Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལས་བྱེད་སྲུང་མ་ཁྲག་རལ་མའི་སྒྲུབ་ཐབས་སྲོག་རྩ་དམར་ལེན།
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section


 
previousལས་བྱེད་སྲུང་མ་ཁྲག་རལ་མའི་སྒྲུབ་ཐབས་སྲོག་རྩ་དམར་ལེན།next

ལས་བྱེད་སྲུང་མ་ཁྲག་རལ་མའི་སྒྲུབ་ཐབས་སྲོག་རྩ་དམར་ལེན།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ ལས་བྱེད་སྲུང་མ་ཁྲག་རལ་མའི་སྒྲུབ་ཐབས་སྲོག་རྩ་དམར་ལེན་བཞུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ལུང་གསུམ་འདུས་པའི་གྲུ་གསུམ་མམ༔ ཡང་ན་ལུང་སྟོང་ལ་སོགས་སུ༔ གཡུལ་འཁྲུགས་ས་དང་ཕུང་ཤུལ་སར༔ གྲུ་གསུམ་རྒྱ་ནི་ཁྲུ་གང་པ༔ དཔངས་སུ་ཁྲུ་ཕྱེད་ཚད་ལྡན་བཟོས༔ ཁ་ཁྱེར་རྩང་ཕུར་ཉེར་གཅིག་གཟུགས༔ རྩང་རྣམས་མི་སྙིང་དུམ་བུས་བརྒྱན༔ ཕེག་གུ་ཁྲ་བོ་ཤི་བའི་རོ༔ མ་ཉམས་མགོ་བོ་ལྷོ་ལ་བསྟན༔ ལྟེ་བར་དགྲ་བོའི་ལིངྒ་བཞག༔ རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ ཕྱོགས་བཞི་མཚམས་བརྒྱད་སྟེང་རྣམས་སུ༔ མཚོན་ཆ་སྣ་ཚོགས་གཟུགས་པར་བྱ༔ རིན་ཅེན་ཟངས་ཀྱི་སྣོད་ནང་དུ༔ རྟེན་གཏོར་དཔལ་བཤོས་བརྗིད་ལྡན་ལ༔ ཤ་སྣ་སྙིང་སྣས་རབ་བརྒྱན་ཞིང་༔ ཨ་མྲྀ་ཏ་བཏབ་ཁྲག་ཆང་སྦྲན༔ སྨྱུག་མའི་རྩང་གསུམ་གྱེན་དུ་འཛུགས༔ ཡུགས་སའི་སྐྲ་ཤད་རྩེ་མོ་བཅིངས༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ དགྲ་བོའི་ལིངྒ་བྲིས་ནས་ཀྱང་༔ ཟག་རྫས་དྲི་སྣབས་ཕྲེང་དྲེག་བྱུག༔ མ་རྙེད་རྗེས་ས་ནང་དུ་བཏབས༔ མགོ་ཞབས་བཟློག་སྟེ་གཏོར་མར་གཟུགས༔ ལེ་བརྒན་དམར་པོའི་གུར་ཡང་ཕུབ༔ རང་ཉིད་ཕག་མོའི་སྐུ་རུ་བསྒོམ༔ གསུར་ཆེན་དུད་པ་བཏང་བྱས་ནས༔ སྐད་ཅིག་དམིགས་པ་འདི་ལྟར་བསྒོམ༔ རང་གི་མདུན་གྱི་གཏོར་མ་དེ༔ ཡི་གེ་བྷྱོ་དམར་ཡོངས་གྱུར་པ༔ སྲོག་བདག་ལས་ཀྱི་མཁའ་འགྲོ་དམར༔ གཡས་པས་ཟངས་གྲི་ནམ་མཁའ་འཕྱར༔ གཡོན་པས་དགྲ་ཁྲག་ཐོད་པར་ཐོགས༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་བགྲད༔ མཆེ་བ་ཟངས་ཡག་དམར་པོ་བལྟམས༔ སྤྱན་གསུམ་དམར་འཁྲུག་སྡང་མིག་བགྲད༔ ཁྲག་གི་རལ་པས་ས་གཞི་ཁྱབ༔ སྦྲུལ་ནག་སྙིང་ཕྲེང་བཏགས་པ་གསོལ༔ ནུ་མ་འཕྱང་ཞིང་བྷ་ག་བགྲད༔ དྲག་ཏུ་ཁྲོས་ཤིང་བརྗིད་ལྡན་བསམས༔ ལིངྒ་དགྲ་བོ་དངོས་སུ་བསྐྱེད༔ བཀྲག་དང་གཟི་བརྗིད་མེད་པར་བསམས༔ རང་གི་གནས་ནས་འོད་འཕྲོས་པས༔ མདུན་གྱི་མཁའ་འགྲོའི་ཐུགས་ཀར་ཕོག༔ བྷྱོ་ལས་འོད་འཕྲོས་ལས་བྱེད་ཀྱི༔ མ་མོ་མཁའ་འགྲོ་གྲངས་མེད་པས༔ དགྲ་བོ་རང་དབང་མེད་པར་བཀུག༔ གཟུགས་དང་ལིངྒར་གཉིས་མེད་བསམ༔ མ་ཡེངས་ཏིང་འཛིན་གསལ་བསྐྱེད་ཅིང་༔ སྲོད་དང་ཐོར་ཁའི་དུས་རྣམས་སུ༔ སྔགས་འདི་ཆད་ལྷག་མེད་པར་བཟླ༔ ཨཱོཾ་བཛྲ་དྷཀྐི་ནི༔ དགྲ་བོ་འདུ་ཤ་ཡེ༔ བྷནྡྷ་ཡེ༔ ཚིནྡྷ་ཡེ༔ རཀྟ་ཡེ༔ དགྲ་བོའི་སྙིང་ཁ་རཀྨོ་སྲོག་ཁུག༔ མྱུར་དུ་ཁུག༔ ཛཿཛ༔ དགྲ་བོའི་སྙིང་དུམ་བུར་ཆོད༔ དུམ་བུར་ཆོད༔ དགྲ་བོ་མཱ་ར་ཡ་ཛཿཛ༔ ཞེས་བཟླས་ཐུན་སྐབས་ཐུན་གཏོར་ལ༔ དགྲ་བོ་འགུགས་བསྟིམ་དྲག་ཏུ་བྱས༔ ཁ་ཁ་ཁཱ་ཧིས་དབུལ་བར་བྱ༔ གསུར་ཆེན་དུད་པ་རོལ་མོ་ལྡིར༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ལས་ཀྱི་མཁའ་འགྲོ་ཁྲག་གི་མདོག༔ གཅེར་བུ་རྒྱན་མེད་སྙིང་སྦྲུལ་ཅན༔ གཡས་པས་ཟངས་གྲིས་དགྲ་སྲོག་གཅོད༔ གཡོན་པས་བྷན་དམར་དགྲ་ཁྲག་རོལ༔ བརྐྱང་བསྐུམ་ཞབས་གཉིས་དོར་སྟབས་བགྲད༔ མཆེ་བ་ཟངས་ཡག་དམར་པོ་གཙིགས༔ དམར་ནག་ཁྲོས་པའི་སྤྱན་གསུམ་བགྲད༔ ཁྲག་གི་རལ་པས་ས་གཞི་ཁྱབ༔ ལས་བྱེད་སྤྲུལ་པ་འབུམ་འབུམ་འགྱེད༔ དུས་དྲུག་དགྲ་བོའི་བླ་སྲོག་བརྐུ༔ རེས་འགའ་དམར་ཐག་ཉི་ཟེར་ཞོན༔ རེས་འགའ་གྲིབ་སོའི་སྨག་ལ་ཞོན༔ རེས་འགའ་མུན་ནག་སྲོད་ལ་ཞོན༔ རེས་འགའ་སྐྱ་རིང་ར་ལ་ཞོན༔ བཞུགས་ནི་ཨོ་རྒྱན་ཡུལ་ན་བཞུགས༔ སྤྲུལ་པ་སྲིད་གསུམ་ཁྱབ་པར་འགྱེད༔ ཟས་སུ་དགྲ་བོའི་ཤ་ལ་བཟའ༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ལས་མཛད་མཁའ་འགྲོ་ཁྲག་རལ་མ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་སྲོག་ཆོད་ལ་དགྲ་དབུགས་སྡུས༔ སྙིང་ཁྲག་འཐུང་ལ་ཀླད་ཁྲག་དཀྲུགས༔ ལྷག་མ་རྗེས་ཤུལ་མེད་པར་ཐོང་༔ ལས་མཛད་དམར་མོ་ལས་ལ་བསྐུལ༔ ལས་ལ་བསྐུལ་ལོ་བང་མ་བུལ༔ ལས་ལ་བསྐུལ་ལོ་ངང་མ་རིང་༔ ལས་ལ་བསྐུལ་ལོ་དུས་མ་འགྱངས༔ ཅེས་བརྗོད་ཅིང་གཏོར་མ་རྟེན་གཏོར་དུ་འབུལ་ལམ༔ ཡང་ན་དགྲ་ཕྱོགས་སུ་འཕེན༔ ཡུངས་ཀར་ནག་དང་ཁྲག་སྣ་ཚོགས་ཀྱིས་ཐུན་བརྒྱག༔ དགྲ་བོའི་རྣམ་ཤེས་མར་མེ་ལྟ་བུ་དེ་སས་གཏིབས་ཆུས་བཤལ་མེས་བསྲེགས་རླུང་གིས་གཏོར་ཏེ་རྣམ་ཤེས་ནམ་མཁའི་ངང་དུ་བསམ༔ སྔགས་ལ་ནན་བསྐྱེད་ཅིང་རྟགས་རྣམས་གསལ་བ་དང་གཏོར་མ་འཕེན༔ མ་ཉེས་པའི་ཤགས་འདེབས༔ དགྲ་བོའི་ཉེས་པ་བསྒྲག༔ ལིངྒ་སྦྱིན་སྲེག་བྱ་བའམ་ཡང་ན་མནན་པ་བྱ༔ ཚོགས་དང་བསྐང་བས་གཏང་རག་གཏོང་༔ ས་མ་ཡ༔ རྒྱ༔ དེ་ལྟར་ཉམས་སུ་བླངས་བའི་ཚེ༔ རྟགས་ཀྱི་རིམ་པ་ནི༔ ཕུར་པ་ལ་སོགས་མཚོན་ཆ་བཅག་པ༔ དགྲ་བོ་དངོས་སུ་འོང་བ༔ བླ་རྟགས་བསད་པ༔ བཟུང་བ༔ བཙོན་དུ་ཁྲིད་པ༔ བཤའ་བ་སྙིང་འབྱིན་པ་ལ་སོགས་འབྱུང་བར་ངེས་སོ༔ རྟགས་རྣམས་འགྱངས་ཤིང་ལས་གཡེལ་ན༔ སྔགས་ཀྱི་ཡང་ཞུན་ཟུར་དུ་བལྟ་སྟེ་བཟླ་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ།། །།མངྒ་ལམ།། །།


previousལས་བྱེད་སྲུང་མ་ཁྲག་རལ་མའི་སྒྲུབ་ཐབས་སྲོག་རྩ་དམར་ལེན།next