ་ལ༔ འོད་ཟེར་སྤྲོ་བསྡུས་དབང་བླང་ཞིང་༔ ཕྲ་ཐབས་ཀྱི་ལས་བྱེད་དུ་མ་སྤྲོས་ཏེ་དགྲ་བོའི་ལིངྒ་ལ་བརྡེག་ཅིང་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལཱ་ཡ༔ ཁྲོ་བོ་ཁྲོ་མོའི་སྲས་ཀྱི་མཆོག༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་སྤྲུལ༔ ལས་བྱེད་མཁའ་འགྲོའི་སྐུ་རུ་གསལ༔ གདེངས་པ་ཙམ་གྱིས་ཁམས་གསུམ་གཡོ༔ འདྲིལ་བ་ཙམ་གྱིས་སྲིད་གསུམ་འདར༔ བཏབ་ན་ལྷ་ཡང་བརླག་པར་བྱེད༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ བཏབ་པས་ཐེབས་པར་མཛོད་ཅིག་ཀཱི་ལཱ་ཡ༔ ཧཱུྃ་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལཱ་ཧཱུྃ་ཕཊ༔ ཨ་ཝེ་ཤ་ཡ་ཨ༔ པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་ཅིང་ཁོའི་སྙིང་དཀར་ནག་མཚམས་སུ་གདབས་པས༔ ཚེ་བསོད་ཀྱི་ངོ་བོ་ཐིག་ལེ་འོད་ལྔ་ལྡན་ནྲི་ཡིག་དང་བཅས་པར་ཕུར་པའི་རྩེ་མོས་རེག་པ་ཙམ་གྱིས་འོད་ཀྱི་རང་བཞིན་དུ་སེང་སྒྲ་དང་བཅས་ཏེ་འཕོས་ནས་རང་གི་སྙིང་གར་ཐིམ༔ སྟོབས་དང་གཟི་བརྗིད་ནུས་མཐུ་རྒྱས༔ རྣམ་པར་ཤེས་པ་ཕུར་པའི་ཁོང་གསེང་གི་ལམ་བརྒྱུད་དེ༔ ཆོས་དབྱིངས་སམ་སྲས་མཆོག་གི་ཐུགས་ཀར་ཐིམ་པར་བསམས་ཏེ༔ དར་ཅིག་དམིགས་མེད་དུ་བཞག༔ དེ་ནས་ཡུངས་ཐུན་ཐོགས་ཏེ༔ ཧཱུྃ༔ ཡུངས་ཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་བོ་ཁྲོ་མོ་འདུས་པའི་སྐུ༔ དྲག་སྔགས་རྡོ་རྗེའི་ཐུན་ཆེན་འདིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ དྲག་སྔགས་བཟླས་ཞིང་ཡུངས་ཐུན་བྲབ༔ ཧཱུྃ༔ གནམ་ལྕགས་འབར་བའི་གྲི་གུག་འདི༔ ཁྲོ་མོ་འདུས་པ་མཚོན་ཆའི་ཐུན༔ དགྲ་བོའི་བླ་སྲོག་སྙིང་ལ་འདེབས༔ ལུས་ངག་ཐལ་བའི་རྡུལ་དུ་རློག༔ མཁའ་འགྲོའི་བསད་སྔགས་གྲི་གུག་གཏུབས༔ ཧཱུྃ༔ ཐོད་ཁྲག་རཀྟའི་རྦ་རླབས་འཁྲུག༔ མ་མོ་ཡོངས་རྫོགས་འདུས་པའི་སྐུ༔ གསོད་བྱེད་མ་མོའི་ཁྲག་ཐུན་རྒྱོབ༔ ནད་ཡམས་དལ་ཁ་ཆར་བཞིན་ཕོབ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ དྲག་སྔགས་ཐོད་ཁྲག་དམར་པོས་བྲབ༔ ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་འབར༔ སྐུ་གསུམ་མཁའ་འགྲོའི་མཚོན་ཆའི་སྐུ༔ དགྲ་བགེགས་དོན་སྙིང་ཚལ་པར་ཁོས༔ ལུས་ངག་ཐལ་བ་རྡུལ་དུ་རློག༔ དྲག་སྔགས་ཁ་ཊྭཱཾ་སྙིང་ལ་གདབ༔ ཧཱུྃ༔ འཛིན་བྱེད་ལྕགས་ཀྱུ་དྲག་མེ་འབར༔ རྡོ་རྗེ་མཁའ་འགྲོ་ཁྲོས་པའི་མཚོན༔ དགྲ་བགེགས་སྙིང་རྩ་ལྕགས་ཀྱུས་དྲོངས༔ སྲོག་རྩ་ཆོད་ལ་དོན་ཁྲག་ཕོས༔ དྲག་སྔགས་ལྕགས་ཀྱུས་ཙིཏྟ་ཕྱུངས༔ ཧཱུྃ༔ རྡོ་རྗེ་ཞགས་པ་འཁོར་ཞིང་གཏུབས༔ རིན་ཆེན་མཁའ་འགྲོ་ཁྲོས་པའི་མཚོན༔ དགྲ་བགེགས་ཡན་ལག་དུམ་བུར་གཏུབས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ དྲག་སྔགས་ཞགས་པས་ཡན་ལག་གཅོད༔ ཧཱུྃ༔ རྡོ་རྗེ་ལྕགས་སྒྲོག་འཁྲིལ་ཞིང་འཇོམས༔ པདྨ་མཁའ་འགྲོ་ཁྲོས་པའི་མཚོན༔ དགྲ་བགེགས་ཤ་རུས་སོ་སོར་ཕྱེས༔ སྡུག་བསྔལ་ཉམས་སུ་མྱོང་དུ་ཆུག༔ དྲག་སྔགས་ལྕགས་སྒྲོགས་འབར་བས་བརྡུང་༔ ཧཱུྃ༔ རྡོ་རྗེ་རྒྱ་གྲམ་ཁྲོ་ཆུ་ཁོལ༔ ལས་ཀྱི་མཁའ་འགྲོ་ཁྲོས་པའི་མཚོན༔ དགྲ་བགེགས་མགོ་ལུས་ཚལ་པར་ཁོས༔ ཤ་རུས་དོན་སྙིང་དུམ་བུར་གཏུབས༔ དྲག་སྔགས་སྣ་ཚོགས་རྡོ་རྗེས་བརྡུང་༔ ཧཱུྃ༔ ཐོད་དབྱུགས་གཅན་གཟན་མི་ཐོད་བརྔམ༔ དུར་ཁྲོད་མཁའ་འགྲོ་ཁྲོས་པའི་མཚོན༔ དགྲ་བགེགས་ཀླད་ཁྲག་ཞོ་ལྟར་དཀྲུགས༔ དབང་པོ་དོན་སྙིང་ཐལ་བར་རློག༔ དྲག་སྔགས་ཐོད་དབྱུག་འབར་བས་བརྡུང་༔ ཧཱུྃ༔ ཐབས་ཤེས་མདའ་གཞུ་སྲོག་ལ་བརྔམ༔ གསོད་བྱེད་མཁའ་འགྲོ་ཁྲོས་པའི་མཚོན༔ སྲོག་རྩ་ཆོད་ལ་སྙིང་རྩ་གཏུབས༔ བླ་སྲོག་ཐལ་བ་རྡུལ་དུ་རློག༔ དྲག་སྔགས་མདའ་མཚོན་སྙིང་ལ་བརྡེག༔ ཧཱུྃ༔ གནམ་ལྕགས་རལ་གྲི་ཚ་ཚ་འཕྲོ༔ ཤ་ཟ་མཁའ་འགྲོ་ཁྲོས་པའི་མཚོན༔ ལྔ་ཕུང་ཐལ་བ་རྡུལ་དུ་རློག༔ དགྲ་བགེགས་མ་ལུས་དུམ་བུར་གཏུབས༔ དྲག་སྔགས་རལ་གྲིས་གཏུབ་ཅིང་བསྒྲལ༔ ཧཱུྃ༔ སྟོབས་ཆེན་འདུས་པ་ལྕགས་རྡོའི་ཐུན༔ ཕྲ་མེན་མཁའ་འགྲོ་ཁྲོས་པའི་མཚོན༔ དགྲ་བགེགས་བླ་སྲོག་རྣམ་ཤེས་ཕྲོལ༔ སྐད་ཅིག་ཉིད་ལ་རྡུལ་དུ་རློག༔ དྲག་སྔགས་རྡོ་ཕྱེ་ལྕགས་ཕྱེས་བྲབ༔ ཧཱུྃ༔ དཔལ་གྱི་གཏོར་མ་ཟངས་སེ་ཟང་༔ ལས་བྱེད་མཁའ་འགྲོ་ཁྲོས་པའི་མཚོན༔ ཤ་ཟོ་ཁྲག་འཐུང་དོན་སྙིང་མུར༔ ལྷག་རྗེས་མེད་པར་རྡུལ་དུ་རློག༔ དྲག་སྔགས་གཏོར་མའི་ཟོར་ཡང་བརྡེག༔ མཚོན་ཆ་སྣ་ཚོགས་འབར་བས་གཏུབས༔ རྩ་བའི་སྔགས་ལ་ཁཱ་ཧི་གདགས༔ ལིང་རོ་བཟློག་པའི་གཏོར་མར་དབུལ༔ མ་མོ་མཁའ་འགྲོ་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་དོན་སྙིང་རྣམས༔ ལྷག་མ་མེད་པར་བཞེས་པར་བསམས༔ བཟློག་པའི་འཕྲིན་ལས་བཅོལ་ནས་ཀྱང་༔ གཏོར་ཟོར་དགྲ་བགེགས་ཕྱོགས་སུ་འཕེན༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ དེ་བས་གཅེས་སོ་སྙིང་ལ་རྒྱ༔ དམ་མེད་རྣམས་ལ་ཤོ་ར་རེ༔ ཁ་བསགས་ཅན་ལ་ཨ་ཐམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་ས་རྟ་ལ་གདན་དྲངས་ཤིང་ལྕགས་བྱ་ལ་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ།། །།མངྒ་ལཾ།། །།


previousབསྒྲལ་ལས་སྤུ་གྲི་རེག་གཅོད།next